སྐབས་གཉིས་པའི་ཚོགས་གླེང་སྐབས་ཀྱི་བརྗེད་བྱང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-14 17:41:21     རྩོམ་པ་པོ།   ལམ་ཁོའི་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20200707190752.jpg


ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དགོངས་པའི་བཅུད། །                            

མཆོག་གྱུར་ཕ་རོལ་ཕྱིན་པའི་གཞུང་གི་དོན། །                              

སྐལ་ལྡན་གདུལ་བྱའི་ཚོགས་ལ་སྩོལ་མཁས་པའི། །                              

འཇམ་དབྱངས་བླ་མའི་ཞབས་ལ་གུས་པས་འདུད། ། 

དེ་ཡང་བསྟན་བཅོས་མངོན་རྟོགས་རྒྱན་ལས། ཡུལ་ངེས་པ་དང་ཁྱབ་པ་དང་། །ཞེས་སོགས་ཀྱི་བཤད་བྱ་རྩ་བའི་མདོ་ལས། ལྷའི་བུ་གང་དག་གིས་བླ་མེད་རྫོགས་བྱང་དུ་སེམས་མ་སྐྱེད་པ་དེ་དག་གིས་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པར་བྱའོ། གང་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དེ་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་པའི་དོན་ལ་ཅུང་ཟད་དཔྱད་པ་ལ་མདོ་དེ་ཡུལ་ངེས་དང་ཁྱབ་པའི་མདོ་གང་ཡིན་ལ་དཔྱད་པ་དང་མདོའི་ཚིག་དོན་ལ་དཔྱད་པ་གཉིས་ལས། དང་པོ་ནི། མདོ་འདི་ཡུལ་ངེས་ཀྱི་མདོ་ཡིན་ཏེ།  ལེགས་བཤད་གསེར་ཕྲེང་༤༧༤ལས། གནས་སྐབས་སྐྱེ་བའི་ཡུལ་སོ་སོར་ངེས་པ་ནི། ལྷའི་བུ་གང་དག  ཞེས་པ་ནས། དེ་དག་གིས་འཁོར་བའི་རྒྱུད་ཀྱིས་མཚམས་བཅད་པའི་ཕྱིར་རོ་ཞེས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན།  མི་འཐད་པར་ཐལ། ཁྱབ་པའི་མདོ་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་༡༧༨ལས། ཐེག་པ་གསུམ་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས། ཞེས་པ་ནས། ཞེས་བྱ་བར་སྦྱར་རོ། །ཞེས་སོགས་དང་། རྣམ་བཤད་སྙིང་བོའི་རྒྱན་༣༢༦ལས་ཀྱང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་ཕྱིར། འདིའི་ཐད་ཀྱི་མདོ་ལས་ལྷའི་བུ་གང་དག་གིས། ཞེས་པ་ནས། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེའི་ཕྱིར་ཕར་ཕྱིན་མཆན་༦༠ལས། ཐེག་གཅིག་ལྟར་ན་ལུང་འདི་དྲང་ངེས་གང་ཡིན་ཞེ་ན། གསེར་འཕྲེང་དང་། ཡིག་ཆར་ཡུལ་ངེས་ཀྱི་མདོར་མཛད་ལ། འགྲེལ་ཆེན་དང་རྣམ་བཤད་དུ་ཁྱབ་པའི་མདོར་མཛད་པས་དཔྱད་གཞི་ཆེའོ། །ཞེས་དཔྱད་གཞི་ཆེ་བར་གསུངས་པས་དཔྱད་དགོས་པར་མ་ཟད་ཡིག་ཆར་ཡུལ་ངེས་ཀྱི་མདོ་བཞག་པར་གསུངས་པ་ཡང་དཔྱད་དགོས་ཏེ། ཡིག་ཆ་ལས། ༣༦༤ལས། རྩ་བར། ཡུལ་ངེས་པ་དང་། ཞེས་པ་དང་། མདོ་ལས། ལྷའི་གང་དག་གིས་བླ་ན་མེད་པ། ཞེས་སོགས་དང་། རྩ་བར། ཁྱབ་པ་དང་། ཞེས་དང་། མདོ་ལས། འོན་ཀྱང་ཡང་གལ་ཏེ་དེ་དག་བླ་ན་མེད་པ་སོགས་སུ་གསུངས་པ་ལས་གོང་གི་མདོ་དེ་ཡུལ་ངེས་དང་ཁྱབ་པའི་མདོ་གང་དུ་ཡང་བཞག་པར་མི་སྣང་པའི་ཕྱིར་རོ། །འོན་ཀྱང་། འགྲེལ་མཆན་༥༠༥ལས། གཉིས་ཀས་གཉིས་ཀ་བསྟན་པས་ཡིན་ལ། ཞེས་གསུངས་པས་གཉིས་ཀར་བཞག་གམ་སྙམ་མོ། །གཉིས་པ་མདོའི་ཚིག་དོན་ལ་དཔྱད་པ་ལ་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དང་འཁོར་བའི་འཚམས་བཅད་པའི་དོན་གཉིས་ངོས་བཟུང་བ་དང་སྦྱོར་བ་དེའི་རྟགས་ཁྱབ་ལ་དཔྱད་པ་གཉིས། དང་པོ་ལ་འཕགས་བོད་ཀྱི་པཎ་གྲུབ་རྣམས་ཀྱི་བཞེད་ཚུལ་དུ་མ་ཡོད་དེ། ལེགས་བཤད་གསེར་ཕྲེང་༤༧༤ལས། སྙིང་མཆོག་ཏུ་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དམན་ལམ་གྱིས་མྱང་འདས་དང་ཐོབ་པ་དང་། མཚམས་བཅད་པ་འཁོར་བའི་ཟམ་པ་བཅད་པ་སྟེ། དཔེར་ན། རྒྱུན་ཞུགས་ལན་བདུན་པ་དང་། རིགས་ནས་རིགས་སྐྱེས་བླ་མེད་བྱང་ཆུབ་ཐོབ་པར་བྱེད་མི་ནུས་ཏེ་ནམ་ཡང་བྱང་ཆུབ་ལ་འདོད་པ་མེད་པའི་ཕྱིར་ཏེ་ཉན་ཐོས་ཞི་བ་བགྲོད་པ་གཅིག་པུ་བ་ཡིན་པས་སོ་ཞེས་དང་། དག་ལྡན་ལས་ཀྱང་ཞི་བགྲོད་ལ་མི་སྐྱེ་བ་དེ་ཡི་དོན་དུ་བཤད་ཅིང་ཁྱབ་པའི་དོན་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་ཐོས་ལ་འདོད་དེ་གྲགས་ཆར་ཡང་ངོ་། རྒྱན་སྣང་དུ་ཡང་དག་པ་ཉིད་དུ་ངེས་པའི་དོན་ཉན་ཐོས་ཀྱི་མཐོང་ལམ་ལ་སོགས་པའི་ལམ་ཐམས་ཅད་དུ་རྟོགས་པ་དང་། མཚམས་བཅད་པའི་དོན་ཉོན་མོངས་མ་ལུས་པར་སྤངས་པས་འཁོར་བར་སྐྱེ་བའི་རྒྱུ་ལོག་པ་ལ་བཤད་དོ། །གསུམ་གྱི་གནོད་འཇོམས་སུ་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་ལ་བཤད་པ་ནི་ཤིན་ཏུ་ནོར་ཏེ། དེ་ལ་མཚམས་བཅད་པ་མེད་པས་སོ། །གནོད་འཇོམས་ཆུང་བར་རྒྱུན་ཞུགས་ཡན་ཆད་ཡང་དག་པར་ངེས་བ་ལ་བཤད་ནས་མཚམས་བཅད་པའི་དོན་ཉན་ཐོས་འཁོར་བ་ལ་སྐྲག་ནས་དེ་སྤངས་ཏེ་ཞི་བ་དོན་དུ་གཉེར་བ་ལ་འདོད་དོ། ཞེས་གསུངས་ཤིང་། རྣམ་བཤད་ལས་ཀྱང་། ༣༢༦ཞེས་པའི་དོན་ནི། སྐྱོན་མེད་པ་ལ་ཞུགས་པ་ཉན་ཐོས་མཐོང་ལམ་པ་ཡིན་ལ། དེ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཀྱང་འཁོར་བར་སྐྱེ་བ་མི་ལེན་ཞིང་། ལས་ཉོན་གྱིས་སྐྱེ་བ་ཆེད་དུ་གཏད་ནས་འགོག་པས་འཁོར་བར་སྐྱེ་བའི་རྒྱུན་གཅོད་པའོ། །ཞེས་གསུངས་པའི་ཕྱིར།

འོ་ན་སྐབས་འདིའི་སྐྱོན་མེད་པ་དེ་ཉན་ཐོས་ཐོས་མཐོང་ལམ་དང་སྐྱོན་མེད་པ་ལ་ཞུགས་པ་དེ་ཉན་ཐོས་མཐོང་པ་ལ་བྱེད་པར་ཐལ། རྣམ་བཤད་ཀྱི་ལུང་དོན་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཉན་རང་གཉིས་ཀའི་མཐོང་ལམ་དང་མཐོང་ལམ་པ་ཡོད་པའི་ཕྱིར་ཏེ།  གསེར་འཕྲེང་དུ་དྲངས་པའི་རྒྱན་སྣང་ལས། ཉན་ཐོས་ཀྱི་མཐོང་ལམ་ལ་སོགས་པའི་ལམ་ཐམས་ཅད་དུ་རྟོགས་པ་དང་། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཡང་མི་འཐད་དེ། དེ་འདྲའི་སྐྱོན་མེད་པ་མཐོང་ལམ་དང་རྣམ་གྲངས་ཡིན་པས་ཐེག་པ་གསུམ་གའི་མཐོང་ལམ་ཡོད་ཆོག་པའི་ཕྱིར་ཏེ། ཕར་ཕྱིན་མཆན་ལས། ༥༩ དེ་མཐོང་ལམ་ལ་བྱེད་དེ། མདོ་སྡེ་རྒྱན། རྒྱན་སྣང་། མཛོད་སོགས་དུ་མར་མཐོང་གྱི་རྣམ་གྲངས་སུ་གསུངས་པའི་ཕྱིར། ཞེས་སོ། །གཉིས་པ་སྦྱོར་བ་དེའི་རྟགས་ཁྱབ་ལ་དཔྱད་པ་ནི། དེའི་སྐབས་ཀྱི་སྦྱོར་བ་ནི། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་ནི་ཆོས་ཅན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར། ཞེས་པ་ཡིན་ལ། དེ་ལ་རྟགས་མ་གྲུབ་པ་དང་ཁྱབ་པ་མ་གྲུབ་པའི་སྐྱོན་ཡོད་དེ། དང་པོ་ཡོད་པ་གང་ཞིག ཕྱི་མ་ཡོད་པའི་ཕྱིར། དང་པོ་དེར་ཐལ། ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེས་འཁོར་བའི་མཚམས་མ་བཅད་པའི་ཕྱིར། དེར་ཐལ། ཉན་ཐོས་མཐོང་ལམ་པས་འཁོར་བའི་མཚམས་མ་བཅད་པའི་ཕྱིར། དེར་ཐལ། དེ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཀྱང་སྐྱེ་བ་མི་ལེན་ཞིང་། ལས་ཉོན་གྱི་སྐྱེ་བ་ཆེད་དུ་གཏད་ནས་འགོག་པ་མ་ཡིན་པ་གང་ཞིག དེ་སྐབས་འདིའི་མཚམས་བཅད་པའི་དོན་དུ་རྣམ་བཤད་གོང་དུ་དྲངས་མ་ཐག་པ་ལས་གསུངས་པའི་ཕྱིར། དང་པོ་དེར་ཐལ། ཉན་ཐོས་མཐོང་ལམ་པ་ལ་འཁོར་བར་སྐྱེ་བ་ལེན་པ་ཡོད་པའི་ཕྱིར། དེར་ཐལ། དགེ་འདུན་ཉི་ཤུའི་མཐའ་དཔྱོད་ཆེན་མོ་ལས།  ༡༠༩ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་དང་སྒོམ་སྤངས་ཉོན་མོངས་གཅིག་ཀྱང་མ་སྤངས་པ་དང་། སྐྱེ་སྲིད་བཅུ་བཞི་དང་བར་སྲིད་བཅུ་བཞི་སྟེ་སྲིད་པ་ཉེར་བརྒྱད་ལེན་ངེས་ཏེ་ཁྱད་པར་གསུམ་ལྡན་དགོས་པའི་ཕྱིར། མཛོད་ལས། འབྲས་གནས་སྒོམ་སྤངས་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་གསུངས་པའི་ཕྱིར། ཞེས་དང་། དེ་ཉིད༡༢༢ལས། ས་མཚམས་ཉན་ཐོས་ཀྱི་མཐོང་ལམ་ཁོ་ནར་ཡོད། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁྱབ་པ་མ་གྲུབ་པའི་སྐྱོན་ཡང་ཡོད་དེ། འཁོར་བའི་མཚམས་བཅད་ན་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན།  ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་པར་ཐལ། འཁོར་བའི་མཚམས་བཅད་པའི་ཕྱིར། དེར་ཐལ།   ཉོན་མོངས་སྤངས་པའི་ཕྱིར། ཁྱབ་སྟེ། གསེར་འཕྲེང་ལས། མཚམས་བཅད་པའི་དོན་ཉོན་མོངས་མ་ལུས་པར་སྤངས་པས་འཁོར་བར་སྐྱེ་བའི་རྒྱུ་ལོག་པ་ལ་བཤད་དོ། ཞེས་རྒྱན་སྣང་གི་བཤད་ཚུལ་བཀོད་པའི་ཕྱིར། ཡང་ན་མཐོང་ལམ་ཐོབ་ཕྱིན་ཐེག་དམན་ལས་ཐེག་ཆེན་ཆེན་དུ་ལྡོག་པ་མེད་དེ། མཛོད་ལས། གཉིས་སློབ་རིགས་ལས་ལོག་ལས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཁྱབ་སྟེ། དེ་སྐབས་འདིར་ཡང་ཁས་ལེན་དགོས་པར་དགེ་འདུན་ཉི་ཤུའི་མཐའ་དཔྱོད་དུ་སྒྲུབ་བྱེད་དྲངས་པས་ཀྱང་ཤེས་པའི་ཕྱིར་རོ། །འོན་ཀྱང་ཐེག་དམན་སྦྱོར་ལམ་བཞིའི་ནང་ནས་དང་པོ་གསུམ་མ་གཏོགས་བཞི་བ་ལས་ལོག་པ་མེད་པའི་དོན་དུ་འགྲེལ་མཁན་ཡང་ཡོད་པས་དཔྱད་དགོས་ཏེ། དགེ་འདུན་ཉི་ཤུའི་མཐའ་དཔྱོད་ཆེན་མོ་ལས། ༡༠༠དེ་མི་འཐད་པར་ཐལ། དྲོད་རྩེ་གཉིས་ནས་ལོག་ནས་ཐག་ཆེན་དུ་འཇུག་པ་བཤད་ལ། མཐོང་ལམ་ཐོབ་ཕྱིན་ཆད་དེ་ལྟར་ལྡོག་པ་མ་བཤད་པའི་ཕྱིར། མདོ་ལས། གང་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དེ་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་རོ། ཞེས་གསུངས་བའི་ཕྱིར། ཁྱབ་སྟེ། ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་ནི་དམན་པའི་མཐོང་ལམ་ཐོབ་པ་ལ་བཤད་པའི་ཕྱིར། འོན་ཀྱང་ལ་ལས་ལྡོག་པ་ཡོད་པར་ཡང་བཤད་པས་རྟོགས་དཀའ་བར་ཡོད་ལ་ད་དུང་ཡང་དཔྱད་དགོས་པས་དཔྱོད་པའི་སྒོ་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གང་ལྟར་ཁས་ལེན་མིན་དཔྱད་དགོས་པར་མ་ཟད། ཕར་ཕྱིན་མཆན་༦༠ལས་ཀྱང་། དེས་ན་བྲིས་ངན་པར་གོམས་པ་བསྒྱུར་དཀའ་བ་ལྟར་མཐོང་ལམ་དུ་སླེབས་ནས་ཕལ་ཆེར་ཐེག་ཆེན་ལམ་དུ་མི་འཇུག་པའི་དོན་ནོ། །ཞེས་གསུངས་པ་དེ་ཐེག་གསུམ་འདོད་པའི་སེམས་ཙམ་པ་དང་སྐབས་འདིར་གཉིས་ཀར་སྦྱར་ཆོག་མིན་སོགས་དཔྱད་གཞི་མང་པོ་ཡོད་པས་གཟུར་གནས་དཔྱོད་ལྡན་ཀུན་གྱིས་ཚིམ་མི་སླ་བའི་དཔྱད་པ་རིགས་པའི་སྒོ་སྣ་ཚོགས་ནས་འབད་འཚལ་ཞེས་གུས་པས་ཞུའོ། ། 

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། ། 

བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། ། 

བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་རང་ཤག་ནོར་བུའི་དགའ་ཚལ་དུ་ལམ་ཁོའི་དགེ་འདུན་རྒྱ་མཚོའམ་སྨིན་ཐང་ཤེས་རབ་རྒྱ་མཚོར་འབོད་པས་སྤྱི་ལོ་2019ཟླ་བ་4ཚེས་25ཉིན་བྲིས་པའོ།།  །།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025



བརྒྱུད་འགོད།