རྩ་ཤེས་ལས་ཅུང་ཟད་འཕྲོས་པའི་དཔྱད་གླེང་ཀླུ་དབང་དགོངས་རྒྱན།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-14 17:31:10     རྩོམ་པ་པོ།   གསེར་ཐང་སངས་རྒྱས་རྒྱ་མཚོ།     ཀློག་ཐེངས།  



  微信图片_20200707190744.jpg

ནང་དོན་གནད་བསྡུས།

广东省梅州市丰顺县惠仁圣寺ཚད་མཐོའི་དབུ་མའི་བགྲོ་གླེང་ཐེངས་དང་པོའི་སྐབས་ཀྱི་དཔྱད་རྩོམ་དུ་དམིགས་ཏེ་རིགས་ཚོགས་ཀྱི་དོན་དང་གྲངས་འདྲེན་སོགས་ལ་འཐད་མི་འཐད་ཀྱི་རྣམ་བཞག་བསྟན་ཡོད།

      བརྡ་ཆད།

སློབ་དཔོན།  རྩ་བ།   ལུས།   འཕྲོས་པ་ཡན་ལག   རིགས་ཚོགས།   རིན་ཆེན་འཕྲེང་བ།  ག་ལས་འཇིགས་མེད།   ཐ་སྙད་གྲུབ་པ།  ལོ་ཙྭ་བ།  འགྲེལ་བ།   རང་འགྲེལ།

       ཟབ་ལམ་དབུ་མའི་ལྟ་བའི་གནད། །   

       གསལ་བར་འདོམས་ལ་དབང་འབྱོར་བའི། །

       མཁས་གྲུབ་བྱེ་བའི་རྒྱན་གྱུར་བ། །

       ཀླུ་ཡི་དབང་པོར་མགོས་ཕྱག་འཚལ། །

     དེ་ཡང་སློབ་དཔོན་གྱིས་བསྟན་བཅོས་ཇི་སྙེད་ཅིག་མཛད་པ་རྣམས་ཀྱི་ནང་ནས་གཙོ་བོ་ནི་རྩ་བ་ཤེས་རབ་ཡིན་ཏེ། ལེགས་བཤད་སྙིང་བོ་༡༣༢ཀིརྟིའི་དཔེ་མཛོད་ཁང་ལས། སློབ་དཔོན་གྱི་དབུ་མའི་བསྟན་བཅོས་རྣམས་ཀྱི་གཙོ་བོ་ནི། རྩ་བ་ཤེས་རབ་ཡིན་ལ། ཞེས་དང་། རྩ་ཤེས་ཊཱིཀ་ཆེན་༡༣སེར་གཙུག་ལས། དེ་དག་གི་ནང་ནས་མཆོག་ཏུ་གྱུར་བ་ནི་དབུ་མ་རྩ་བ་ཡིན་ཏེ། ཞེས་དང་། ཡང་༢༠སེར་གཙུག  རྩ་བ་ནི་དབུ་མའི་བསྟན་བཅོས་ཀུན་གྱི་གཞི་འཛིན་པའི་ལུས་ལྟ་བུ་ཡིན་གྱི་ཕྱོགས་རེ་བ་མིན་ནོ། །ཞེས་དང་། འཇུག་པ་རང་འགྲེལ་ལས་༢སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ལས། དེ་ཉིད་ཀྱི་ཕྱིར་དབུ་མ་ལས་ཀྱང་། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཞེས་དང་། ཡང་དེ་ཉིད་༥༦སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ལས། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར།  བདག་ལས་མ་ཡིན་གཞན་ལས་མིན། །ཞེས་དང་།  ཡང་དེ་ཉིད་༦༨སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ལས། དབུ་མ་ལས་ཀྱང་། འབྲས་བུ་ངོ་བོ་ཉིད་ཡོད་ན། །ཞེས་སོགས་དང་། རྣམ་བཤད་དགོངས་པ་རབ་གསལ་༣སེར་གཙུག་ལས། དེ་ཡང་འདིའི་འགྲེལ་བར་རྩ་ཤེས་ཁུངས་སུ་མཛད་པ་ན་དབུ་མ་ལས་ཞེས་མང་དུ་གསུངས་པ་ལྟར་རྩ་ཤེས་ལ་བྱ་ཡི། ཞེས་སོགས་ཀྱིས་དབུ་མ་ལ་འཇུག་པ་ཞེས་པའི་འཇུག་བྱའི་དབུ་མ་ལ་རྩ་ཤེས་དགོས་པར་སྒྲུབ་པས་ཀྱང་འགྲུབ་པོ། །

འོ་ན་གོང་དུ་དྲངས་པའི་རྩ་ཤེས་ཊཱིཀ་ཆེན་༢༠ལས། རྩ་བ་དབུ་མའི་བསྟན་བཅོས་ཀུན་གྱི་གཞི་འཛིན་པའི་ལུས་ལྟ་བུ། ཞེས་གསུངས་པ་ལྟར་ན་རིགས་ཚོགས་ལྷག་མ་ལྔ་བོ་དེའི་འཕྲོས་པ་ཡན་ལག་ལྟ་བུ་ཡིན་ནམ་ཞེ་ན། ཁ་ཅིག དེ་ཡིན་ཏེ། རིགས་པ་དྲུག་ཅུ་བ་དང་རིན་འཕྲེང་གཉིས་ཡིན་ཚུལ་དྲངས་མ་ཐག་པའི་ཊཱིཀ་ཆེན་གྱི་ལུང་དང་ཡང་དེ་ཉིད་༡༢ལས། འདི་དང་སྔ་མ་གཉིས་སུའང་གང་ཟག་དང་ཆོས་ལ་རང་བཞིན་བཀག་པའི་རྟེན་འབྱུང་གི་དེ་ཉིད་བསྟན་པ་ཡང་མང་མོད་ཀྱི་མཐའ་གཉིས་ལ་མི་བརྟེན་པའི་ཡང་དག་པའི་ཤེས་པ་ཞིག་འཁོར་བ་ལས་གྲོལ་བའི་ལམ་ལ་ཡང་ངེས་པར་དགོས། ཞེས་དང་། འཇུག་འགྲེལ་དུ་ཡང་རིགས་ཚོགས་གཞན་དང་མིང་སྨོས་ཚུལ་མི་འདྲ་བ་མཛད་པ་རྣམས་ལས་ཤེས་པའི་ཕྱིར། དེས་ན་རྩ་ཤེས་རབ་བྱེད་ཉེར་དྲུག་པ་༤༩མདོ་སྔགས་རིག་པའི་དཔེ་ཚོགས་ལས། མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོོ། །ཞེས་པ་ལས་དེ་གཉིས་འཕྲོས་ཤིང་འཕྲོས་ཚུལ་ནི་ཊཱིག་ཆེན་དྲངས་ཟིན་པར་ལྟར་ཡིན་ལ། གཞན་གསུམ་ལ་དོགས་པ་མེད་པའི་ཕྱིར་ཟེར།  འོན་ཀྱང་དེ་མི་འཐད་དེ། རིགས་པ་དྲུག་ཅུ་བའི་ཟླ་འགྲེལ་༢སྡེ་བསྟན། དབུ་མ།  ཡ།  དཔེ་རིང་ལས། རིགས་པ་དྲུག་ཅུ་བ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་བར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་བྱས་པའི་ཕྱིར་དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མིན་ནོོ། །ཞེས་དང་། རྒྱུད་སྡེ་སྤྱིའི་རྣམ་བཞག་༣༩སེར་གཙུག་ལས། དེ་ལ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་བ། རིན་ཆེན་འཕྲེང་བ་དང་གསུམ་ནི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་དང་། གཞན་གསུམ་ནི་རྩ་ཤེས་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་སོ། །ཞེས་གསུངས་པའི་ཕྱིར། དེ་གཉིས་མི་འགལ་བའི་ཚུལ་གསེར་གྱི་འཕྲེང་བའི་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ་༢༥འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་ལས། རྩ་ཤེའི་ཡན་ལག་ཏུ་གྱུར་བ་ཙམ་གྱིས་དེའི་འཕྲོས་དོན་དུ་འགྲོ་མི་དགོས་ཏེ། འཇུག་པ་བཞིན་ནོ། །ཞེས་གསུངས་པ་ལྟར་ནའང་འགལ་སྤོང་འགྲོ་མིན་དཔྱད་དགོས་ཏེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་རིགས་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་༣འཕྲུལ་དེབ་ལས། རྩ་ཤེས་ནི་ལུས་ལྟ་བུ་དང་། གཞན་ལྔ་ནི་དེ་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་སོ། །ཞེས་སོ། །ད་དུང་རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་བ་གཉིས་ལུས་ལྟ་བུ་དང་ཐ་སྙད་གྲུབ་པ་བསྣན་པའི་ལྷག་མ་བཞི་འཕྲོས་པ་ཡན་ལག་ལྟ་བུར་འཇོག་ཚུལ་ཞིག་ཀྱང་ཡོད་དེ། འོག་ཏུ་འཆད་པར་འགྱུར་རོ། །དེར་མ་ཟད། ལེགས་བཤད་གསེར་གྱི་འཕྲེང་བའི་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ་༢༥འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་ལས། ཀུན་གྱི་གཞི་འཛིན་ཞེས་པའང་འཕགས་པས་མཛད་པ་གཞི་བཞག་པར་སྣང་བས། ཤར་གསུམ་སོགས་ལ་རྣམ་རྟོག་བྱེད་མི་དགོས་སོ། །ཞེས་གསུངས་ཀྱང་གོ་རམས་པ་བསོད་ནམས་སེང་གེའི་དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར་༤༦སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལས། སློབ་དཔོན་རང་ཉིད་ཀྱི་དབུ་མའི་བསྟན་བཅོས་རྣམས་སམ་རྗེས་འཇུག་གི་དབུ་མའི་བསྟན་བཅོས་རྣམས་ཀྱི་རྩ་བར་གྱུར་བས་ན་རྩ་བ་སྟེ། ཞེས་ཀྱང་གསུངས་པས་དཔྱད་གཞི་ཡོད་དོ། །

འོ་ན་རིགས་ཚོགས་ཀྱི་དོན་དང་གྲངས་ངེས་འདོད་ཚུལ་སོགས་ཇི་ལྟར་ཡིན་ཞེ་ན། དང་པོ་ནི། རྗེ་དགེ་འདུན་གྲུབ་ཀྱི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་༤༧༩སེར་གཙུག་ལས། དབུ་མ་རིགས་པའི་ཚོགས་ཞེས་པའི་དོན་ནི། ཡུམ་གྱི་མདོ་ནས་བསྟན་པ་བཞིན། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུའམ། སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པའི་གཞུང་ལ་དབུ་མ་རིགས་པའི་ཚོགས་ཞེས་བྱ་ལ། ཞེས་སོ། །གཉིས་པ་གྲངས་ངེས་ལ་ལྔ་དང་དྲུག་ཏུ་འདོད་ཚུལ་གཉིས་དང་དྲུག་ཏུ་འདོད་ཚུལ་ལ་ཡང་ནང་གསེས་གསུམ་ཡོད་དེ། ལེགས་བཤད་གསེར་འཕྲེང་༤ཀིརྟིའི་དཔེ་མཛོད་ཁང་ལས། ཞིབ་མོ་རྣམ་འཐག་སྟེ་ལྔའོ། །འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་འཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། ཞེས་སོ། །དང་པོ་ལྔར་འདོད་མཁན་ལ་རྗེ་བཙུན་རེད་འདའ་བ་འཇོག་སྟེ། རྗེ་རེད་འདའ་བའི་དབུ་མ་འཇུག་པའི་འགྲེལ་བ་དེ་ཉིད་གསལ་སྒྲོན་༢༡ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ལས། དང་པོ་ནི་དབུ་མ་རིགས་པའི་ཚོགས་རྣམས་ཏེ། ཞེས་པ་ནས། གཉིས་པ་ནི་རིན་པོ་ཆེའི་འཕྲེང་བ་ལ་སོགས་པ་སྟེ། ཞེས་དང་། རྒྱུད་སྡེ་སྤྱིའི་རྣམ་བཞག་༣༩སེར་གཙུག་ལས། དེས་ན་བླ་མ་རྗེས་ནི་རིགས་ཚོགས་ལྔར་བཞེད་ལ།  ཞེས་གསུངས་པ་དང་། དེ་ལས་གཞན་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ས་སྐྱའི་དྲིས་ལན་༤༥༥འཇམ་དབྱངས་དྷཱི་ཡིག་སེར་པོའི་དཔེ་ཚོགས། པོད་ཉེར་གཉིས་པ་ལས། སྔ་རབས་ཀྱི་མཁས་པ་རྣམས་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་འདོད་པ་དང་ལྔ་འདོད་པ་གཉིས་ཡོད་ཀྱང་། ལྔ་བཞེད་པ་དོན་ལ་གནས་ཤིང་། ཞེས་དང་།  དེ་ཉིད་ཀྱི་སྐད་གཉིས་ཤན་སྦྱར་༠ལས།  ལྔའམ་དྲུག  ཅེས་གསུངས་པའི་ཕྱིར། འོན་ཀྱང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཁོང་གིས་དེ་ལྟར་འདོད་པ་མིན་ཏེ། འོག་ཏུ་འཆད་དོ། །གཉིས་པ་ཐ་སྙད་གྲུབ་པ་བསྣན་ནས་དྲུག་འདོད་མཁན་ནི། རྒྱུད་སྡེ་སྤྱིའི་རྣམ་བཞག་༣༨སེར་གཙུག་ལས། སྔ་རབས་པ་དག་ཐ་སྙད་གྲུབ་པ་ཞེས་བྱ་བ་དང་དྲུག་ཏུ་འདོད་ལ། ཞེས་དང་། པཱ་ཚབ་ཀྱི་བུ་ཆེན་རྨ་བྱང་ཆུབ་བརྩོན་འགྲུས་ཀྱི་རྩ་ཤེས་ཀྱི་འགྲེལ་བ་འཐད་པའི་རྒྱན་ལས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་བ་གཉིས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། ནས། ཐ་སྙད་གྲུབ་པ་དང་བཞི་སྟེ་དྲུག་ཡིན་ཞིང་། ཞེས་དང་། མཁན་ངག་ཆུང་གིས་མཛད་པའི་འཇུག་པའི་འབྲུ་འགྲེལ་བློ་གསལ་དགའ་བའི་མེ་ལོང་ལས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས། ཞེས་པ་ནས། ཐ་སྙད་དུ་གྲུབ་པ་དང་བཞི་སྟེ་དྲུག་ཡིན་ནོ། །ཞེས་གོང་མ་ཇི་བཞིན་གསུངས་ཤིང་། ཐེག་མཆོག་མཛོད་ལས་༩༩བླ་རུང་གཞུང་ལས་དོ་དམ་ཁང་ཀྱང་། འདིའི་གཞུང་ཆེན་པོ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། རྩ་བ་ཤེས་རབ། ཅེས་པ་ནས། ཐ་སྙད་བསྒྲུབ་པའོ། །ཞེས་ཀྱང་འབྱུང་བས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དྲིས་ལན་དང་ཤན་སྦྱར་ལས་ལྔ་གསུངས་པ་ས་སྐྱ་བའི་གོ་བོ་རབ་འབྱམས་པ་ལྟ་བུའི་འདོད་པ་བཀོད་ཙམ་ཡིན་གྱི་ཁོང་གི་རང་ལུགས་ལ་ཐ་སྙད་གྲུབ་པ་བསྣན་ནས་དྲུག་བྱེད་པ་ཡིན་པར་སྐད་གཉིས་ཤན་སྦྱར་ལས་དྲུག་ཅེས་འབྱུང་བ་དང་མཁན་ངག་ཆུང་གླག་བླ་ཆོས་འགྲུབ་ཀུན་དགོངས་གཅིག་ཡིན་པའི་ཕྱིར། ཕར་ཕྱིན་ཉ་ཊཱིཀ་ལས་༤༢འཕྲུལ་དེབ་ཀྱང་། རིགས་ཚོགས་མཛད་དེ། རྩ་ཤེས། ཞེས་པ་ནས། ཐ་སྙད་གྲུབ་པ་སྟེ་དྲུག ཅེས་དང་། ཀུན་མཁྱེན་རོང་སྟོན་པ་ཤཱཀྱ་རྒྱལ་མཚན་གྱི་དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་༢༨འཕྲུལ་དེབ་ལས། རིགས་པའི་སྒོ་ནས་སྟོན་པ་ལ་གཉིས་ཏེ། ཞེས་པ་ནས། འཇིག་རྟེན་དང་འགལ་བ་སྤོང་བ་ནི་ཐ་སྙད་གྲུབ་པ་སྟེ། ཞེས་དང་། ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ་༣༤༧སེར་གཙུག་ལས། སྔ་རབས་ཀྱིས་རིགས་ཚོགས་དྲུག་ལ་ཐ་སྙད་གྲུབ་པ་བགྲངས་ཤིང་། ཞེས་དང་། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་༢༨ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ལས། ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ། །ཞེས་གསུངས་སོ། །ཞེས་གསུངས་པས་གསེར་འཕྲེང་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ་༢༦འབྲས་སྤུངས་དཔེ་མཛོད་ཁང་ལས། ཐ་སྙད་གྲུབ་པ་རིགས་ཚོགས་སུ་བཞེད་མཁན་ནི་བུ་སྟོན་རིན་ཆེན་གྲུབ་དང་། ཞེས་གསུངས་ཀྱང་དགེ་བཤེས་ཡ་མ་བསོད་ནམས་ཀྱི་ཐུབ་དབང་དགོངས་རྒྱན་༢༡༣དགེ་བཤེས་ཡ་མའི་ལེགས་བཤད་གཅེས་སྐྱོང་ཁང་ལས། ཞེས་གསུངས། ཞེས་གཞན་འདོད་བཀོད་ནས་རང་གི་བཞེད་པ་དངོས་མ་གསུངས་པ་ལ་བལྟས་ན་དོགས་གཞི་མཛད་པའི་ཕྱོགས་ཡིན། ཞེས་ཀྱང་གསུངས་སོ། །

འོ་ན། དེ་རིགས་ཚོགས་སུ་མི་འཐད་པའི་རྒྱུ་མཚན་གང་ཞེ་ན།  ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་༣༧༩ལས། ཐ་སྙད་གྲུབ་པ་ནི་དབུ་མ་རིགས་པའི་ཚོགས་སུ་བགྲངས་མི་རིགས་ཏེ། ཞེས་པ་ནས། དཔལ་ལྡན་ཟླ་བ་གྲགས་པའི་བཞེད་པ་མ་ཡིན་ཏེ། ཞེས་སོགས་ཀྱིས་དེས་སྟོང་ཉིད་རྒྱས་པར་མི་སྟོན་པར་ཐ་སྙད་ཀྱི་རྣམ་བཞག་འཐད་པ་ཙམ་སྟོན་པ་དང་ཐ་སྙད་གྲུབ་པ་ཞེས་པའི་མིང་ལས་ཀྱང་སྟོང་ཉིད་རྒྱས་པར་མི་སྟོན་པར་ཤེས་པ་དང་ཚིག་གསལ་མཇུག་ཏུ་ཡང་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་འདི་དང་འདི་མཐོང་ཞེས་པའི་སྐབས་སུ་ཡང་ཐ་སྙད་གྲུབ་པ་ཟུར་ཙམ་ཡང་མ་བགྲངས་པ་སྟེ་སྒྲུབ་བྱེད་གསུམ་བཀོད་དོ། །ད་དུང་བདེན་པར་མེད་ཀྱང་ཐ་སྙད་ཀྱི་རྣམ་བཞག་འཐད་པའི་ཚུལ་རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་བ་གཉིས་ཀྱིས་བསྒྲུབ་ཟིན་པས་ཐ་སྙད་གྲུབ་པ་ཟུར་དུ་རིགས་ཚོགས་སུ་བཞག་པ་ལ་དགོས་པ་མེད་པའི་སྐྱོན་གཅིག་ཀྱང་ལུང་རིགས་ནོར་བུའི་དོ་ཤལ་༢༧ལས་སོ། །འོ་ན་དེ་ལྟ་བུའི་ཐ་སྙད་གྲུབ་པ་བོད་དུ་འགྱུར་རམ་མ་འགྱུར་ཞེ་ན། རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་དྲིས་པའི་ལན་ལས་འགྱུར་བར་གསུངས་ཀྱང་ཕར་ཕྱིན་ཉ་ཊཱིག་༤༣འཕྲུལ་དེབ་ལས། ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ། །ཞེས་དང་། རིན་འཕྲེང་དར་ཊཱིག་༢༩༧ཀ་པོད། ཀིརྟིའི་དཔེ་མཛོད་ཁང་ལས། ཐ་སྙད་གྲུབ་པ་ནི། དབུ་མ་རྒྱན་གྱི་འགྲེལ་པར། ཚིགས་བཅད་ཁ་ཡར་དྲངས་པ་ཙམ་མ་གཏོགས་བོད་དུ་ཚང་མ་མ་འགྱུར་རོ། །ཞེས་གསུངས་པ་ལྟར་འཐད་དོ། །དེ་ཡང་ཚིག་བཅད་ཁ་ཡར་དྲངས་པ་ནི།  དབུ་མ་རྒྱན་རང་འགྲེལ་༢༦༢རྒྱ་འགྲེལ་ཕྱོགས་བསྒྲིགས།  པོད་ལྔ་བ་ལས། འདིར་ཡང་གསུངས་པ། ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ་མང་པོ་གཞན་ཡང་མེད། །ཅེས་སོགས་ཚིག་རྐང་བཅུ་ཕྲག་གཉིས་ལྷག་འབྱུང་བ་རྣམས་ཡིན་ཏེ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་༢༨༢བླ་རུང་གཞུང་ལས་དོ་དམ་ཁང་ལས། དེ་ཡང་འཕགས་པ་ཀླུས།  སྔགས་དང་སྨན་དང་སྒྱུ་མའི་དཔེའི་ཚུལ་གྱིས་རྟེན་འབྲེལ་གྲུབ་པའི་ཚིགས་སུ་བཅད་པ།  ཡི་གེ་གཅིག་སྔགས་གང་ཡང་མེད། །ཅེས་པ་ལ་སོགས་པ་ཐ་སྙད་གྲུབ་པ་ལས་བསྟན་པ་བཞིན་ནོ། །ཞེས་གསུངས་སོ། །གསུམ་པ་རིན་ཆེན་འཕྲེང་བ་བསྣན་ནས་དྲུག་འདོད་པ་རྗེ་བླ་མ་ཡིན་ཏེ། རྩ་ཤེས་ཊཱིཀ་ཆེན་༧ལས། རྩ་བ་ཤེས་རབ་སྟོང་ཉིད་བདུན་ཅུ་བ་རྩོད་ཟློག་རིགས་པ་དྲུག་ཅུ་པ་ཞིབ་མོ་རྣམ་འཐག་རིན་ཆེན་འཕྲེང་བ་སྟེ་དྲུག ཅེས་དང་། རྒྱུད་སྡེ་སྤྱིའི་རྣམ་བཞག་༣༩ལས། ཐམས་ཅད་མཁྱེན་པ་ཙོང་ཁ་བ་རིན་ཆེན་འཕྲེང་བ་དང་དྲུག་ཏུ་བཞེད་དོ། །ཞེས་དང་། སྟོང་ཐུན་ཆེན་མོ་༦༡མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ཁང་ལས། རྩ་བ་ཤེས་རབ། ནས། རིན་ཆེན་འཕྲེང་བ་རྣམས་མཛད་ཅིང་། ཞེས་སོ། །འོན་ཀྱང་སྔར་གསེར་འཕྲེང་ལས་ལྔར་གསུངས་པ་དང་མི་འགལ་ཚུལ་གསེར་འཕྲེང་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ་༢༩དང་དགེ་བཤེས་ཡ་མ་བསོད་ནམས་ཀྱི་ཐུབ་དབང་དགོངས་རྒྱན་༢༡༤/༢༡༥གཉིས་སུ་གསལ། གོ་བོ་རབ་འབྱམས་པའི་གསུང་འབུམ་ཅ་བ་ལས། རིན་ཆེན་འཕྲེང་བ་རིགས་ཚོགས་མ་ཡིན་པར་གཏམ་ཚོགས་ཡིན་པ་དང་ཚིག་གསལ་གྱི་མཇུག་ཏུ་རྩ་ཤེས་སོགས་རིགས་ཚོགས་རྣམས་དང་ལྷན་ཅིག་ཏུ་མ་བགྲངས་པས་བསྒྲུབ་འདུག་པ་དང་ད་དུང་ཁོང་གི་དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར་༤༤སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལས། སློབ་དཔོན་དེས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ་སྔ་རབས་པ་དག ཅེས་པ་ནས། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། ཞེས་པ་ནས།    ཞེས་ཀྱང་འཆད་མོད་ཀྱི། སྟོང་ཉིད་རིགས་པས་བསྒྲུབ་པ་དབུ་མ་རིགས་པའི་ཚོགས་ལྔ་དང་། ཞེས་སོགས་གསུངས་སོ། །འོན་ཀྱང་རང་ལུགས་ལ་ཐ་སྙད་གྲུབ་པ་རིགས་ཚོགས་སུ་མི་འཐད་པར་སྒྲུབ་སྐབས་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེའི་ཕར་ཕྱིན་སྐབས་དང་པོའི་མཆན་འགྲེལ་རྩོམ་འཕྲོ་༢མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ཁང་ལས། ཚིག་གསལ་གྱི་མཇུག་ཏུ་རིགས་ཚོགས་ཐམས་ཅད་དྲངས་ནས་དེ་མ་དྲངས་པས་མི་འཐད་པར་ཤེས་སོ། །ཞེས་དང་། རྗེ་གུང་ཐང་བློ་གྲོས་ཀྱི་ཕར་ཕྱིན་སྐལ་བཟང་འཇུག་ངོགས་༦དགེ་ལྡན་ལེགས་བཤད་ལས། ཟླ་བའི་ཚིག་གསལ་དུ་མིང་ཙམ་ཡང་མ་སྨྲོས་པས་མ་བགྲངས་སོ། །ཞེས་བསྒྲུབ་པ་ལས་གོང་ལྟར་མ་བསྒྲུབ་པས་མི་གནོད་དོ། །ཚིག་གསལ་གྱི་མཇུག་ཏུ་འབྱུང་ཚུལ་ནི། དེ་ཉིད་༥༣༣སེར་གཙུག་ལས། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་འཕྲེང་དང་ཡང་དག་བསྟོད་པ་དང་། །ཞེས་སོགས་སོ། །

  བཞི་བ་ག་ལས་འཇིགས་མེད་བསྣན་ནས་དྲུག་འདོད་མཁན་ནི། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་ཕར་ཕྱིན་སྐལ་བཟང་འཇུགས་ངོགས་༦ལས། ག་ལས་འཇིགས་མེད་གཅིག་ལ་འདྲེན་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཡིན་ནོ། །ཞེས་གསུངས། འོན་ཀྱང་དགེ་བཤེས་ཡ་མ་བསོད་ནམས་ཀྱི་ཐུབ་དབང་དགོངས་རྒྱན་༢༡༤ལས། འདི་དག་གིས་ག་ལས་འཇིགས་མེད་རྩ་ཤེས་རང་འགྲེལ་དུ་བཞེད། དེ་ཡང་དངོས་སུ་རིགས་ཚོགས་དྲུག་གི་ནང་ཚན་འདོད་མིན་ནི་བརྟག་དགོས་པའི་གནས་ཡིན་ཏེ། སྟོང་ཉིད་བདུན་ཅུ་བ་དང་། རྩོད་བཟློག ཞིབ་མོ་རྣམ་འཐག་གསུམ་ལའང་རང་འགྲེལ་ཡོད་པས་རིགས་ཚོགས་དགུར་འགྱུར་བའི་ཕྱིར་རོ། །ཞེས་དོགས་པ་མཛད་དོ། །ད་དུང་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱད་དགོས་ཀྱང་འོག་གི་རྩ་ཤེས་ཀྱི་འགྲེལ་བ་བརྒྱད་འཆད་སྐབས་སུ་རྒྱས་པར་འབྱུང་བར་འགྱུར་རོ། །འོ་ན་ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང་༧༦ཀིརྟིའི་དཔེ་མཛོད་ཁང་ལས། རྩ་ཤེས་སོགས་རིགས་ཚོགས་དང་པོ་ལྔ་ལས་ཉན་ཐོས་སྡེ་བ་འབའ་ཞིག་བཀག་ལ།  ཕྱི་རྩོམ་རིན་ཆེན་འཕྲེང་བ་དང་། བྱང་ཆུབ་སེམས་འགྲེལ་དང་།   བསྟོད་པ་འགའ་ཞིག་ལས་སེམས་ཙམ་བཀག་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཞེས་གསུངས་པས་དེ་དག་ཇི་ལྟར་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་བྱེད་དུ་འཐད་ཅེ་ན། དེའི་ལན་ནི་རྗེ་གུང་ཐང་བློ་གྲོས་ཀྱི་དབུ་མ་ཟབ་ལམ་ལྟ་བའི་མིག་འབྱེད་༩༣སེར་གཙུག་ལས། རིན་ཆེན་འཕྲེང་བ་དགུང་ལོ་ལྔ་བརྒྱ་ལོན་པའི་རྗེས་སུ་རྒྱལ་བོ་བདེ་སྤྱོད་ལ་གསུངས་ཀྱང་། ཆོས་སྒྲ་གཉིས་པ་ལོ་ལྔ་བརྒྱའི་བར་བསྒྲགས་པར་གསུངས་པས་དེ་ལྟར་རམ། ཡང་ན་རྩ་ཤེས་བརྩམས་དུས་ཤིང་རྟའི་སྲོལ་ཕྱེ་ཞིང་ཀླུ་སྒྲུབ་ཅེས་མཚན་ཡང་ཐོབ་ལ། རིགས་ཚོགས་གཞན་རྣམས་དེའི་ཡན་ལག་ལྟ་བུ་ཡིན་པས་ཅིག་ཅར་བརྩམས་ཀྱང་ཆོག་གམ་དཔྱད་ལ། ཞེས་གསུངས་སོ། །འོ་ན་སེམས་ཙམ་པས་འདི་དག་རིགས་ཚོགས་སུ་འདོད་མིན་དང་དེ་དག་གི་དགོངས་འགྲེལ་སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་མཛད་མིན་ཇི་ལྟར་ཡིན་ཞེ་ན། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་༢༦༧སེར་གཙུག་ལས།  སློབ་དཔོན་དབྱིག་གཉེན་ལ་སོགས་པའི་ཆེན་པོ་རྣམས་ཀྱི་གཞུང་ན། ཀླུ་སྒྲུབ་ཀྱི་གཞུང་གི་དོན་འདི་ལྟར་འགྲེལ་བ་ཡིན་ཞེས་གསལ་བར་མི་སྣང་ཡང་། ཞེས་པ་ནས། སྒྲ་ཇི་བཞིན་པར་འཆད་ན་ནི་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་པར་མི་འཆད་པ་མི་མཛད་ཅིང་། སྒྲ་ཇི་བཞིན་པ་དྲང་དོན་དུ་བཤད་ན་དེའི་དོན་སེམས་ཙམ་དུ་འཆད་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་དང་། ཇོ་ནང་སྒྲོལ་མགོན་གྱི་རྒྱ་གར་ཆོས་འབྱུང་དུ་བློ་བརྟན་གྱིས་རྩ་ཤེས་སེམས་ཙམ་ལུགས་སུ་བཀྲལ་བའི་འགྲེལ་བ་མཛད་པར་གསུངས་ཀྱང་དགོངས་པ་རབ་གསལ་༢༦༧ལས། སྔ་རབས་པ་ཁ་ཅིག་སློབ་དཔོན་བློ་བརྟན་ལ་སོགས་པ་ཡིན་པར་སྨྲ་མོད་ཀྱང་། དེའི་གཞུང་ན་དེ་ལྟར་བཤད་པ་མི་སྣང་ངོ་། །བཞི་བརྒྱའི་བའི་འགྲེལ་བར་སློབ་དཔོན་ཆོས་སྐྱོང་གིས་བཞི་བརྒྱ་བའི་ལྟ་བ་སེམས་ཙམ་དུ་བཀྲལ་བར་བཤད་པས་དེ་ལ་སྦྱར་ན་འགྲིག་གོ། །ཞེས་གསུངས་སོ། །འོ་ན། རིགས་ཚོགས་དྲུག་གི་བརྗོད་བྱ་སྟོན་ཚུལ་མདོར་བསྡུས་ཙམ་ཞིག་གང་ཞེ་ན། བཀོད་པར་བྱ་སྟེ། རྩ་ཤེས་དང་ཞིབ་མོ་རྣམ་འཐག་གིས་རིམ་བཞིན་ཕས་རྒོལ་གྱིས་བསྒྲུབ་བྱ་དང་སྒྲུབ་བྱེད་རྒྱས་པར་བཀག་ནས་རྟེན་འབྱུང་གི་དེ་ཉིད་བསྟན་པ་ན། བདེན་མེད་ལ་བྱ་བྱེད་སྤྱི་དང་བྱེ་བྲག་ཏུ་དགག་སྒྲུབ་ཀྱི་བྱ་བྱེད་མི་འཐད་དོ་སྙམ་པ་ལ་ཀུན་རྫོབ་དང་དོན་དམ་གྱི་ཁྱད་པར་ཕྱེ་སྟེ་སྐྱེ་གནས་འཇིག་གསུམ་དང་གཞན་ཕྱོགས་འགོག་པ་དང་རང་ཕྱོགས་སྒྲུབ་པ་ལ་སོགས་པའི་བྱ་བྱེད་འཐད་པར་རྩོད་བཟློག་དང་སྟོང་ཉིད་བདུན་ཅུ་བ་གཉིས་ཀྱིས་རིམ་པར་བསྟན་ལ། བདེན་གཉིས་ཀྱི་ཚུལ་དེ་ལྟར་རྟོགས་པ་ནི་སངས་རྒྱས་ལ་ལྟ་ཅི་སྨོས། ཐར་བ་ཐོབ་པ་ལ་ཡང་མེད་མི་རུང་པར་གཞུང་གཞན་གཉིས་ཀྱིས་སྟོན་ནོ་ཞེས་རྩ་ཤེས་ཊཱིག་ཆེན་དང་སྟོང་ཐུན་ཆེན་མོ་ལས་གསུངས་སོ། །དེ་ལྟར་ཡིན་ན་ཕྱི་མ་གཉིས་ཀྱི་དོན་རང་རྒྱུད་པས་འགྲེལ་ཚུལ་གང་འདྲ་ཡིན་ཞེ་ན། རང་རྒྱུད་པས་དགོངས་པ་སྟོན་པའི་སྐབས་ཀྱི་ཨབྷྱའི་ཐུབ་དགོངས་ལས། རིན་ཆེན་འཕྲེང་བར་གསུངས་རྣམས་ཀྱང་། ཁ་ཅིག་སྐད་ཅིག་མའི་བདག་མེད་པ་དང་། ཁ་ཅིག་ཆོས་ཀྱི་བདག་མེད་དུ་སྦྱར་ཏེ། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་ཐུན་མོང་བ་འགྱུར་བའི་ཕྱིར་རོ། །ཞེས་ཟེར་རོ། །ཞེས་དང་། རྩ་ཤེས་ལས། མ་རིག་འགག་པར་འགྱུར་བ་ནི། །ཞེས་པའི་ཐད་ཀྱི་ཤེས་རབ་སྒྲོན་མ་༥༣༨སེར་གཙུག་ལས། ཆོས་བདག་མེད་པ་ཉིད་ཀྱི་ཡུལ་ཅན་སྟོང་བ་ཉིད་ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་པ་དེ་ཉིད་ཇི་སྐད་བསྟན་པའི་ཚུལ་གྱིས་དངོས་པོའི་ངོ་བོ་ཉིད་མ་ལུས་པར་འགག་པས་བསྒོམ་ཞིང་གོམས་པར་བྱ་བས་སོ། །ཞེས་དང་། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་དེའི་འགྲེལ་བཤད་ལས་༠ཀྱང་དེ་མཚུངས་སུ་འབྱུང་བ་རྣམས་ཀྱི་དོན་འགྲེལ་ཚུལ་ལུང་རིགས་ནོར་བུའི་དོ་ཤལ་༤༧༦ལས་གསལ་ལོ། །

འོ་ན་རྩ་ཤེས་ལ་རྒྱ་གར་གྱི་འགྲེལ་བ་ཆེན་པོ་བརྒྱད་སྣང་བས་དེ་དག་གང་ཡིན་དང་དེའི་ནང་ཚན་ག་ལས་འཇིགས་མེད་ལས་འཕྲོས་པའི་བཤད་པ་ཇི་ལྟ་བུ་ཞེ་ན།   དང་པོ་འགྲེལ་བ་བརྒྱད་ནི།  ལེགས་བཤད་སྙིང་པོ་༡༣༢ལས།  དེ་ལ་འགྲེལ་བ་ག་ལས་འཇིགས་མེད་དང་དེ་བ་ཤར་མ་དང་གུ་ན་མ་ཏི་དང་གུ་ན་ཤྲི་དང་སྠི་ར་མ་ཏི་དང་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་བ་སྟེ་བརྒྱད་ཡོད།  ཅེས་སོ། །གཉིས་པ་ནི།  དེའི་ནང་ཚན་ག་ལས་འཇིགས་མེད་ནི་བོད་དུ་འགྱུར་མིན་དང་རྩ་ཤེས་རང་འགྲེལ་ཡིན་མིན་དང་སུས་བརྩམས་མིན་དང་རིགས་ཚོགས་གྲངས་སུ་མི་འཐད་པའི་རྒྱུ་མཚན་དང་བཅས་དོན་ཚན་བཞིས་བསམ་པར་བྱའོ། །དང་པོ་ནི།   བོད་དུ་འགྱུར་ཏེ།   དཀར་ཆག་འཕང་ཐང་མ་༣༨མི་རིགས་དཔེ་སྐྲུན་ཁང་ལས།  ག་ལ་འཇིགས་མེད།  བམ་པོ་བདུན།  ཞེས་དང་།  རྒྱུད་སྡེ་སྤྱིའི་རྣམ་བཞག་༣༩ལས།  བོད་དུ་བཞི་འགྱུར་ཏེ།  ཞེས་པ་ནས།  ག་ལས་འཇིགས་མེད་དང་བཞི་སྟེ།  ཞེས་སོ། །བུ་སྟོན་ཆོས་འབྱུང་༢༣༣ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ལས།  དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད་བམ་པོ་བདུན་དང་།  ཞེས་པ་ནས།  རྣམས་མདོ་སྡེ་འབར་གྱིས་འགྱུར།  ཞེས་སོ། །འོན་ཀྱང་།   དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ཨང་རྟགས་༡༨/༡༦པ་དབུ་མའྀ་རྩ་བའྀ་འགྲེལ་བ་ག་ལས་འཇྀགས་མྱེད་ཅེས་བྱ་བ་ལས།  ཞེས་པ་ནས། རྒྱ་གར་གྀ་མཁན་པོ་ཐེག་པ་ཆེན་པོ་དབུ་མ་གཉ་ན་གར་བ་དང་།  བོད་ཀྱི་ཞུ་ཆེན་གྱི་ལོ་ཙ་པ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ།   ཞེས་དང་།  བསྟན་འགྱུར་པར་མ་ཕལ་མོ་ཆེར་བཞུགས་པའི་ག་ལས་འཇིགས་མེད་༢༥༦བསྟན་འགྱུར་དཔེ་བསྡུར་མ།  དེབ་གྲངས་ང་བདུན་པ་ལས་ཀྱང་།   རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་།  བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་པས་བསྒྱུར་མཁན་ལ་དཔྱད་གཞི་ཡོད། གཉིས་པ་ནི།  དེ་རྩ་ཤེས་རང་འགྲེལ་ཡིན་པར་འདོད་མཁན་རྣམས་ཀྱིས་བཀོད་པའི་སྒྲུབ་བྱེད་ནི། སྣར་ཐང་དང་པེ་ཅིན་བསྟན་འགྱུར་དཔར་མའི་༢༥༧བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས་ང་བདུན་པའི་དབུར། དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །ཞེས་དང་། སྡེ་དགེ་དང་ཅོ་ནེ་དཔར་མའི་མཇུག་བྱང་༢༥༥བསྟན་འགྱུར་དཔེ་བསྡུར་མ།  དེབ་ང་བདུན་པ་དུ། དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད། ཅེས་པ་ནས། སློབ་དཔོན་བདག་ཉིད་ཆེན་མོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ།  ཞེས་པ་ནས། མཛད་པ་རྫོགས་སོ། །ཞེས་དང་། ཏུན་ཧོང་ཡིག་རྙིང་ཁྲོད་དུ་བཞུགས་པའི་བསྟན་བཅོས་འདིའི་མཇུག་ཏུའང་། དབུ་མའི་རྩ་བའྀ་འགྲེལ་བ་ག་ལས་འཇྀགས་མྱེད་ཅེས་བྱ་བ།  ཞེས་པ་ནས།  སློབ་དཔོན་བདག་ཉྀད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མྱྀ་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། ཞེས་པ་ནས། མཛད་པ་རྫོགས་སྷོ། །ཞེས་དང་། ཡང་ཏུན་ཧོང་ཡིག་རྙིང་ཨང་རྟགས་༣དང་༦ཞེས་པའི་རྩ་ཤེས་རབ་བྱེད་བཅུ་བའི་མཇུག་ཏུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱྀས་མཛད་པཿ། དབུ་མའྀ་རྩ་བའི་འགྲེལད་པཿ། ག་ལས་འཇིགས་མྱེད་ལས། ཞེས་དང་། ཡང་བསྟན་འགྱུར་དཔེ་བསྡུར་མའི་སྡེ་དགེ་དཔར་གྱི་མཇུག་༢༥༦བསྟན་འགྱུར་དཔེ་བསྡུར་མ། པོད་གྲངས་ང་བདུན་ཏུ། ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་བ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང་། ཞེས་པ་ནས། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང་། ཞེས་དང་། བུ་སྟོན་ཆོས་འབྱུང་༢༣༣ལས། དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད། ཅེས་དང་། ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བ་༣༤༧ལས། རྩ་ཤེས་འགྲེལ་བ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོད་མེད་ཡིན་པ་ལ། ཞེས་དང་། དེང་གི་མཁས་པ་བསོད་ནམས་རྒྱ་མཚོའི་བོད་རྒྱ་བཀའ་བསྟན་འདྲ་ཁྱད་ཞིབ་འཇུག་ཅེས་པར་ཡང་རྩ་ཤེས་རང་འགྲེལ་ཡིན་པ་གཞི་བཞག་བྱས་ཡོད། འོན་ཀྱང་དེ་རྩ་ཤེས་རང་འགྲེལ་ཡིན་པ་མི་འཐད་དེ། ལེགས་བཤད་སྙིང་བོ་༡༣༢ཀིརྟིའི་དཔེ་མཛོད་ཁང་ལས། རང་འགྲེལ་དོན་མེད་དོ། །ཞེས་དང་། རྒྱུད་སྡེ་སྤྱིའི་རྣམ་བཞག་༣༩ལས། ག་ལས་འཇིགས་མེད་རང་འགྲེལ་དུ་སྔོན་གྱི་དཀར་ཆག་རྣམས་དང་། དེའི་རྗེས་སུ་འབྲངས་པ་མང་པོས་འདོད་ཀྱང་མ་ཡིན་ཏེ། ཞེས་སོགས་ལེགས་བཤད་སྙིང་པོ་ལྟར་སྒྲུབ་བྱེད་གཉིས་བཀོད་ཅིང་། ད་དུང་སྟོང་ཐུན་ཆེན་མོ་༦༦ལས། སྒྲུབ་བྱེད་དེ་གཉིས་ཀྱི་སྟེང་དུ་སངས་རྒྱས་བསྐྱངས་ལེགས་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་རྩ་ཤེས་ཀྱི་གཞུང་གི་ཆ་མང་པོ་ཞིག་ལོག་པར་བཤད་པར་ཐལ་བ་དང་ག་ལས་འཇིགས་མེད་ལས་གཞུང་རིགས་པ་ཕྲ་ལ་རྟོགས་དཀའ་བ་དུ་མ་ཞིག་ཚིགས་བཅད་ལྷུག་པར་བཏང་ཙམ་ལས་ཅིའང་མ་བཤད་པའང་མང་བར་སྣང་བ་རྣམས་ཀྱིས་སྒྲུབ་པོ། །དེར་མ་ཟད་རྗེ་དགེ་འདུན་གྲུབ་ཀྱི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན་༣༧༥ལས། རབ་བྱེད་ཐ་མ་བཞི་གའི་འགྲེལ་བ་ག་ལས་འཇིགས་མེད་ལས། བམ་གྲངས་ཀྱི་མིང་མི་མཐུན་པ་ཙམ་ལས་བུདྷ་པ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་བའི་ཚིག་རིས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས་ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །ཞེས་དང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་༤༡༠ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ཀྱང་། རང་འགྲེལ་མིན་པའི་སྒྲུབ་བྱེད་མང་དུ་བཀོད་པ་ལྟར་དོན་ལ་གནས། སངས་རྒྱས་བསྐྱངས་དང་ག་ལས་འཇིགས་མེད་གཉིས་འབྲེལ་བ་ཇི་ལྟར་བྱུང་མིན་མི་ཤེས་ཀྱང་དོན་སྙིང་རབ་བྱེད་ཉེར་གསུམ་པའི་ཚིགས་བཅད་བཅུ་བདུན་པ་མན་འགྲེལ་བ་དེ་གཉིས་དོན་གཅིག་གོ། །ཞེས་དང་། ད་དུང་ཚིགས་གསལ་གྱི་གཤམ་གྱི་ཚིགས་བཅད་དུ་དྲངས་པ་མེད་པ་དང་། ཚིགས་གསལ་ལས། རྩོད་པ་བཟློག་པའི་འགྲེལ་བ་མཛད་པ་ན་སློབ་དཔོན་གྱིས་སྦྱོར་བའི་ངག་མ་གསུངས་ཞེས་གསུངས་པ་ལས་རང་འགྲེལ་དུ་སློབ་དཔོན་གྱིས་སྦྱོར་བའི་ངག་མ་གསུངས་ཞེས་མ་སྦྱར་བས་ཀྱང་འགྲུབ་པ་དང་རྩ་ཤེས་རབ་བྱེད་དྲུག་པ་ལས། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དང་མེད་ཀྱང་རིམ་པ་མཚུངས། །ཞེས་པའི་རྐང་བ་གཉིས་རྩ་བའི་གཞུང་དུ་བྱས་ནས་དེ་ལ་བཤད་པ་མཛད་པས་ཀྱང་རང་འགྲེལ་མིན་པར་སྒྲུབ་ཚུལ་རྣམས་ལུང་རིགས་ནོར་བུའི་དོ་ཤལ་ལས་༢༧གསུངས་ཏེ། སྒྲུབ་ཚུལ་ཕྱི་མ་ནི།   རྩ་ཤེས་ཊཱིཀ་ཆེན་༢༡༦ལས། ག་ལས་འཇིགས་མེད་དུ་དེ་གཉིས་རྩ་བར་བྱས་ནས་དེ་ལ་བཤད་པ་ཡང་བྱས་སྣང་བ་ནི་རྩོམ་མཁན་དེའི་རང་རྟགས་ཆེན་པོ་བསྟན་སྣང་། ཞེས་པའི་དགོངས་པའོ།།  

        འོ་ན་གོང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་པ་རྣམས་ཇི་ལྟར་དྲངས་ཤེ་ན། དེ་ནི་སློབ་དཔོན་ལ་ཁ་གཡར་བ་ཡིན་ཏེ། སྟོང་ཐུན་༦༧ལས། འདི་ནི་འཕགས་པ་ལ་ཁ་གཡར་བའི་གཞུང་དང་འགྲེལ་བ་སོགས་སྔགས་ཀྱི་སྐོར་ལའང་ཤིན་ཏུ་མང་ཞིང་། ཞེས་པ་ནས། འདིའང་དེ་དག་དང་འདྲ་སྟེ། ཞེས་དང་།  ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་༣༧༧ལས།  དེས་ན་འགྲེལ་བ་འདི་ནི་སློབ་དཔོན་ཁ་གཡར་བྱས་པ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་༣༧༨ལས། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས་དེ་སྐད་དུ་བཤད་མོད། འདི་ནི་མི་ཤེས་པ་ཞིག་གིས་འགྲེལ་བ་དེར་བཅུག་པར་སྣང་ངོ་། །ཞེས་ཞིབ་ཆ་དང་བཅས་གསལ་བར་གསུངས་སོ། །གསུམ་པ་ནི། འོ་ན་དེ་སུས་བརྩམས་ཤེ་ན།  ལེགས་བཤད་སྙིང་པོ་༡༣༢ཀིརྟིའི་དཔེ་མཛོད་ཁང་ལས། དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། ཞེས་པ་ནས། ཟླ་བ་གྲགས་པའི་འགྲེལ་བ་སྟེ་བརྒྱད་ཡོད་ཅིང་ཞེས་པ་ལ་བསམ་ན་ག་ལས་འཇིགས་མེད་ཅེས་པ་རྩོམ་མཁན་དུ་གསལ་ཏེ། དེར་འགྲེལ་བ་དེ་དག་ལ་མཛད་པ་པོ་རྣམས་ཀྱི་མཚན་ནས་སྨྲོས་པ་ལྷག་མ་བདུན་གྱིས་ཤེས་པའི་ཕྱིར་དང་། ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་༣༧༧ལས། ཁ་ཅིག་ན་རེ། ག་ལས་འཇིགས་མེད་འགྲེལ་བ་བྱེད་པ་པོའི་མིང་ཡིན་ཏེ། བུདྡྷ་པཱ་ལི་ཏ་བཞིན་ཞེས་ཟེར་རོ། །ཁ་ཅིག་ན་རེ། ག་ལས་འཇིགས་མེད་རང་འགྲེལ་ཡིན་ཏེ། ཞེས་ཁ་ཅིག་སྔ་ཕྱི་གཉིས་བཀོད་ནས་ཕྱི་མ་བཀག་ལ། དང་པོ་མ་བཀག་པའི་ཕྱིར་དང་གོང་དུ་དྲི་བའི་སྐབས་སུ་རང་འགྲེལ་མ་ཡིན་ན། འགྲེལ་བ་འདི་མཛད་པ་པོ་སུ་ཡིན་དྲིས་ཡོད་པས་མཛད་པ་པོ་ངོས་འཛིན་པ་སྐབས་སུ་བབས་པའི་ཕྱིར། བཞི་བ་ནི། དེ་རིགས་ཚོགས་སུ་མི་འཐད་པ་ནི་གོང་དུ་རང་འགྲེལ་མིན་པའི་སྒྲུབ་བྱེད་དྲངས་པ་རྣམས་སོ། །གཞན་དང་མི་མཚུངས་ཏེ། འདི་རྩ་ཤེས་ཀྱི་འགྲེལ་བ་ཡིན་པ་གང་ཞིག རིགས་ཚོགས་ཀྱི་གྲངས་སུ་འཐད་ན་རང་འགྲེལ་ལས་འོས་མེད་པའི་ཕྱིར་རོ། །དེ་ལྟར་འཕྲོས་དོན་ཅུང་ཟད་སྤྲོས་ཏེ་མཇུག་བསྡུ་བ་སྐབས་སུ་བབས་པའི་ཚིགས་བཅད་བཞི་བརྒྱ་ཞེ་དགུ་དང་རབ་བྱེད་ཉེར་བདུན་གྱི་བདག་ཉིད་ཅན་གྱི་བསྟན་བཅོས་འདི་ནི། དབུ་མའི་ལུགས་སྲོལ་གྱི་ལམ་བཟང་གསལ་བར་མཛད་པའི་ཕྱི་མོའི་དབུ་མའི་གཞུང་ཞེས་རྒྱ་གར་པཎ་གྲུབ་ཀུན་གྱིས་གཙུག་གི་རྒྱན་དུ་བཀུར་བ་དང་བོད་ཀྱི་ཆོས་བརྒྱུད་རང་སྟོང་འདོད་པ་རྣམས་ཀྱིས་ཀྱང་ཁུངས་སུ་འདྲེན་པའི་གཞུང་མཆོག་རྨད་དུ་བྱུང་བ་ཞིག་ཡིན་ནོ། །   ། །

                 འདིར་སྨས་པ།

         རིན་ཆེན་སྟོང་གི་ཉིང་ཁུ་སྟེ། །

         ཡང་དག་ལྟ་བ་རིན་པོ་ཆེ། །

         ལྷད་མེད་སེམས་ཀྱི་སྟེགས་བུ་དེར། །

         ཐེག་མཆོག་དཔལ་དུ་ཉེར་མཛེས་ཤོག །

      ཅེས་རྩ་ཤེས་ལས་ཅུང་ཟད་འཕྲོས་པའི་དཔྱད་གླེང་ཀླུ་དབང་དགོངས་རྒྱན་ཞེས་པ་འདི་ནི་广东省梅州市丰顺县惠仁圣寺ཚད་མཐོའི་དབུ་མའི་བགྲོ་གླེང་ཐེངས་དང་པོའི་སྐབས་ཀྱི་དཔྱད་རྩོམ་དུ་དམིགས་ཏེ་དབུ་མའི་གཞུང་ལ་སློབ་གཉེར་ཅུང་ཟད་བྱེད་པའི་སྐལ་བཟང་ཐོབ་པའི་སྤྲུལ་མིང་བ་ཐུབ་བསྟན་རྒྱ་མཚོའམ་གསེར་ཐང་སངས་རྒྱས་རྒྱ་མཚོར་འབོད་པས་རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་བྱ་ལོའི་བོད་ཟླ་བཅུ་བའི་དམར་ཕྱོགས་སྟོང་བ་གསུམ་པའི་ཉིན་广东省梅州市丰顺县惠仁圣寺གནས་མཆོག་ཏུ་མཇུག་རྫོགས་པར་སྦྱར་བའོ། །    ། །

སྤྱི་ལོ༢༠༡༧ལོའི་ཟླ་༡༢ཚེས་༡༦ཉིན།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།