མཁས་པའི་བགྲོ་གླེང་ཐེངས་གསུམ་པའི་དྲིས་ལན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-22 21:27:19     རྩོམ་པ་པོ།   འཇམ་དབྱངས་ཆོས་གྲགས།    ཀློག་ཐེངས།  

    

ཐུབ་བའི་དབང་བོ་མཉམ་མེད་སྲས་གཙང་སྲས།།

བློ་གྲོས་གཏེར་གྱུར་རྗེ་བཙུན་འཇམ་དཔལ་དབྱངས།།

དེ་ཉིད་སླར་བྱོན་འཇམ་མགོན་བློ་བཟང་གྲགས།།

ཀུན་མཁྱེན་བླ་མ་རྣམས་ལ་གུས་ཕྱག་འཚལ།།

ཡིན་ལུགས་ཕུ་ཐག་ཆོད་པའི་ལྟ་བ་དང་།།

དེ་ཉིད་རྟོགས་པའི་ས་བཅུ་ལམ་ལྔ་སོགས།།

ཀླུ་སྒྲུབ་དགོངས་དོན་ཇི་བཞིན་གསལ་མཛད་པ།།

བདག་གི་བཤེས་གཉེན་དམ་པར་གུས་ཕྱག་འཚལ།།

དྲི་གཞི་ངོས་བཟུང་བ་དང་དེའི་ལན་གདབ་པའོ།། དང་བོ་ནི། རྩ་ཤེས་ཊཱིཀ་ཆེན་ལས། གཉིས་པ་ནི་ཞེས་པ་ནས་མཚུངས་པའི་ཕྱིར་རོ།། ཞེས་བའི་བར་གྱི་གཞུང་དོན་འགྲེལ་ཚུལ་དང་། རྟགས་ཅི་ལྟར་བཟློག་ཚུལ་དང་། དེ་བཟློག་ན་དམ་བཅའ་ཡང་བཟློག་དགོས་ཚུལ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ལུགས་ལ་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་མདོར་བསྟན་གྱིས་སྐྱེས་པ་དོན་བཅས་དང་ཐུག་བཅས་གཉིས་བདག་སྐྱེ་མེད་པར་བསྒྲུབ་པའི་རྟགས་སུ་མ་བསྟན་པ་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། དེ་ལྟར་བསྟན་པར་གསུང་བའི་འགལ་སྤོངས་དང་། མྱུ་གུ་ལྟ་བུ་སྐྱེས་པ་རྟོགས་ན་བདག་ལས་མི་སྐྱེས་པར་རྟོགས་དགོས་ཚུལ་དང་ལྔ་ཡོད་པའོ།།

གཉིས་པ་ནི་ལན་རིམ་བཞིན་བཀོད་ན།  དང་བོའི་ལན་ནི།  སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་བཀག་ཚུལ་དང་། དེ་ལ་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་ཚུལ་གཉིས་ལས། དང་བོ་ནི། བུདྡྷ་པཱ་ལི་ཏ་ལས། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་པ་མེད་དེ། དེ་དག་གི་སྐྱེ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།། ཞེས་གསུངས་ལ། དོན་ནི། སྐྱེས་པ་དོན་མེད་དུ་ཐལ་བ་འཕངས་ཚུལ་དང་། ཐུག་མེད་དུ་འཕངས་ཚུལ་གཉིས་ཀྱི་སྒོ་ནས་བདག་སྐྱེ་མེད་པར་སྒྲུབ་བ་ཡིན་ཏེ། དབུ་མ་ཆེན་མོ་ལས། སྐྱེས་པ་དོན་མེད་དུ་ཐལ་བ་འཕངས་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དུ་ཐལ། རང་གི་རྒྱུ་དུས་ནས་ཡོད་བའི་ཕྱིར། ཞེས་པ་ནས་ཐུག་མེད་དུ་ཐལ་བ་འཕངས་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་པར་ཐལ། རང་གི་རྒྱུ་དུས་ནས་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་བའི་ཕྱིར། ཞེས་གསུངས་པའི་ཕྱིར།

གཉིས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། འགྲེལ་ངག་དེ་ནི་རིགས་པ་མ་ཡིན་དེ།  དེ་ལ་སྐྱོན་གསུམ་འབྱུང་བའི་ཕྱིར་ཏེ། བདག་སྐྱེ་མེད་བར་སྒྲུབ་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པ་དང་། གཞན་གྲངས་ཀྱིས་ཉེས་པ་མ་བསལ་བ་དང་། རྒོལ་པ་གཞན་གྱིས་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། འགྲེལ་བ་དེ་མི་རིགས་སོ།། སྐྱོན་དང་བོ་ནི། དབུ་མ་ཆེན་མོ་ལས། ཁྱོད་ཀྱི་འགྲེལ་བའི་སྦྱོར་བ་དངོས་པོ་རྣམས་ཆོས་ཅན། བདག་གི་བདག་ཉིད་ལས་སྐྱེ་པ་མེད་དེ། སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པའི་ཕྱིར། ཞེས་ཚིག་ཟིན་བཀོད་ཀྱང་བསམ་ཚོད་ལ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར་ཞེས་བཀོད་པ་དེའི་ཕྱིར། རྟགས་སླ། ཁྱབ་སྟེ། དེ་ལྟར་ན་དམ་བཅའ་ཙམ་དུ་ཟད་ཀྱི་སྦྱོར་བ་དེས་བདག་སྐྱེ་མེད་བར་སྒྲུབ་མི་ཐུབ་པའི་ཕྱིར། དེར་ཐལ། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། ཡོད་བའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ཞེས་པ་ལྟ་བུའི་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སྐྱོན་གཉིས་པ་ཉེས་པ་བསལ་ཚུལ་ནི། དབུ་མ་ཆེན་མོ་ལས། གྲངས་ཅན་གྱིས་ཁྱོད་ཀྱི་བདག་ཉིད་ལས་ཞེས་པའི་དོན་འབྲས་བུ་མངོན་གསལ་གྱི་བདག་ཉིད་ལས་ཟེར་རམ། རྒྱུ་མི་གསལ་བར་གཙོ་བོའི་བདག་ཉིད་ལས་འདོད། དང་བོ་ལྟར་ན་གྲུབ་ཟིན་སྒྲུབ་པ་ཡིན་དེ། ཁོ་བོ་ཡང་འབྲས་བུ་མངོན་པར་གསལ་ཟིན་པའི་བདག་ཉིད་ལས་སྐྱེ་བར་མི་འདོད་པའི་ཕྱིར། ཞེས་གསུངས། གཉིས་པ་ལྟར་ན། ཁྱབ་པ་འགལ་བར་འགྱུར་ཏེ།  སྐྱེས་ལྡན་ཐམས་ཅད་དེ་ལས་སྐྱེས་པའི་ཕྱིར། ཞེས་གསུངས། སྐྱོན་གསུམ་པ་གླགས་ཡོད་ཚུལ་ནི། དབུ་མ་ཆེན་མོ་ལས། སྐབས་ཀྱི་དོན་དངོས་བསྟན་དོན་མེད་ཐུག་མེད་རྟགས་སུ་བཀོད་པའི་སྦྱོར་བ་མི་འཐད་པས། འགྲེལ་བའི་ངོས་ཟིན་གྱི་སྦྱོར་བ་དེ་ལས་བཟློག་དགོས། བཟློག་པས་གཞན་གྱིས་ཀླན་ཀའི་གླགས་ཡོད་བའི་སྐྱོན་ཡོད་བའི་ཕྱིར། ཞེས་གསུངས་པའི་ཕྱིར།

གཉིས་པ་རྟགས་བཟློག་ཚུལ་ནི། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། སྐྱེ་བ་དོན་མེད་ཐུག་མེད་གཏན་ཚིགས་ཡིན་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཞིང་། བདག་ལས་སྐྱེ་ན་དོན་མེད་དང་ཐུག་མེད་དུ་འགྱུར་བ་གཏན་ཚིགས་ཡིན་ན་ཡང་། ཕྱོགས་ཆོས་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་བའི་ཕྱིར། ངོས་ཟིན་ལྟར་མི་འཐད་ཅིང་དེས་ན་འདིར་བཟློག་དོན་གཉིས་རྟགས་སུ་སངས་རྒྱས་བསྐྱངས་རང་ཉིད་ཀྱིས་ཀྱང་འདོད་པར་མངོན་ནོ།། ཞེས་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་འདོད་པ་བླང་བར་བྱའོ།། ཞེས་གསུངས་པའི་ཕྱིར།

གསུམ་པ་དེ་བཟློག་ན་དམ་བཅའ་བཟློག་ཚུལ་ནི། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། སྐྱེ་བ་གཞིར་བྱས་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས། དངོས་པོ་རྣམས་སྐྱེ་པ་ཡིན་ཞིང་བདག་ལས་མི་སྐྱེ་ཞེས་སྨྲས་པ་ཉིད་ཀྱིས།  གཞན་ལས་སྐྱེ་བར་འཕེན་པའི་ཕྱིར་ཏེ། ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བར་སྨྲས་པའི་ཤུགས་ཀྱིས་མཚན་མོ་ཟ་བར་འཕེན་པ་བཞིན་ནོ་སྙམ་དུ་བསམ་པ་སྟེ། ཞེས་གསུངས་པའི་ཕྱིར། སངས་རྒྱས་བསྐྱངས་ཀྱིས་ཀྱང་མྱུ་གུ་ལྟ་བུ་སྐྱེ་བ་ཐ་སྙད་དུ་ཁས་ལེན་པའི་ཕྱིར། དེར་ཐལ། པུདྡྷ་པཱ་ལི་ཏ་ལས། འདིར་སྨྲས་པ་རེ་ཞིག་སྐྱེ་བར་བརྗོད་པ་ཙམ་ཡིན་པ་རབ་ཏུ་སྟོན་ཅིག་ཞེས་པ་ནས་སྐྱེ་བ་མེད་པའི་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་མོ།། ཞེས་གསུངས་པའི་ཕྱིར།

བཞི་བ་སྐྱོན་སྤངས་ནི། ལེགས་ལྡན་འབྱེད་ཀྱིས་གཏན་ཚིགས་དང་དཔེ་མ་བརྗོད་པ་ལ་དགོངས་པ་དང་། དེས་ན་སྟོང་ཐུན་ལས་གསུངས་པ་དེ་བདག་སྐྱེ་མེད་པ་ཙམ་སྒྲུབ་པའི་གཏན་ཚིགས་བསྟན་པའི་དོན་ནོ།། ལྔ་བ་ནི། མྱུ་གུ་ལྟ་བུ་སྐྱེ་བ་རྟོགས་ན་བདག་སྐྱེ་ཁག་དགོས་དེ། སྐྱེ་བ་དོན་བཅས་དང་ཐུག་བཅས་དེ་མྱུ་གུ་བདག་ལས་མི་སྐྱེ་བར་སྒྲུབ་པའི་གཏན་ཚིགས་དེ། རྒོལ་བ་དབང་བོ་རྣོ་རྟུལ་གཉིས་ལ་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་ཡོད་བའི་ཕྱིར། དེར་ཐལ། མྱུ་གུ་སྐྱེ་བ་དོན་བཅས་སུ་ཚད་མས་ངེས་པའི་གང་ཟག་ཡིན་ན། མྱུ་གུ་རང་རྒྱུའི་དུས་ན་མེད་བར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། བདག་སྐྱེ་ནི་མྱུ་གུ་ལྟ་བུ་རང་གི་རྒྱུ་དུས་ན་ཡོད་ལ། ཡོད་པ་དེ་ལས་སྐྱེ་བས་ན་བདག་སྐྱེ་འཇོག་དགོས་པ་གང་ཞིག  མྱུ་གུ་རྒྱུ་དུས་ན་མེད་བར་གང་ཟག་དེས་ཚད་མས་ངེས་པའི་ཕྱིར། དེར་ཐལ། དབུ་མ་ལུང་རིགས་སྒྲོན་མེ་ལས། རྩ་བར་འདོད་མི་ནུས་ཏེ། དབང་རྟུལ་མ་གཏོགས་དབང་རྣོན་ལ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་མི་རུང་བའི་ཕྱིར། དེར་ཐལ། མྱུ་གུ་སྐྱེ་བ་དོན་བཅས་སུ་ཚད་མས་རྟོགས་པའི་གང་ཟག་ཡིན་ན། མྱུ་གུ་རང་རྒྱུའི་དུས་ན་མེད་བར་ཚད་མས་གྲུབ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། མྱུ་གུ་སྐྱེ་བར་ཚད་མས་གྲུབ་པའི་གང་ཟག་ཡིན་ན། མྱུ་གུ་རང་རྒྱུའི་དུས་ན་མེད་བར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་མྱུ་གུ་རང་རྒྱུ་ལས་སྔར་མེད་གསར་དུ་ཚད་མས་གྲུབ་བའི་གང་ཟག་ཡིན་པའི་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མྱུ་གུ་བདག་ལས་མི་སྐྱེ་བར་རྟོགས་པའི་ཞིང་བ་རྒན་པོ་ཡོད་བར་ཐལ། དེས་མྱུ་གུ་སྐྱེ་བར་རྟོགས་པའི་ཕྱིར། དེར་ཐལ། དེས་མྱུ་གུ་རྒྱུ་ལས་སྐྱེ་བར་རྟོགས་པའི་ཕྱིར། དེར་ཐལ། དེས་མྱུ་གུ་ས་བོན་ལས་སྐྱེ་བར་རྟོགས་པའི་ཕྱིར་ན་མ་ཁྱབ་བོ།།

སྨྲས་པ།

དབུ་མའི་སྲོལ་འཛིན་སློབ་དཔོན་དེ་དག་གི།།

དགོངས་དོན་ཟབ་རྒྱས་དེ་དག་ཤེས་འདོད་ཀྱང་།།

བདག་གིས་རྨོངས་པའི་དབང་གིས་མ་མཐོང་ཡང་།།

དེ་ལ་བློ་གྲོས་རྒྱས་ཕྱིར་རྩོམ་འདི་སྤེལ།།

ཞེས་གངས་ལྗོངས་མཁས་པའི་བགྲོ་གླེང་ཐེངས་གསུམ་པའི་དྲི་བ་བཞི་བའི་ལན་དུ་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཕྱི་ལོ་༢༠༡༦ཟླ་༡༠ཚེས་༢༠ཉིན་བྲིས་པའོ།།   །།

 ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།

        རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།