དྲིས་ལན་ཐེག་མཆོག་བགྲོད་པའི་ཐེམ་སྐས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-22 21:20:38     རྩོམ་པ་པོ།   གསེར་ཐང་སངས་རྒྱས་རྒྱ་མཚོ།     ཀློག་ཐེངས།  

---༢༠༡༧ལོའི་ལི་ཐང་དགོན་དགེ་ལྡན་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་གི་མདོ་ཁམས་ལྗོངས་ཀྱི་མཁས་པའི་བགྲོ་གླེང་ཐེངས་གསུམ་པའི་སྐབས་ཀྱི་དྲི་བ་ལྔ་བའི་དྲིས་ལན་ཐེག་མཆོག་བགྲོད་པའི་ཐེམ་སྐས།

            མཁྱེན་པ་མཁྱེན་པའི་གཏེར་དང་མཚུངས།།

      བརྩེ་བ་འཕགས་མཆོག་རྗེས་སུ་འགྲོ།།

      ནུས་པ་གསང་བདག་ལ་འགྲན་པའི།།

      བཤེས་གཉེན་ཚོགས་རྣམས་སྐྱབས་ཀྱི་ཕུལ།།

                   ༼དྲི་བ་ལྔ་བ༽

ལམ་རིམ་འབྲིང་བོ་ལས།   གཉིས་པ་ནི།  དེ་ལྟར་བློ་རིམ་གྱིས་སྦྱངས་པས་སྙིང་རྗེ་སྐྱེས་པ་ན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་སྐྱེ་བས་དེ་ཙམ་གྱིས་ཆོག་མོད།   བར་དེར་ལྷག་བསམ་བཅུག་པས་ཅི་བྱ་སྙམ་ན།   སེམས་ཅན་བདེ་བ་དང་འཕྲད་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་རང་ལ་ཡང་ཡོད་ཀྱང་།   སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ཁུར་དུ་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་པས་སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག་བསམ་བསྐྱེད་དགོས་ཏེ།   ཞེས་རྒྱུ་འབྲས་མན་ངག་བདུན་གྱི་ནང་ཚན་ལྔ་པའི་སྙིང་རྗེ་དེ་ཉན་རང་ལ་ཡོད་པ་ལྟ་བུར་ཐོན།   འཇུག་པའི་རྣམ་བཤད་ཆེན་མོ་ལས།  བསོད་ནམས་དང་ཡེ་ཤེས་སྤྱི་ལ་ཚོགས་ཀྱི་སྒྲ་ཙམ་འཇུག་པ་ཡོད་ཀྱང་།  ཚོགས་ཀྱི་སྒྲ་འཇུག་པའི་གཙོ་བོ་ནི།  འགྲེལ་བ་དོན་གསལ་ལས།   ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན།   སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཚོགས་ཡིན་པས།   ཞེས་བླ་ན་མེད་པའི་བྱང་ཆུབ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཐབས་ཀྱིས།  འབྲས་བུ་འཛིན་པ་ལ་གསུངས་པ་ལྟར་གྱི་དོན་ཚང་བའི་བསོད་ནམས་དང་ཡེ་ཤེས་སོ།།   དོན་དེ་མ་ཚང་བ་གཉིས་ནི་ཚོགས་ཕལ་བའོ།།   ཞེས་རང་རྒྱལ་ལ་སྙིང་རྗེ་ཆེན་པོ་མེད་པས་ཚོགས་གཉིས་དངོས་མེད་པར་གསུངས།   ཞེས་གཞུང་ཆེན་མོ་འདི་དག་ཕན་ཚུན་གོང་བསྒྲིག་སྟེ་ལྔ་པའི་སྙིང་རྗེ་དང་།   སྙིང་རྗེ་ཆེན་པོ་གཉིས་ཀྱི་ཁྱད་པར་དང་།    སྤྱིར་སྙིང་རྗེ་ཆེན་པོའི་དམིགས་པ་དང་།  དེ་སྐྱེས་ཚད།   ཇི་ལྟར་བསྒོམ་པའི་ཚུལ་སོགས་མཁས་པ་མགུ་བའི་དཔྱད་རྩོམ་ལྷུག་པོར་གནང་སྐྱོང་ཡོད་པར་འཚལ།

                      ༼ལན༽

འདིར་ལན་ལ་དང་པོ་སྤྱིར་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པ་དང་ཡོད་པའི་ཚུལ་གཉིས་མདོ་དང་བསྟན་བཅོས་ལས་འབྱུང་ཚུལ་བཀོད་དེ་གང་ལྟར་ཁས་ལེན་པ་དང་གཉིས་པ་དྲི་གཞི་འདིར་བཀོད་པའི་ལུང་གཉིས་ཀྱི་གོ་དོན་དང་དེ་གཉིས་མི་འགལ་ཚུལ་དང་གསུམ་པ་སྤྱིར་སྙིང་རྗེ་ཆེན་པོའི་དམིགས་པ་དང་དེ་སྐྱེས་ཚད་དང་ཇི་ལྟར་བསྒོམ་པའི་ཚུལ་གསུམ་བཤད་པ་སྟེ་ས་བཅད་གསུམ་དུ་བྱས་ནས་འཆད་དོ།།  དང་པོ་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པའི་ཁུངས་ནི།  བློ་གྲོས་རྒྱ་མཚོས་ཞུས་པའི་ལེའུ་དགུ་བ་སྟེ་སྡེ་བཀའ་མདོ་མང་ཕ་བའི་༨༣བ་༡ལས། ཉན་ཐོས་ཀྱི་ཐེག་པ་བའི་གང་ཟག་འཁོར་བས་འཇིགས་སྐྲག་པ་སྲིད་པ་ལ་ཀུན་ཏུ་འབར་བར་བལྟ་སྟེ།  སེམས་ཅན་རྣམས་ཡལ་བར་བོར་ནས་སྙིང་རྗེ་ཆེན་པོ་དང་བྲལ་ཏེ།   ཞེས་དང་།  འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་སྟེ་སྡེ་བཀའ་མདོ་མ་བའི་༡༣༢བ་༡ལས།   སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི།   འདི་བདག་ཉིད་ཀྱིས་བྱ་བས་ན།  དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།།   ཞེས་དང་།  བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་སྟེ་སྡེ་བཀའ་མདོ་མང་ན་བའི་༡༡༩ན་༢ལས།  བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དོ།།  ཞེས་དང་།   སྙིང་རྗེ་ཆེན་པོ་གང་ཡིན་ཞེ་ན།  ཞེས་པ་ནས།   བདག་གིས་སེམས་ཅན་འདི་དག་ལམ་ངན་པ་ལས་བསྒྲལ་ཏེ་ལམ་བཟང་བོར་དགོད་པར་བྱའོ་སྙམ་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ།།   ཞེས་དང་།  སྡེ་བཀའ་ཁྲི་བརྒྱད་སྟོང་བའི་ལེའུ་བཅུན་བདུན་པ་གླེགས་བམ་ཀ་བའི་༡༧༧ན་༥ལས།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་སྙིང་རྗེ་བ་ཡོངས་སུ་རྫོགས་པ་གང་ཞེ་ན།   འདི་ལྟ་སྟེ།  སྙིང་རྗེ་ཆེན་པོ་ཐོབ་པའོ།།   ཞེས་དང་།   བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བར་བསྟན་པའི་གླེང་གཞིའི་ལེའུ་སྟེ་སྡེ་བཀའ་མདོ་མང་པ་བའི་༨༧བ་༥ལས།   སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བའི་ཕྱིར་སྙིང་རྗེ་ཆེན་པོའི་སེམས་སོ།། ཞེས་དང་།  སྡེ་བཀའ་མདོ་མང་པ་བའི་༢༠༠བ་༡ལས།   དེ་བཞིན་གང་དག་རང་རྒྱལ་བྱང་ཆུབ་རེག།  དེ་ལ་སྙིང་རྗེ་ཆེ་དང་སྤོབས་པ་མེད།  ཞེས་དང་།   དྲིན་ལན་བསབ་པའི་མདོ་སྟེ་སྡེ་བཀའ་མདོ་མང་ཨཿབའི་༡༦༨ན་༧ལས།  ཤཱ་རིའ་བུ་ལ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་མེད་དོ།།  རྟོག་གེ་འབར་བ་སྟེ་སྡེ་བསྟན་ཛ་བའི་༤༢བ་༦ལས། སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང་།  ངན་འགྲོ་ལས་ཡོངས་སུ་བསྐྱབ་པ་དང་།  ཐེག་པ་དམན་པ་ལས་བསླང་བ་དང་།   ཡང་དག་པའི་ལམ་དུ་དགོད་པའི་སེམས་བསྐྱེད་པ་བཞི་དང་ལྡན་པའོ།། ཞེས་དང་།   རྣམ་འགྲེལ་ལས།   སྙིང་རྗེ་དམན་པ་ཉིད་ཕྱིར་དང་།།  ཞེས་དང་།  འགྲེལ་ཆུང་དོན་གསལ་ལས།   སྙིང་བརྩེ་བ་དང་བྲལ་བའི་ཕྱིར།  ཞེས་པ་རྣམས་སོ།།  གཉིས་པ་ཉན་རང་ལ་སྙིང་རྗེ་ཆེན་པོ་ཡོད་པའི་སྒྲུབ་བྱེད་ནི།  བློ་གྲོས་རྒྱ་མཚོས་ཞུས་པ་ལས།  བློ་གྲོས་རྒྱ་མཚོ་དཔེར་ན།  ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ།   ཞེས་པ་ནས།   བུ་གཅིག་པུ་ཕྱུང་བར་གྱུར་ཏོ།།  ཞེས་དང་།        

དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་སྟེ་སྡེ་བཀའ་མདོ་མང་པ་བའི་༡༨༣ན༦ལས།  ཉན་ཐོས་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་རྩོམ་པས་ཡོངས་སུ་སྐྱོ་བའོ།།  ཞེས་དང་།   སྒོམ་རིམ་དང་པོ་དང་བར་བ་གཉིས་ཀ་ལས།  གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལའང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ།  ཞེས་དང་།  ལམ་རིམ་གཉིས་ཀ་ལས།  བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་བ་ལ་མ་དེ་ཇི་ཙམ་བརྩེ་བ་སྐྱེ་བ་དེ་ཙམ་པའི་བློ་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེས་པ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ།།  ཞེས་དང་།  རྒྱུད་བླའི་དར་ཊཱིག་ལས།  བུ་གཅིག་པ་མི་གཙང་བའི་དོང་དུ་ལྷུང་བ་ལ་མ་ལ་བརྩེ་བ་ཅི་ཙམ་ཡོད་པ་ལྟར་ཉན་ཐོས་དང་རང་སངས་རྒྱས་འཕགས་པ་རྣམས་ལ་ཡང་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་འབྱུང་ཡང་།   ཞེས་པ་ནས།  ཐེག་པ་ཆེན་པོ་ལས་དམན་པའོ།།   ཞེས་གསུངས་པ་རྣམས་སོ།།   འོ་ན་ལུགས་དེ་གཉིས་ལས་གང་གི་རྗེས་སུ་འབྲང་ཞེ་ན། ལུགས་ཕྱི་མའི་རྗེས་སུ་འབྲང་རིགས་ཏེ།   ལམ་རིམ་གཉིས་དང་རྒྱུད་བླ་དར་ཊཱིག་རྣམས་ཀྱིས་འགྲུབ་ཚུལ་ཀུན་མཁྱེན་བླ་མའི་ལེའུ་གཉིས་པའི་མཐའ་དཔྱོད་དང་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་གཉིས་ལས་གསལ།  འོ་ན་གོང་དུ་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པར་བཤད་པའི་མདོ་དག་དང་མི་འགལ་ལམ་ཞེ་ན།  མི་འགལ་ཏེ།   དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས།   སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་ཙམ་ཡོད་ཀྱང་ཕལ་བ་ལས་མེད་པས་ས་བཅུ་བའི་མདོ་སོགས་ལས་སྙིང་རྗེ་ཆེན་པོ་མེད་ཅེས་བཤད་ལ།  ཞེས་གསུངས་པས་ཤེས་པའི་ཕྱིར་རོ།།  རྣམ་འགྲེལ་དང་མི་འགལ་ཚུལ་ཡང་དེ་ཉིད་ལས།   ཐེག་ཆེན་གྱི་དེ་ལ་ལྟོས་ཏེ་དེ་ཆུང་བ་དང་ཐེག་ཆེན་གྱི་དེ་ཉན་རང་གི་དེ་ལས་འཕགས་པར་བསྟན་ཙམ་ཡིན་པའི་ཕྱིར།  ཞེས་སོ།།

གཉིས་པ་ལ།   དྲི་གཞི་འདིར་བཀོད་པའི་དང་པོ་ལམ་རིམ་གྱི་ལུང་ལས།  ཐེག་ཆེན་པ་མིན་པ་ལ་མེད་པས།  ཞེས་པ་ཚིག་ཟིན་ལྟར་ན་སེམས་བསྐྱེད་རྒྱུད་ལ་མེད་པའི་ཐེག་ཆེན་པ་ཞིག་འཇོག་དགོས་པ་ལ་དེ་ནི་མི་འཐད་དེ།  སེམས་བསྐྱེད་ཐེག་ཆེན་གྱི་འཇུག་སྒོ་དང་སེམས་དེ་ཡོད་མེད་ཀྱིས་ཐེག་ཆེན་པ་ཡིན་མིན་རྗེས་སུ་འགྲོ་ལྡོག་བྱེད་པར་ལམ་རིམ་གཉིས་ཀ་ལས་སོ།།དེས་ན་ལུང་དེའི་དོན་ནི་ཐེག་ཆེན་པ་མིན་པའི་ཐེག་དམན་པ་ལ་མེད་པའམ།   ཡང་ན།  སྐྱེས་བུ་ཆེན་པོ་དང་ཐེག་ཆེན་པ་ཁོ་ན་ལ་ཡོད་པའི་དོན་ཡིན་པར་ཡང་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས།   ཕྱི་མ་སྐྱེས་བུ་ཆེན་པོ་དང་ཐེག་ཆེན་པ་ཁོ་ན་ལ་ཡོད་པའི་ཕྱིར་རོ།།  ཞེས་སོ།།  གཉིས་པ་འཇུག་པའི་རྣམ་བཤད་ཀྱི་ལུང་གི་དགོངས་པ་ལ་བརྟེན་ནས་ཡིག་ཆ་མཁན་རྣམས་ཐེག་དམན་ལ་ཚོགས་གཉིས་ཡོད་མེད་ཐད་ལ་མི་མཐུན་ཏེ།   རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གི་དབུ་མའི་སྤྱི་དོན་སྐལ་བཟང་མགུར་རྒྱན་ལས།   ཐེག་དམན་ལ་ཚོགས་གཉིས་ཡོད་པར་དྲིན་ལན་བསབ་པའི་མདོ་དང་འཇུག་པའི་རྣམ་བཤད་ལས།  དོན་དེ་མ་ཚང་བ་གཉིས་ནི་ཚོགས་ཕལ་བའོ།།  ཞེས་པ་གཉིས་ལས་བསྒྲུབ་ཅིང་རང་འགྲེལ་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་།  ཞེས་པ་ནས།   མེད་པས།  ཞེས་པ་དང་།    འཇུག་པ་ལས།   སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ།།   ཞེས་པ་གཉིས་དང་རིམ་བཞིན་མི་འགལ་ཏེ།   སྔ་མ་ཚོགས་གཉིས་གོམས་པ་མཐར་ཕྱིན་པ་མེད་པའི་དོན་དང་།   ཕྱི་མ་ཐེག་ཆེན་གྱི་ཚོགས་གཉིས་ལ་དཔྱོད་པའི་སྐབས་ཡིན་པར་འགྲེལ་བ་དང་པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་དང་མཐའ་དཔྱོད་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ་གཉིས་ཀ་ལས་བསོད་ནམས་དང་ཡེ་ཤེས་ལ་ཚོགས་ཀྱི་སྒྲ་འཇུག་པ་དང་དོན་དེ་མ་ཚང་བ་གཉིས་ནི་ཚོགས་ཕལ་བའོ།།ཞེས་འཇུག་པའི་རྣམ་བཤད་ལས་གསུངས་པས་ཐེག་དམན་ལ་ཚོགས་གཉིས་ཡོད་པར་བཞེད་དོ།།   ཀུན་མཁྱེན་འཇམ་དབྱངས་བཞད་པའི་རང་ལུགས་ལ་ཐེག་དམན་ལ་ཚོགས་གཉིས་མེད་པར་རང་འགྲེལ་གྱི་ལུང་དང་བློ་གྲོས་མི་ཟད་པའི་མདོ་སོགས་ཀྱིས་སྒྲུབ་ཅིང་སློབ་དཔོན་འཕགས་པས།  སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི།།  བསོད་ནམས་ཚོགས་ལས་འཁྲུངས་པ་ཡིན།།   ཞེས་དང་།  རིན་ཆེན་འཕྲེང་བ་ལས།  དེ་ལྟ་བས་ན་ཚོགས་འདི་གཉིས།།  སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ།།  ཞེས་དང་།  འགྲེལ་བ་དོན་གསལ་ལས།    ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན།  ཞེས་སོགས་ལ་བརྟེན་ནས་ཉན་རང་མི་སློབ་པ་ལ་ཚོགས་གཉིས་ཀྱི་ལག་རྗེས་མཚན་དཔེ་མེད་པས་ཀྱང་སྒྲུབ་པར་མཛད་དོ།།   ལུང་ཕྱི་མ་འདི་རྣམས་ཐེག་ཆེན་གྱི་ཚོགས་གཉིས་ལ་ཡང་འགྲེལ་མི་ནུས་ཏེ།   ཚོགས་ཀྱི་སྐད་དོད་སཾ་བྷ་ར་ཞེས་པས་ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པ་ཐོན་པ་གང་ཞིག   དེ་ཚོགས་སྤྱིའི་སྐད་དོད་ཡིན་པའི་ཕྱིར་དང་།  གཞན་ཡང་།  རང་འགྲེལ་ལས།  རང་རྒྱལ་ཉན་ཐོས་ལས་ལྷག་པ་ཡིན་པའི་སྒྲུབ་བྱེད་འགོད་སྐབས་དེ་དག་ནི་བསོད་ནམས་དང་ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་གྱིས།  ཞེས་པ་ལས་ཚོགས་ཀྱི་སྒྲ་མ་སྦྱར་ལ།  སངས་རྒྱས་ལས་དམན་པ་ཡིན་པའི་སྒྲུབ་བྱེད་འགོད་སྐབས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་།  ཞེས་ཚོགས་ཀྱི་སྒྲ་སྦྱར་བས་ཀྱང་རང་རྒྱལ་ལ་ཚོགས་མེད་པར་འགྲུབ་པོ།།  འོ་ན་འཇུག་པའི་རྣམ་བཤད་ལས།  བསོད་ནམས་དང་ཡེ་ཤེས་སྤྱི་ལ་ཚོགས་ཀྱི་སྒྲ་ཙམ་འཇུག་པ་ཡོད་ཀྱང་།  ཞེས་པ་དང་།  དོན་དེ་མ་ཚང་བ་གཉིས་ནི་ཚོགས་ཕལ་བའོ།།  ཞེས་པ་དག་དང་འགལ་ལོ་ཞེ་ན།  མི་འགལ་ཏེ།  སྔ་མ་ཚོགས་ཀྱི་སྒྲས་བཤད་པ་ཙམ་ཡོད་པའི་དོན་དང་ཕྱི་མ་ནི་དོན་དེ་མ་ཚང་བ་གཉིས་ནི་ཚོགས་བཏགས་པ་བ་ཡིན་པའི་དོན་ཏེ།  དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས།  སྤྱི་ཙམ་ལ་ཚོགས་ཀྱི་སྒྲས་བསྙད་པ་མང་དུ་ཡོད་ཀྱང་།   ཞེས་པ་ནས།  དེ་མེད་པ་དག་ཚོགས་བཏགས་པ་བའམ་ཕལ་བ་ཡིན་པའི་ཕྱིར། ཞེས་གསུངས་སོ།།   བཏགས་པ་བ་ལ་ཕལ་བའི་སྒྲ་སྦྱར་བ་ཡང་གཞུང་ཤེར་ཕྱིན་ལ་ཤེར་ཕྱིན་ཕལ་བའི་སྒྲ་སྦྱར་བ་བཞིན་ནོ།།  དེ་ལྟར་འཕྲོས་དོན་ཅུང་ཟད་སྤྲོས་ཏེ་སྐབས་ཀྱི་དོན་ལ་གཞོལ་བ་ནི།  ལམ་རིམ་ལུང་དོན་དྲི་གཞི་ལྟར་ཡིན་ན་ཡང་འཇུག་པའི་རྣམ་བཤད་དང་མི་འགལ་ཏེ།  རང་འབྲས་བྱང་ཆེན་འབྱིན་པའི་སྙིང་རྗེ་ཆེན་པོ་སོགས་ཚོགས་ཁྱད་པར་ཅན་དུ་བསྟན་ཙམ་ཡིན་པར་དབུ་མའི་མཐའ་དཔྱོད་ཆེན་མོ་ལས་སོ།། 

གསུམ་པ་ལ།  སྙིང་རྗེ་ཆེན་པོའི་དམིགས་པ་ནི།  སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུགབསྔལ་བའི་སེམས་ཅན་ཐམས་ཅད་དོ།།  དེ་སྐྱེས་ཚད་ནི།  གོང་དུ་དྲངས་པའི་ལམ་རིམ་གཉིས་ཀྱི་ལུང་ལས་ཤེས་སོ།།  བསྒོམ་པའི་ཚུལ་ནི། མར་གྱུར་བའི་སེམས་ཅན་དེ་རྣམས་འཁོར་བར་ལྷུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བ་རྣམས་སེམས་པའོ།།

                   སླར་སྨས་པ།

      ཐེག་མཆོག་བགྲོད་པའི་ཐེམ་སྐས་ཏེ།།

      དྲང་སྲོང་བྱེ་བའི་བཤུལ་ལམ་མཆོག།

      སྙིང་རྗེའི་སེམས་ཀྱི་རླབས་འཕྲེང་དེ།།

      གཡོ་བ་རྒྱུན་ཆད་མེད་པར་ཤོག།

རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་བྱ་ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ཁམས་སྤོ་འབོར་སྒང་གི་ས་ཡི་ཐིག་ལེ་༧རྒྱལ་མཆོག་ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་གདན་ས་ཆེན་མོ་ལི་ཐང་དགོན་དགེ་ལྡན་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་སྤྲུལ་མིང་བ་ཐུབ་བསྟན་རྒྱ་མཚོར་འབོད་པས་མཇུག་རྫོགས་པར་བགྱིས་པའོ།། །།

སྤྱི་ལོ༢༠༡༧ཟླ༩ཚེས༦ཉིན།

 ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།

        རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།