བདེན་པ་གཉིས་ལ་འཇུག་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-06 12:10:58     རྩོམ་པ་པོ།   མར་མེ་མཛད་ཡེ་ཤེས།    ཀློག་ཐེངས།  

རྒྱ་གར་སྐད་དུ། སཏྟྱ་དྭ་ཡྰ་བ་ཏྰ་ར། བོད་སྐད་དུ། བདེན་པ་གཉིས་ལ་འཇུག་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། སངས་རྒྱས་རྣམ་ཀྱི་ཆོས་བསྟན་པ། ། བདེན་པ་གཉིས་ལ་ཡང་དག་བརྟེན། ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། ། དེ་བཞིན་དོན་དམ་བདེན་པའོ། ། ཀུན་རྫོབ་རྣམ་པ་གཉིས་སུ་འདོད། ། ལོག་པ་དང་ནི་ཡང་དག་གོ ། དང་པོ་གཉིས་ཏེ་ཆུ་ཟླ་དང་། ། གྲུབ་མཐའ་ངན་པའི་རྟོག་པའོ། ། མ་བརྟགས་གཅིག་པུ་ཉམས་དགའ་བའི། །སྐྱེ་བ་དང་ནི་འཇིག་པའི་ཆོས། ། དོན་བྱེད་ནུས་དང་ལྡན་པ་ནི། ། ཡང་དག་ཀུན་རྫོབ་ཡིན་པར་འདོད། ། དམ་པའི་དོན་ནི་གཅིག་ཡིན་ཏེ། ། གཞན་དག་རྣམ་པ་གཉིས་སུ་འདོད། ། ཅིར་ཡང་མ་གྲུབ་ཆོས་ཉིད་དེ། ། གཉིས་དང་གསུམ་སོགས་ག་ལ་འགྱུར། ། བསྟན་པའི་ཚིག་གི་སྦྱོར་བ་ཡིས། ། སྐྱེ་མེད་འགག་མེད་སོགས་པས་མཚོན། ། དོན་དམ་ཐ་དད་མེད་ཚུལ་གྱིས། ། ཆོས་ཅན་མེད་ཅིང་ཆོས་ཉིད་མེད། ། སྟོང་པ་ཉིད་ལ་ཐ་དད་ནི། ། ཅུང་ཟད་ཡོད་པ་མ་ཡིན་ཏེ། ། རྟོག་མེད་ཚུལ་གྱིས་རྟོགས་པས་ན། ། སྟོང་ཉིད་མཐོང་ཞེས་ཐ་སྙད་གདགས། ། མ་མཐོང་བ་ཉིད་དེར་མཐོང་བར། ། ཤིན་ཏུ་ཟབ་པའི་མདོ་ལས་གསུངས། ། དེ་ལ་མཐོང་དང་མཐོང་བྱེད་མེད། ། ཐོག་མ་ཐ་མ་མེད་ཞི་བ། ། དངོས་དང་དངོས་མེད་རྣམ་པར་སྤངས། ། རྣམ་པར་རྟོག་མེད་དམིགས་པ་བྲལ། ། གནས་པ་མེད་པ་གནས་མེད་པ། ། འགྲོ་འོང་མེད་ཅིང་དཔེ་དང་བྲལ། ། བརྗོད་དུ་མེད་པ་བལྟར་མེད་པ། ། འགྱུར་བ་མེད་པ་འདུས་མ་བྱས། ། རྣམ་འབྱོར་པ་ཡིས་དེ་རྟོགས་ན། ། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤོང་། ། མངོན་སུམ་དང་ནི་རྗེས་སུ་དཔག ། སངས་རྒྱས་པ་ཡིས་དེ་གཉིས་གཟུང་། ། གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས། ། ཚུལ་རོལ་མཐོང་བའི་རྨོངས་པ་སྨྲ། ། མུ་སྟེགས་ཉན་ཐོས་རྣམས་ཀྱིས་ཀྱང་། ། ཆོས་ཉིད་རྟོགས་པར་ཐལ་བར་འགྱུར། ། རྣམ་རིག་པས་ལྟ་སྨོས་ཅི་དགོས། ། དབུ་མ་པ་ལ་མི་མཐུན་མེད། ། དེས་པ་གྲུབ་མཐའ་ཐམས་ཅད་ཀྱང་། ། ཚད་མས་འཇལ་ཕྱིར་མཐུན་པར་འགྱུར། ། རྟོག་གེ་ཐམས་ཅད་མི་མཐུན་པས། ། ཚད་མས་འཇལ་བའི་ཆོས་ཉིད་ཀྱང་། ། མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སམ་རྗེས་དཔག་དགོས་པ་མེད། ། མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། ། མཁས་པ་རྣམས་ཀྱིས་བྱས་པ་ཡིན། ། ལུང་ལས་ཀྱང་ནི་གསལ་བོར་རུ། ། རྟོག་བཅས་རྟོག་པ་མེད་པ་ཡི། ། ཤེས་པ་གཉིས་ཀྱིས་མི་རྟོགས་ཤེས། ། སློབ་དཔོན་མཁས་པ་བྷ་བྱ་གསུང་། ། སྟོང་ཉིད་གང་གིས་རྟོགས་ཤེ་ན།། དེ་བཞིན་གཤེགས་པས་ལུང་བསྟན་ཞིང་། ། ཆོས་ཉིད་བདེན་པ་གཟིགས་པ་ཡི། ། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། ། དེ་ལས་བརྒྱུད་པའི་མན་ངག་གིས། ། ཆོས་ཉིད་བདེན་པ་རྟོགས་པར་འགྱུར། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། ། བཞི་སྟོང་གསུངས་པ་ཐམས་ཅད་ནི། ། ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། ། སྟོང་ཉིད་རྟོགས་པས་གྲོལ་འགྱུར་གྱི། ། སྒོམ་པ་ལྷག་མ་དེ་དོན་ཡིན། ། ཡང་དག་ཀུན་རྫོབ་ཁྱད་བསད་ནས། ། སྟོང་པ་ཉིད་ལ་གོམས་བྱེད་ན། ། ཀུན་རྫོབ་རྒྱུ་འབྲས་དགེ་སྡིག་སོགས། ། འཇིག་རྟེན་ཕ་རོལ་བསླུས་པར་འགྱུར། ། ཅུང་ཟད་ཐོས་པ་ལ་བརྟེན་ཏེ། ། རྣམ་པར་བདེན་དོན་མི་ཤེས་ཤིང་། ། མི་གང་བསོད་ནམས་མི་བྱེད་པ། ། སྐྱེས་བུ་ཐ་ཤལ་དེ་དག་བརླག ། སྟོང་པ་ཉིད་ལ་བལྟ་ཉེས་ན། ། ཤེས་རབ་ཆུང་རྣམས་འཕུང་བར་འགྱུར། ། སློབ་དཔོན་ཟླ་གྲགས་འདི་སྐད་དུ། ། ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་དང་། ། ཐབས་ལས་བྱུང་བ་དོན་དམ་བདེན་པ་དག ། གཉིས་པོའི་དབྱེ་བ་གང་ཡིན་མི་ཤེས་པ། ། དེ་དག་ལོག་པར་རྟོགས་པས་ངན་འགྲོར་འགྲོ། ། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་འགྱུར། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། ། མེད་པར་ཡང་དག་ཁང་ཆེན་གྱི། ། སྟེང་དུ་འགྲོ་བར་བྱེད་པ་ནི། ། མཁས་ལ་རུང་བ་མ་ཡིན་ནོ། ། ཀུན་རྫོབ་ཇི་ལྟར་སྣང་བ་འདི། ། རིགས་པས་བརྟག་ན་འགའ་མི་རྙེད། ། མ་རྙེད་པ་ཉིད་དོན་དམ་ཡིན། ། ཡེ་ནས་གནས་པའི་ཆོས་ཉིད་དོ། ། རྒྱུ་རྐྱེན་དག་གིས་བསྐྱེད་པས་ན། ། ཀུན་རྫོབ་ཇི་ལྟར་སྣང་བ་གྲུབ།  ། གལ་ཏེ་གྲུབ་པར་མི་རུང་ན། ། ཆུ་ཟླ་ལ་སོགས་སུ་ཡིས་བསྐྱེད། ། དེས་ན་རྒྱུ་རྐྱེན་སྣ་ཚོགས་ཀྱིས།། བསྐྱེད་པས་སྣང་བ་ཐམས་ཅད་གྲུབ། ། རྐྱེན་རྣམས་རྒྱུན་ནི་ཆད་གྱུར་ན། ། ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། ། དེ་ལྟར་ལྟ་བས་མ་རྨོངས་ཤིང་། ། སྤྱོད་པ་ཤིན་ཏུ་དག་གྱུར་ན། ། གོལ་བའི་ལམ་དུ་མི་འགྲོ་ཞིང་། ། འོག་མིན་གནས་སུ་འགྲོ་བར་འགྱུར། ། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། ། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། ། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། ། རང་གི་འདོད་པ་དང་ལ་བླང་བར་གྱིས། ། ཚུལ་རོལ་མཐོང་བའི་རྨོངས་པ་བདག་གིས་ནི། ། བདེན་གཉིས་གཏན་ལ་དབབ་པར་མི་ནུས་ཀྱང་། ། བླ་མ་རྣམས་ཀྱི་གསུང་ལ་བརྟེན་ནས་ནི། ། ཀླུ་སྒྲུབ་ལུགས་ཀྱི་བདེན་གཉིས་བཀོད་པ་འདི། ། གསེར་གླིང་རྒྱལ་པོའི་ངོར་བྱས་འདི་ལ་ནི། ། གལ་ཏེ་དིང་སང་སྐྱེ་བོ་དད་གྱུར་ཀྱང་། ། ལེགས་པར་བརྟག་ལ་བླང་བར་བྱ་བ་ཡི། །དད་པ་ཙམ་དང་གུས་པ་ཙམ་གྱིས་མིན། ། གསེར་གླིང་རྒྱལ་པོ་གུ་རུ་ཕ་ལ་ཡིས། ། དགེ་སློང་དེ་བ་མ་ཏི་བཏང་གྱུར་ནས། ། དེ་ཡི་ངོར་བྱས་བདེན་གཉིས་ལ་འཇུག་འདི། ། དིང་སང་མཁས་པ་རྣམས་ཀྱིས་བརྟག་པར་རིགས། ། བདེན་པ་གཉིས་ལ་འཇུག་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །  ། །  པཎྜི་ཏ་དེ་ཉིད་དང་། ལོཙྪ་བ་རྒྱ་བརྩོན་སེང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། 

བརྒྱུད་འགོད།