རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱི་གསུང་བཏུས་ལུང་གི་སྙིང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 09:28:40     རྩོམ་པ་པོ།   རྗེ་འཇམ་དབྱངས་བློ་བཟང་བསྟན་དར།    ཀློག་ཐེངས།  

IMG_0008(1).jpg

གཞི་གསུམ་ཆོ་ག་དང་ཨ་ཁུ་བློ་གྲོས་ཚང་གི་གཞི་གསུམ་ལག་ལེན་གཉིས་ངས་ལག་ཏུ་ཨེ་ཡོང་ལྟ་གིན་ཡོད། གསོ་སྦྱོང་ནི་ཨ་ཁུ་ཚུལ་ཁྲིམས་རིན་པོ་ཆེའི་སྡོམ་འགྲེལ་གཞི་སྨད༡-༡༨བར་དང་། འདུལ་ཊཱིཀ་རིན་ཕྲེང་གི་ཤོག་གྲངས༤༠༦ནས༤༡༥སོགས་ནས་བལྟས་ན་ཤིན་ཏུ་གསལ། གཎྚིའི་རྒྱུ་ནི་སྟག་པའམ། ཤུག་པ་བྱས་ན་ཆོག་ཚོད་རེད། སྲིད་དུ་སོར༤ཞེང་དུ༦དཔངས་སུ༢ཟུར་བཞིར་སོར༢རེ། གཎ་གཡོག་ནི་ཤིང་དེ་ཉིད་ལས་བཅད་པ་ངེས་པར་དགོས། སྲིད་དུ་འཆང་བཟུང་བཅས་སོར༢༤དགོས། ཁ་དོག་གཙོ་བོ་དམར་བོ། སེར་བོ་ཡང་ཆོག་པ་མཐའ་དཔྱོད་ལས་གསུངས།

ངས་སྔར་ཡིག་ལམ་ནས་ཞུས་པ་ལྟར་སླར་ཡང་སེམས་ལ་ཤར་ཚོད་ཅིག་ཞུ་རྒྱུ་ཡོད་པ་ནི་གལ་བོ་ཆེ་ལ་ནན་ཏན་ཡིན། དོན་གྱི་གཙོ་བོ་ཐུགས་མཐུན་ཁྲིམས་གཙང་། དོན་ཉུང་བྱ་ཉུང་། འདོད་ཆུང་ཆོག་ཤེས་བྱས་ནས་བྱ་བ་མང་བོ་དང་འདུ་འཛི་ལ་མ་གཡེངས་པར་འུ་ཅག་ཚང་མ་ལོ་རྒན་སྟབས་སྔགས་འདུལ་རེ་གཟིགས་རྒྱུའི་གྲ་སྒྲིག་ལ། དཔེ་ཆ་རེ་བླུས་ནས་སློབ་གཉེར་རེ་གནང་ན་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲའི་དུས་དེ་ལས་ལྷག་པའི་གལ་ཆེན་ཞིག་མེད་བསམ། དེས་ན་བཀའ་བསྟན་བཞུགས་ས་དང་ཚོགས་ཁང་ཆུང་ངུ་ཞིག་ལས་ན་བཟང་། སྒོར་སྟོང་ལྔ་དྲུག་ཙམ་གྱི་འགྲོ་སྒོ་བཏང་ན་འགྲུབ་ཐུབ་ནི་ཞིག་གི་འཆར་བཀོད་བཞག་ནས་ཁང་ལེབ་ཆུང་ངུ་ཞིག་ལས་ན་ཨེ་དགའ་སྙམ། (འདི་གཉིས་བླ་བྲང་ནས་སྤྲིངས་པའི་ཕྱག་འཕྲིན་ལས་བཏུས།)

མི་ཚེ་འདིར་ང་དེ་འདྲའི་ངོ་ཞིག་ཚ་མ་མྱོང་། (ལམ་སྐབས་སུ་དགྲ་ཇག་རྒོད་པས་རང་དགོན་གྱི་གྲྭ་བ་འགས་མེ་མདའ་ཁུར་ཏེ་བླ་བྲང་ལ་ཡོང་བར་གསུངས་པ།)

ང་ལ་ཡོན་ཏན་ཅི་ཡང་མེད། གྲོང་ཆོག་གི་ཆོ་ག་དང་ལག་ལེན་ལ་མཁས་པ་དེ་ཁོ་ཚོས་ཡོན་ཏན་ལ་བརྩིས་པ་རེད། ངས་དེ་དུས་གྲོང་ཆོག་གི་སྐོར་འགའ་ཞིག་ཤེས་ཀྱང་དེ་ཡོན་ཏན་མ་རེད། ཡོན་ཏན་ཟེར་བ་དཔེ་ཆ་ལ་བལྟས་ནས་ཐོབ་དགོས་པས་ཁོ་ཚོས་བཤད་པའི་ཡོན་ཏན་དེ་ཡོན་ཏན་མ་རེད། (དགུང་ལོ་བཅོ་ལྔའི་སྟེང་ཕེབས་ལམ་དུ་ཟླ་ཚང་དུ་བཞུགས་ཏེ་ཁྱིམ་ཞིག་ལ་རྟ་མགྲིན་གཏོར་བཟློག་སྒྲུབ་སྐབས་དུས་དེར་གྲགས་ཆེ་བའི་ཁྱིམ་སྔགས་ཤིག་ཡོད་པའང་དེར་བཞུགས་པས་ཁོང་གི་རྗེས་སུ་གྲྭ་བ་རྒན་པ་འགའ་ཡོད་རུང་ཁོ་ཚོས་གཏོར་མ་དེ་འདྲ་ལས་མི་ཤེས་པས་ཁོང་གིས་བཟོས་ཏེ་རྔ་དང་སྦུབས་ཆའང་ཁོང་གིས་དཀྲོལ་རྡུང་གིས་ཆོ་ག་གསུངས། སྔགས་པ་དེས་འཚམས་འདྲི་དང་བཅས་ཁོང་གིས་གཏོར་མ་བཟོ་ཚུལ་དང་དཀྲོལ་རྡུང་གི་ཚུལ་ལ་ཞིབ་ཏུ་བལྟས་ནས་རལ་བ་བཤིག་སྟེ་ཕྱག་གསུམ་འཚལ་ནས་བུད་སོང་། དེས་གཞན་པ་དག་ལ་སྤྲུལ་སྐུ་ཡ་མཚན་ཞིག་འཁྲུངས་འདུག དཀྲོལ་རྡུང་དང་དབྱངས་རྟ་སོགས་དེ་འདྲའི་ཕྱག་ལེན་ཕྲ་ཞིབ་ཅིག་བྱིས་པ་ཞིག་གིས་ཐོན་མི་སྲིད། དངོས་གནས་ཡོན་ཏན་གྱི་གཏེར་དུ་གྲུབ་འདུག་ཅེས་བསྒྲགས་པ་རྗེས་སུ་ཁོང་གིས་གོ་དུས་གསུངས་པ།)

ཨ་ཙི། དེ་འདྲ་མ་ཟེར། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ་ཅེས་པ་ཡིན་པས་ལས་ཀྱི་རྣམ་པར་སྨིན་པ་རང་གིས་མྱོང་བ་ལས་སུས་ཀྱང་མི་བཟློག དེ་མིན་རུང་ཆོས་སྐྱོང་སྲུང་མ་ལྷ་ཡེ་ཤེས་པ་ཡིན་པས་ཅུང་ཙམ་རེ་ལ་ཞེ་འཁོན་འཛིན་པ་ཞིག་ག་ལ་ཡིན། འཇིག་རྟེན་ན་མ་བཟང་མོ་ཞིག་གི་གཅེས་ཕྲུག་ལ་གཞན་གྱིས་གཅར་རྡུང་བཏང་ན། མ་དེ་དེ་མ་ཐག་ཏུ་རྒྱུགས་ནས་གཞན་པ་དེའི་ཐོང་གར་ག་ལ་འཛིན་ཏེ་མི་འཛིན་པས་ན་ཆོས་སྐྱོང་སྲུང་མ་བུད་མེད་བཟང་མོ་ཞིག་ལའང་མི་དོ་བ་ག་ལ་སྲིད། (ཁོང་ལ་འཐབ་རྩོད་དྲག་པོ་བྱས་པར་འཇམ་དབྱངས་ཟེར་བའི་གྲྭ་བ་ཞིག་གིས་དམ་ཅན་ཆོས་རྒྱལ་ཞར་སོང་བ་ཡིན་ནམ་ཞེས་པའི་ལན་དུ་གསུངས།)

ཁོས་ང་ཚོར་གཅར་རྡུང་དང་ཉེས་འཛུགས་ག་འདྲ་བྱས་རུང་ང་ཚོས་ཁོས་བྱས་པ་ལྟར་བྱེད་མི་རུང་། རང་ཚུགས་འཛིན་དགོས། (ཟིང་འཁྲུག་སྐབས་གྲྭ་བ་དག་ལ་གཅར་རྡུང་སྐོར་གསུམ་དང་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱེད་དུ་འཇུག་མཁན་གཏེ་བོ་ཞིག་ཡོད་པ་དེས་མི་བྱེད་དགུ་བྱེད་བྱས་མཐར་ཁོ་རང་ཡང་བཙོན་ཁང་དུ་ཁྲིད་འོང་བར་འཇམ་དབྱངས་ཟེར་བའི་གྲྭ་བ་དེས་རྗེ་འདི་ལ་སང་ཉིན་ངས་གན་གི་ཤ་ལྤགས་དམར་བཤུས་ཤིག་བྱེད་ཅེས་བཤད་པར་ཁོང་གིས་གསུངས་པ།)

གལ་ཏེ་ང་འདིར་བསྡད་ན་སྔོན་གྱི་སྲོལ་ལྟར་གྱི་གྲོང་ཆོག་གི་རྒྱུན་བཅད་དེ་རྒན་གཞོན་ཚང་མས་དཔེ་ཆ་ལ་བལྟ་བ། དེ་མིན་དགོན་པའི་ཆོས་ཐོག་ལ་ཁ་གཡར་ནས་སྐམས་ལུག་གསོད་པ་དང་གྲྭ་བས་རྟ་འཛིན་པ་དང་ཕྱུགས་ཟོག་སྐྱོང་བ་སོགས་སྲོལ་ངན་པ་མཐའ་དག་བཅད་དེ་གཉོམ་ཆུང་ཚུལ་མཐུན་དང་བྱ་ཉུང་དོན་ཉུང་གིས་རི་ཁྲོད་ལྟ་བུས་འདུག་ན་ང་བསྡད་ཆོག དེ་མིན་ང་འཆི་ས་བླ་བྲང་ཡིན།

སྤྱིར་ན་ང་ལ་དགོན་པ་ཞིག་སྐྱོང་བའི་ནུས་པ་ག་ལ་ཡོད་ཀྱང་། སྔོན་ཨ་ལགས་རྙེ་བས། མིའི་སྐྱེ་འཆི་ཤེས་དཀའ། ང་ཤི་རྗེས་ངའི་རྗེས་སུ་དགོན་པ་སྐྱོང་མཁན་ཁྱོད་ཡོད་པ་སེམས་ལ་གཟུང་རྒྱུ་ཡིན། ཞེས་པའི་བཀའ་མ་ལྕོགས་པ་ཡིན།སྒོར་སྐར་གང་ལས་མེད་རུང་གྲོང་ཆོག་ལ་མ་འགྲོ། གྲོང་ཆོག་འདི་མཚན་ཉིད་ལ་གནོད། ཁྱད་པར་ནོར་ལོངས་སྤྱོད་ཀྱི་དབང་དུ་སོང་ན་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འགྲོ་སླ།

མི་ག་འདྲ་ཞིག་ཡིན་རུང་ཁོ་ལ་བཅའ་བ་རིམ་གྲོ་རེ་ཡོད་ན་མི་མཆོག་དམན་དང་སྒོར་མང་ཉུང་ལ་བལྟས་མི་ཆོག་པར་ལེགས་པར་བསྒྲུབ་དགོས། ཁྱད་པར་ཡོན་བདག་ལ་འབུལ་བ་སྐར་གང་ཡང་མེད་རུང་ཁོའི་བཅའ་བ་རིམ་གྲོ་ཚོགས་ལ་གཏོད་ཆོག་པ་དང་ཞལ་གསུང་གནང་དགོས།

ཁྱེད་ཚོར་སྐྱོར་སྦྱོང་ལས་ཞབས་བརྟན་གལ་ཆེ་ནའང་ང་ལ་ཆོས་གྲྭ་ལས་གཞན་པའི་ཞབས་བརྟན་ཞིག་གང་ན་ཡོད། (ཁོང་གི་སྐུ་མ་བདེ་བའི་སྐབས་ཤིག་ལ་གྲྭ་ཚང་ཡོངས་རྫོགས་ཆོས་གྲྭ་དང་སྐྱོར་སྦྱོང་ལ་མ་འཚོགས་པར་ཞབས་བརྟན་བསྒྲུབས་པ་ཁོང་གིས་མཁྱེན་ཏེ་གསུངས་པ།)

ང་ལ་སེམས་ཅན་ལ་འཚེ་བའི་ཆོས་སྐྱོང་བཙན་པོ་ཞིག་མི་དགོས།

སྔོན་ལོ་སར་སྐབས་ཤོག་བོའུ་རྒྱག་པ་སོགས་བྱེད་མོད། དེ་ནི་དགོན་པའི་ཚུལ་དང་མི་མཐུན་པས་དེང་ཕྱིན་ཆད་དེ་འདྲ་མི་ཆོག་པ་དང་གལ་ཏེ་ནུས་ན་མཚན་ཉིད་ཡར་རྒྱས་ལ་ཕན་པའི་ཆེད་དུ་ཟ་ཁང་ལས་ཏེ་གྲྭ་བ་ཚང་མས་དེ་ནས་ཟ་མ་བཟའ་བ་སོགས་སློབ་གྲྭ་ལྟར་བྱས་ན་སློབ་གཉེར་ལ་ཕན་ཆ་ཆེ་མོད་གནས་སྐབས་དཀའ།

སློབ་གཉེར་དུ་ཡོང་བའི་གྲྭ་བ་རྣམས་ནི་དགོན་པའི་རྒྱན་ཡིན་པས་ཁོང་རྣམས་ལ་བྱམས་སྐྱོང་བྱེད་དགོས། ཁྱད་པར་གྲྭ་བ་གཉོམ་ཆུང་ཆོག་ཤེས་དང་ལྟོ་སྐྱ་གོས་ཧྲུལ་གྱིས་དཔེ་ཆར་བལྟ་བ་དམིགས་ཀྱིས་གཟུང་དགོས།

ཕྱིར་ཡོང་བ་ཚོས་ཟུར་འདུག་གིས་དཔེ་ཆ་ལྟོས། དཔེ་ཆ་ལ་ཧུར་བརྩོན་བྱེད་དགོས། དེ་ལྟར་བྱས་ན་རིམ་བཞིན་བལྟ། དེ་མིན་ཡར་འཁྱམ་མར་འཁྱམ་བྱེད་པའི་ལྡོམ་པོ་ཞིག་ང་ལ་དགོས་པ་མེད།

ཁྱེད་ཚོའི་ནང་ནས་དཔེ་ཆར་ལྟ་མཁན་ཞིག་ཡིན་ན་གང་ནས་བལྟས་རུང་ང་ལ་དེས་ཆོག ང་ལ་དེ་དགོས་པ་ཡིན། རྒྱ་གར་གྱི་གྲྭ་ས་ན་ཡོད་པ་ཚོ་ཡིན་ནའང་འདྲ། དཔེ་ཆ་ཧུར་ཐག་བྱས་ཏེ་ཕར་ཕྱིན་དམ་བཅའ་བཞག་སྟེ་ཡོང་ན་དེ་རིང་ཡོང་ན་དེ་རིང་ཚོགས་སུ་ཆུད་ཅིང་དེ་མིན་འཁྱམས་པོ་དག་བདག་ལ་དགོས་སྤྱད་མེད།

ངེད་དགོན་པ་འདི་དཔེ་ཆར་བལྟ་ས་ཡིན། ཁྱེད་རྣམས་དཔེ་ཆར་གཟིགས་དགོས། དཔེ་ཆར་མི་བལྟ་ན་ཡག་པོ་བྱས་ཏེ་བུད་ལ་སོང་། གནང་བ་ཞུས་དང་སྟེར། ཕུད་ན་དགོན་པ་གཞན་གྱིས་བླངས་མི་ཆོག་པ་འདུལ་བ་ནས་གསུངས་ཡོད།

ཁྱེད་ཚོར་བཤད་རྒྱུ་ཆེན་པོ་ཞིག་མི་དགོས་དཔེ་ཆ་བ་རང་རང་གིས་ཤེས་པ་གཞན་ལ་ཤེས་སུ་བཅུག་ན་དེས་ཆོག

སྟོན་མོ་བྱས་ནས་ཅི་བྱེད། སྲོལ་ངན་པ་འདི་འཛུགས་མཁན་འདི་དང་འདི་ཡིན། ཁོ་ཚོ་གྲྭ་ཕྱུག་ཡིན་པས་ཀྱང་ཕྱུག་རྟགས་བསྟན་པ་རེད། ང་ཚོས་དེ་འདྲ་བྱེད་མི་རུང་། (ཁང་བ་གསར་བ་ལས་རྗེས་ཁང་སྟོན་བྱེད་པའི་སྲོལ་ཅུང་ཙམ་དར་བར་ཁོང་གིས་གསུངས་པ།)

ཁྱེད་ཚོས་ཁང་བ་བཟོ་སྟངས་ནི་ཁྱིམ་པའི་ཁང་བ་བཟོ་སྟངས་རེད། ཁྱམས་རིང་བ་སོགས་ཀྱིས་རྒྱང་ནས་བལྟས་ན་གྲོང་བ་ཞིག་གི་ཚུགས་ཀ་ལས་དགོན་པ་ཞིག་གི་ཚུགས་ཀ་མི་འདུག

དགེ་ཚུལ་སློང་ལ་ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ་དགོས་པ་ཡིན་རུང་། ཁྱེད་དཔོན་གཡོག་ལ་རྒྱ་དྲི་འཐུལ་བ་རེད། དགེ་ཚུལ་སློང་གིས་སྤོས་ཉུག་དང་བྱུགས་པ་གཏན་ནས་བྱས་མི་ཆོག

རབ་བྱུང་བ་ཞིག་ཡིན་ཕྱིན་སྡེ་བ་ཚོ་བའི་དོན་ལ་མ་ཞུགས། ང་ཚོ་སྡེ་བ་ཚོ་བའི་དོན་བྱེད་མཁན་མིན། སྡེ་བ་ཚོ་བའི་ལ་རྒྱ་འཛིན་པ་འདི་རབ་ཏུ་བྱུང་བའི་སྤྱོད་པ་མ་རེད། ཁྱད་པར་སྡེ་བ་ཚོ་བའི་ནང་དུ་མི་གསོད་ཤི་རྨས་བྱུང་དུས་ཐུགས་མཉམ་འཇོག་དགོས། སྡོམ་པ་ཤོར་བར་ཚིག་གཅིག་ཀྱང་ཆོག ང་ཚོ་དགེ་ཚུལ་སློང་ཡིན་པ་ལས་སྡེ་བ་ཚོ་བའི་དཔོན་པོ་མིན།

ཁྱེད་ཚོས་སྡིག་པ་ལ་འཛེམ་དགོས། སྤྱིར་ཤ་མ་ཟོས་ན་བཟང་མོད། དེ་མི་ནུས་རུང་། རང་གི་ཆེད་དུ་བསད་པའི་ཤ་ཟ་མི་རུང་། ང་ཚོས་འདུལ་བ་ལས་བཤད་པའི་རྣམ་གསུམ་དག་པའི་ཤ་མ་གཏོགས་བཞེས་མི་རུང་། ང་ཚོ་ཚང་མ་ཅུང་ཚེ་རིང་བོར་སྡོད་པ་འདི་སྔོན་ཆད་ཀྱི་སྡིག་ལས་དེ་དག་བཅད་པའི་ཕན་ཡོན་ཡིན་རྒྱུ་རེད།

གུང་ཐང་འཇམ་པའི་དབྱངས་ཀྱིས་ཁྱེད་ལ་ཁང་བ་བཟང་པོ་ཞིག་ལས་ཡོད་དམ་ཞེས་པར་ཁོང་གིས་ས་ཁང་དྲོན་པོ་ཞིག་ཡོད་ཅེས་ལན་བཏབ། ཁོང་ཐུགས་དགྱེས་ཏེ། འོ་བཟང་གི ཆོག་ཤེས་པ་ནི་ནོར་གྱི་མཆོག ནད་མེད་པ་ནི་བདེ་བའི་མཆོག ཅེས་གསུངས་པས་ཧ་ཅང་ལེགས། ཁང་བ་བཟང་པོ་དང་ཧ་ཅང་རྒྱ་བསྐྱེད་པས་ཕན་པ་མེད་གསུངས།

དམ་བཅའ་བ་དག་གིས་རྟེན་འབྲེལ་གྱི་དབང་གིས་ཕར་ཕྱིན་ཀ་ར་ཉུང་ཙམ་མ་གཏོགས་མང་ཇ་འཛིན་པ་སོགས་བྱས་མི་ཆོག་པར་བྱ། དེ་ལྟར་མ་བྱས་ན་རྒྱས་སྤྲོས་ཀྱིས་མ་འོངས་པ་ན་གྲྭ་བ་གྲྭ་རྐྱང་དག་གིས་ཕར་ཕྱིན་དམ་བཅའ་འཇོག་དཀའ་བའི་ཚོད་དུ་སླེབས་ངེས་ཡིན།

འུ་ཚོའི་དགོན་པ་འདི་དགོན་པ་གཞན་དང་མི་འདྲ། སླད་མའང་སྤྲུལ་སྐུ་སློབ་གཉེར་བྱེད་མཁན་མང་བོ་ཡོད་པས་སྲོལ་འདི་འདྲ་ཚུགས་ན་རྗེས་སུ་དཀའ། འགྱེད་དང་ཉིན་ཐེབས་ཀྱི་ཆ་རྐྱེན་ཡོད་ན་རྗེས་སུ་བཟུང་ཆོག བསམ་འཆར་མེད་ནི་བྱོས། (ཨ་ལགས་རྣམས་ཚོགས་ལ་ཞུགས་དུས་ཉིན་ཐེབས་བཟུང་ནས་འགྱེད་ཆེན་པོ་གཏོང་བའི་སྲོལ་དར་བར་ཁོང་གིས་གསུངས་པ།)

གྲྭ་ཚང་ལ་བསྙེན་བཀུར་བྱས་ན་དེ་ངའི་གྱ་སྟོན་ཡིན། ང་ལ་འཇིག་རྟེན་པའི་ཆེ་ཆེ་དྲག་དྲག་དེ་རིགས་བྱེད་མི་དགོས། (ཁོང་གིས་དགུང་ལོ་བརྒྱད་ཅུ་བཞེས་པའི་སྐབས་དེར་ཀླུ་ཚང་བླ་དཔོན་རྣམས་ཀྱིས་གྱ་སྟོན་བྱེད་རྒྱུ་ཡིན་ཚུལ་ཞུས་པར་གསུངས་པ།)

དེ་རིང་སྟོབས་ལྡན་སྦྱོར་བ་རེད། ང་ལ་མཚོན་ན་རྙེ་ཐམས་ཅད་མཁྱེན་པས་སོས་དལ་དུས་བཀའ་ནན་མོར་གནང་སྟེ་དགོན་པ་བཏབ་པ་རེད། ངས་ནུས་རུང་མི་ནུས་རུང་ད་བར་དུ་བསྐྱངས་པ་རེད། ད་ནི་ལོ་བརྒྱད་ཅུ་གྱ་གཉིས་རེད། ལྟ་བར་མིག་གིས་མི་མཐོང་། ཉན་པར་རྣ་བས་མི་གོ་བའི་ཚོད་དུ་སླེབས། དེས་ན་སྤྲུལ་སྐུ་ཚང་དང་ཨ་ལགས་འཇའ་མོ་རྣམས་ལོ་ཆུང་ཆུང་མ་རེད། ངས་ཁྱེད་གཉིས་ཀ་ཐུགས་ཐག་བཅད་པ་དང་ཁྲི་འདོན་སོགས་ཀྱི་གནས་ཚུལ་ཞུ་མི་དགོས་པར་ཚང་མའི་སེམས་ན་ཡོད། ད་སྤྲུལ་སྐུ་ཚང་དགུང་ལོ་ཉེར་གཉིས་དང་ཨ་ལགས་འཇའ་མོ་དགུང་ལོ་ཉེར་དྲུག་རེད། དེ་བས་ཨ་ལགས་རྙེ་བས་དགོན་པ་ང་ལ་གཏད་པ་བཞིན་ངས་ཀྱང་ཁྱེད་གཉིས་ཀར་གཏད་པ་ཡིན། ངས་དེ་རིང་ནས་དགོན་པར་ཁ་ཡ་མི་བྱེད་ཅེས་པ་མིན་ཏེ་ནུས་ཚོད་ཀྱིས་རོགས་བྱེད། དགོན་པ་བཟང་ན་ངན་ན་ཁྱེད་གཉིས་ཀར་ཐུག་ཡོད། ང་ཁྱེད་གཉིས་ལ་རེ་བ་ཆེན་པོ་ཡོད། ཨ་ལགས་རྙེ་དགོན་བདག་རེད། ཨ་ལགས་འཇའ་མོ་དགོན་པའི་ཁྲི་བ་བླ་མ་རེད། དེ་བས་ངས་རེ་བཞག་ས་ནས་ལོང་བརྡིབ་མི་ཉན། དགོན་པའི་བྱ་བ་ཐམས་ཅད་ལས་འཆད་ཉན་གཙོ་བོར་བྱེད་དགོས། ལྷག་པར་དགེ་འདུན་གྱི་ཐུགས་མཐུན་དགོས། ཁྱེད་གཉིས་ཀས་དགོན་པའི་བྱ་བ་ཆེ་ཕྲ་ཆུང་ཞིབ་ཐམས་ཅད་གྲོས་བྱོས། མི་ངན་པའི་ཁར་རྒྱུགས་མི་ཉན། ལྷག་པར་ཁྱེད་གཉིས་ལ་རོགས་རམ་བྱེད་མི་བཅུ་བདུན་བསྐོས་ཡོད། ཁྱོད་ཚོས་བྱ་བ་ཀུན་ལའང་གྲོས་བྱས་ཏེ་ཐག་ཆོད། འདི་ནི་ངས་ཡང་ཡང་ཞུ་བ་ཡིན། ཡང་ཡང་ཞུ་དོན་ཡང་གལ་བོ་ཆེ་ལ་ནན་ཏན་ཏུ་ཞུས་པ་ཡིན།

དཔེ་ཆ་ཨེ་ཤེས་བལྟ་བ་ནི་རང་གི་རྒྱུད་ཨེ་ཐུབ་བལྟ་བ་ཡིན་པས་རང་ལ་རྩལ་ཡོད་ན་ཉམས་ལེན་ལ་བསྐོར་ཨེ་ཐུབ་བལྟ་དགོས་པ་ཡིན།

དགེ་ཚུལ་སློང་ལ་ཁང་བ་བཟང་བས་ཅི་བྱ། ཁང་བ་བརྟན་མོ་དྲོན་པོ་ཞིག་ཡོད་ན་དེས་ཆོག ངས་བླ་བྲང་གི་ཨ་ཁུ་རྣམས་ལ་ཁྱེད་ཚོས་རྒྱ་བསྐྱེད་པ་མང་དྲགས་སོང་ཞེས་བཤད་པ་ཡིན། ཁང་བ་འདི་ཡང་རྒྱ་ཆེ་བས་ང་རང་ཁ་སྐྱེངས་པ་རེད།

ང་ཤི་ནའང་ཞེ་ཆགས་ས་འཆད་ཉན་འདི་ལས་མེད། འཆད་ཉན་འདི་མ་ཉམས་ན་ངའི་བསམ་དོན་གྲུབ་པ་ཡིན། (འདི་རྣམས་རྒན་ཤེས་རབ་བསྟན་དར་གྱིས་བརྩམས་གནང་མཛད་པའི་རྗེ་བཙུན་འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོའི་རྣམ་ཐར་ཞེས་པ་ལས་བཏུས་པ་ཡིན།)

དམ་བཅའ་འཇོག་སྐབས་རིགས་ལུང་བ་རེ་རེ་བྱས་ནས་བཞེངས་པ་ལས་མཉམ་ལངས་བྱས་མི་ཆོག འདི་ལྟར་བྱས་ན་ཕར་ཚུར་སུ་ལའང་མང་བོའི་ནང་ནས་རིག་པ་མི་འཁྲུལ་བ་དང་། སྤོབས་པ་རྒྱས་པ་ལའང་ཕན།

དགེ་བཤེས་ལག་མི་ཐོགས་པའི་སྐབས་ཤིག་ནས་བུ་རམས་པའི་དམ་བཅའ་ཚུགས་ན་རྔམ་བརྗིད་ཆེ་ཞིང་ལེགས་པོ་འོང་། (འདི་གཉིས་རྒན་བསམ་གཏན་རྒྱ་མཚོས་མཛད་པའི་ཀླུ་ཚང་དགོན་གྱི་ཆོས་འཆད་ཉན་གྱི་རིམ་པ་ཅུང་ཟད་བཤད་པ་འདོད་དགུ་འཇོ་བའི་བུམ་བཟང་ཞེས་པ་ལས་བཏུས།)

                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།