མཐའ་བྲལ་དབུ་མ་ཆེན་མོའི་གཏམ་དུ་བྱ་ཡང་དག་ལྟ་བའི་འོད་འབྱིན་ཞེས་བྱ་བཞུགས་སོ། ། 

    སྤེལ་དུས།  2016-09-23 09:25:35     རྩོམ་པ་པོ།   དགེ་བཤེས་ཤེས་རབ་རྒྱ་མཚོས།    ཀློག་ཐེངས།  

423.JPG

༄༅། ། བོད་ཁ་བ་ཅན་གྱི་ལྗོངས་འདི་ན། ། ལྟ་སྤྱོད་ལ་གྲན་ཟླ་མ་མཆིས་པའི།། མཚན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཅན།། རྗེ་བླ་མ་སྨྲ་བའི་སེ་ངྒེ་དྲན། །རྣམ་གཡེང་གིས་འདའ་བའི་དགེ་སྦྱོང་བདག ། སྔོན་དཔལ་གྱི་ཀུན་དགའ་ར་བ་ན། ། གསུང་རབ་ཀྱི་དོན་ལ་དཔྱོད་པའི་ཚེ། ། བློ་སོ་མའི་སྣང་བ་འདི་ལྟར་ཤར། །ལྟ་བ་ལ་ཐོས་བསམ་རྣལ་མའི་དོན།། སྒོམ་དཔྱད་འཇོག་གང་ལ་གང་འོས་ཀྱིས།། སྤྱོད་འཇུག་བཞིན་སེམས་དཔའི་སྲོལ་བསྐྱས་ན། ། མགོན་རྒྱལ་བའི་གདུང་འཚོབ་རྩོད་མེད་ཡིན། ། ལྟ་བ་སྐྱོན་པོས་པས་མ་རྦུངས་ན། ། སྒོམ་སྤྱོད་པ་གཉིས་ཀྱང་དེ་འདྲར་འགྱུར། །དེ་བས་ན་ཐར་པ་འདོད་པའི་རིགས། །འགག་འདི་ནས་མ་འཕྱུགས་གནད་དུ་གལ། །ཚུལ་དེ་ལ་དགོངས་ནས་སྟོན་པས་ཀྱང་། །ཞི་བའི་སྒོ་རྣམ་གསུམ་མ་འཚལ་བས། ། འགྲོ་བ་རྣམས་འཁོར་བར་འཁྱམས་པར་གསུངས། །འཁོར་རྩ་ལ་ཞིབ་ཏུ་དཔྱོད་དང་ཤེས། ། ཆ་མེད་ཀྱི་ཕྲ་རབ་བསགས་ན་ཡང་། །རང་རྐྱ་པའི་དོན་གྱིས་སྟོང་ངོ་ཞེས། ། གཞི་ཕྲ་མོར་རློམ་པ་དེ་འདྲ་ཞིག །ཁོང་ཉན་ཐོས་སྡེ་པའི་གཞུང་ལ་གྲགས། །གཞན་དབང་ལ་ཀུན་ནས་བཏགས་པའི་བདག །ཡོངས་གྲུབ་ཀྱིས་བཀག་པའི་དངོས་པོའི་གཤིས། །ལམ་ལྟ་བའི་དམིགས་གནད་མཐར་ཐུག་ཏུ། །རྣམ་རིག་པའི་མཁས་མང་མགྲིན་པ་གཅིག ། དོན་རང་གི་སྟེང་ནས་མ་གྲུབ་ན། ། བློས་ཕར་བཏགས་འཁྲུལ་བའི་སྣང་བ་སྟེ།།མོ་གཤམ་གྱི་བུ་དང་འདྲ་བ་རུ། །རང་རྒྱུད་པ་གཉིས་ཀས་མཐུན་པར་སྨྲ། །གངས་ཅན་གྱི་སྔ་རབས་ཕལ་མོ་ཆེས། །དཔྱིས་ཕྱིན་པར་དཔྱད་པའི་ང་སྙམ་དུ། ། ལེགས་ལྡན་དང་ཞི་འཚོ་ཡབ་སྲས་སོགས། །རང་མཚན་གྱིས་གྲུབ་པ་མི་འདོད་ལོ། །རང་ངོས་ནས་ཞེས་པའི་ཚིག་དོན་ལ། །གདགས་པའི་གཞི་ཡོད་ཙམ་གྱིས་ཚིམ་པ། ། ཐལ་འགྱུར་བས་གཞལ་ན་ཧ་ཅང་རྩིང་། །དངོས་སྨྲ་དང་ཤིན་ཏུ་ཉེ་བའི་གཏམ། །དེས་བློ་ལ་ལྟོས་པ་འགོག་པའི་ཚུལ། །མིག་གཅེར་ནས་ཕྲ་བར་བརྟགས་ན་འཆར། །གཞན་རྣམ་འབྱོར་སྤྱོད་པའི་བདེན་གྲུབ་ཀྱང་། །དེ་ཙམ་གྱི་འཆལ་བོར་སོང་བ་ཅི། །རྒྱུ་འབྲས་ཀྱི་རྗེས་ལྡོག་མ་འཁྲུལ་བ། །དོན་ཚད་མའི་ཡུལ་ན་གནས་ཕྱིར་རོ། ། གྲུབ་པའི་མཐའི་གནད་ལ་སྤྱོད་འཇག་ལྟར། །རྣམ་འབྱོར་པའི་བློ་ཁྱད་བརྗོད་ལས་འདས། ། ཚད་གྲུབ་ཏུ་དཔྱད་ན་བཟོད་མི་བཟོད།། བཏགས་པའི་དོན་བཙལ་ན་རྙེད་མི་རྙེད། །ཐལ་རང་གི་དགག་བྱའི་སྤུ་རིས་ལ། །སེམས་འཇག་པ་ཤིན་ཏུ་ཕྲ་བ་གལ། །ཚིག་བསེར་བུའི་བསྐྱོད་སྟངས་ཅི་ཡང་རུང་། །མིང་ཙམ་གྱི་བདེན་རྫན་དཔྱད་གཞིར་ཆུང་། །སྨྲ་བ་པོའི་བསམ་པའི་གནད་ལ་རག ། སྒྲོས་ཐོད་གཏུགས་ངལ་བ་ཚེགས་སུ་ཆེ། །མིང་ཙམ་ལ་བྱ་བྱེད་འཐད་པ་འདི། །དགག་ཚོད་དང་སྒྲུགབ་ཚོད་ལ་ཐལ་བ། །ཐལ་འགྱུར་བའི་ལུགས་བཟང་དྲི་མ་མེད། །མི་ཀུན་གྱིས་རྟོགས་ན་ཅི་མ་རུང་། །ནང་སེམས་ལ་བལྟས་པས་འཛིན་པ་མཐོང་། །ཕྱི་ཡུལ་ལ་བལྟས་པས་གཟུང་བ་མཐོང་། ། གཟུང་འཛིན་གྱི་འབྲེལ་ཐག་སུར་ཡང་དམ། །ཕྱི་རོལ་གྱི་དོན་འདི་གཞོམ་གཞིག་དཀའ། །ཚོགས་པ་དང་ཚོགས་དབྱིབས་ཁྱད་པར་ཅན། །བདག་ཡིན་པ་ཟླ་བས་ལེགས་པར་བཀག །དེ་སྲིད་ན་འགྲན་ཟླ་མེད་པའི་གཏམ། །བསོད་ནམས་ཤིག་ཡོད་ན་དད་པའི་རིགས། །ཤེར་སྙིང་གི་སྟོང་ཉིད་བཞིན་སྐོར་གལས། ། ལྷག་པ་ཞིག་རྒྱལ་བས་ཀྱང་མ་ཤོད། །སྣང་སྟོང་གཉིས་གཅིག་ལས་གཅིག་འཆར་བ། །གཞི་མ་བཅོས་གཉུག་མ་རང་གི་གཤིས། །སྣང་བཞིན་དུ་སྟོང་པ་ཆོས་ཀུན་ཏེ། །སྟོང་བཞིན་དུ་སྣང་བའང་ཆོས་ཀུན་ཡིན། ། ཐ་་སྙད་པའི་ཚད་མར་སྣང་བཞིན་དུ། །ལྟོས་མེད་རང་དབང་གིས་སྟོང་པ་ཉིད། ། ཚུགས་ཐུབ་ཀྱི་བདག་གིས་སྟོང་བཞིན་དུ། །ལྟོས་མེད་རང་དབང་གིས་སྟོང་པ་ཉིད། ། ཚུགས་ཐུབ་ཀྱི་བདག་གིས་སྟོང་བཞིན་དུ། །མི་བསླུ་བིའ་བློ་ལ་ལྷང་ངེར་སྣང་། །ཀུན་རྫོབ་ཀྱི་གྲ་ཟུར་མ་ཉམས་པ། །སེམས་ལྷན་ཅིག་སྐྱེས་པའི་ངོ་ན་ཡིན། །དོན་དམ་གྱི་སྟོང་པ་འཇིགས་སུ་རུང་།།སྟག་སེངྒེ་ལྟ་བུའི་དཔལ་བོ་ཆེ། །སྨྲར་མེད་ཅིང་བརྗོད་དུ་མ་མཆིས་པ། །ཡང་དག་པའི་འཕྲུལ་གྱིས་བརྟགས་ན་ཡིན། །དཔེ་ཐག་ཁྲའི་སྦྲུལ་དང་དོན་གྱི་སྦྲུལ། ། རིགས་ཤེས་ཀྱི་དཔྱད་ངོར་མེད་མཉམ་ཡང་། །རྟེན་འབྱུང་གི་བྱ་བྱེད་བསླུབ་མི་བསླུར། །དུག་གི་ལྕེ་རྐྱོང་དང་མི་རྐྱོང་ལྟོས། །བདེན་གྲུབ་ཀྱི་ཆ་རྡུལ་ཙམ་ཡོད་ནའང་། །སྣང་ཕྱོགས་ཀྱི་གོ་སྐབས་རྙེད་མི་འགྱུར། །དེ་ཡི་ཕྱིར་སྲིད་ཞིའི་ཀློང་ཡངས་པོར། །ཐ་སྙད་ཀྱི་རི་མོ་བཀྲ་ལགས་སོ། །ཆ་ཤས་དང་གདགས་གཞིར་བརྟེན་པ་ཡང་། །གོ་སྟོབས་ཀྱིས་སོ་སོར་འབྱེད་པ་གཅེས། ། ཐལ་རང་གོ་ལྟ་བ་གནམ་སོའ་ཁྱད་ ། རྗེ་མ་གཏོགས་ཕལ་གགྱིས་མ་འཚལ་ལོ། །ཆར་གསིལ་ན་མེད་མེདད་འདྲ་བ་འཆར། །དེའི་ངང་ནས་ཡོད་གཉིས་མེད་གཉིས་པོ། །ཉ་ཉུང་མ་མ་འདྲེས་གསལ་བ་འཆར། །དེའི་ངང་ནས་ཡོད་གཉིས་མིན་གཉིས་པོ། །བློ་གསེར་གྱི་མེ་ལོང་རྒྱན་དུ་ལོངས། །གང་རྐྱེན་ལས་སྐྱེས་དེ་མ་སྐྱེས་ཞེས། །ཀུན་མཁྱེན་གྱིས་དངོས་འགལ་ག་ལ་སྨྲ། །དེ་འདྲ་བའི་མན་ངག་བདུད་རྩིའི་དྲུང་། །རང་རྨོངས་པས་ཤི་ན་ལས་སུ་ཟད། །ཀ་བ་དང་བུམ་པ་ཟེར་བ་ཡང་། །དེ་དག་གི་ཐ་སྙད་བཏགས་མ་བཏགས། །མིང་ལས་ནི་དེ་དང་དེ་སྙམ་སྐྱེས། །རྟོག་པ་དེའི་ངོ་བོར་དེ་དག་འཇོག །བཏགས་མིང་གི་འཁྲི་བ་འདིར་མི་འོས། །དེ་བྱིས་བློའི་འཕྲུལ་གྱིས་ཐད་ཀར་ཆོད། །མེས་ཚིག་པ་མེ་ཡིས་སེལ་བ་བཞིན། །གནད་ཟབ་མོའི་ཉམས་དང་འགྲོགས་འདྲིས་མཛོད། །རིགས་པའི་འཕྲུལ་ཕྲ་རགས་སྣ་ཚོགས་པ། །རང་རང་གི་བློ་ལ་གང་འཕྲོད་ཡིན། །དོན་གཤིས་ལུགས་འདོམས་པའི་ཐབས་སུ་གཅིག །དུས་རྒྱུན་པར་དཔྱད་པ་གལ་རེ་ཆེ། །གཞི་གཅིག་ལ་མིང་བརྡའི་འཐེན་འཁྱེར་གྱིས། །ཡུལ་སོ་སོར་རྫས་འགལ་དུ་མས་ཁྱབ། །ཚུལ་དེ་ལ་ཟོལ་ཟོག་མི་བྱ་བར། །དཔྱད་འཇོག་གི་ཏིང་འཛིན་འབུམ་ཕྲག་དཀྲིགས། །སྤྱིའི་རིགས་པ་མཁས་པས་བསྔགས་པ་བཞིན། །ཆེས་ཟབ་པའི་མན་ངག་མཐར་ཐུགས་སྟེ། ། རྗེའི་ལྟ་བ་གནམ་གྱི་གོ་འཕང་ཅན། །དུས་སྐད་ཅིག་ཉིད་ལ་བདེ་བླག་འདྲེན། །ཐ་སྙད་དུ་ཡོད་ཅེས་བདེན་གྲུབ་འགོག ། དེ་སྣང་བས་ཡོད་མཐའ་སེལ་ཚུལ་ཡིན། །དོན་དམ་དུ་མེད་ཅེས་གཏན་མེད་འགོག ། དེ་སྟོང་ས་མེད་མཐའ་སེལ་ཚུལ་ཡིན། །གདགས་གཞི་དང་མིང་བརྡ་གང་ལ་ཡང་། །མ་ལྟོས་པའི་བརྟག་ཐུབ་ཡོ་རེ་བ། །དུས་ཐོག་མ་བར་དང་ཐ་མ་རུ། །འགྱུར་མེད་ཅིག་རྙེད་ན་ཡོད་མཐའ་ཡིན། །ཐ་སྙད་པའི་བོ་སྣང་མ་བཅོས་པ། །ཡུལ་ཆོས་ཅན་རང་གི་བྱ་བྱེད་ལ། ། སྒོ་ཀུན་ནས་བསླུ་བ་མེད་བཞིན་པར། །དཔྱད་བཟོད་དུ་ཞིག་མ་མེད་མཐའ་ཡིན། །རྟེན་འབྱུང་དང་རྟགས་གཉེན་བསྡེབས་ཤིང་། །སྟོང་པ་དང་ཆད་པའི་ལག་སྦྲེལ་བ། །དཔལ་ཞི་བའི་གྲོང་ཁྱེར་ཆེན་པོ་རིང་། །མིག་གཡས་གཡོན་གཉིས་ཀ་ལེགས་པར་སྒྲིམས། །ཡོད་མཐའ་དང་རྟག་མཐའ་གནད་གཅིག་ལ། །མེད་མཐའ་དང་ཆད་མཐའ་གནད་གཅིས་པས། །རྣམ་བཅད་དང་ཡོངས་གཅོད་གོ་བའི་རླབས། །རང་རང་གི་བློ་ངོར་འཕེན་པ་ཡིན། །སྟོང་པ་དང་ན་འབྱུང་དོན་གཅིག་ཏུ། ། མཐུ་དམན་པའི་ས་ནས་མོ་འགྲོ་བར། །གཞུང་མང་པོ་སྨྲ་པའི་འགངས་འདི་ཡིན། ། ཡུལ་སྟེང་ནས་མ་ལགས་བློ་ཡིས་སོ། །གཞིའི་ཕུང་པོ་སོ་སོར་བསམ་བ་ན། །ང་བརྟན་གཡོའི་མའང་བདག་འདི་འོ་ཞེས། མཛུམ་བཙུགས་ཀྱིས་མཚོན་དུ་མ་མཆིས་པ། ། བདག་བེན་པ་སྟོང་པའི་དོན་བསྡུ་ཡིན། །བསོད་ནམས་ཀྱི་སོར་མོ་མ་བདེན། ། ལྟ་བའི་གྲི་ལག་ཏུ་ལེན་ཐབས་མེད། ། ་དོན་དེ་སླད་སྡོམ་གསུམ་སྲུང་མཚམས་ལ། །ལྷ་དཔང་པོར་བཞག་ནས་འབད་འབུངས་སྐྱེད། །རང་ཅག་གི་གཏན་གྱི་སྐྱབས་གཅིག་པུ། །རྗེ་འཇམ་མགོན་བློ་བཟང་གྲགས་པའི་དཔལ། །འཁོར་དག་པ་རྣམ་པ་བརྒྱད་དང་བཅས། ། སུམ་སྒྲིལ་གྱི་ཐུགས་དམ་ཇི་ལྟར་མཛད་། ། བདག་རབ་ཏུ་བྱུང་ནས་ད་ལྟའི་བར་ ། མཚན་ལྡན་གྱི་དམ་པ་མང་པོའི་ཞབས། ། སྤྱི་གཙུག་གི་གཟིར་བའི་གླུ། །ལུང་མང་ཐོས་ཤེས་རབ་རྒྱུ་མཚོ་ཡིས། །རྗེ་བ་མ་མཉེས་པའི་མཆོད་པར་སྤྲོས། །འདིའི་དགེ་བས་འཕགས་མཆོག་འཇམ་དཔལ་དབྱངས། །གསུང་འོད་ཟེར་ལྔ་པའི་གཟི་བརྗིད་ཅན། །ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །འདི་འཛིན་པའི་ཡིད་ལ་འཇག་པར་ཤོག ། ཅེས་མཐའ་བྲལ་དབུ་མ་ཆེན་པོའི་གཤིས་ལུགས་ཅུང་ཟད་གཏམ་དུ་བགྱིས་པ་ཡང་དག་ལྟ་བའི་འོད་འབྱིན་ཞེས་བྱ་བ་འདི་ནི། རིང་ནས་ཆོས་ཀྱིས་འབྲེལ་བའི་སློབ་བུ། ཆོས་སྡེ་ཆེན་པོ་སྐུ་བའུབ་བྱམས་པ་གླིང་གི་རིགས་པ་སྨྲ་བ། ཐ་སྙད་གཙུག་ལག་གི་གཞུང་ལའང་མིས་བརྩོན་མི་དམན་པའི་སྐལ་བཟང་པོ་ཅན་འཇམ་དབྱངས་འོད་ཟེར་གྱིས་ཡང་ཡང་ཕུར་ཚུགས་སུ་བསྐུལ་བའི་ངོར། །དབུ་མ་ཐལ་རང་གི་ལྟ་བ་ཕར་ཞོག དངོས་པོར་སྨྲ་བའི་པཎྚི་ཏ་རྣམས་ཀྱི་འཆས་རྩོད་རྩོམ་པའི་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ལའང་བསྒྲུན་དུ་བཟོད་པའི་གནས་མ་མཆིས་མོད། མང་དུ་མཐོང་ཞིང་པོས་པའི་ཚུལ་ལས་སློབ་མའི་རེ་སྐོང་འདོར་མ་སྤོབས་བར་གདེངས་ལྡན་གྱི་ཐོལ་གླུ་ཉམས་མཚར་ལྟ་བུར་ཤཱཀྱའི་དགེ་སྦྱོང་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་ཆིན་ཧེ་སིན་ཀྲིན་ཧྥུའི་གར་འདུག་ཆོས་སྲིད་རིན་ཆེན་སྤུངས་པའི་ཕོ་བྲང་ནས་རྦུར་བ་དུས་འདིར་སླར་ཡང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་བརྒྱར་རྒྱས་པའི་རྟེན་འབྱུང་གི་ཆོས་སུ་གྱུར་ཅིག་གུ །།

 

                                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།