ཐེག་ཆེན་གསོ་སྦྱོང་གི་སྡོམ་པའི་ཕན་ཡོན་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-24 07:20:48     རྩོམ་པ་པོ།   ལམ་རིམ་པ་ངག་དབང་ཕུན་ཚོགས།    ཀློག་ཐེངས།  

ན་མོ་གུ་རུ། འདིར་ཐེག་ཆེན་གསོ་སྦྱོང་གི་ཕན་ཡོན་མདོ་ཙམ་འཆད་པ་ལ། སྤྱིའི་ཕན་ཡོན། སོ་སོའི་ཕན་ཡོན། དེ་དག་ལ་དོགས་པ་དཔྱད་པའོ། །དང་པོ་ལ་གསུམ་ལས། དང་པོར་དུས་ཀྱི་སྒོ་ནས་ཕན་ཡོན་ཆེ་བ་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གིས་བསྐལ་པ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཕྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་ན། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་བསྟན་པ་མ་ཉམས་པའི་དུས་སུ་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་ལ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མའི་གྲངས་སྙེད་དུ་ཟས་སྐོམ་སོགས་དངོས་པོ་ཐམས་ཅད་ཀྱིས་ཚུལ་བཞིན་མཆོད་པ་ལས།བསྟན་པ་ཆེས་ཆེར་ཉམས་པའི་དུས་ངན་འདི་ལྟ་བུར་ཐ་ན་བསླབ་པ་སྣ་གཅིག་ཉིན་ཞག་གཅིག་ཙམ་དུ་བསྲུངས་ན་ཕན་ཡོན་ཆེས་ཆེ་བར་གསུངས་པས་གསོ་སྦྱོང་གི་སྡོམ་པ་ལན་གཅིག་ཙམ་བསྲུང་ནའང་བསོད་ནམས་ནམ་མཁའ་དང་མཉམ་པ་ཞིག་ཤུགས་ཀྱིས་འབྱུང་ལ་ཇི་ཙམ་དུ་བསོད་ནམས་འབྱུང་བ་དེ་ཙམ་དུ་བདེ་བ་ཕུན་སུམ་ཚོགས་པ་རིམ་གྱིས་འབྱུང་བར་འགྱུར་བས།བསམ་ཤེས་ན། ཡིད་བཞིན་གྱི་ནོར་བུ་བྱེ་བ་ཕྲག་ཁྲིག་རྙེད་པ་ལས་ཀྱང་དུས་ངན་འདི་ལྟ་བུར་གསོ་སྦྱོང་གི་སྡོམ་པ་ཉིན་གཅིག་ཙམ་བླང་རྒྱུ་བྱུང་ན་ཆེས་སྐལ་བ་བཟང་ཞིང་དོན་ཆེ་བ་ལགས་སོ། །

གཉིས་པ་ཡུལ་གྱི་སྒོ་ནས་ཕན་ཡོན་ཆེ་བ་ནི། དག་པའི་ཞིང་ཁམས་རྣམས་སུ་དགེ་བ་རྣམ་དག་བསྐལ་པའི་བར་དུ་བསྒྲུབས་པ་ལས་མ་དག་པའི་ཞིང་ཁམས་འདི་ལྟ་བུར་དགེ་བ་སྣ་གཅིག་སེ་གོལ་གཏོག་པའི་ཡུན་ཙམ་དུ་བསྒྲུབས་ན་བསོད་ནམས་ཆེས་ཆེ་བར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ལན་གཅིག་མིན་པར་གསུངས་ཏེ། དེ་ལྟར་ན་མ་དག་པའི་ནང་ནས་ཀྱང་ཆེས་མ་དག་པའི་ཡུལ་ཕྱོགས་འདི་ལྟ་བུར་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་བླངས་ནས་ཐ་ན་སེ་གོལ་གཏོག་པའི་ཡུན་ཙམ་དུ་བསྲུང་ནའང་བསོད་ནམས་མཐའ་ཀླས་ཏེ། གཟུགས་སུ་གྲུབ་ན་སྟོང་ཆེན་གྱི་འཇིག་རྟེན་ཁམས་སུ་ཡང་ཤོང་དཀའོ། །

གསུམ་པ་ངོ་བོའི་སྒོ་ནས་ཕན་ཡོན་ཆེ་བ་ལ་རྣམ་པ་དགུ་སྟེ། དང་པོར་མི་མིན་གྱི་གནོད་པས་མི་ཚུགས་པའི་ཕན་ཡོན་ནི། སྔོན་རྒན་མོ་ཞིག་གིས་ཉིན་གཅིག་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་བླངས་ནས། དེའི་མཚན་མོ་ནམ་ཕྱེད་ཙམ་ན་རྒྱལ་པོ་གསལ་རྒྱལ་གྱི་བང་ཆེན་དུ་མི་ནག་ཅན་ཞིག་ལ་ལྟོ་བསྐྱལ་བར་ཕྱིན་པས་ལམ་དུ་མི་མ་ཡིན་ཁག་གསུམ་དང་ཕྲད་ཀྱང་གླགས་མི་རྙེད་པའི་ལོ་རྒྱུས་འདུལ་བ་ལུང་ནས་གསུངས་པ་ལྟར་ཁས་བླངས་པའི་སྡོམ་པ་བསྲུང་བའི་རིང་ལ་མི་མ་ཡིན་གང་གིས་ཀྱང་གླགས་མི་རྙེད་པ་རྟེན་འབྲེལ་གྱི་ཆོས་ཉིད་དེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང༌། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཞེས་མི་མིན་གྱི་ནང་ནས་གདུག་རྩུབ་ཆེ་ཤོས་ཀླུ་བདུད་ནག་པོས་ཀྱང་སྡོམ་ལྡན་ལ་གནོད་མི་ནུས་ན་གཞན་གྱིས་ལྟ་ཅི་སྨོས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཕྱིའི་གནོད་པ་བསྲུང་བའི་ཐབས་སུ་ནང་གི་སྡོམ་པ་སྲུང་བ་ཉིད་མན་ངག་གི་མཆོག་གོ །

གཉིས་པ་ལྷ་རྣམས་ཀྱིས་སྲུང་སྐྱོབ་མཛད་པའི་ཕན་ཡོན་ནི། རང་གིས་ཁས་བླང་པའི་སྡོམ་པ་ཚུལ་བཞིན་དུ་བསྲུངས་ན་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་ཉིན་མཚན་ཡེལ་མེད་དུ་སྲུང་སྐྱོབ་མཛད་པར་མདོ་མང་པོ་ནས་གསུངས་པས། གསོ་སྦྱོང་གི་སྡོམ་པ་ཐོབ་ལ་མ་ཉམས་པ་དེ་སྲིད་དུ་ལྷ་རྣམས་ཀྱིས་སྲུང་སྐྱོབ་མཛད་པ་ཐེ་མི་ཚོམ་མོ། །

གསུམ་པ་དགེ་བ་གང་བྱས་སྟོབས་ཆེ་བའི་ཕན་ཡོན་ནི། སྤྱིར་སྡོམ་པ་དང་མི་ལྡན་པས་མར་ཁུ་རྒྱ་མཚོ་ཙམ་ལ་སྙིང་པོ་རི་རབ་ཙམ་བཙུགས་ཏེ་དཀོན་མཆོག་གསུམ་ལ་ཕུལ་བ་བས་སྡོམ་ལྡན་གྱིས་མར་ཁུ་ཐིགས་པ་གཅིག་ལ་སྙིང་པོ་ཁབ་རྩེ་ཙམ་བཙུགས་ཏེ་ཕུལ་ན་བསོད་ནམས་ཆེས་ཆེ་བར་གསུངས་པས། གསོ་སྦྱོང་མ་ལེན་པར་དགེ་རྩ་མང་པོ་བསྐལ་པར་བསྒྲུབས་པ་ལས་བླངས་ནས་དགེ་རྩ་སྣེ་གཅིག་ཡུད་ཙམ་དུ་བསྒྲུབས་ན་བསོད་ནམས་ཆེས་ཆེ་བར་མངོན་ནོ། །

བཞི་པ་སྨོན་ལམ་བཏབ་ཚད་འགྲུབ་པའི་ཕན་ཡོན་ནི། སྤྱིར་ཚུལ་ཁྲིམས་དག་པས་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་གདོན་མི་ཟ་བར་འགྲུབ་པར་གསུངས་པས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་བླངས་ནས་མ་ཉམས་པའི་རིང་ལ་སྨོན་ལམ་བཏབ་ཚད་འགྲུབ་ངེས་པ་ཡིན་ནོ། །

ལྔ་པ་ལྷ་མིའི་རྟེན་བཟང་ཐོབ་པའི་ཕན་ཡོན་ནི། བསྙེན་གནས་ཡན་ལག་བརྒྱད་པ་ལན་གཅིག་ཙམ་བསྲུངས་པས་ཀྱང་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་ཐོབ་པར་གསུངས་ཤིང༌། དེ་དང་མཐུན་པའི་ལོ་རྒྱུས་ཀྱང་མཐའ་ཡས་པ་ཞིག་ཡོད་དེ་བྲིར་མི་ལང་ངོ༌། །

དྲུག་པ་བྱམས་པའི་བསྟན་པ་དང་མཇལ་བའི་ཕན་ཡོན་ནི། ཇི་སྐད་དུ། ཤཱཀྱ་ཐུབ་པའི་བསྟན་པ་ལ། །གང་གིས་དད་པས་ཆོས་མཉན་ཅིང༌། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་པ། །ང་ཡི་འཁོར་དུ་སྐྱེ་བར་འགྱུར། །ཞེས་གསོ་སྦྱོང་གི་སྡོམ་པ་བསྲུངས་ན་བྱམས་པའི་འཁོར་དུ་སྐྱེ་བར་བྱམས་པ་རང་ཉིད་ཀྱིས་ཞལ་གྱིས་བཞེས་པས། མ་འོངས་པའི་དུས་སུ་རྗེ་བཙུན་བྱམས་པའི་བསྟན་པ་དང་མཇལ་ནས་འཁོར་བ་མཐའ་ཅན་དུ་བྱ་བར་འདོད་ནའང་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས་ནས་བསྲུང་བ་ལ་འབད་རིགས་སོ། །གལ་ཏེ་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་གཉིས་མི་གཅིག་པས། བསྙེན་གནས་ཀྱི་ཕན་ཡོན་གསོ་སྦྱོང་ལ་སྦྱོར་བ་མི་རིགས་སོ་སྙམ་ན། མ་ཡིན་ཏེ། བསྲུང་བྱའི་ཡན་ལག་གི་མང་ཉུང་དང་ངོ་བོ་འདྲ་བས། བསྙེན་གནས་ཀྱི་ཕན་ཡོན་གང་ཡིན་གསོ་སྦྱོང་ལ་འབྱུང་བར་མ་ཟད། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ལ་དམིགས་མ་དམིགས་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པས་བསྙེན་གནས་ལས་ཀྱང་འདི་ཉིད་ཕན་ཡོན་ཆེས་ཤིན་ཏུ་ཆེ་བར་གསུངས་ཏེ། རིགས་པས་ཀྱང་འཐད་པའོ། །

བདུན་པ་ལྷ་མི་ཀུན་གྱིས་མཆོད་འོས་སུ་འགྱུར་བའི་ཕན་ཡོན་ནི། ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་བསྲུང་བའི་མི་དེ་བརྒྱ་བྱིན་ང་དང་འདྲ་ཞེས་གསོལ་བ་ལ། སྟོན་པས་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ནི་ང་དང་འདྲ་ཞེས་གསུངས་པས། དེ་ལྟར་ན་སྡོམ་པ་མ་བླངས་པའི་སྔོན་རོལ་དུ་ཐ་ཤལ་ཁྱི་དང་འདྲ་བ་ཞིག་ཡིན་ཡང་སྡོམ་པ་བླངས་པ་ནས་ཉེ་བར་བཟུང་སྟེ་ཇི་སྲིད་མ་ཉམས་པ་དེ་སྲིད་དུ་སྟོན་པ་སངས་རྒྱས་དང་འདྲ་བར་ལྷ་མི་ཀུན་གྱིས་མཆོད་ཅིང་བཀུར་འོས་སུ་འགྱུར་བས། སྡོམ་པ་ཡོད་མེད་ཀྱི་བར་ན་མཆོག་དམན་གྱི་ཁྱད་པར་དེ་ལྟ་བུ་ཡོད་དེ་ཤེས་དགོས་སོ། །

བརྒྱད་པ་བྱ་སླ་བའི་ཡོན་ཏན་ནི། བཟླས་བརྗོད་དང་ནི་དཀའ་ཐུབ་དག །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །ཞེས་སོགས་གསུངས་པ་ལྟར། བཟླས་བརྗོད་དང་དཀའ་ཐུབ་སོགས་དགེ་སྦྱོར་གཞན་དག་ལ་ཐོག་མཐའ་བར་གསུམ་དུ་སེམས་མ་གཡེང་བ་གཙོ་བོར་དགོས་ཀྱི། གཞན་དུ་བཤད་ཚོད་དང་མཐུན་པའི་ཕན་ཡོན་མི་འབྱུང་བས་ངལ་བ་དོན་མེད་དུ་འགྲོ་ལ། འདིར་ནི་

དེ་དང་མི་འདྲ་བར་དང་པོར་ལེན་དུས་སུ་རིག་པ་གཏད་ཐུབ་པ་ཞིག་བྱུང་ཕྱིན་དེ་ནས་གཡེངས་ཀྱང་ཕན་ཡོན་ལ་གེགས་སུ་མི་འགྱུར་བས། དགེ་སྦྱོར་གཞན་ལས་འདི་ཉིད་བྱ་སླ་ཞིང༌། བསྲུང་བྱ་ཉུང་བ་དང་བསྲུང་ཡུན་ཐུང་བས་འགོ་འདོན་པར་ཡང་སླ་བ་སོགས་མདོར་ན་བདག་དང་བདག་ལྟ་བུའི་ཉམས་ལེན་ལ་འདི་ལས་བྱ་སླ་བ་དང་དོན་ཆེ་བ་གང་ཡང་མ་མཆིས་སོ། །

དགུ་པ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཕན་ཡོན་ནི། ཇི་སྐད་དུ། ལྷའི་དབང་པོས་ཞུས་པའི་མདོ་ལས། །ཚེས་བརྒྱད་དག་དང་བཅོ་ལྔ་དང༌། །ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་པས། །དེ་ནི་སངས་རྒྱས་ཉིད་དུ་འགྱུར། །ཞེས་དང༌། གཞན་ཡང་དེ་འདྲ་བ་མཐའ་ཡས་ཏེ་བྲིར་མི་ལང་ངོ༌། །

གཉིས་པ་སོ་སོའི་ཕན་ཡོན་ལ་གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་སྤང་བྱ་བརྒྱད་སྤོང་བའི་ཕན་ཡོན་བརྒྱད་དེ། སྲོག་གཅོད་སྤངས་པས་ཚེ་རབས་སུ་ཚེ་རིང་ཞིང་ནད་མི་འབྱུང༌། མ་བྱིན་ལེན་སྤངས་པས་ཚེ་རབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་ཅིང༌། དེར་ཡང་གཞན་གྱིས་གནོད་པ་མེད་པར་རང་དབང་དུ་ལོངས་སྤྱོད་པར་འགྱུར་རོ། །མི་ཚངས་སྤྱོད་སྤངས་པས་ཚེ་རབས་ཐམས་ཅད་དུ་གཟུགས་བཟང་ཞིང༌། ཁ་དོག་མཛེས་པར་འགྱུར་རོ། །རྫུན་སྤངས་པས་ཚེ་རབས་ཐམས་ཅད་དུ་གཞན་གྱིས་མི་བསླུ་ཞིང་རང་གི་ཚིག་བཙུན་པར་འགྱུར་རོ། །ཆང་སྤངས་པས་ཚེ་རབས་ཐམས་ཅད་དུ་དྲན་ཤེས་བརྟན་ཅིང་དབང་པོ་གསལ་བ་དང་ཤེས་རབ་ཕུན་ཚོགས་པར་འགྱུར་རོ། །ཁྲི་སྟན་ཆེ་མཐོ་སྤངས་པས་ཚེ་རབས་ཐམས་ཅད་དུ་གཞན་གྱིས་བསྟོད་ཅིང་བཀུར་བ་དང༌། མལ་སྟན་བཟང་ཞིང་བཞོན་པ་མང་བར་འགྱུར་རོ། །དུས་མ་ཡིན་པའི་ཟས་སྤངས་པས་ཚེ་རབས་ཐམས་ཅད་བཟའ་བཏུང་ཕུན་སུམ་ཚོགས་པ་ཐོབ་ཅིང༌། ལོ་ལེགས་པར་འགྱུར་རོ། །དྲི་དང་ཕྲེང་བ་སོགས་སྤངས་པས་ཚེ་རབས་ཐམས་ཅད་དུ་ལུས་ལ་དྲི་ཞིམ་པོ་འབྱུང་བ་དང༌། མདོག་ལེགས་ཤིང་དབྱིབས་མཛེས་པར་འགྱུརརོ། །གར་དང་གླུ་ལ་སོགས་པ་སྤངས་པས་ཚེ་རབས་ཐམས་ཅད་དུ་ལུས་དང་སེམས་དུལ་བ་དང༌། ངག་དགེ་བ་སྟེ་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་དུ་སྒྲོག་པར་འགྱུར་རོ། །

གཉིས་པ་མཐར་ཐུག་གི་ཕན་ཡོན་ལའང་བརྒྱད་ལས། སྲོག་གཅོད་སྤངས་པའི་འབྲས་བུར་རྡོ་རྗེ་ལྟ་བུའི་སྐུ་འགྲུབ། མ་བྱིན་ལེན་སྤངས་པའི་འབྲས་བུར་ཕྱག་ཞབས་ཀྱི་མཐིལ་ན་འཁོར་ལོས་མཚན་པ་འགྲུབ། མི་ཚངས་སྤྱོད་སྤངས་པའི་འབྲས་བུར་དབང་པོ་ཡོངས་སུ་ཚང་ཞིང་ལུས་རྒྱས་པར་འགྲུབ། རྫུན་ཚིག་སྤངས་པའི་འབྲས་བུར་ཞལ་གྱི་དཀྱིལ་འཁོར་ཁེབས་པའི་ལྗགས་དང་ཚངས་པའི་དབྱངས་ལྟར་སྙན་པའི་གསུང་འགྲུབ། ཆང་སྤངས་པའི་འབྲས་བུར་ལྟ་བས་ཆོག་མི་ཤེས་པའི་སྐུ་དང་དབང་པོ་ཡོངས་སུ་གསལ་བ་འགྲུབ། དུས་མ་ཡིན་པའི་ཁ་ཟས་སྤངས་པའི་འབྲས་བུར་ཚེམས་བཞི་བཅུ་ཚང་ཞིང་ཐགས་བཟང་བ་འགྲུབ། དྲི་དང་ཕྲེང་བ་སོགས་སྤངས་པའི་འབྲས་བུར་སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་ངད་ཕུན་སུམ་ཚོགས་པས་ཡོངས་སུ་ཁྱབ་པ་འགྲུབ། གར་དང་གླུ་སོགས་སྤངས་པའི་འབྲས་བུར་སྐུ་ལ་མཚན་བཟང་པོ་ཐམས་ཅད་ཀྱིས་བརྒྱན་པར་གྱུར་པ་འགྲུབ། ཁྲི་སྟན་ཆེ་མཐོ་སྤངས་པའི་འབྲས་བུར་ཆོས་ཀྱི་སྟན་གསུམ་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་བ་སྟེ། འདི་དག་ནི་ཀུན་དུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་ལས་འབྱུང་བ་ལྟར་བྲིས་པའོ། །

གསུམ་པ་དོགས་པ་དཔྱད་པ་ལ་བཞི། ཉིན་ཞག་མ་ཚང་བར་ལེན་དུ་རུང་མི་རུང་དཔྱད། ཉིན་ཞག་ཕན་ཆད་དུ་སྐྱེ་མི་སྐྱེ་དཔྱད། ཉིན་ཞག་མང་པོ་དུས་གཅིག་ལ་ལེན་དུ་རུང་མི་རུང་དཔྱད། གཅིག་ཉམས་པས་གཞན་བསྲུང་བར་འོས་མི་འོས་དཔྱད་པའོ། །དང་པོ་ནི། མཛོད་རང་འགྲེལ་ལས། དེ་ལྟར་བྱས་ན་བཤན་པ་དང་བྱི་བོ་བྱེད་པ་དག་གིས་མཚན་མོ་དང་ཉིན་མོ་བསྙེན་གནས་བླངས་པ་དག་ཀྱང་འབྲས་བུ་ཡོད་པར་རུང་ངོ༌། །ཞེས་ཉིན་ཞག་ཕྱེད་ཙམ་དུ་བསྙེན་གནས་བླངས་ནས་བསྲུང་ནའང་དགག་བྱ་མེད་ཅིང་དགོས་པ་ཆེ་བར་གསུངས་པས།

རབ་ལ་ཉིན་ཞག་ཧྲིལ་པོར་བསྲུང་གང་ཐུབ་བྱེད་ཅིང༌། ཅི་སྟེ་དེ་ལྟར་མི་ནུས་ན་ཉིན་ཞག་ཕྱེད་ཙམ་དང་ཐ་ན་ཆུ་ཚོད་ཕྱེད་ཙམ་དུའང་ལེན་དུ་རུང་ལ། ཇི་ལྟར་བླངས་པའི་ཚུལ་ཡང༌། གནས་བརྟན་བྱང་ཆུབ་བཟང་པོས། ཉིན་མོ་ཙམ་དུ་ཡང་དག་པར་ལེན་ན་དུས་འདི་ནས་བཟུང་སྟེ་ཇི་སྲིད་ཉི་མ་མ་ནུབ་ཀྱི་བར་དུ་ཞེས་དུས་ཚོད་ཡོངས་སུ་བཅད་པར་བྱའོ། །ཞེས་གང་གསུངས་པ་ལྟར་ཏེ། མཚན་མོ་ཙམ་དུ་ཇི་ལྟར་ལེན་པ་སོགས་ཀྱང་འདི་ལ་བརྟེན་ནས་ཤེས་པར་བྱའོ། །

གཉིས་པ་ནི། ཐེག་དམན་ལྟར་ན་བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་གཅིག་པའི་མཐའ་ཅན་ཡིན་པས། ཉིན་ཞག་ཕན་ཆད་དུ་བླངས་ཀྱང་མི་སྐྱེ་ཞིང༌། ཉིན་ཞག་མ་ཚང་ནའང་མི་སྐྱེ་ལ། འོན་ཏེ་ཐེག་ཆེན་ལྟར་ན་དེ་དང་མི་འདྲ་བར་རྫོགས་བྱང་གི་བར་དུ་བླངས་ཀྱང་སྐྱེ་བར་བཞེད་པ་སྟེ། རྒྱལ་ཚབ་རྗེས་མཛད་པའི་ཀུན་བཏུས་རྣམ་བཤད་ལས། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་རེ་མ་གཏོགས་མི་སྐྱེ་བར་འདོད་པ་ནི་ཉན་ཐོས་སྡེ་པ་ཁ་ཅིག་གི་ལུགས་ཡིན་པས་ཕྱིན་ཅི་ལོག་ཏུ་ཤེས་པར་བྱའོ། །ཞེས་དང༌། དགྱེས་རྡོར་ལས་ཀྱང༌། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །ཞེས་གསུངས་ཤིང༌། དེའི་དོན་འཆད་པ་ན། མཻ་ཏྲི་བས། དང་པོ་གསོ་སྦྱོང་སྦྱིན་པ་ནི་བཙུན་པའམ་སློབ་དཔོན་དགོངས་སུ་གསོལ། བདག་དགེ་བསྙེན་མིང་འདི་ཞེས་བགྱི་བས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞེས་སོགས་གསུངས་པ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀྱང༌། བྱང་ཆུབ་བར་དུ་བླངས་པའི་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་ཆོ་ག་ཡང་མདོ་རྒྱུད་དུ་མ་ནས་བཤད་ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྙེན་གནས་ཀྱི་སྡོམ་པ་རྫོགས་བྱང་བར་དུ་བླངས་པས་སྐྱེ་ན་གསོ་སྦྱོང་གི་སྡོམ་པ་ནི་དེ་བས་ཀྱང་སྐྱེ་སྟེ། སེམས་བསྐྱེད་དང་འབྲེལ་དགོས་པའི་གནད་ལ་བསམས་ནའང་ཤེས་ནུས་སོ། །

གསུམ་པ་ནི། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་རེ་མ་གཏོགས་མི་སྐྱེ་བར་འདོད་པའི་ཐེག་དམན་གྱི་ལུགས་ལ་ཡང་ཉིན་ཞག་མང་པོ་དུས་གཅིག་ལ་ལེན་དུ་རུང་བ་སྟེ།ཐུབ་བསྟན་བྱི་དོར་ལས། དེས་ན་བསྙེན་གནས་ཉིན་ཞག་གི་མཐའ་ཅན་དུ་ངེས་ཀྱང་ཆོ་འཕྲུལ་ཆེན་པོ་ལྟ་བུ་ལ་ཟླ་ཕྱེད་བར་མ་ཆད་དུ་བསྲུངས་པ་དུས་གཅིག་ལ་བླང་དུ་རུང་བ་ཡིན་ལ། དེ་ཡང་ཉིན་ཞག་གཅིག་པའི་སྡོམ་པ་ལན་བཅོ་ལྔའི་བར་དུ་བཟླས་ཏེ་བླངས་པ་ཡིན་པས་ཉིན་ཞག་གི་སྡོམ་པར་མི་འགྱུར་བའི་སྐྱོན་མེད་དོ། །ཞེས་དང༌། མཛོད་འགྲེལ་ལས་ཀྱང༌། ཟླ་བ་ཕྱེད་ལ་སོགས་པ་ནི་ཉིན་ཞག་བཟླས་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཇི་ལྟར་ལེན་པའི་ཚུལ་ཡང༌།ཚེས་གཅིག་ནས་ཇི་སྲིད་བཅོ་ལྔའི་བར་དུ་ཞེས་ཆོ་ག་ཁ་བསྒྱུར་ནས་ ལོ་གཅིག་གི་ཉ་སྟོང་བརྒྱད་གསུམ་གང་ཡིན་ལ་ལེན་པར་འདོད་ནའང་དུས་འདི་ནས་བཟུང་སྟེ་ཇི་སྲིད་ལོ་གཅིག་གི་ཉ་སྟོང་བརྒྱད་གསུམ་བྱུང་ངོ་ཅོག་ལ་ཞེས་པ་ལྟ་བུས་ཁ་བསྒྱུར་ནས་ལེན་དགོས་པར་བཞེད་ལ།དེས་གཞན་ཡང་ཤེས་དགོས་པར་ཡོད་དོ། །དེ་ལྟར་བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་མང་པོ་དུས་གཅིག་ལ་ལེན་དུ་རུང་ན་གསོ་སྦྱོང་གི་སྡོམ་པ་ནི་དེ་བས་ཀྱང་སྨོས་མི་འཚལ་བས། ཇི་སྲིད་བསྲུང་བར་འདོད་པ་དེ་སྲིད་དུ་ལེན་དུ་རུང་ལ། འོན་ཏེ་ཉིན་རེ་ཞིང་གསར་དུ་ལེན་ཐུབ་ན་ནི་དྲན་ཤེས་བརྟན་པ་སོགས་ཀྱི་དགོས་པ་མང་བས་ཆེས་ཕུན་སུམ་ཚོགས་པར་འགྱུར་རོ། །

བཞི་པ་ནི། བསླབ་གཞིའི་གཙོ་བོ་གཅིག་ཉམས་ཕྱིན་དེ་ནས་གཞན་བསྲུང་བ་ལ་དགོས་པ་ཡོད་དམ་མེད་ཇི་ལྟར་སྙམ་ན། ཡོད་དེ། སྔོན་ཀུན་དུ་རྒྱུ་གཉིས་ལས་གཅིག་གིས་ཡན་ལག་བརྒྱད་ཀ་བསྲུངས་པས་མི་ཡུལ་གྱི་རྒྱལ་པོར་སྐྱེས། གཅིག་གིས་ཆུང་མའི་ངོ་མ་གཅོག་པར་ཕྱི་དྲོའི་ཁ་ཟས་ཟ་དགོས་བྱུང་བས། མི་ཡུལ་དུ་སྐྱེས་མ་ཐུབ་ཀྱང་ཡན་ལག་ལྷག་མ་བསྲུངས་པས་ཀླུའི་རྒྱལ་པོར་སྐྱེས་ཏེ་མཐར་གྱིས་གཉིས་ཀས་དགྲ་བཅོམ་ཐོབ་པའི་ལོ་རྒྱུས་ལྟར། གང་བསྲུངས་པའི་ཕན་ཡོན་དང་གང་མ་བསྲུང་བའི་ཉེས་དམིགས་གཉིས་པོ་སོ་སོར་མ་འཆོལ་བར་འབྱུང་བས། གཅིག་ཤོར་ཡང་གཞན་རྣམས་བསྲུང་འོས་པ་སྟེ། གཅིག་པོ་དེ་ཡང་དུས་ཐམས་ཅད་དུ་བློས་བཏང་མི་དགོས་པར་བསྲུང་ཐུབ་པའི་དུས་རྣམས་སུ་ངེས་པར་དུ་བསྲུང་འོས་པ་སྟེ།ཐ་ན་བསླབ་པ་སྣ་གཅིག་དུས་སྐད་ཅིག་མ་གཅིག་ཙམ་བསྲུངས་པ་ལའང༌། ཕན་ཡོན་དཔག་གིས་མི་ལང་བ་ཇི་ལྟར་འབྱུང་བའི་ཚུལ་རྣམས་བཤད་ཟིན་པ་ལྟར་ལགས་པའི་ཕྱིར་རོ། །འོན་ཏེ་ཉེས་པ་ལ་མ་ཞུགས་པ་ཙམ་གྱིས་བསྲུངས་པའི་ཕན་ཡོན་མི་འབྱུང་བས། དུས་འདི་ནས་འདིའི་བར་དུ་བསྲུང་སྙམ་པའི་འཕེན་པ་རེ་སྔོན་དུ་བཏང་དགོས་སོ། །མདོར་ན་རང་གིས་རང་མ་བསླུས་པ་ཞིག་བྱེད་བསམ་ན་སྒོམ་པ་ཆེ་ཟ་ཆུང་ཟའི་དཔེར་མི་ཟེར་བར་བསྲུང་བྱའི་དབང་དུ་བྱས་ན་བསླབ་པ་སྣ་གཅིག་ཙམ་ལས་མ་ཐུབ་ཀྱང་བསྲུང་དགོས་ཤིང༌། སྲུང་དུས་ཀྱི་དབང་དུ་བྱས་ན་ཡུད་ཙམ་ཞིག་ལས་མ་ཐུབ་ཀྱང་དེ་བསྲུང་དགོས་སོ། །འདི་བྲིས་པ་ལས་བྱུང་བ་ཡི། །དགེ་བ་དེས་ཀྱང་འགྲོ་བ་ཀུན། །བསླབ་གཞིའི་ཐེམ་སྐས་ལ་བརྟེན་ནས། །བྱང་ཆེན་ཁང་བཟང་འཛེགས་པར་ཤོག། །།

ཅེས་པ་འདི་ཡང་ལམ་མིང་ངག་དབང་ཕུན་ཚོགས་པས་ཟིན་བྲིས་སུ་བཏབ་པའོ།། །། བཀྲ་ཤིས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།