དྷཱིཿ ཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་སྟོན་ཆོས་ཆེན་མོའི་རྩོད་ཡིག་བློ་གསལ་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-02 19:47:48     རྩོམ་པ་པོ།   དྷཱིཿཚ་དགོན་པ‘    ཀློག་ཐེངས།  

微信图片_20200602212708.jpg

༄༅། །དགེ༷་ལེགས་མཁྱེན་རབ་གཅིག་ཏུ་སྨིན་པའི་ནོར། །

 འདུན༷་ལྡན་མོས་ངོར་ངུར་སྨྲིག་རོལ་པའི་གར། །

 ཐུབ་བསྟན༷་འཛི༷ན་པའི་ལྔ་རིག་རྒྱ༷་མཚོ༷འི་རླབས། །

 འགྲེམ་མཛད་འགྲོ་བའི་དེད་དཔོན་སྤྱི་བོས་མཆོད། །

སྟོན་ཆོས་ཆེན་མོ་ནི་ཧོར་ཟླ་དགུ་བའི་ཚེས་བཅོ་ལྔ་ནས་བཅུ་བའི་ཚེས་ལྔའི་བར་དངོས་གཞི་ཉིན་ཉི་ཤུ་དང་ཐོག་མཐའ་གཉིས་ལ་སྐམ་ཚོགས་ཉིན་གསུམ་རེ་བཅས་ཡོད་ལ། དེ་དག་གི་སྐབས་སུ་བསྡུས་ཆུང་འཛིན་གྲྭས་རིགས་ལམ་འཕྲུལ་ལྡེ་སྟེང་ནས་རྩོད་ཅིང་། རིགས་ལམ་འཕྲུལ་ལྡེ་རྒྱུགས་སྤྲོད་བྱེད། 

བསྡུས་འབྲིང་འཛིན་གྲྭས་སེམས་བྱུང་རང་རྒྱུད་གསལ་བའི་མེ་ལོང་སྟེང་ནས་སེམས་སེམས་བྱུང་རྩོད་ཅིང་སེམས་བྱུང་ང་གཅིག་གི་མཚན་ཉིད་རྣམས་རྒྱུགས་སྤྲོད་བྱེད། 

བསྡུས་ཆེན་འཛིན་གྲྭས་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་སྟེང་ནས་མཆོད་བརྗོད་དང་ཚུལ་གསུམ་རྟགས་གཞན་བཞི་བ་རྣམས་རྩོད། རྟགས་རིགས་སྡོམ་རྒྱུགས་སྤྲོད་བྱེད། 

རྟགས་རིགས་འཛིན་གྲྭས་འབྲེལ་བ་དང་ཚད་མ་ཕྲུགས་གསུམ་རྩོད། བློ་རིག་སྡོམ་རྒྱུགས་སྤྲོད་བྱེད། 

བློ་རིག་འཛིན་གྲྭས་གཞན་སེལ་རྩོད། རྣམ་འགྲེལ་ལེའུ་དང་པོའི་སྒྲ་རྣམས་ཀྱིས་ནི་བརྡ་བཏགས་སྟོན། །ཞེས་པ་ནས། རིགས་པ་སྨྲ་བས་གསུངས་པ་ཡིན། །ཞེས་པའི་བར་རྒྱུགས་སྤྲོད་བྱེད། 

གཞུང་གསར་ལོ་དང་བོ་བས་ཤིང་འཛིན་རྟོག་པ་དང་བརྡ་ཡུལ་རྩོད། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །ཞེས་པ་ནས། ལེའུ་དང་པོའི་མཇུག་བར་རྒྱུགས་སྤྲོད་བྱེད། 

གཞུང་གསར་ལོ་གཉིས་པས་རྟོག་པ་ཕན་ཚུན་ནས་ལེའུ་དང་པོའི་མཇུག་བར་རྩོད། ལེའུ་གསུམ་པའི་དབུ་ནས། མི་རྟག་ཅེས་ནི་བརྗོད་པ་ཡིན། །ཞེས་པའི་བར་རྒྱུགས་སྤྲོད་བྱེད། 

སྐབས་དང་བོའི་ལོ་དང་བོ་བས་ལེའུ་གཉིས་པའི་མཆོད་བརྗོད་ནས་ལུགས་འབྱུང་རྫོགས་པའི་བར་རྩོད། གང་གི་མཐའ་གཉིས་ཆོད་ཡོད་པའམ། །ཞེས་པ་ནས། རང་བཞིན་མེད་པར་རབ་ཏུ་བཤད། །ཅེས་པའི་བར་རྒྱུགས་སྤྲོད་བྱེད། 

སྐབས་དང་བོའི་ལོ་གཉིས་པས་ལུགས་ལྡོག་ནས་ལེའུ་གཉིས་པའི་མཇུག་བར་རྩོད། ཕུང་བོ་ལ་སོགས་བྱེ་བྲག་གིས། །ཞེས་པ་ནས། སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་པའི་བར་རྒྱུགས་སྤྲོད་བྱེད། 

སྐབས་བཞི་བའི་ལོ་དང་བོ་བས་གསེར་ཕྲེང་དང་མཐའ་དཔྱོད་ཀྱི་སྟེང་ནས་སྐབས་བཞི་བ་ཆ་ཚང་རྩོད། སྐབས་བཞི་བའི་བསྡུས་སྡོམ་གྱི་དབུ་ནས་བྱང་སེམས་གཟུགས་དང་འདོད་ལྷར་སྐྱེས་པ་ཡོད། །ཅེས་པའི་བར་རྒྱུགས་སྤྲོད་བྱེད། 

སྐབས་བཞི་བའི་ལོ་གཉིས་པས་དྲང་ངེས་སེམས་ཙམ་སྐོར་ཆ་ཚང་རྩོད། སྐབས་བཞི་བའི་བསྡུས་དོན་གྱི་སེམས་རྟེན་མཛོད་ལས་རྣམ་ཐར་གསུམ་པ་ནི། །ཞེས་པ་ནས་མཇུག་བར་རྒྱུགས་སྤྲོད་བྱེད། 

དབུ་མ་གསར་བས་ལེའུ་གསུམ་པའི་དབུ་ནས་མངོན་སུམ་གྱི་མཚན་ཉིད་རྫོགས་པའི་བར་རྩོད། དོན་རིག་གང་ཡིན་སོ་སོར་རིག །ཅེས་པ་ནས། མྱོང་ལ་མེད་པའང་ཅི་ཡི་ཕྱིར། །ཞེས་པའི་བར་རྒྱུགས་སྤྲོད་བྱེད། 

དབུ་མ་རྙིང་བས་མཚན་གཞིའི་དབྱེ་བ་ནས་ཚད་འབྲས་གཉིས་པ་རྫོགས་པའི་བར་རྩོད། གཞན་ཡང་དཀར་སོགས་མཐོང་བ་ན། །ཞེས་པ་ནས། ལེའུ་གསུམ་པའི་མཇུག་བར་རྒྱུགས་སྤྲོད་བྱེད། 

མཛོད་གསར་ལོ་དང་བོ་བས་ཚད་འབྲས་གསུམ་པ་ནས་མངོན་སུམ་ལེའུའི་མཇུག་རྫོགས་པའི་བར་རྩོད། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །ཞེས་པ་ནས། སྔར་ཉིད་རྣམ་པར་བཟློག་པ་ཡིན། །ཞེས་པའི་བར་རྒྱུགས་སྤྲོད་བྱེད། 

མཛོད་གསར་ལོ་གཉིས་པས་ལེའུ་བཞི་བའི་དབུ་ནས་གྲགས་པས་མ་བསལ་བའི་ཚུལ་གྱི་མཇུག་བར་རྩོད། དེ་ཡི་ཕྱིར་ན་ཁས་བླངས་ནས། །ཞེས་པ་ནས། རྗེས་འགྲོ་མེད་པའི་སྐྱོན་རྟེན་མིན། །ཞེས་པའི་བར་རྒྱུགས་སྤྲོད་བྱེད། 

མཛོད་རྙིང་ལོ་དང་བོ་བས་གསུམ་པ་མངོན་སུམ་གྱིས་མ་བསལ་ཚུལ་ནས་ལེའུ་བཞི་བའི་མཇུག་བར་རྩོད། རང་བཞིན་འབྲས་བུ་གྲུབ་དོན་དུ། །ཞེས་པ་ནས། ལེའུ་བཞི་བའི་མཇུག་བར་སྐྱོར་སྦྱངས་བྱེད། 

མཛོད་རྙིང་ལོ་གཉིས་པས་སྔགས་རིམ་ཆེན་མོའི་སྟེང་ནས་རྒྱུད་སྡེ་འོག་མ་གསུམ་དང་ཨ་ཀྱཱ་ཡོངས་འཛིན་པའི་སྔགས་ཀྱི་ས་ལམ་རྣམས་རྩོད། རྒྱུད་གཞུང་དབུ་ནས་ལེའུ་བཞི་བ་རྫོགས་པའི་བར་སྐྱོར་སྦྱངས་བྱེད། 

འདུལ་བ་གསར་བས་བསྐྱེད་རིམ་ནི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྟེང་ནས་རྩོད། རྒྱུད་གཞུང་ལེའུ་ལྔ་བའི་དབུ་ནས་དགུ་བའི་མཇུག་བར་སྐྱོར་སྦྱངས་བྱེད། 

འདུལ་བ་རྙིང་བས་རྫོགས་རིམ་ནི་རིམ་ལྔ་གསལ་སྒྲོན་གྱི་སྟེང་ནས་རྩོད། རྒྱུད་གཞུང་ལེའུ་བཅུ་བ་ནས་མཇུག་རྫོགས་པའི་བར་སྐྱོར་སྦྱངས་བྱེད། འཛིན་གྲྭ་སྐབས་བཞི་བ་མན་ཆད་རྒྱུགས་སྤྲོད་བྱེད་དགོས་པ་ཡིན་ནོ། །

 སྨྲས་པ། 

 དམ་ཆོས་ཐོས་བསམ་སྤེལ་བའི་དྲི་བཞོན་གྱིས། །

 བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་ཉལ་འགྲོའི་གཏེར། །

 བསྲུབས་པའི་སྙིང་བོ་མདོ་སྔགས་ཟུང་འབྲེལ་ལམ། །

 དུས་ཀྱི་མཐར་ཡང་ཉམས་མེད་རྒྱས་གྱུར་ཅིག །

ཅེས་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་སྟོན་ཆོས་ཆེན་མོའི་རྩོད་ཡིག་བློ་གསལ་རོལ་པའི་དགའ་སྟོན་འདི་ནི་རང་དགོན་གྱི་བླ་མ་ལས་སྣེ་དང་དགེ་རྒན་རྣམ་པས་སྒོ་མང་གྲྭ་ཚང་གི་རྩོད་གཞུང་དང་བསྟུན་ནས་སྤྱི་ལོ་༢༠༡༧ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་དུས་ཚེས་བཟང་བོར་རྩོད་ཡིག་གཏན་ལ་ཕབ་པ་དགེ་བར་གྱུར་ཅིག

སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བརྩམས་པའི་དྷཱིཿཚ་དགོན་པའི་གདན་རབས་དཔག་བསམ་འཁྲི་ཤིང་ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།