དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་རྩོད་ཡིག་དམ་ཆོས་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-02 19:46:11     རྩོམ་པ་པོ།   རྗེ་བཙུན་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

微信图片_20200602212655.jpg

༄༅།།ལུང་རྟོགས་བསྟན་པའི་མངའ་བདག་ཤཱཀྱའི་ཏོག།སྙིང་རྗེའི་བདག་ཉིད་མགོན་པོ་སྤྱན་རས་གཟིགས།།ཤེས་རབ་མཆོག་སྩོལ་རྗེ་བཙུན་འཇམ་པའི་དབྱངས།།མཐུ་སྟོབས་དབང་ཕྱུག་རྣམས་ཀྱིས་ཤིས་པ་སྩོལ།།དཔ༷ལ་ལྡན་མི༷་འགྱུར༷་བ༷ཀྲ་ཤིས༷་ཆོས༷་སྡིང༷ས་ཞེས།།སྙན་པ་གཡུ་འབྲུག་དག་གི་སྐད་ལ་ཟ།།འཆད་རྩོད་རྩོམ་པའི་སྣང་བ་དམ་པ་ཡིས།།ཐུབ་བསྟན་གསེར་ལྡན་ཡངས་པའི་ཁྱོན་ཀུན་ཁྱབ།།སྡེ་སྣོད་ཆེན་པོ་བཀའ་པོད་རྣམ་པ་ལྔ།།གང་ཞིག་གང་གི་ཚེ་ན་ལུང་རིགས་ཀྱིས།།ཆོས་རྩོད་ལྷུར་ལེན་ཇི་ལྟར་བྱེད་པའི་ཚུལ།།འདི་ན་གསལ་བར་འཆད་དོ་གུས་པས་ཉོན།།དེ་ལ་འདིར་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོས་གཞུང་བཀའ་པོད་ཆེན་པོ་ལྔའི་གཞུང་ཚན་སོ་སོ་ལ་ཆོས་རྩོད་འཆད་ཉན་ཇི་ལྟར་བྱེད་པའི་ཚུལ་ནི།

དགུན་ཆོས་ཆེན་མོར་བསྡུས་ཆུང་དུ་གསར་ཞུགས་པ་རྣམས་ཀྱིས་ཁ་དོག་དཀར་དམར་རྩོད་ཅིང་མགོ་ནས་མཇུག་བར་དུ་ཆ་ཚང་རྒྱུགས་སྤྲོད་བྱེད།ཧོར་ཟླ་དང་བོའི་ཚེས་བརྒྱད་ནས་གཉིས་པའི་ཚེས་བརྒྱད་ཀྱི་བར་ཕྱི་དྲོར་རྡོ་བཅལ་གྱི་དམ་བཅའ་ཡོད་པས།རྡོ་བཅལ་ལ།ཡོད་རྟོགས་མེད་རྟོགས།ཡིན་ལོག་མིན་ལོགལྡོག་པ་ངོས་འཛིན།རྒྱུ་འབྲས་ཆུང་བ་ཚུགས།དཔྱིད་ཆོས་ཆེན་མོར།རྒྱུ་འབྲས་ཆུང་བ།གཅིག་ཐ་དད།ཁྱབ་མཐའ་འགོད་ཚུལ་བཅས།ཆོས་གསུམ་གྱི་དབུ་ནས་ཕྱི་ནང་གི་རབ་བྱུང་ཕྱོགས་ཀྱི་རྩོད་པའི་རྩ་བར་གྱུར་པས་ན།དེ་གཉིས་ལ་ཕུང་བོའི་མིང་གིས་བསྟན་ཏོ་ཅེས་པའི་བར་སྐྱོར་སྦྱངས་དང་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།ཡུལ་ཡུལ་ཅན།

བསྡུས་འབྲིང་བ་རྣམས་ཀྱིས།དགུན་ཆོས་ཆེན་མོར།ཆོས་གསུམ་ཆ་ཚང་རྩོད་ཅིང་།འདུ་བྱེད་ཀྱི་ཕུང་བོ་ནི་མཛོད་ལས།འདུ་བྱེད་ཕུང་བོ་བཞི་ལས་གཞན།།ཞེས་པ་ནས་ཆོས་གསུམ་གྱི་མཇུག་རྫོགས་པའི་བར་སྐྱོར་སྦྱངས་དང་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།སྤྱི་བྱེ་བྲགའགལ་འབྲེལ།མཚན་མཚོན་བཅས།དཔྱིད་ཆོས་ཆེན་མོར།རྫས་ལྡོགཁྱབ་པ་སྒོ་བརྒྱད།ཁས་ལེན་སོང་ཚུལ་ཚུགས།ཁྱབ་པ་སྒོ་བརྒྱད་དང་ཁས་ལེན་སོང་ཚུལ་ཆ་ཚང་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།དྲུག་སྒྲ།ཐལ་འགྱུར་ཆུང་བ།དུས་གསུམ་བཅས།

བསྡུས་ཆེན་པ་རྣམས་ཀྱིས།དགུན་ཆོས་ཆེན་མོར།རང་མཚན་སྤྱི་མཚན།སེལ་འཇུག་སྒྲུབ་འཇུགབརྗོད་བྱ་རྗོད་བྱེད།མཚོན་སྦྱོར་བཅས།སེལ་འཇུག་སྒྲུབ་འཇུག་ཆ་ཚང་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།དགག་སྒྲུབ།གཞན་སེལ།དཔྱིད་ཆོས་ཆེན་མོར།འགལ་འབྲེལ་ཆེ་བ།ཐལ་འགྱུར་ཆེ་བ་རྒྱས་པར་དང་།རྒྱུ་འབྲས་ཆེ་བ་ཅུང་ཟད་བཅས་བསྡུས་གྲྭ་རྫོགས་པར་བྱེད།ཐལ་འགྱུར་ཆེ་བ་ཆ་ཚང་རྒྱུགས་སྤྲོད་བྱེད།བསྡུས་གྲྭའི་སྐབས་སུ་གང་རྩོད་མཚམས་དེ་སྐྱོར་སྦྱངས་བྱེད་དགོས།དབྱར་ཆོས་ཆེན་མོར།རྟགས་རིགས་མཐའ་དཔྱོད་དང་།གཏན་ཚིགས་རིག་པའི་སྣང་བ་སོགས་ཀྱི་སྒོ་ནས་ཚུལ་གསུམ་ཚུགས།

རྟགས་རིགས་པ་རྣམས་ཀྱིས།དགུན་ཆོས་ཆེན་མོར་ཚུལ་གསུམ།ཕྱོགས་སྒྲ།ལུང་འགལ་བཅས།རྣམ་འགྲེལ་རྩ་བའི་དབུ་ནས་བཟུང་སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ།།ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ་ཞེས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ། (སྒྲུབ་ངག) འབྲས་རྟགས།རང་བཞིན་གྱི་རྟགས་སོགས།དཔྱིད་ཆོས་ཆེན་མོར།མ་དམིགས་པ།གཞལ་བྱའི་གནས་གསུམ་སོགས་རྟགས་རིགས་རྫོགས་པར་བྱེད།རྣམ་འགྲེལ་ལེའུ་གཉིས་པའི་དབུ་ནས་བཟུང་བདེན་པ་བཞི་ནི་སྟོན་མཛད་པའོ་ཞེས་པའི་བར་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་སྐོར་དང་བློ་རིག་ཚུགས།

བློ་རིག་འཛིན་གྲྭ་བ་རྣམས་ཀྱིས།དགུན་ཆོས་ཆེན་མོར།བློ་རིག་རྫོགས་ནས་རྣམ་འགྲེལ་ལེའུ་གཉིས་པ་ཚུགས།སྡུག་བསྔལ་འཁོར་བ་ཅན་ཕུང་བོ།།ཞེས་པ་ནས་ཚད་མ་གྲུབ་པ་ཞེས་བྱ་བའི་ལེའུ་གཉིས་པའོ་ཞེས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།ལེའུ་གཉིས་པ་ཡོངས་རྫོགས་རྒྱས་པར་རྩོད།དཔྱིད་ཆོས་ཆེན་མོར།ས་ལམ།གྲུབ་མཐའ།འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་ངོ་བོ་རབ་དབྱེ་སོགས་ཀྱང་ཅུང་ཟད་རྩོད།གྲུབ་མཐའ་རྩ་བ་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།དོན་བདུན་ཅུ་དང་།ཕར་ཕྱིན་སྐབས་གསུམ་པ་རྒྱས་པར་རྩོད།ལོ་རྗེས་མར་བློ་རྟགས་འཛིན་གྲྭ་གཉིས་བསྲེས་ན་ཡང་རྩོད་རྒྱུགས་སོགས་སྔར་ལོ་ལྟར་བྱ།

གཞུང་གསར་བ་ནས་འཛིན་གྲྭ་རེ་རེར་ལོ་གཉིས་རེ་བཞུགས་དགོས་པས།གཞུང་གསར་བ་རྣམས་ཀྱིས་ལོ་དང་བོའི་དགུན་ཆོས་ཆེན་མོར།ཤིང་རྟའི་སྲོལ་འབྱེད།སྐྱེས་བུ་གསུམ།བྱམས་གཞུང་།འགྲེལ་བ་དོན་གསལ་གྱི་དབུ་ནས་དེ་ཙམ་ཁོ་ནས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་གདམས་ངག་གི་རྣམ་པ་བཅུའོ་ཞེས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།ཉན་ཐོས་ཞི་འཚོལ་མ།གཅིག་དུ་བྲལ།མཁྱེན་གསུམ།དཔྱིད་ཆོས་ཆེན་མོར།མྱང་འདས།དཔེ་དོན་གྱི་དགེ་འདུན་ཉི་ཤུ་ཡོངས་རྫོགས།དགེ་འདུན་དཀོན་མཆོག་གི་སྐབས་སུ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་པ་ནས་ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཡོངས་སུ་སྦྱོང་བ་དག་ཁོ་ནས་ས་དང་བོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ།།ཞེས་པའི་བར་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།ཆོས་འཁོར།

ལོ་གཉིས་པའི་དགུན་ཆོས་ཆེན་མོར།དགོས་སོགས་ཆོས་བཞི།ཡང་དག་མཐའ།བཀའ་བསྟན་བཅོས།ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད་ཅེས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམ་པ་བཅུ་གཉིས་བྱེད་དོ།།ཞེས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།ཤེར་ཕྱིན།སེམས་བསྐྱེད།གདམས་ངག་སྤྱིར་བསྟན་ཚུགས།དཔྱིད་ཆོས་ཆེན་མོར།བདེན་གཉིས་དང་བདེན་བཞི།དེ་ལྟར་ལེགས་པར་བསྔོས་པའི་དངོས་པོ་མངོན་པར་སྤེལ་བར་བྱ་བ་ཡིན་པས་གསུམ་པ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་བྱ་བ།ཐབས་དང་མི་དམིགས་པ་དག་གིས།།ཞེས་པ་ནས་སྤྱིར་ནི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་ནོ་ཞེས་པའི་བར་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།སྐྱབས་གསུམ།སྤྱན་ལྔ།མངོན་ཤེས་བཅས་སོ།།

སྐབས་དང་བོ་བ་རྣམས་ཀྱིས།ལོ་དང་བོའི་དགུན་ཆོས་ཆེན་མོར།གནས་སྐབས་པའི་རྟེན་འབྲེལ་དང་ལུགས་འབྱུང་ལྡོག་གི་རྟེན་འབྲེལ་དང་།ཀུན་བྱང་ཕྱོགས་ཀྱི་རྟེན་འབྲེལ་རྣམས་བུ་སྟོན་རིན་པོ་ཆེའི་རྟེན་འབྲེལ་གྱི་སྟེང་ནས་རྩོད།དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་དྲན་པ་ཉེར་བཞག་ནས་ཞེས་པ་ནས་དེ་ལྟར་ན་སྤྱིར་གཅིག་ཏུ་བསྡོམས་ན་ནི་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ།།ཞེས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།མ་རིག་པའི་རྟེན་འབྲེལ་དང་།ལས་ཀྱི་རྟེན་འབྲེལ་སོགས་རྫོགས་པར་བྱེད།དཔྱིད་ཆོས་ཆེན་མོར།ཀུན་གཞི་རྫོགས་ནས་སྦྱོར་ལམ་ཚུགས།ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ་ཇི་སྐད་བཤད་པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས་ཐར་བའི་ཆ་དང་མཐུན་པ་ཞེས་པ་ནས་སྐབས་བཞི་བའི་འགྲེལ་བའོ།།ཞེས་པའི་བར་རྒྱུགས་སྤྲོད།དབྱར་ཆོས་ཆེན་མོར།རིགས་རྒྱུད་བླ་མ་ལྟར་རྒྱས་པར་རྩོད།

ལོ་གཉིས་པའི་དགུན་ཆོས་ཆེན་མོར།སྒྲུབ་པའི་དམིགས་པ་ནས་སྒྲུབ་བཞི་རྫོགས་པར་བྱེད།སྐབས་ལྔ་བའི་དབུ་ནས་སྦྱིན་པ་ལ་སོགས་པར་དམིགས་ཏེ་སྒྲུབ་པས་སྤྱོད་པ་རྣམ་པར་འཁྲུགས་པ་ལ་སྔ་མ་བཞིན་དུ་འཛིན་པར་རྣམ་པར་རྟོག་པ་སྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ།།ཞེས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།སྐབས་གཉིས་པ་ཡོངས་རྫོགས།དཔྱིད་ཆོས་ཆེན་མོར།དྲང་ངེས་རྣམ་འབྱེད་ཀྱི་དབུ་ནས་གྲུབ་དོན་རྫོགས་པའི་བར།བམ་པོ་ལྔ་བ་ཞེས་པ་ནས་བཅོམ་ལྡན་འདས་ལ་ཟད་པ་མི་མངའ་བའི་ཕྱིར་གོ་རིམ་བཞིན་དུ་སངས་རྒྱས་ཁྱབ་པ་དང་།རྟག་པ་ཞེས་མངོན་པར་བརྗོད་དོ།།ཞེས་པའི་བར་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་ནས་སེམས་ཙམ་སྐོར་རྫོགས་པར་བྱེད།

སྐབས་བཞི་བའི་འཛིན་གྲྭ་བ་རྣམས་ཀྱིས།ལོ་དང་བོའི་དགུན་ཆོས་ཆེན་མོར།རྣམ་པ་མདོར་བསྟན་ནས་རྣམ་མཁྱེན་གྱི་རྣམ་པ་རྫོགས་པའི་བར།དེ་ལྟར་སྐུ་གཉིས་བསྟན་ནས།གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནས་འགྲེལ་བ་དོན་གསལ་གྱི་མཇུག་རྫོགས་པའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།སྣོད།སྦྱོར་བ་ནས་མཚན་ཉིད་བཞི་རྫོགས་པའི་བར།དཔྱིད་ཆོས་ཆེན་མོར།ཐར་ཆ།ངེས་ཆ།མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་ཀྱི་བར།དྲང་ངེས་རྣམ་འབྱེད་ཀྱི་དབུ་ནས་གྲུབ་དོན་རྫོགས་པའི་བར་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་སོགས་སྐབས་བཞི་བ་རྫོགས་ནས་རྩེ་སྦྱོར་ཚུགས།

ལོ་གཉིས་པའི་དགུན་ཆོས་ཆེན་མོར།སྐབས་ལྔ་བ་སོགས་རྫོགས་ནས་བརྒྱད་པ་ཚུགས།སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་ནས་དགག་བྱ་སྒྲོ་འདོགས་ངོས་བཟུང་བའི་བར་རྒྱུགས་སྤྲོད་བྱེད།རྡོ་བཅལ་ལ།བསམ་གཟུགས་ཚུགས།དཔྱིད་ཆོས་ཆེན་མོར།བསམ་གཟུགས་རྫོགས་པར་བྱེད།དགག་བྱ་སྒྲོ་འདོགས་ངོས་བཟུང་བ་ནས་སེམས་ཙམ་སྐོར་རྫོགས་པའི་བར་རྒྱུགས་སྤྲོད་བྱེད།དབྱར་ཆོས་ཆེན་མོར།དབུ་མའི་འདིར་བསྟན་ཆོས་གསུམ་ཚུགས།

དབུ་མའི་འཛིན་གྲྭ་བ་རྣམས་ཀྱིས།ལོ་དང་བོའི་དགུན་ཆོས་ཆེན་མོར།སྙིང་རྗེ་རྫོགས་ནས་རིང་སོང་ཚུགས།རྡོ་བཅལ་ལ།སེམས་བསྐྱེད་པ་གཉིས་པ་ནས་ལྔ་བའི་བར་རྫོགས་ནས།སེམས་བསྐྱེད་པ་དྲུག་པ་ཚུགས།དཔྱིད་ཆོས་ཆེན་མོར།དགག་བྱ་ངོས་འཛིན་དང་།ཐལ་བཟློགདབྱར་ཆོས་ཆེན་མོར།བདེན་གཉིས་རྫོགས་ནས་ཚད་འགོག་ཚུགས།ལོ་གཉིས་པའི་དགུན་ཆོས་ཆེན་མོར།ཚད་འགོག་རྫོགས་ནས་བདག་འགོག་ཚུགས།རྡོ་བཅལ་ལ།བདག་འགོག་ནས་སེམས་བསྐྱེད་པ་དྲུག་པ་རྫོགས་པའི་བར།དཔྱིད་ཆོས་ཆེན་མོར།སེམས་བསྐྱེད་པ་བདུན་པ་ནས་མཇུག་རྫོགས་པའི་བར།དབྱར་ཆོས་ཆེན་མོར།མངོན་པ་མཛོད་ཀྱི་གནས་དང་བོ་རྩོད།དབུ་མ་བ་རྣམས་ཀྱིས་རྩ་ཤེས་སྐྱོར་སྦྱངས་བྱེད་དགོས།

མཛོད་པ་བ་རྣམས་མཛོད་འཛིན་གྲྭར་ལོ་བཞི་བཞུགས་དགོས་པས།མཛོད་དང་བོ་རྣམས་ཀྱིས།ལོ་དང་བོའི་དགུན་ཆོས་ཆེན་མོར།མཛོད་གནས་གཉིས་པ།རྡོ་བཅལ་ལ།གནས་གསུམ་པ་རྫོགས་ནས་བཞི་བ་ཚུགས།དཔྱིད་ཆོས་ཆེན་མོར།གནས་བཞི་བ་རྫོགས་ནས་ལྔ་བ་ཚུགས།དབྱར་ཆོས་ཆེན་མོར།གནས་ལྔ་བ་ནས་དྲུག་པ་རྫོགས་པའི་བར།ལོ་གཉིས་པའི་དགུན་ཆོས་ཆེན་མོར།གནས་བདུན་པ་ནས་མཛོད་གནས་བརྒྱད་པ་རྫོགས་པའི་བར།རྡོ་བཅལ་ནས་དབྱར་ཆོས་ཆེན་མོའི་བར་དུ་མཛོད་གནས་བརྒྱད་ཀ་བསྲེས་ནས་རྩོད།དབུ་མ་མཛོད་གཉིས་པ་དང་བསྲེས་ནས་ལོ་གཉིས་ལ་ལྷན་ཅིག་ཏུ་མངོན་པ་མཛོད་ཀྱི་གཞུང་སྟེང་ནས་རྒྱ་ཆེར་རྩོད།མཛོད་ཀྱི་བསླབ་བྱའི་གཞུང་གཙོ་བོ་ནི།མཆིམས་འཇམ་པའི་དབྱངས་ཀྱི་ལེགས་བཤད་མངོན་པའི་རྒྱན་ཡིན།མཛོད་རྩ་སྐྱོར་སྦྱངས་བྱེད་དགོས།

འདུལ་བའི་འཛིན་གྲྭ་གསར་བ་རྣམས་ཀྱིས།ལོ་དང་བོའི་དགུན་ཆོས་ཆེན་མོར།འདུལ་བའི་མདོ་རྩ་བའི་དགོས་སོགས་ཆོས་བཞི་ནས་སྔོན་ཆོག་རྫོགས་པའི་བར།རྡོ་བཅལ་ལ།འདུལ་བ་མདོར་བསྡུས་དང་།ད་ཆོག་ཚུགས།དཔྱིད་ཆོས་ཆེན་མོར།ལྔ་ཕྲུགས་སོགས་ད་ལྟར་གྱི་ཆོ་ག་རྫོགས་པའི་བར།དབྱར་ཆོས་ཆེན་མོར།ལྟུང་བ་སྡེ་ལྔ་རྫོགས་པའི་བར།ལོ་གཉིས་པའི་དགུན་ཆོས་ཆེན་མོར།ཞུ་བ་སྤྱིར་བསྟན།རྡོ་བཅལ་ལ།འདུལ་བའི་གཞི་གསུམ།སྲ་བརྐྱང་།དུས་ཚིགས་བཅས།དཔྱིད་ཆོས་ཆེན་མོར།ལུས་ཀྱི་གཞི་བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་བཤད་ལྟར།དབྱར་ཆོས་ཆེན་མོར།སྨན་དང་གོས་དང་།གོ་ལྤགས་ཀྱི་གཞི་སོགས་ནས་གནས་མལ་གྱི་གཞི་རྫོགས་པའི་བར་རོ།།འདུལ་བའི་སྐབས་སུ་བསླབ་བྱའི་གཞུང་གཙོ་བོ་ནི།ཀུན་མཁྱེན་མཚོ་སྣ་བ་རྗེ་བཙུན་ཤེས་རབ་བཟང་བོའི་ལེགས་བཤད་དག་ལ་བྱ་དགོས།འདུལ་སྡོམ་སྐྱོར་སྦྱངས་བྱེད་དགོས་པ་ཡིན་ནོ།།

སྨྲས་པ།ཐུབ་པའི་བསྟན་པ་ཡུན་རིང་གནས་ཕྱིར་དང་།།

བདག་ཉིད་དལ་འབྱོར་ཐོབ་པའང་དོན་ལྡན་ཕྱིར།།

བཀའ་པོད་ལྔ་ལ་ཀློག་པ་ཐོས་བསམ་གྱིས།།

བརྩོན་པ་ལྷུར་ལེན་མཛོད་ཅིག་ཤེས་ལྡན་དག།

ཅེས་པ་འདི་ནི་དགེ་སློང་ཛྙཱ་ནའི་མིང་ཅན་གྱིས་སྦྱར་བའོ།།

ཞེས་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་རྩོད་ཡིག་དམ་ཆོས་བདུད་རྩིའི་རོལ་མཚོ་འདི་ནི་སྤྱི་ལོ་༡༩༩༢ལོར་ཆོ་འཕྲུལ་ཟླ་བར་རྡོ་གཅལ་ཆོས་ཐོག་གསར་དུ་བཙུགས་ནས་རྩོད་མཚམས་ཡར་མར་སྤོར་དགོས་བྱུང་བས་བླ་མ་ལས་སྣེ་རྣམས་ཀྱིས་སྙན་ཞུས་ལྟར་སྡེ་འདིའི་དགེ་རྒན་ཆེན་མོ་བཀའ་དྲིན་མཚུངས་མེད་རི་རྒན་ནང་དགེ་བའི་བཤེས་གཉེན་རྗེ་བཙུན་ཡེ་ཤེས་རྒྱ་མཚོས་ལྗགས་རྩོམ་གནང་བའི་ཡི་གེ་བ་ནི་ཕྲན་གྱིས་བགྱིས་པའོ།།

སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བརྩམས་པའི་དྷཱིཿཚ་དགོན་པའི་གདན་རབས་དཔག་བསམ་འཁྲི་ཤིང་ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།