རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་རྩོད་ཡིག་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-02 19:44:47     རྩོམ་པ་པོ།   དྷཱིཿཚ་དགོན་པ།    ཀློག་ཐེངས།  

微信图片_20200602212648.jpg

༄༅།།རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་མཚན་ཉིད་གྲྭ་ཚང་གི་འཛིན་གྲྭ་རེ་རེའི་རྩོད་མཚམས་རགས་རིམ་ཙམ་ཞིག་ཡི་གེར་དགོད་པ་ལ།

བསྡུས་གྲྭ་གསུམ་དང་བློ་རྟགས་གཉིས་སུ་ལོ་རེ་རེ་བཞུགས་དགོས་པས།བསྡུས་ཆུང་བ་རྣམས་ཀྱིས་དགུན་ཆོས་ཆེན་མོར་བསྡུས་གྲྭ་རིགས་པའི་སྒོ་འབྱེད་ཀྱི་སྟེང་ནས་ཁ་དོག་དཀར་དམར།དཔྱིད་ཆོས་དང་བོར་ཡོད་རྟོགས་མེད་རྟོགས་དང་ཡིན་ལོག་མིན་ལོགཕྱི་མར་ལྡོག་པ་ངོས་འཛིན་དང་རྒྱུ་འབྲས་ཆུང་ངུ་།དབྱར་ཆོས་ནང་དུ་གཅིག་ཐ་དད་དང་ཁྱབ་མཐའ་འགོད་ཚུལ་གྱི་རྣམ་གཞག་རྫོགས་པའི་བར་རོ།།

བསྡུས་འབྲིང་བ་རྣམས་ཀྱིས་དགུན་ཆོས་ཆེན་མོར་ཡུལ་ཡུལ་ཅན།དཔྱིད་ཆོས་དང་བོར་སྤྱི་བྲེ་བྲག་དང་འགལ་འབྲེལ་ཆུང་ངུ་།ཕྱི་མར་མཚན་མཚོན་དང་རྫས་ལྡོགདབྱར་ཆོས་ནང་དུ་ཁྱབ་པ་སྒོ་བརྒྱད་དང་ཁས་ལེན་སོང་ཚུལ་གྱི་རྣམ་གཞག་རྫོགས་པའི་བར་རོ།།

བསྡུས་ཆེན་པ་རྣམས་ཀྱིས་དགུན་ཆོས་ཆེན་མོར་དྲུག་སྒྲ་དང་ཐལ་འགྱུར་ཆུང་བ།དཔྱིད་ཆོས་དང་བོར་དུས་གསུམ་དང་རང་སྤྱི་སེལ་འཇུག་སྒྲུབ་འཇུགཕྱི་མར་བརྗོད་བྱ་རྗོད་བྱེད།མཚོན་སྦྱོར་དགག་སྒྲུབ་གཞན་སེལ་བཅས།དབྱར་ཆོས་ནང་དུ་འགལ་འབྲེལ་ཆེ་བ།ཐལ་འགྱུར་ཆེ་བ་རྒྱུ་འབྲས་ཆེ་བ་རྣམས་ཡོངས་སུ་རྫོགས་པའི་བར་རོ།།

རྟགས་རིགས་པ་རྣམས་ཀྱིས་དགུན་ཆོས་ཆེན་མོར་རྣམ་འགྲེལ་མཆོད་བརྗོད།དགོས་སོགས་བཞི་ཀུན་མཁྱེན་མཐའ་དཔྱོད་ལྟར་དང་།རྟགས་རིགས་མཐའ་དཔྱོད་ཀྱི་སྟེང་ནས་ཚུལ་གསུམ་ཕྱོགས་སྒྲ་དང་ལུང་འགལ།རྟགས་སྐྱོན་ཡོན་སོགས་ཚད་མ་རིགས་རྒྱན་སོགས་ལྟར་རོ།།དཔྱིད་ཆོས་དང་བོར་སྒྲུབ་ངག་གཞན་དོན་བསྒྲུབ་བྱ་རིགས་རྒྱན་སོགས་དང་།མཐའ་དཔྱོད་འབྲས་རྟགས།ཕྱི་མར་མཐའ་དཔྱོད་ཀྱི་རང་བཞིན་གྱི་རྟགས་དང་།རྟགས་ལྟར་སྣང་།རྟགས་འཛིན་སེམས།གྲགས་རྟགས་སྡེ་བདུན་རྒྱན་སོགས་ལྟར་རོ།།དབྱར་ཆོས་ནང་དུ་གཞལ་བྱའི་གནས་གསུམ་སྡེ་བདུན་རྒྱན་སོགས་ལྟར་དང་།མཐའ་དཔྱོད་ཀྱི་མ་དམིགས་པ་ཡོངས་སུ་རྫོགས་པའི་བར་རོ།།

བློ་རིག་པ་རྣམས་ཀྱིས་དགུན་ཆོས་ཆེན་མོར་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད།ལེའུ་གཉིས་པའི་མཆོད་བརྗོད།བློ་རིག་ཡོངས་སུ་རྫོགས་པའི་བར་རོ།།དཔྱིད་ཆོས་དང་བོར་སེམས་སེམས་བྱུང་།ཚད་འབྲས་རིགས་རྒྱན་ལྟར་དང་།ལྷན་ཅིག་དམིགས་ངེས།ཕྱི་མར་གྲུབ་མཐའ་སྤྱི་དང་།ཕྱི་རོལ་པའི་སྐོར་དང་།ཉན་ཐོས་སྡེ་གཉིས་རྫོགས་པའི་བར་རོ།དབྱར་ཆོས་ནང་དུ་སེམས་ཙམ་དང་།དབུ་མའི་སྐོར་ཡོངས་རྫོགས་ས་ལམ་བཅས།

ཕར་ཕྱིན་འཛིན་གྲྭ་གསུམ་ལོ་གཉིས་རེར་གཞུགས་དགོས་པས།གཞུང་གསར་བ་རྣམས་གྱིས་ལོ་དང་བོའི་དགུན་ཆོས་ཆེན་མོར་དོན་བདུན་ཅུ་ཡོངས་རྫོགས།སྐབས་གསུམ་པ།དགེ་འདུན་ཉི་ཤུ་དངོས་བསྟན་ཤུགས་བསྟན།དཔྱིད་ཆོས་དང་བོར་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་རྫོགས།ཕྱི་མར་མཚོན་བྱ་དོན་ཡོངས་རྫོགས།དབྱར་ཆོས་ནང་དུ་ཤིང་རྟའི་སྲོལ་འབྱེད།སྐྱེས་བུ་གསུམ།ལོ་གཉིས་པའི་དགུན་ཆོས་ཆེན་མོར།བྱམས་གཞུང་།ཉན་ཐོས་ཞི་འཚོལ་མ།དཔྱིད་ཆོས་དང་བོར་གཅིག་དུ་བྲལ།ཕྱི་མར་མཁྱེན་གསུམ།མྱང་འདས་རྫོགས།དབྱར་ཆོས་ནང་དུ་ཆོས་འཁོར།ཡང་དག་མཐའ།དགོས་སོགས་ཆོས་བཞི་རྫོགས་པའི་བར་རོ།།

སྐབས་དང་བོའི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་རྟེན་འབྲེལ།ཀུན་གཞི་ཡན་ལག་ལྷག་མ་རྣམས་རྫོགས་པར་བྱེད།དཔྱིད་ཆོས་དང་བོར་བཀའ་བསྟན་བཅོས།ཤེར་ཕྱིན།སེམས་བསྐྱེད།གདམས་ངག་སྤྱིར་བསྟན།ཕྱི་མར་བདེན་གཉིས།བདེན་བཞི་བཅས།དབྱར་ཆོས་ནང་དུ་སྐྱབས་གསུམ་ནས་གདམས་ངག་རྫོགས་པའི་བར་རོ།།

ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྦྱོར་ལམ་ནས་རིགས།དམིགས་པ།ཆེད་དུ་བྱ་བ།དཔྱིད་ཆོས་དང་བོར་སྒྲུབ་བཞི།ཕྱི་མར་སྐབས་གཉིས་པ།དབྱར་ཆོས་ནང་དུ་ལེགས་བཤད་སྙིང་བོའི་མཆོད་བརྗོད།རྣམ་ཐར་སྒོ་གསུམ་ནས་སེམས་ཙམ་སྐོར་རྫོགས་པའི་བར་རོ།།སྐབས་བཞི་བའི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་སྐབས་བཞི་བའི་མགོ་ནས་ལམ་ཤེས་ཀྱི་རྣམ་པ་རྫོགས།དཔྱིད་ཆོས་དང་བོར་རྣམ་མཁྱེན་གྱི་རྣམ་པ་རྫོགས།ཕྱི་མར་སྣོད།སྦྱོར་བ།ཡོན་ཏན།སྐྱོན་བཅས།དབྱར་ཆོས་ནང་དུ་ཤེས་མཚན་ཁྱད་མཚན་ནས་སྐབས་བཞི་བ་རྫོགས་པར་བྱེད།

ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྐབས་ལྔ་བ་ཡོངས་རྫོགས།དཔྱིད་ཆོས་དང་བོར་སྐབས་དྲུག་པ།བདུན་པ།བརྒྱད་པའི་སྤྱིའི་རྣམ་གཞག་རྫོགས་པའི་བར་རོ།།ཕྱི་མར་ངོ་བོ་ཉིད་སྐུ་ནས་བརྒྱད་པ་ཡོངས་རྫོགས།དབྱར་ཆོས་ནང་དུ་བསམ་གཟུགས་ཡོངས་རྫོགས།དབུ་མའི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་ཟབ་རྒྱས་འཇུག་ཚུལ་ནས་སྙིང་རྗེ་རྫོགས་པའི་བར་རོ།།དཔྱིད་ཆོས་དང་བོར་སའི་ཡོན་ཏན་གྱི་མགོ་ནས་རིང་སོང་རྫོགས་པར་བྱེད།ཕྱི་མར་གྲུབ་དོན་ནས་སེམས་བསྐྱེད་གཉིས་པ་རྫོགས་པར་བྱེད།དབྱར་ཆོས་ནང་དུ་སེམས་བསྐྱེད་གསུམ་པ་ནས་དགག་བྱ་ངོས་འཛིན་རྫོགས།ལོ་གཉིས་པའི་དགུན་ཆོས་ཆེན་མོར་ཐལ་ཟློག་ཡོངས་རྫོགས།དཔྱིད་ཆོས་དང་བོར་གཞན་སྐྱེས་དགག་ཚུལ།བདེན་གཉིས་ཡོངས་རྫོགས།ཕྱི་མར་དུས་གསུམ།ཆུ་འབབ།དབྱར་ཆོས་ནང་དུ་ཚད་འགོག་ནས་དབུ་མ་ཡོངས་སུ་རྫོགས་པའི་བར་རོ།།

མཛོད་ཀྱི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་གནས་དང་བོ་ཡོངས་རྫོགས།དཔྱིད་ཆོས་དང་བོར་གནས་གཉིས་པ།ཕྱི་མར་གནས་གསུམ་པ།དབྱར་ཆོས་ནང་དུ་གནས་བཞི་བ་ཡོངས་རྫོགས།ལོ་གཉིས་པའི་དགུན་ཆོས་ཆེན་མོར་གནས་ལྔ་བ།དཔྱིད་ཆོས་དང་བོར་གནས་དྲུག་པའི་དཀྱིལ་སྟོད།ཕྱི་མར་གནས་དྲུག་པའི་དཀྱིལ་སྨད།དབྱར་ཆོས་ནང་དུ་གནས་བདུན་པ་དང་།བརྒྱད་པ་ཡོངས་སུ་རྫོགས་པའི་བར་རོ།།

ཆོས་སྡེ་ཆེན་པོ་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་མཚན་ཉིད་གྲྭ་ཚང་གི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་འདུལ་བ་འཛིན་གྲྭའི་དགེ་བཤེས་རྣམས་ཀྱི་རྩོད་མཚམས་ནི།ལོ་དང་བོའི་དགུན་ཆོས་ཆེན་མོར་འདུལ་བའི་མགོ་ནས།ཡུལ་གང་ལ་ནོད་པའི་བར་རྫོགས་པར་བྱེད།དཔྱིད་ཆོས་དང་བོར་གང་གིས་ནོད་པ་རྟེན་གྱི་ཁྱད་པར་ནས་ལས་ཆོག་རྫོགས་པར་བྱེད།ཕྱི་མར་བསླབ་པ་འབུལ་ཆོག་ནས་སྤང་ལྟུང་རྫོགས་པར་བྱེད།དབྱར་ཆོས་ཆེན་མོར་འབའ་ཞིག་པ་ནས་ཕའི་རྣམ་འབྱེད་རྫོགས་པར་བྱེད།ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྤྱིར་བསྟན་ཡོངས་རྫོགས།དཔྱིད་ཆོས་དང་བོར་གཞི་སྨད་ནས་གསོ་སྦྱོང་།དུས་ཚིགས་བཅས་རྫོགས་པར་བྱེད།ཕྱི་མར་དབྱར་དགག་སྲ་བརྐྱང་གསུམ།དབྱར་ཆོས་ནང་དུ་གོས་གཞི་ནས་འདུལ་བ་ཡོངས་སུ་རྫོགས་པའི་བར་ལགས་སོ།།

དགེ་ལྡན་ལྔ་མཆོད་ཀྱི་དམ་བཅའ་ཆེན་མོར།འདུལ་བར་ལྟུང་བ་སྡེ་ལྔ་ཡོངས་རྫོགས།མཛོད་པར་གནས་བཞི་བ་ནས་དྲུག་པའི་བར།དབུ་མར་ཐལ་བཟློག་ཡོངས་རྫོགས།སྐབས་བཞི་བར་སྐབས་ལྔ་བ་ཡོངས་རྫོགས།སྐབས་དང་བོར་སྐབས་གསུམ་པ་ནས་སྦྱོར་ལམ་རྫོགས་པའི་བར།གཞུང་གསར་བར་བྱམས་གཞུང་ནས་ཆོས་འཁོར་རྫོགས་པའི་བར།བློ་རྟགས་ཀྱིས་མཐའ་དཔྱོད་གཉིས་ཡོངས་རྫོགས།བསྡུས་ཆེན་དུ་དུས་གསུམ་ནས་ཐལ་འགྱུར་ཆེ་བའི་བར།བསྡུས་འབྲིང་རྣམས་ཀྱིས་རྫས་ལྡོག་ནས་ཐལ་འགྱུར་ཆུང་བའི་བར།བསྡུས་ཆུང་དུ་ཁ་དོག་དཀར་དམར་ནས་མཚན་མཚོན་རྫོགས་པའི་བར་ལགས་སོ།།

ཞེས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་རྩོད་ཡིག་རིན་ཆེན་སྒྲོན་མེ་འདི་ནི།དགེ་བཤེས་རྒན་པ་རྣམས་ཀྱིས་ཕྱིས་སུ་ལོ་ཚིགས་ཅུང་ཟད་ཕྲི་སྣོན་གྱིས་སྔར་སྲོལ་གཞིར་བཞག་སྟེང་ཆེད་བསྒྲིགས་བྱས་པར་གྲགས་སོ།།

སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བརྩམས་པའི་དྷཱིཿཚ་དགོན་པའི་གདན་རབས་དཔག་བསམ་འཁྲི་ཤིང་ལས་བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།