རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་མཚན་ཉིད་གྲྭ་ཚང་གི་རྩོད་ཡིག་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-02 19:43:33     རྩོམ་པ་པོ།   རྗེ་བཙུན་ཡེ་ཤེས་རྒྱ་མཚོ    ཀློག་ཐེངས།  

微信图片_20200602212715.jpg

༄༅།།རྨད་བྱུང་སྲས་བཅས་རྒྱལ་བའི་ཐུགས་ཀྱི་བཅུད།།སྐལ་ལྡན་ཐར་འདོད་རྣམས་ཀྱི་བགྲོད་གཅིག་ལམ།།ས་གསུམ་འགྲོ་བའི་ཕན་བདེ་འབྱུང་གནས་མཆོག།རྒྱལ་བའི་ལུགས་བཟང་རིང་དུ་རྒྱལ་གྱུར་ཅིག།ཕུན་ཚོགས་དགེ༷་ལེགས་དཔལ་ལྡན་ཡོན་ཏན་མཛོད།།རླབས་ཆེན་སྤྱོད་ལ་འདུན༷་པའི་ཐུགས་བསྐྱེད་གཏེར།།ཐུབ་བསྟན༷་འཛིན༷་སྤེལ་ཡིད་བཞིན་དབང་རྒྱལ་གྱིས།།རྒྱ༷་མཚོ༷འི་གོས་ཅན་ཁྱབ་མཛད་དེ་ལ་འདུད།།ལེགས་བཤད་བདུད་རྩིའི་བཅུད་ལ་རེ་བ་ཡི།།རྣམ་དཔྱོད་མཆོག་ཏུ་ཡངས་པའི་རྐང་དྲུག་ཚོགས།།གཞུང་ཆེན་སྡེ་ལྔའི་ལུང་རིགས་པད་ཚལ་དུ།།ངེས་དོན་རོ་མངར་རོལ་མཚམས་འདི་ན་སྤེལ།

དེ་ཡང་ཇི་སྐད་དུ།རྗེ་བདག་ཉིད་ཆེན་པོའི་ཞལ་ནས།དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ།།གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་།།རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས།།ཀུན་ནས་བཀྲི་མཛད་ཅེས་གསུངས་པ་ལྟར།ཚིག་བརླིང་ལ་དོན་ཤིན་ཏུ་ཟབ་པའི་རྒྱལ་བའི་གསུང་རབ་ཀྱི་གྲུབ་མཐའ་བླ་ན་མེད་པར་ཞུགས་ནས་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཅིང་།མཁའ་ཁྱབ་ཀྱི་སེམས་ཅན་རྣམ་པར་གྲོལ་བའི་གླིང་དུ་འཁྲིད་པར་མཛད་པའི་མཁས་གྲུབ་བྱེ་བའི་བསྟི་གནས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་མཚན་ཉིད་གྲྭ་ཚང་གི་འཛིན་གྲྭ་རེ་རེའི་རྩོད་མཚམས་རགས་རིམ་ཙམ་ཞིག་ཡི་གེར་དགོད་པ་ལ།བསྡུས་གྲྭ་གསུམ་དུ་ལོ་རེ་རེ་བཞུགས་དགོས་པས།བསྡུས་ཆུང་བ་རྣམས་ཀྱིས་དགུན་ཆོས་ཆེན་མོར་བསྡུས་གྲྭ་རིགས་པའི་སྒོ་འབྱེད་ཀྱི་སྟེང་ནས་ཁ་དོག་དཀར་དམར།དཔྱིད་ཆོས་དང་བོར་ཡོད་རྟོགས་མེད་རྟོགས་དང་ཡིན་ལོག་མིན་ལོགདཔྱིད་ཆོས་ཕྱི་མར་ལྡོག་པ་ངོས་འཛིན་དང་རྒྱུ་འབྲས་ཆུང་བ།དབྱར་ཆོས་ཆེན་མོར་གཅིག་ཐ་དད་དང་ཁྱབ་མཐའ་འགོད་ཚུལ་རྫོགས་པའི་བར་རོ།།

བསྡུས་འབྲིང་བ་རྣམས་ཀྱིས་དགུན་ཆོས་ཆེན་མོར་ཡུལ་ཡུལ་ཅན།དཔྱིད་ཆོས་དང་བོར་སྤྱི་བྲེ་བྲགའགལ་འབྲེལ་ཆུང་བ།དཔྱིད་ཆོས་ཕྱི་མར་མཚན་མཚོན།ཆ་བའི་ལུགས།དབྱར་ཆོས་ཆེན་མོར་རང་ལུགས་རྫས་ལྡོགཁྱབ་པ་སྒོ་བརྒྱད།ཁས་ལེན་སོང་ཚུལ་རྫོགས་པའི་བར་རོ།།

བསྡུས་ཆེན་པ་རྣམས་ཀྱིས་དགུན་ཆོས་ཆེན་མོར་དྲུག་སྒྲ་དང་ཐལ་འགྱུར་ཆུང་ངུ་།དཔྱིད་ཆོས་དང་བོར་དུས་གསུམ།སེལ་འཇུག་སྒྲུབ་འཇུགདཔྱིད་ཆོས་ཕྱི་མར་བརྗོད་བྱ་རྗོད་བྱེད།མཚོན་སྦྱོར་དགག་སྒྲུབ་གཞན་སེལ་དང་བཅས་པ།དབྱར་ཆོས་ཆེན་མོར་འགལ་འབྲེལ་ཆེ་བ།ཐལ་འགྱུར་ཆེ་བ་རྒྱུ་འབྲས་ཆེ་བ་བཅས་ཡོངས་སུ་རྫོགས་པའི་བར་རོ།

རྟགས་རིགས་ཡན་ཆད་ལོ་གཉིས་རེ་བཞུགས་དགོས་པས།རྟགས་རིགས་པ་རྣམས་ཀྱིས་ལོ་དང་བོའི་དགུན་ཆོས་ཆེན་མོར་རྣམ་འགྲེལ་མཆོད་བརྗོད།དགོས་སོགས་ཆོས་བཞི་ཀུན་མཁྱེན་བླ་མའི་རྣམ་འགྲེལ་མཐའ་དཔྱོད་ལྟར་དང་།རྟགས་རིགས་ཀྱི་སྐྱོན་ཡོན་ཚད་མ་རིགས་རྒྱན་སོགས་ལྟར་དང་།རྟགས་རིགས་མཐའ་དཔྱོད་སྟེང་ནས་ཚུལ་གསུམ་ཕྱོགས་སྒྲ་དང་བཅས།དཔྱིད་ཆོས་དང་བོར་སྒྲུབ་ངག་རིགས་རྒྱན་སོགས་ལྟར་དང་།དཔྱིད་ཆོས་རྗེས་མར་གཞན་དོན་བསྒྲུབ་བྱ།རྟགས་འཛིན་སེམས་དང་བཅས་པ་རིགས་རྒྱན་སོགས་ལྟར་དང་།དབྱར་ཆོས་ཆེན་མོར་མཐའ་དཔྱོད་ལྟར་འབྲས་རང་གི་རྟགས་གཉིས་དང་།ལོ་གཉིས་པའི་དགུན་ཆོས་ཆེན་མོར་མཐའ་དཔྱོད་ལྟར་མ་དམིགས་པའི་རྟགས་ཡོངས་རྫོགས་དང་།དཔྱིད་ཆོས་དང་བོར་གཞལ་བྱའི་གནས་གསུམ་དང་གྲགས་རྟགས་རིགས་རྒྱན་སོགས་ལྟར་དང་།དཔྱིད་ཆོས་རྗེས་མར་གཏན་ཚིགས་ལྟར་སྣང་ཡོངས་རྫོགས་རྟགས་རིགས་རང་ལུགས་ལྟར་དང་།དབྱར་ཆོས་ཆེན་མོར་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཡོངས་རྫོགས་ལེའུ་གཉིས་པའི་མཐའ་དཔྱོད་ལྟར་རོ།།

བློ་རིག་པ་རྣམས་ཀྱིས་ལོ་དང་བོའི་དགུན་ཆོས་ཆེན་མོར་བློ་རིག་མཐའ་དཔྱོད་ཀྱི་སྟེང་ནས་རང་རིག་རྫོགས་པའི་བར་དང་།དཔྱིད་ཆོས་དང་བོར་རྐྱེན་བཞི་རྫོགས་པའི་བར་དང་།དཔྱིད་ཆོས་ཕྱི་མར་ཚད་འབྲས་ཀྱི་རྣམ་བཞག་དང་།དབྱར་ཆོས་ཆེན་མོར་གྲུབ་མཐའ་རིན་ཆེན་ཕྲེང་བ་དང་གྲུབ་མཐའ་ཆེན་མོ་རྩ་འགྲེལ་སྦྲགས་མའི་སྟེང་ནས་གྲུབ་མཐའ་སྤྱིའི་རྣམ་བཞག་དང་།ཕྱི་རོལ་གྲུབ་མཐའ་དགག་ཚུལ་རྫོགས་པའི་བར་རོ།།ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྔར་ལྟར་བྱེ་མདོ་སེམས་ཙམ་པ་གསུམ་དང་།དཔྱིད་ཆོས་དང་བོར་རང་རྒྱུད་པ་གཉིས་དང་།དཔྱིད་ཆོས་རྗེས་མར་ཐལ་འགྱུར་བའི་སྐོར་ཡོངས་རྫོགས་དང་།དབྱར་ཆོས་ཆེན་མོར་ཀུན་མཁྱེན་བླ་མའི་ས་ལམ་རྣམ་བཞག་གི་སྟེང་ནས་ས་ལམ་ཡོངས་སུ་རྫོགས་པའི་བར་རོ།།

གཞུང་གསར་བ་རྣམས་ཀྱིས་ལོ་དང་བོའི་དགུན་ཆོས་ཆེན་མོར་དོན་བདུན་ཅུ་ཡོངས་རྫོགས་དང་།དགེ་འདུན་ཉི་ཤུ་དངོས་བསྟན་ཤུགས་བསྟན་བཅས།དཔྱིད་ཆོས་དང་བོར་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་རྫོགས་པའི་བར་དང་།དཔྱིད་ཆོས་ཕྱི་མར་མཚོན་བྱ་དོན་ཡོངས་རྫོགས་དང་།དབྱར་ཆོས་ཆེན་མོར་ཤིང་རྟའི་སྲོལ་འབྱེད་དང་སྐྱེས་བུ་གསུམ་བཅས།ལོ་གཉིས་པའི་དགུན་ཆོས་ཆེན་མོར་བྱམས་གཞུང་དང་ཉན་ཐོས་ཞི་འཚོལ་མ་དང་བཅས།དཔྱིད་ཆོས་དང་བོར་གཅིག་དུ་བྲལ།དཔྱིད་ཆོས་ཕྱི་མར་མཁྱེན་གསུམ་དང་མྱང་འདས།དབྱར་ཆོས་ཆོས་འཁོར་དང་ཡང་དག་མཐའ།དགོས་སོགས་ཆོས་བཞི་རྗོགས་པའི་བར་རོ།

སྐབས་དང་བོའི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་རྟེན་འབྲེལ།ཀུན་གཞི་ཡན་ལག་ལྷག་མ་དང་བཅས་པ།དཔྱིད་ཆོས་དང་བོར་བཀའ་བསྟན་བཅོས།ཤེར་ཕྱིན།སེམས་བསྐྱེད།གདམས་ངག་སྤྱིར་བསྟན་བཅས།དཔྱིད་ཆོས་ཕྱི་མར་བདེན་གཉིས་བདེན་བཞི།དབྱར་ཆོས་ཆེན་མོར་སྐྱབས་གསུམ་ནས་གདམས་ངག་རྫོགས་པའི་བར་རོ།།

ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྦྱོར་ལམ་རིགས་དམིགས་པ་ཆེད་དུ་བྱ་བ་བཅས།དཔྱིད་ཆོས་དང་བོར་སྒྲུབ་པ་བཞི།དཔྱིད་ཆོས་ཕྱི་མར་སྐབས་གཉིས་པ་དང་གསུམ་པ།དབྱར་ཆོས་ཆེན་མོར་ལེགས་བཤད་སྙིང་བོའི་མཆོད་བརྗོད་དང་།རྣམ་ཐར་སྒོ་གསུམ་ནས་སེམས་ཙམ་པའི་སྐོར་རྫོགས་པའི་བར་རོ།།

སྐབས་བཞི་བའི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་སྐབས་བཞི་བའི་མགོ་ནས་ལམ་ཤེས་ཀྱི་རྣམ་པ་རྫོགས་པའི་བར་དང་།དཔྱིད་ཆོས་དང་བོར་རྣམ་མཁྱེན་གྱི་རྣམ་པ་རྫོགས་པའི་བར་དང་།དཔྱིད་ཆོས་ཕྱི་མར་སྣོད་དང་སྦྱོར་བའི་སྐྱོན་ཡོན་བཅས།དབྱར་ཆོས་ཆེན་མོར་མཚན་ཉིད་ནས་སྐབས་བཞི་བ་རྫོགས་པའི་བར་རོ།།

ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྐབས་ལྔ་བ་ཡོངས་རྫོགས།དཔྱིད་ཆོས་དང་བོར་སྐབས་དྲུག་པ།སྐབས་བདུན་པ།སྐབས་བརྒྱད་པའི་སྤྱིའི་རྣམ་བཞག་རྫོགས་པའི་བར་རོ།།དཔྱིད་ཆོས་ཕྱི་མར་ངོ་བོ་ཉིད་སྐུ་ནས་སྐབས་བརྒྱད་པ་རྫོགས་པའི་བར་རོ།།དབྱར་ཆོས་ཆེན་མོར་བསམ་གཟུགས་ཡོངས་སུ་རྫོགས་པའི་བར་རོ།།

དབུ་མའི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་ཟབ་རྒྱས་འཇུག་ཚུལ་ནས་སྙིང་རྗེ་རྫོགས་པའི་བར་དང་།དཔྱིད་ཆོས་དང་བོར་སའི་ཡོན་ཏན་གྱི་མགོ་ནས་རིང་སོང་རྫོགས་པར་བྱེད།དཔྱིད་ཆོས་རྗེས་མར་གྲུབ་དོན་ནས་སེམས་བསྐྱེད་གཉིས་པ་རྫོགས་པའི་བར་རོ།།དབྱར་ཆོས་ཆེན་མོར་སེམས་བསྐྱེད་གསུམ་པ་ནས་དགག་བྱ་ངོས་འཛིན་རྫོགས་པའི་བར་དང་།

ལོ་གཉིས་པའི་དགུན་ཆོས་ཆེན་མོར་ཐལ་ཟློག་ཡོངས་རྫོགས།དཔྱིད་ཆོས་དང་བོར་གཞན་སྐྱེས་དགག་ཚུལ་བདེན་གཉིས་ཡོངས་རྫོགས།དཔྱིད་ཆོས་ཕྱི་མར་དུས་གསུམ།ཆུ་འབབ།དབྱར་ཆོས་ཆེན་མོར་ཚད་འགོག་ནས་དབུ་མ་ཡོངས་སུ་རྫོགས་པའི་བར་རོ།།

མཛོད་ཀྱི་འཛིན་གྲྭས་ལོ་དང་བོའི་དགུན་ཆོས་ཆེན་མོར་གནས་དང་བོ་ཡོངས་རྫོགས།དཔྱིད་ཆོས་དང་བོར་གནས་གཉིས་པ་ཡོངས་རྫོགས།དཔྱིད་ཆོས་ཕྱི་མར་གནས་གསུམ་པ་ཡོངས་རྫོགས།དབྱར་ཆོས་ཆེན་མོར་གནས་བཞི་བ་ཡོངས་རྫོགས།ལོ་གཉིས་པའི་དགུན་ཆོས་ཆེན་མོར་གནས་ལྔ་བ་ཡོངས་རྫོགས།དཔྱིད་ཆོས་དང་བོར་གནས་དྲུག་པའི་དཀྱིལ་སྟོད།དཔྱིད་ཆོས་ཕྱི་མར་གནས་དྲུག་པའི་དཀྱིལ་སྨད།དབྱར་ཆོས་ཆེན་མོར་གནས་བདུན་པ་དང་བརྒྱད་པ་རྫོགས་པའི་བར་རོ།།

ཆོས་སྡེ་ཆེན་པོ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་རྒྱལ་མཚན་གྱི་ཏོག་ལྟ་བུའི་འདུལ་བའི་འཛིན་གྲྭའི་དགེ་བཤེས་རྣམས་ཀྱིས་རྩོད་མཚམས་ནི།ལོ་དང་བོའི་དགུན་ཆོས་ཆེན་མོར་འདུལ་བའི་མགོ་ནས་ཡུལ་གང་ལ་ནོད་པའི་བར་རྫོགས་པར་བྱེད།དཔྱིད་ཆོས་དང་བོར་གང་གིས་ནོད་པ་རྟེན་གྱི་ཁྱད་པར་ནས་ལས་ཆོག་རྫོགས་པའི་བར་དང་།དཔྱིད་ཆོས་ཕྱི་མར་བསླབ་པ་འབུལ་ཆོག་ནས་སྤང་ལྟུང་རྫོགས་པའི་བར་རོ།།དབྱར་ཆོས་ཆེན་མོར་འབའ་ཞིག་པ་ནས་ཕའི་རྣམ་འབྱེད་རྫོགས་པའི་བར་བྱེད།ལོ་གཉིས་པའི་དགུན་ཆོས་ཆེན་མོར་སྤྱིར་བསྟན་ཡོངས་རྫོགས་དང་།དཔྱིད་ཆོས་དང་བོར་གཞི་སྨད་ཀྱི་མགོ་ནས་གསོ་སྦྱོང་དུས་ཚིགས་དང་བཅས་པ་རྫོགས་པར་བྱེད།དཔྱིད་ཆོས་རྗེས་མར་དབྱར་དགག་སྲ་བརྐྱང་གསུམ་དང་།དབྱར་ཆོས་ཆེན་མོར་གོས་ཀྱི་གཞི་ནས་འདུལ་བ་ཡོངས་སུ་རྫོགས་པའི་བར་རོ།

སྨྲས་པ།ནམ་ཡང་གཡོ་མེད་བ༷ཀྲ་ཤིས༷་དགེ་མཚན་འབར།།མཁས་གྲུབ་དམ་པའི་འབྱུང་གནས་ཆོས༷་སྡེ་ཆེ།།བསྟན་འགྲོར་སྨན་པའི་ཕན་བདེའི་བསིལ་ལྡན་སྡིང༷ས།།སྲིད་ཞིའི་དཔལ་འབྱོར་ཕུན་ཚོགས་ཡོངས་གང་འདིར།།བཀའ་དྲིན་མཉམ་མེད་དམ་པའི་ཐུགས་བསྐྱེད་མཐུས།།ཐུབ་པའི་ལུང་རྟོགས་བསྟན་པའི་སྙིང་བོ་མཆོག།རྩོད་ལྡན་དུས་ནས་རྫོགས་ལྡན་དུས་ཇི་བཞིན།།བཤད་སྒྲུབ་ཉིན་བྱེད་འོད་ལྡན་ཅན་ཤར་མཚར།།ངོ་མཚར་རྨད་བྱུང་ཆོས་སྡེ་ཆེན་མོ་འདིའི།།བློ་གསལ་རིགས་སྨྲ་དཔྱོད་ལྡན་རྐང་དྲུག་ཚོགས།།ཐེག་ཆེན་ཆོས་ཀྱི་སྦྲང་རྩིར་ལོངས་སྤྱོད་ཚུལ།།མགྱོགས་བུལ་རན་པར་འདི་བཀོད་དགེ་ཚོགས་མཐུས།།བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ།།ཐེག་མཆོག་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ།།སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག།

ཅེས་པ་འདི་ཡང་ཆོས་སྡེ་ཆེན་པོ་བཀྲ་ཤིས་ཆོས་སྡིངས་ཞེས་ཡོངས་སུ་གྲགས་པའི་དགོན་སྡེ་འདིའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ནས་འཛིན་གྲྭ་རེ་རེའི་རྩོད་ཡིག་དགོས་ཚུལ་གྱི་ཞལ་བཀོད་མཛད་པ་ལྟར།བཙུན་གཟུགས་རབ་འབྱམས་པའི་མིང་འཛིན་དགེ་སློང་ཡེ་ཤེས་རྒྱ་མཚོས་བྲིས་པའོ།།

ཞེས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་རྩོད་ཡིག་འདི་ནི་སྡེ་འདིར་འཆད་ཉན་གསར་དུ་བཙུགས་པའི་སྐབས་དེར་དགེ་རྒན་རིན་པོ་ཆེ་ཧོར་ཆེན་ཡེ་ཤེས་རྒྱ་མཚོས་མཛད་པ་ཡིན་ནོ།

སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བརྩམས་པའི་དྷཱིཿཚ་དགོན་པའི་གདན་རབས་དཔག་བསམ་འཁྲི་ཤིང་ལས་བཤུས།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།