ཐེག་ཆེན་གསོ་སྦྱོང་གི་འགྲེལ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-05 07:18:29     རྩོམ་པ་པོ།   ཞང་སྟོན་བསྟན་པ་རྒྱ་མཚོ།    ཀློག་ཐེངས།  

༄༅།།རྣམ་དག་བསླབ་པའི་ཐེམ་སྐས་ལ། །བརྟེན་ནས་སྐུ་གསུམ་གཞལ་ཡས་སུ། །འཇུག་པའི་ཐབས་ཚུལ་རྒྱལ་བའི་གསུང་། །ཉུང་ངུའི་ཚིག་གིས་འགྲེལ་བར་བྱ། །དེ་ཡང་དོན་ཞགས་ཞིབ་མོའི་རྒྱུད་ནས་གསུངས་པའི་ཐེག་ཆེན་གསོ་སྦྱོང་གི་ཆོ་གའི་ཚིག་དོན་ཅུང་ཟད་འགྲེལ་བ་ལ།སྡོམ་པ་ལེན་པ་དངོས་དང་།  བསླབ་པ་བརྗོད་པ་དང་།  ཕན་ཡོན་དང་གསུམ།  དང་བོ་ལ་དཔེ་འགོད་པ་ནི།  སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།  ཞེས་པ་ནས།  ཆོས་དབྱིངས་དེ་བཞིན་ཉིད་ལ་སླར་མི་ལྡང་བར་གཤེགས་པ།  སྒྲིབ་གཉིས་ཀྱི་དགྲ་བཅོམ།  བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ།  མི་ཤེས་པའི་མུན་པ་སངས་ཤིང་།  ཤེས་བྱ་ཀུན་ལ་བློ་རྒྱས་པའོ། །དེ་ཇི་དང་འདྲ་ན།  འཁོར་བ་སྲིན་མོའི་གླིང་ནས་སྒྲོལ་བས་རྟ་ཅང་ཤེས་ལྟ་བུ་འགྲོ་དོན་གྱི་ཁུར་ཆེན་པོ་འཁྱེར་ཞིང་བདུད་ཀྱི་དཔུང་ཕམ་པས་གླང་པོ་ཆེ་རབ་བརྟན་ལྟ་བུ།སེམས་ཅན་གྱི་དོན་དུ་བསླབ་པ་གསུམ་གྱི་བྱ་བ་མ་ལུས་པ་བྱས་པས་ན། བྱ་བ་བྱས་པ།  སེམས་ཅན་གྱི་དོན་འབད་མེད་ལྷུན་འགྲུབ་ཏུ་བྱེད་པས་ན།  བྱེད་པ་བྱས་པ།  ཕུང་བོ་དང་ཉོན་མོངས་པ་དང་དམ་བཅས་པ་དང་།  སྦྱོར་བ་རྩོམ་པའི་ཁུར་བོར་བ།  སློབ་ལམ་གྱི་དཀའ་སྤྱད་ལྷུར་བླང་བས་ཆོས་སྐུའི་ཡོན་ཏན་ཐོས་པས་རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བར་བྱེད་པའི་འདོད་ཆགས་ཁོང་ཁྲོ་ང་རྒྱལ།  མ་རིག་པ།  ཐེ་ཚོམ།  ལྟ་བ།  མཆོག་འཛིན།  ཕྲག་དོག  སེར་སྣ་དགུ་པོ་ཡོངས་སུ་ཟད་པ།  ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པས་ཡང་དག་པའི་བཀའ།  སྒྲིབ་གཉིས་ཀྱི་འཆིང་བ་ལས་གྲོལ་བས་ལེགས་པར་རྣམ་པར་གྲོལ་བའི་ཐུགས།  སྒྲིབ་གཉིས་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་མཐར་ཐུག་མངའ་བས།  ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན།  སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་།  གནས་སྐབས་སུ་ཕན་པར་བྱ་བའི་ཕྱིར་དང་།  མཐར་ཐུག་གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་།   ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་སུམ་ཅུ་རྩ་བདུད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་།  བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ་ཞེས་པའོ། །རང་གི་སྡོམ་པ་ལེན་པར་དངོས་ནི།  བདག་འདི་ཞེས་བྱ་བས་ཀྱང་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ལེགས་པར་བླང་བར་བགྱིའོ། །ཞེས་དུས་ཚོད་བཟུང་སྟེ་སྡོམ་པ་བླང་བའོ། །གསོ་སྦྱོང་ཞེས་པའི་དོན་ནི།  དགེ་བ་གསོ་ཞིང་།  སྡིག་པ་སྦྱོང་བར་བྱེད་པས་ན་དེ་ལྟར་བྱའོ། །གཉིས་པ་བསྲུང་བྱའི་བསླབ་པ་བརྗོད་པ་ནི། གཞན་གྱི་སྲོག་མི་གཅོད་པ་དང་། གཞན་གྱི་ནོར་མཐུ་དང་འཇབ་བུ་དང་གཡོ་སྒྱུ་སོགས་ཀྱིས་མི་ལེན་པ་དང་།  འཁྲིག་པའི་ཆོས་མི་སྤྱོད་པ་དང་། རྫུན་གྱི་ཚིག་མི་སྨྲ་བ་དང་།   སྐྱོན་གྱི་གཞི་ཆང་མི་བཏུང་བ་དང་། གདན་ཁྲི་མཐོན་པོ་དང་།  རིན་ཐང་ཅན་གྱི་གདན་ཆེན་པོ་ལ་མི་འདུག་པ་དང་།  དུས་མ་ཡིན་པ་ཕྱི་དྲོའི་ཁ་ཟས་མི་ཟ་བ་དང་།  ལུས་ལ་དྲི་ཞིམ་པོ་སྐུད་པ་དང་།  རིན་པོ་ཆེའི་ཕྲེང་བ་དང་།  རྒྱན་ལ་སོགས་པ་དང་། གར་དང་གླུ་ལ་སོགས་པ་སྤངས་པར་བྱའོ།།  དེ་དག་ཇི་ལྟར་སྤངས་ན་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་དུས་རྟག་ཏུ་སྲོག་གཅོད་པ་ལ་སོགས་པ་བརྒྱད་པོ་མི་བྱེད་པར་ལྟར།  བདག་གིས་ཀྱང་དེ་བཞིན་དུ་སྤང་བྱ་བརྒྱད་པོ་དེ་དག་སྤངས་པར་བགྱིའོ། །དེའི་འབྲས་བུ་སྡུག་བསྔལ་མང་བོས་མནར་བའི་འཇིག་རྟེན་སེམས་ཅན་རྣམས་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་ཅིག  ཅེས་སྨོན་ལམ་བཏབ་པའོ། །ཚུལ་ཁྲིམས་རྣམ་དག་གི་སྔགས་དོན་ནི།  ཨོཾ་ནི་སྔགས་ཀྱི་མགོ་འདྲེན་དང་། ཨ་མོ་གྷ་ནི་དོན་ཡོད་པ།  ཤི་ལ་ཚུལ་ཁྲིམས།  སཾ་བྷ་ར་ཚོགས།  བྷ་ར་བྷ་ར་རྒྱས་པ་རྒྱས་པ།  མ་ཧཱ་ཆེན་པོ།  ཤུད་དྷ་དག་པ།  སཏྭ་ནི་སེམས་དཔའ།  པད་མ། བི་ནི་རྣམ་པར།  བྷུ་ཥཱིཏ་བརྒྱན་པ།  བྷུ་ཛ་ཕྱག  དྷ་ར་དྷ་ར།འཛིན་པ་འཛིན་པ།  ཨ་ཝ་ལོ་ཀེ་ཏེ་་ནི་ཀུན་ནས་གཟིགས་པའོ། །

གསུམ་པ་ཕན་ཡོན་ལ།  སྤྱིར་མཐའ་ཡས་ཀྱང་།  བྱེ་བྲག་ཏུ་སྲོག་གཅོད་སྤངས་པའི་ཕན་ཡོན་ནི།  ཚེ་རབས་ཐམས་ཅད་དུ་ཚེ་རིང་བ་དང་།  ནད་མེད་པ་དང་།  གཟི་བརྗིད་རྒྱས་པར་འགྱུར་རོ། །མ་བྱིན་པར་ལེན་པ་སྤངས་པས།  ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་།  འཁྲིག་སྤྱོད་སྤངས་པས་ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་ཤིང་དབང་པོ་ཚང་བར་འགྱུར།  རྫུན་སྤངས་པས་གཞན་གྱིས་མི་བསླུ་ཞིང་།  དེའི་ངག་ལ་ཐམས་ཅད་ཀྱིས་བརྩི་བར་འགྱུར།  ཆང་སྤངས་པས་དྲན་ཤེས་བརྟན་པ་དང་།ཤེས་རབ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར།  ཁྲི་སྟན་ཆེ་མཐོ་སྤངས་པས་གཞན་གྱིས་བསྟོད་ཅིང་བཀུར་བ་དང་།  མལ་སྟན་བཟང་ཞིང་བཞོན་པ་མང་བར་འགྱུར།  དུས་མིན་པའི་ཟས་སྤངས་པས་ལོ་ལེགས་ཤིང་བཟའ་བཏུང་འབད་མེད་དུ་འབྱུང་།  དྲི་དང་ཕྲེང་བ་དང་རྒྱན་སྤངས་པས་ལུས་ལ་དྲི་ཞིམ་འབྱུང་བ་དང་།  མཚན་བཟང་དུ་མ་དང་ལྡན་པ་དང་།  གར་སོགས་སྤངས་པས་ཚེ་རབས་ཀུན་ཏུ་ཤེས་རྒྱུད་དུལ་བ་དང་།  ངག་ཆོས་ཀྱི་སྒྲ་རྒྱུན་མི་འཆད་དུ་སྒྲོགས་པར་འགྱུར་རོ། །དེ་དག་ནི་ཡན་ལག་བརྒྱད་པའི་ཕན་ཡོན་ཡིན་ལ།  སྤྱིར་སྨྱུང་གནས་ཀྱི་ཕན་ཡོན་མཐའ་ཡས་ཤིང་མུ་མེད་པ་ཞིག་གསུངས་པ་རྣམས་ནི་གུང་ཐང་འཇམ་པའི་དབྱངས་ཀྱིས་ཟུར་རྒྱན་སོགས་ཡིག་ཆ་ཐམས་ཅད་ལས་་་་གསུངས་པ་ལྟར་ལ།  དེ་ཐམས་ཅད་གཙོ་བོར་གཟུངས་ཀྱི་ཕན་ཡོན་ཡིན་པར་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་སོ། །

སྨྱུང་གནས་ནི་ཉིན་ཞག་གཅིག་ཁ་ཚང་དགོས་པས།  ཁ་སང་གི་གསོ་སྦྱོང་ལེན་དུས་ལ་མ་སླེབ་པར་ཐོར་ཐུག་འཐུང་བ་གཏན་ནས་མི་རུང་ངོ་། །དེ་བཞིན་དུ་གུང་ཚིགས་ཀྱང་ཉིན་གུང་ཕན་ཆད་ཟོས་ན་ཉེས་དམིགས་མ་གཏོགས་ཕན་ཡོན་གཏན་ནས་མེད་དོ། །གཟུངས་རིང་གི་བྷྱུ་ཧ་ར་ཛ་ཡ་ཞེས་པ་འདི་ལ།  བྷ་ཡུ་ཧ་ར་ཛཱ་ཡ་ཞེས་འདོན་དགོས་པར་བླ་མ་དམ་པ་རྣམས་ཀྱིས་གསུངས་སོ། །ཕན་སེམས་བསམ་པ་དཀར་པོའི་རྔ་ཡབ་རྩེས། །ལེགས་པར་བཤད་པའི་ཆུ་ཐིགས་ཙམ་བླངས་ནས། །སྐལ་ལྡན་རྣམས་ལ་བསང་གཏོར་བགྱིས་པ་འདི། །རྣམ་གྲོལ་མཆོག་གི་རྒྱ་མཚོར་སྨིན་གྱུར་ཅིག། །  ། །ཅེས་པ་འདི་ནི་འཕགས་མཆོག་ཕྱག་ན་པད་མོའི་སྨྱུང་གནས་ལ་གཞོལ་བའི་དགེ་སློང་དད་འདུན་བརྩོན་པ་དང་ལྡན་པའི་སྨན་པ་བློ་བཟང་བསྟན་འཛིན་གྱིས་ལྷ་རྫས་བཅས་བསྐུལ་ངོར།  དགེ་སློང་བསྟན་པ་རྒྱ་མཚོས་ཆོ་འཕྲུལ་གྱི་དུས་ཆེན་ལ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་ལུང་རྟོགས་རྒྱ་་མཚོའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།