༄༅།།བསྙེན་གནས་ཡན་ལག་བརྒྱད་པའི་འབོགས་ཆོག་ཕན་ཡོན་དང་བཅས་པ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-05 07:17:07     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

༄༅།།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་བསྙེན་གནས་ཡན་ལག་བརྒྱད་པའི་ཁྲིམས་འབོགས་པའི་ཚུལ་ནི། སྟེགས་མཐོན་པོར་སྟོན་པའི་སྐུ་བརྙན་བཞུགས་སུ་བཅུག  དེའི་མདུན་དུ་ཆུ་མཆོད་བདུན་ཚར་དང་མར་མེ་བཅས་བཤམས།ལེན་པ་བོ་ཁྱིམ་པ་ཕོ་མོ་གང་ཡང་རུང་བས། ནམ་ལངས་ནས་ཉི་མ་མ་ཤར་བའི་སྔོན་ཟས་མ་ཟོས་གོང་དུ། ཁྲུས་བྱས་ཤིང་ལྷམ་ཕུད་དེ་ལེན་ཡུལ་གྱིས་མདུན་དུ་འཁོད་པ་ལ། ཁྱོད་ཀྱིས་བསྙེན་གནས་ཀྱི་སྡོམ་པ་ལེན་པའི་ཆེད་དུ་སྐུ་གཟུགས་འདི་ལ་བསྟན་པའི་བདག་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་གསུམ་འཚལ། ཞེས་སྟོན་པ་ལ་ཕྱག་འཚལ་དུ་གཞུག བསྙེན་གནས་ཀྱི་སྡོམ་པ་ལེན་པའི་དོན་དུ་ང་ལ་ཡང་ཕྱག་གསུམ་འཚོལ། ཞེས་རང་ལ་ཕྱག་འཚལ་དུ་བཅུག་པའི་རྗེས་སུ། ཙོག་ཙོག་པུར་ཐལ་མོ་སྙིང་ཀར་སྦྱར་ནས་འདུག་ཏུ་ཆུག་ལ།

འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་འདུག་པས་དེ་ལས་ཐར་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ལ་ལེགས་པར་སྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད།ཅེས་བརྡའ་སྤྲད།

བཙུན་པ་དགོངས་སུ་གསོལ།བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ།

གཉིས་པའི་ཡང་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། ཞེས་པ་ནས་བཙུན་པས་བཟུང་དུ་གསོལ་ཞེས་པའི་བར་སྔར་བཞིན་རྗེས་ཟློས་བྱེད་དུ་བཅུག་ནས། གསུམ་པ་འདི་ལ་དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད་པ། བསྙེན་ནས་ཡན་ལག་བརྒྱད་པར་ཞེས་པ་བདག་བརྗོད་པ། བཙུན་པས་གཟུང་དུ་གསོལ་ཞེས་པ་གཞན་བརྗོད་པ་ཡིན་པས།བདག་བརྗོད་རྫོགས་པ་དང་ཁྱེད་ཀྱི་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ། ང་ཁྱོད་ཀྱི་སློབ་དཔོན་དུ་འགྱུར་བས་དེ་དུས་སྡོམ་པ་ཐོབ་པར་ཤེས་པ་དང་། སློབ་དཔོན་དུ་གྱུར་ནས་སློབ་དཔོན་ཞེས་བརྗོད་དགོས་བས་དེ་རྣམས་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་གྱིས།ཞེས་སྔར་བཞིན་རྗེས་ཟློས་བྱེད་དུགཞུག  རྗེས་ཟློས་གསུམ་པའི་ཡན་ལག་བརྒྱད་པར་ཞེས་པའི་སྐབས་སུ་སེ་གོལ་གཏོགས་ལ། སློབ་དཔོན་གྱིས་གཟུང་དུ་གསོལ།ཞེས་རྗེས་ཟློས་བྱེད་དུ་བཅུག དེ་ཁྱོད་བསྙེན་གནས་སུ་བསྒྲུབ་པའི་ཐབས་ཡིན་ནོ། །ཞེས་རང་གིབརྗོད་ལ། བསྒྲུབ་བྱ་ལ། ལེགས་སོ། །ཞེས་བརྗོད་དུ་བཅུག 

དེ་ནས་སློབ་དཔོན་གྱིས་བསྙེན་གནས་ཀྱི་སྡོམ་པ་བླངས་པ་ཙམ་གྱིས་མི་ཆོག་པར་ལེགས་པར་བསྲུང་དགོས་པས་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུངས་པ་བཞིན་བདག་གིས་ཀྱང་ལེགས་པར་བསྲུང་པར་བྱའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྤྲད་དེ་བསླབ་པ་བརྗོད་པ་ནི།སློབ་དཔོན་དགོངས་སུ་གསོལ།ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་མ་བྱིན་པར་ལེན་པ་དང་།མི་ཚངས་སྤྱོད་པ་དང་།རྫུན་དུ་སྨྲ་བ་དང་།འབྲུའི་ཆང་དང་།བཅོས་མའི་ཆང་དང་།མྱོས་པར་འགྱུར་བ་བག་མེད་པའི་གནས་དང་།གླུ་གར་དང་།རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུགས་དང་། རྒྱན་དང་ཁ་དོག་འཆང་པ་དང་།ཁྲི་སྟན་མཐོན་པོ་དང་།ཁྲི་སྟན་ཆེན་པོ་དང་།དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ།དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་།རྫུན་དུ་སྨྲ་བ་དང་།འབྲུའི་ཆང་དང་།བཅོས་མའི་ཆང་དང་།མྱོས་པར་འགྱུར་བ་བག་མེད་པའི་གནས་དང་།གླུ་གར་དང་།རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུགས་དང་། རྒྱན་དང་ཁ་དོག་འཆང་པ་དང་།ཁྲི་སྟན་མཐོན་པོ་དང་ནི་ཁྲི་སྟན་ཆེན་པོ་དང་།དུས་མ་ཡིན་འི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པར་བགྱིའོ། །

ཡན་ལག་བརྒྱད་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། ། རྗེས་སུ་བགྱིད་དོ། །ཞེས་རྗེས་ཟློས་བྱེད་དུ་བཅུག་ལ། རང་གིས། ཐབས་ཡིན་ནོ། །ཞེས་བརྗོད་ཅིང་སློབ་མས།ལེགས་སོ། །ཞེས་བརྗོད་དུ་བཅུག

དེ་ནས།བསྙེན་གནས་ཀྱི་སྡོམ་པ་ལན་རེ་ཙམ་བསྲུང་པ་ལའང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་གསུངས་པས། མི་དགེ་པ་ལ་འཛེམ་གང་ཐུབ་དང་། དགེ་བའི་ཕྱོགས་སྒྲུབ་གང་ཐུབ་ལ་འབད་ན་འདི་ཕྱིའི་དོན་ཐམས་ཅད་ལེགས་པར་འགྲུབ་པས་འབད་པར་འཚལ།ཞེས་བརྗོད་ལ་ཕྱག་གསུམ་འཚལ་དུ་བཅུག་ནས་རང་གནས་སུ་བཏང་པར་བྱའོ། ། 

འདིའི་ལག་ལེན་གྱི་རིམ་པ་ནི།བདག་མིང་འདི་ཞེས་བགྱི་བ་ཞེས་པའི་སྐབས་སུ།བསྒྲུབ་བྱ་རང་རང་གི་མིང་ནས་སྨོས་དགོས་ཤིང་།བསྒྲུབ་བྱ་གཉིས་ཡོད་ན་སློབ་དཔོན་གྱིས་ཁྱེད་ཅག་ཅེས་དང་།གསུམ་ཡན་ཆད་ཡོད་ན་ཁྱེད་རྣམས་ཞེས་བརྗོད་དགོས་སོ༎ཇི་སྲིད་འཚོའི་བར་དུ་ཉ་སྟོང་ཚེས་བརྒྱད་ལ་གནས་པར་ཁས་ལེན་ན་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་པའི་ཚབ་ཏུ།ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་བརྒྱད་གསུམ་ལ་ཞེས་བརྗོད་དགོས།དེ་བཞིན་དུ་ཟླ་བ་ཐམས་ཅད་ཀྱི་བཅོ་ལྔའི་ཉིན་གཅིག་པུ་ལེན་འདོད་ན་ཚེས་གྲངས་དེ་ཉིད་བཅོ་ལྔའི་ཉིན་ཡིན་ན་ནི། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་ལ་ཞེས་དང་།ཚེས་བཞི་དང་ཉེར་གཉིས་ལྟ་བུའི་ཚེས་གྲངས་གཞན་ལ་ཇི་སྲིད་འཚོ་བའི་བར་གྱི་ཉ་སྟོང་བརྒྱད་གསུམ་ལ་ཁས་ལེན་ན་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དང་།ཟླ་བ་བྱུང་ངོ་ཅིག་གི་ཉ་སྟོང་བརྒྱད་གསུམ་ལ་ཞེས་དང་། དེ་བཞིན་དུ་ཚེས་གྲངས་གཞན་ལའང་སྦྱོར་ཚུལ་ཤེས་པར་བྱའོ། །

ཟླ་བ་ཐམས་ཅད་ཀྱི་ཚོས་བརྒྱད་དང་བཅོ་ལྔ་གཉིས་ཀར་ཁས་ལེན་ན།ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་བཅོ་ལྔ་ལ་ཞེས་དང་།ས་ག་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ལྟ་བུ་ལ་ཁས་ལེན་ན།དུས་འདི་ནས་བཟུང་སྟེ་ཚེས་བཅོ་ལྔའི་བར་གྱི་ཉིན་ཞག་རེ་རེ་ལ་ཞེས་བརྗོད་དགོས་ཤིང་།བསླབ་པ་བརྗོད་པའི་སྐབས་སུ་ཡང་སྔར་དངོས་གཞི་ཆོ་ག་ལན་གསུམ་ཟློས་པའི་སྐབས་སུ་ཚེས་གྲངས་ཇི་ལྟར་བརྗོད་པ་དེ་ལྟར་བརྗོད་དགོས་སོ། །

དེ་ཡང་བསྙེན་གནས་ཡན་ལག་བརྒྱད་པ་འདི་ནི་ཉིན་ཞག་མཐའ་ཅན་གྱི་སྡོམ་པ་ཡིན་པས།ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་ལྟ་བུ་ལ་ཁས་བླངས་ན་གསར་དུ་ཁས་བླངས་པའི་བཅོ་ལྔའི་ཉིན་གྱི་སྡོམ་པ་ནི་བཅུ་དྲུག་གི་ཉི་མ་ཤར་བ་ན་གཏོང་ཡང་། ཟླ་བ་ཕྱི་མ་རྣམས་ཀྱི་ཚེས་བཅོ་ལྔའི་ཉིན་བསྙེན་གནས་ཀྱི་སྡོམ་པ་གསར་དུ་ཐོབ་པ་ནི་སྔར་གྱི་ཁས་བླངས་ཀྱི་དབང་གིས་ཡིན་ནོ། །

དེའི་ཕྱིར་ལུང་འབོགས་ཀྱི་གཞི་ལས། ཉིན་པར་གཞན་གྱི་སྲོག་བཅད་ཀྱང་། །མཚན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ཞེས་དང་། མཚན་མོ་བྱི་བོ་བྱེད་པས་མྱོས། །ཉིན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ཞེས་སོགས་ཀྱི་ཤན་པ་དང་།བྱི་བོ་བྱེད་པ་དག་གིས་ཉིན་མོ་ཙམ་དང་མཚན་མོ་ཙམ་གྱི་བསྙེན་གནས་ཀྱི་སྡོམ་པ་འཕགས་པ་ཀ་ཏྱ་ན་ཆེན་པོ་ལས་བླངས་པར་གསུངས་པ་ནི་ལེགས་པར་སྤྱད་པ་ཙམ་ཡིན་གྱིས་བསྙེན་གནས་ཀྱི་སྡོམ་པ་་་་མཚན་ཉིད་པ་མིན་པར་མཛོད་འགྲེལ་ལས་གསུངས་སོ། །

གཏོང་རྒྱུ་ནི་མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང་། །ཞེས་སོགས་གསུངས་པ་ལྟར་རོ། །

ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བསྙེན་གནས་ཕོག་པར་འདུལ་བ་ལས་གསུངས་པས།བསྙེན་གནས་ཀྱི་སྡོམ་པ་སྟེར་པ་པོ་ནི།དགེ་ཚུལ་སློང་མ་ཟད་དགེ་བསྙེན་གྱིས་ཀྱང་རུང་ལ། གཞན་ལ་སྦྱིན་པ་ལ་རང་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་རྒྱུན་ཡོད་མི་དགོས་ཤིང་དེར་མ་ཟད།དགེ་ཚུལ་སློང་གིས་བསྙེན་གནས་ཡན་ལག་བརྒྱད་པ་བླང་ཡང་མི་རུང་ངོ་།།

བསྙེན་གནས་འདི་ཐེག་ཆེན་གསོ་སྦྱོང་དང་མི་འདྲ་བས།ཕྱི་དྲོའི་ཁ་ཟས་མ་གཏོགས་ནང་བར་ཡང་ཟས་ཟོས་ཆོག་ཅིང་། གུང་ཚིགས་སོགས་ཟས་དཀར་གསུམ་ཁོ་ན་ལ་བརྟེན་མི་དགོས། དགེ་ཚུལ་སློང་བཞིན་ནོ༎

ཐེག་ཆེན་གསོ་སྦྱོང་དང་འདི་གཉིས་ཀྱི་སྤང་བྱ་བརྒྱད་ཡིན་པ་འདྲ་ཡང་།  ཐེག་ཆེན་གསོ་སྦྱོང་ནི་དགེ་ཚུལ་སློང་གིས་ཀྱང་བླང་ཆོག་པ་དང་།བླ་མའི་དྲུང་དུ་སྔར་ལན་གཅིག་ཐོབ་ན། ཕྱིས་སུ་རྟེན་གྱི་དྲུང་ནས་ཀྱང་བླངས་རུང་བ་ལ་སོགས་པའི་ཁྱད་པར་ཤིན་ཏུ་ཆེའོ། །

བསྙེན་གནས་ཡན་ལག་བརྒྱད་པ་འདི་རྟེན་གྱི་དྲུང་དུ་བླངས་ན་མི་སྐྱེས་པས། དེས་བར་དུ་དགེ་བསྙེན་ཡན་ཆད་ཆོ་ག་བློ་ནས་ཐོན་པ་ཞིག་གི་དྲུང་དུ་སྟན་དམའ་བ་ལ་འདུག་ཅིང་ནར་མ་མ་གཏོགས་པའི་གོས་གསར་བས་མི་བརྒྱན་པར་སློབ་དཔོན་གྱི་རྗེས་བཟླས་བྱས་ནས་ནོད་དགོས་ཏེ། མཛོད་ལས། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ལངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་བར་གཞན་ལས་ནོད་པར་བྱ། །ཞེས་དང་།རང་འགྲེལ་ལས།གཞན་ལས་ནོད་པར་བྱའི་བདག་ཉིད་ཀྱི་ནི་མ་ཡིན་ཏེ།ཞེས་དང་།ལས་བརྒྱ་རྩ་གཅིག་གི་རྣམ་བཤད་ལས། སྐབས་གང་ཡིན་གྱི་ཆོ་ག་དེ་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པ་དགོས་ཏེ།ཞེས་དང་།དཔེ་ཀློག་གི་ཆོ་ག་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར།

བསྙེན་གནས་ཀྱི་སྡོམ་པ་བསྲུངས་བའི་ཉིན་དེར་རྩ་བ་བཞི་དང་། ཆང་འཐུང་བ་དང་ཉིན་གུང་ཕན་ཆད་ཟས་ཟ་བ་དང་། གླུ་ལེན་གར་རྩེད་སོགས་སྤང་དགོས་པ་བསླབ་པ་བརྗོད་པའི་སྐབས་ལྟར་རོ། །

འདིའི་འབོགས་ཆོག་འདུལ་བ་ལུང་སྡེ་བཞི་གང་ལས་ཀྱང་མ་གསུངས་ལ། བྲམ་ཟེ་གནས་འཇོག་གི་མདོ་ལས་གསུངས་ཏེ། མདོ་དེ་ཉིད་ལས། གནས་འཇོག་གིས་གསོལ་བ།གོ་ཏ་མ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་ཞེས་བགྱི་བ་དེ་གང་ལགས། གོ་ཏ་མ་ཇི་ལྟར་ན་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་བསྙེན་པས་ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར། གནས་འཇོག  རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་པར་འདོད་པས་ནང་བར་ལངས་ནས་དགེ་སློང་ངམ།བྲམ་ཟེའམ།གཞན་གང་ཡང་རུང་།ཤེས་པ་ཞིག་གི་དྲུང་དུ་སོང་སྟེ།བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ་ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ་བརྗོད་པར་བྱ་སྟེ།བདག་མིང་ཆེ་གེ་མོ་ཞེས་བགྱིས་པ་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་སླར་ལོག་སྟེ། ཞེས་པ་ནས། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །དེ་ལྟར་ལན་གཉིས་ལན་གསུམ་དུའོ། །གནས་འཇོག  འདི་ནི་འཕགས་པའི་ཡན་ལག་བརྒྱད་པ་དང་ལྡན་པའི་བསྙེན་གནས་ཡིན་ཏེ། དེ་ལྟར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་ནི་ལྷ་དང་མིའི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར་རོ། །གནས་འཇོག  ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་གྱིས་ཤིག  ཅེས་གསུངས་སོ། །

བསྙེན་གནས་བསྲུངས་པའི་ཕན་ཡོན་ནི། མདོ་དེ་ཉིད་ལས། གནས་འཇོག  ཇི་ལྟར་ན་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པའི་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་དེའི་བསོད་ནམས་འདི་ཙམ་མོ་ཞེས་བསོད་ནམས་སམ།བསོད་ནམས་ཀྱི་འབྲས་བུའམ།བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་བཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་མང་ངོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གནས་འཇོག དཔེར་ན་ཆུ་བོ་ཆེན་པོ་ལྔ་བོ་གཅིག་ཏུ་གཞོལ་པས་འབབ་པ་ནི་འདི་ལྟ་སྟེ། གང་གཱ་དང་། པ་མུན་དང་། མཚོ་ལྡན་དང་།ཁྱིམ་ལྡན་དང་།ཞེས་པ་ནས།གང་ཞིག་གང་གི་ཆེ་ཐབས་ལ་མཁས་པ་གང་གིས་རྒྱ་མཚོ་ཆེན་པོའི་ཆུ་འདི་ཙམ་སྟེ། ཆུ་བུམ་པ་བརྒྱའམ་ཆུ་བུམ་པ་སྟོང་ངམ། བུམ་པ་བརྒྱ་སྟོང་ཞེས་ཚད་བཟུང་བར་ནུས་སྲིད་ཀྱི།གང་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པའི་བསོད་ནམས་འདི་ཙམ་ཞེས་བསོད་ནམས་སམ།བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་བཟུང་བར་མི་ནུས་ཏེ།ཞེས་ཆུ་བོ་ཆེན་པོ་ལྔ་དང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཐབས་ལ་མཁས་པས་གཞལ་ན་བུམ་ཚད་ཀྱིས་གཞལ་བར་ནུས་པའང་སྲིད་ཀྱི།ཉིན་ཞག་གཅིག་ལ་བསྙེན་གནས་ཡན་ལག་བརྒྱད་བའི་སྡོམ་པ་བླངས་པའི་བསོད་ནམས་ཀྱི་འབྲས་བུ་ནི་ཚད་མེད་པར་གསུངས་ཤིང་། ཡང་གནས་འཇོག་གི་མདོ་ལས། དེ་ནས་བཅོམ་ལྡན་འདས་བྲམ་ཟེ་གནས་འཇོག་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀོོ་ཏ་མ།འདི་ལ་སྐྱེས་བུ་གཉིས་ཤིག་ལས།དེ་གཅིག་གིས་ཇི་སྲིད་འཚོའི་བར་དུ་སྦྱིན་པ་སྩལ་བ་དང་། གཉིས་པས་ཀྱང།ཇི་སྲིད་འཚོའི་བར་དུ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་དེ་གཉིས་ལས་བཅོམ་ལྡན་འདས་ཁྱད་པར་གང་ཆེ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གནས་འཇོག འདི་ལ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་དང་།སྦྱིན་པ་བཏང་བ་གཉིས་མཉམ་པ་མ་ཡིན་ཏེ། གནས་འཇོག དཔེར་ན། འཛམ་བུ་གླིང་འདིར་དགྲ་བཅོམ་པ་ཟག་པ་ཟད་པ་ནས། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱིས་གང་བར་གྱུར་པ་དེ་དག་ལ་གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞིག་གིས་ཇི་སྲིད་འཚོའི་བར་དུ་འདི་ལྟ་སྟེ་ཡུལ་ཆེན་པོ་བཅུ་དྲུག  ཝ་ཨང་ཀ་དང། མ་ག་དཱ་དང་།ཀ་ཤི་དང་།བྲི་ཛི་དང་།མ་ལ་དང་།བུན་ཏྲ་དང་།སྲེག་པ་དང་།ཀཱ་མཱ་དང་།ཨ་བན་ཏི།ཀུ་རུ་དང་།ལྔ་ལེན་དང་བང་བ་དང་།དཔལ་སྡེ་དང་།ཡ་བ་ན་དང་།ཀམ་པོ་རྣམས་སུ་འདི་ལྟ་སྟེ།རིན་པོ་ཆེ་རྡོ་རྗེ་དང་།མར་གད་དང་།པད་མ་རཱ་ག་དང་།ཨིནྜི་ནི་ལ་དང་།མཐོན་ཀ་ཆེན་པོ་དང་།ནོར་བུ་དང་།མུ་ཏིག་དང་།བཻདཱུཪྻ་དང་།ཤིང་ཀ་ཤི་ལ་དང་།བྱི་རུ་དང་།དངུལ་དང་། ས་ལེ་སྦྲམ་དང་།རྡོ་ཡི་སྙིང་བོ་དང་། སྦུག་དང་།མུ་ཏིག་དམར་པོ་དང་།དུང་གཡས་སུ་འཁྱིལ་བ་རྣམས།བརྩོན་འགྲུས་ཀྱི་སྟོབས་བསྐྱེད།དངུལ་ཞིང་དྲི་མ་ཆགས་ཆགས་སུ་ལག་པའི་མཐུས་བསྒྲུབས།ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་དེ་དག་དང་།ཡོ་བྱད་དང་།ཆོས་གོས་དང་ཟས་དང་།མལ་ཆ་དང་།ནད་ཀྱི་རྐྱེན་གྱི་གསོས་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་གཉིས་པས་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ལ་སྔ་མ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་བོ་དེས་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་བོ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་སྟེ།གནས་འཇོག  འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན།དེ་ལྟར་མཐུ་ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན། ཞེས་འཛམ་བུ་གླིང་གང་བའི་དགྲ་བཅོམ་པ་ལ་ཇི་སྲིད་འཚོའི་བར་དུ་རིན་པོ་ཆེ་སྣ་ཚོགས་ཕུལ་ཞིང་།ཡོ་བྱད་དང་ཆོས་གོས་དང་།ཞལ་ཟས་དང་།མལ་ཆ་དང་།སྨན་བཟང་བ་ལ་སོགས་པ་ཕུལ་ཏེ།བསྙེན་བཀུར་བྱས་པའི་སྦྱིན་པའི་བསོད་ནམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་ལན་གཅིག་བསྲུངས་པའི་བསོད་ནམས་ཀྱི་ཆ་ཁྲི་ཕྲག་སོགས་སུ་བགོས་པའི་ཆ་གཅིག་ལའང་འགྲན་པར་མི་ཆུས་པར་གསུངས་སོ། །

བྱམས་པ་ལུང་བསྟན་པའི་མདོ་ལས་ཀྱང་། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་། །ཆོ་འཕྲུལ་པ་ཡི་ཟླ་བ་ལ། །ཡན་ལག་བརྒྱད་ལེགས་མཉམ་བཞག་ཅིང་། །བསྙེན་གནས་གསོ་སྦྱོང་བྱས་ན་ནི། །ང་ཡི་བསྟན་ལ་ལྷགས་སོ་ཞེས། །དོན་འདིར་རབ་ཏུ་གསུང་བར་འགྱུར། །ཞེས་ད་ལྟ་བསྙེན་གནས་ཡན་ལག་བརྒྱད་པ། ཡར་ངོས་ཚེས་བརྒྱད་དང་།བཅོ་ལྔ་དང་།གནམ་སྟོང་དང་།ཆོ་འཕྲུལ་གྱི་དུས་ཆེན་ལྟ་བུའི་ཉིན་ཞག་གང་ཡང་རུང་བ་ལ་བླངས་ན། རྗེ་བཙུན་བྱམས་པའི་བསྟན་པ་དང་མཇལ་ཏེ་འཕགས་ལམ་ཐོབ་པར་གསུངས་ཤིང་།མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་། ད་ལྷ་བསྙེན་གནས་གཙང་མ་ལན་གཅིག་བསྲུངས་ན་སངས་རྒྱས་བྱམས་པའི་བསྟན་པ་དེའི་འཁོར་དུ་སྐྱེས་ནས་འཕགས་པ་ཐོབ་པར་གསུངས་ཞེས་གསུངས་སོ། །

ལྷའི་དབང་བོ་བརྒྱ་བྱིན་གྱིས།ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། ཀོའུ་ཤི་ཀ  ཁྱེད་དེ་སྐད་མ་ཟེར་ཅིག  ཟླ་བ་ཡར་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། ཞེས་བསྙེན་གནས་བསྲུངས་པའི་ཕན་ཡོན་ནི་སངས་རྒྱས་རང་ཉིད་དང་འདྲ་བར་འགྱུར་བར་གསུངས་ལ།ཀུན་ཏུ་རྒྱུ་སེན་རིང་གི་མདོ་ལས།བཅོམ་ལྡན་འདས་ཉིད་ཀྱི་དབུའི་གཙུག་ཏོར་ལ་སོགས་པའི་མཚན་བཟང་རྣམས་ཀྱང་སྲོག་གཅོད་པ་སྤང་བ་ལ་སོགས་པའི་ཡན་ལག་བརྒྱད་བསྲུངས་པའི་འབྲས་བུ་ཡིན་པར་གསུངས་སོ། །བསྙེན་གནས་བསྲུངས་པའི་ཉིན་དེར། དགེ་བ་བྱས་ན་ལྷག་པར་ཡང་ཕན་ཡོན་ཆེ་སྟེ། ཐུབ་བསྟན་རིན་པོ་ཆེ་བྱི་དོར་ལས།ཁྱིམ་པ་ཡིན་ཀྱང་བསྙེན་གནས་ཀྱི་སྡོམ་པ་ལ་མི་གནས་པའི་ཚེ།མར་མེ་བརྒྱ་སྟོང་ཕྲག་གིས་དཀོན་མཆོག་ལ་མཆོད་པའི་བསོད་ནམས་ལས། བསྙེན་གནས་ཀྱི་སྡོམ་པ་ལ་གནས་ནས་མར་མེ་གཅིག་གིས་མཆོད་པ་བསོད་ནམས་ལྷག་པ་སོགས་སུ་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །

ལྷག་པར་སྙིགས་མ་ལྔ་བདོ་བའི་དུས་འདིར་ཉིན་ཞག་གཅིག་ཙམ་ལ་བསླབ་པ་བསྲུངས་པའི་ཕན་ཡོན་ཡང་ཤིན་ཏུ་ཆེ་སྟེ།མདོ་ཏིང་ངེ་འཛིན་རྒྱལ་བོ་ལས།བསྐལ་བ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེ་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཕྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པས་སོ། །

དེ་ལྟར་མདོ་རྣམས་ལས་བསྙེན་གནས་ཡན་ལག་བརྒྱད་པ་ཉིན་ཞག་གཅིག་ཙམ་ལ་བསྲུངས་པའི་ཕན་ཡོན་ཡང་མཐའ་ཡས་པ་ཞིག་གསུངས་པ་ལ་ཡིད་གཉིས་མི་བྱ་སྟེ། ལུང་ཕྲན་ཚེགས་ལས།ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོས་རྫུན་གསུངས་འགྱུར་བ་སྲིད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

དེའི་ཕྱིར་དགེ་ཚུལ་སློང་རྣམས་ཀྱིས་ཀྱང་རང་རང་གི་ཕ་མ་དང་།ཉེ་འབྲེལ་རྣམས་དང་།རང་ལ་དྲིན་ཆེ་བ་རྣམས་དང་།སྐྱེ་བོ་ཕོ་མོ་གཞན་དག་ལ་ཡང་ཕན་ཆེན་པོ་ཞིག་འདོགས་པར་འདོད་ན།ཕན་འདོགས་རྒྱུ་མ་ལོག་པར། སྟོན་པ་ཐུགས་རྗེ་ཅན་གྱིས་ཕན་ཆེན་པོ་འདོགས་བྱེད་ཀྱི་ཐབས་བསྟན་པ།འདི་ལྟ་བུའི་སྒོ་ནས་ཕན་བཏགས་ན།སྐྱེ་བོ་དེ་དག་འཁོར་བ་མཐའ་ཅན་དུ་བྱས་པ་ཡིན་པས་ཕན་འདོགས་ཀྱི་མཆོག་དང་། དེ་དག་གི་དྲིན་ལན་ཡང་གཞལ་བ་ཡིན་ནོ། །

བསྙེན་གནས་ཀྱི་སློབ་དཔོན་བྱེད་པ་ལ་སོ་ཐར་རིས་བདུན་གང་རུང་ལ་གནས་ཤིང་ཆོ་ག་ཤེས་པ་ཙམ་གྱིས་ཆོག་པར་གསུངས་པས། ཕན་འདོགས་པར་བསམ་པས་བསྙེན་གནས་ཡན་ལག་བརྒྱད་པ་འདི་ཉིད་གཞན་ལ་བྱིན་ཏེ།སྤྲོ་བ་ན།བསྟན་པ་ལ་བྱ་བ་བྱས་ཤིང་རྒྱལ་བ་སྲས་བཅས་ཀྱི་ཐུགས་བཞེད་སྒྲུབ་པ་ཡིན་པས་འབད་པར་བྱའོ། །   ། །

སྨྲས་པ། ཡང་དག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །རིས་མེད་འགྲོ་ལ་བུ་གཅིག་ལྟར་བརྩེ་བས། །འབད་པ་ཆུང་ངུས་དོན་ཆེན་འགྲུབ་བྱེད་ཕྱིར། །ཡན་ལག་བརྒྱད་པའི་ཐབས་འདི་སྟོན་པར་མཛད། །དེ་ནས་བརྩམས་ཏེ་དགྲ་བཅོམ་ཚོགས་རྣམས་དང་། །མཁན་ཆེན་ཞི་འཚོ་ཇོ་བོ་ཡབ་སྲས་སོགས། །རྒྱ་བོད་མཁས་པའི་དབང་པོ་མཐའ་དག་གིས། །ཡངས་པའི་ཕྱོགས་ཀྱི་འཁོར་ལོར་འགེངས་པར་སྤེལ། །ཕྱོགས་འདིར་འདི་ཉིད་སྦྱིན་དང་ནོད་མཁན་སོགས། །ཤིན་ཏུ་དཀོན་པར་མཐོང་ནས་བདག་གིས་ནི། །ཆོ་གའི་ལག་ལེན་ཕན་ཡོན་དང་བཅས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་གསལ་བར་བཀོད། །དེ་ལས་བྱུང་བའི་རྣམ་དཀར་དགེ་བའི་ཚོགས། །གང་ཞིག་བསགས་པ་དེ་ཡང་ལུས་ཅན་ཀུན། །ཚུལ་ཁྲིམས་ཕུང་བོ་ཡོངས་སུ་རྫོགས་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །   ། །

 ཅེས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ཕན་ཡོན་དང་བཅས་པ་འདི་ནི། རི་སྔན་ཚུལ་ཁྲིམས་རྒྱ་མཚོ་དང།བྱ་མདོ་བ་འཇམ་དབྱངས་མཁས་བཙུན་རྣམ་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་༧ ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོས་རབ་རྒྱལ་མེ་སྤྲེལ་གྱི་ཆོ་འཕྲུལ་ཆེན་མོའི་དུས་ཆེན་ལ། ཆོས་སྡེ་ཆེན་པོ་དྷིཿཚ་བཀྲ་ཤིས་ཆོས་སྡིངས་སུ་སྦྱར་བའི་ཡི་གེ་བ་ནི་རིགས་སྨྲ་བ་བློ་བཟང་འཕྲིན་ལས་སོ། ། ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།