ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་སོ་ཐར་གྱི་སྡོམ་པའི་དོགས་གཅོད་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-21 20:52:12     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

77996044631369659.jpg

           ན་མཿསརྦ་ཛྙཱ་ཡ། འདིར་སྡོམ་པ་འཐོབ་བྱའི་ཆོ་གའམ་ཐབས། སྲུངས་ཐབས། ཕྱིར་འཆོས་གསུམ་ལས། དང་པོ་ལ་གསུམ་ལས། དབྱེ་བ་ནི། ལུང་མ་མོ་ལས། བསྙེན་པར་རྫོགས་པར་འོས་པ་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་རང་བྱུང་དང༌། རང་སངས་རྒྱས་སློབ་དཔོན་མེད་པས་བསྙེན་པར་རྫོགས་པ་དང༌། ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང༌། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང༌། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པས་དང༌། དགེ་སློང་ཚུར་ཤོག་ཅེས་གསུངས་པས་དང༌། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་དང༌། ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་དགེ་འདུན་ལས་དང༌། ཡུལ་དབུས་སུ་བཅུ་འདུས་པའམ། དེ་བས་ལྷག་པ་ལས་དང༌། བླ་མའི་ཆོས་ཁས་བླངས་པས་དང༌། ཕོ་ཉས་དང༌། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ། །ཞེས་དང༌། མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་འདུལ་བ་པ་རྣམས་ན་རེ། རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར་སོགས་པའི་སྒྲ་སྨོས་ཏེ། རང་བྱུང་གིས་ནི་སངས་རྒྱས་དང་རང་སངས་རྒྱས་རྣམས་སོ། །ངེས་པར་འཇུག་པས་ནི་རྟེན་ལྔ་པོ་རྣམས་སོ། །དགེ་སློང་ཚུར་ཤོག་ཅེས་གསུངས་པས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུངས་ཆེན་པོའོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ། །བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་ནི་ཆོས་སྦྱིན་ནོ། །འདུལ་བ་འཛིན་པ་མ་གཏོགས་པ་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །བཅུའི་ཚོགས་ཀྱིས་ནི་དབུས་ཀྱི་མི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་བས་ནི་སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་ཏེ། དེ་དག་གི་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་བ་མ་ཡིན་ནོ། །ཞེས་གསུངས་སོ། །

    སྟོན་པ་ལོ་སོ་དྲུག་དུས་བསྙེན་རྫོགས་དང་བྱང་ཆུབ་མཉམ་བརྙེས། ལྔ་སྡེས་མཐོང་ལམ་དང་བསྙེན་རྫོགས་མཉམ་ཐོབ། གླེང་འབུམ་ལས། དེའི་ཚེ་བཅོམ་ལྡན་འདས་ལོ་ཉི་ཤུ་རྩ་དགུ་འདོད་པ་རྣམས་ལ་རོལ་ཏེ། རྒ་བ་དང༌། ན་བ་དང༌། ཤི་བ་གཟིགས་ནས་ཡིད་བྱུང་སྟེ། ནམ་ཕྱེད་ཀྱི་དུས་སུ་རྟ་བསྔགས་ལྡན་ལ་ཆིབས་ནས་ནགས་སུ་གཤེགས་ཏེ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས། ཆུ་བོ་ནེ་རཉྫ་ནར་ཁྲུས་མཛད་དེ། དགའ་མོ་དང་དགའ་སྟོབས་མ་ལས་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་འོ་ཐུག་གསོལ། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་དག་བཞེས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཛིངས་པར་བཏིང༌། སྐྱིལ་མོ་ཀྲུང་བཅས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་མི་གཞིག་གོ་ཞེས་ཐུགས་བསྐྱེད། བདུད་ཀྱི་དམག་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཏུལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཚངས་པས་བསྐུལ་ནས་ཝ་ར་ན་སིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ལྔ་སྡེ་དང༌། དེ་ནས་ཉེ་བའི་ལྔ་སྡེ་དང༌། གྲོང་གི་ཁྱེའུ་གཙོ་བོ་ལྔ་བཅུ་བཏུལ། ཤིང་བལ་ཅན་གྱི་ནགས་ཁྲོད་དུ་གཤེགས་ནས་སྡེ་བཟང་དྲུག་བཅུའི་ཚོགས་བཏུལ། དམག་ལྡན་གྱི་གྲོང་དུ་གཤེགས་ནས་དགའ་མོ་དང་དགའ་སྟོབས་མ་གཉིས་བདེན་པར་བཀོད། ལྟེང་རྒྱས་སུ་གཤེགས་ནས་ལྟེང་རྒྱས་འོད་སྲུང་བཏུལ། ཡུལ་ག་ཡར་གཤེགས་ནས་ཆུ་ཀླུང་འོད་སྲུང་དང༌། ག་ཡ་འོད་སྲུང་བཏུལ། རལ་བ་ཅན་སྟོང་ཕྲག་རྣམས་ལ་ཆོ་འཕྲུལ་གསུམ་གྱི་གདམས་པ་མཛད། འོད་མའི་ལྟང་བྲང་གཉིས་སུ་གཤེགས་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བཅས་དང༌། མ་ག་དྷའི་བྲམ་ཟེ་དང་ཁྱིམ་བདག་སྟོང་ཕྲག་དུ་མ་བཏུལ་ཏེ་འོད་མའི་ཚལ་བཞེས་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མང་གི་མཆོད་རྟེན་ན་བཞུགས་སོ། །ཞེས་གསུངས་སོ། །དེ་དུས་.....ཡུལ་དབུས་ཀྱི་བྲམ་ཟེ་ནྱ་གྲོ་དྷ་སྐྱེས་སམ་འོད་སྲུང་གིས་སྟོན་པ་ལ། ཁྱོད་ནི་སྟོན་པ། ཁོ་བོ་ཉན་ཐོས་སོ་ཞེས་སྨྲས། སྟོན་པས་ཀྱང་ང་ཁྱོད་ཀྱི་སྟོན་པ། ཁྱོད་ངའི་ཉན་ཐོས་སོ་ཞེས་གསུངས་པས་བསྙེན་རྫོགས་ཐོབ། འོད་སྲུང་གི་སྣམ་སྦྱར་ཕུལ་བ་སྟོན་པས་བཞེས་ནས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་དེ་ལ་གནང་ངོ༌། །ཉིན་བརྒྱད་ལ་སློབ་པར་གནས། དེ་ནས་དགུ་པ་ལ་དགྲ་བཅོམ་ཐོབ་པར་གསུངས་པ་འདིའང་སྟོན་པར་ཁས་བླངས་དུས་སུ་མངོན།

    དྲི་མཉེས་ནི། སྟོན་པས་ལེགས་སྦྱིན་ལ། གཅིག་ཏུ་དགོས་པ་ནི་གང་ཡིན་གསུངས་པས། ཐར་པའོ། །དེ་ལ་དགོས་པ་གང་ཡིན། དད་པའོ་ཞེས་གསུངས་པར་དྲིས་ལན་ཐེབས་པས། མཉེས་པ་ཙམ་གྱིས་བསྙེན་རྫོགས་ཐོབ། འདི་འོད་སྲུང་ཕྱིན་ཡིན་ནམ་སྙམ།

ཚུར་ཤོག་ནི། སྟོན་པ་སངས་རྒྱས་ཏེ་རིམ་གྱིས་བྱོན་ཏེ་འོད་མའི་ཚལ་ན་བཞུགས་སོ། །གྲོང་ན་ལ་དའི་བྲམ་ཟེ་གནས་ལེན་གྱི་བུ་མོ་ཤཱ་རི་ཀའི་བུ། ཕ་བྲམ་ཟེ་སྐར་རྒྱལ་ལས་སྐྱེས་པའི་ཉེ་རྒྱལ་དང༌། གྲོང་ཤིང་ཐག་ཅན་གྱི་བྲམ་ཟེ་གཟུགས་ཅན་སྙིང་པོའི་མདུན་ན་འདོན་གྲུ་འཛིན་གྱི་བུ་བང་ནས་སྐྱེས་དང་གཉིས་ཀྱིས་མུ་སྟེགས་སྟོན་པ་གཞན་སྤངས་ཏེ་ཡང་དག་རྒྱལ་བ་ཅན་ནས་རབ་ཏུ་བྱུང་ལུང་བསྟན་ཐོབ་ནས་འོངས་པའི་ཤ་རིའི་བུ་ལ་རྟ་ཐུལ་གྱིས་ཆོས་བསྟན་པས་བདེན་པ་མཐོང༌། དེས་མོའུ་འགལ་གྱི་བུ་ལ་ཆོས་བསྟན་པས་བདེན་པ་མཐོང༌། དེ་གཉིས་ཐོག་མར་རྟ་ཐུལ་ཤིང་དྲུང་ན་བཞུགས་པར་བཏུད་དེ། སྟོན་པའི་དྲུང་དུ་སོངས་ཏེ་ཞབས་གཉིས་ལ་ཕྱག་བཙལ་ནས། བཙུན་པ་བདག་ཅག་ཞེས་སོགས་ཀྱིས་བསྙེན་པར་རྫོགས་པར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དགེ་སློང་ཚུར་ཤོག །ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་བས། སྐྲ་དང་ཁ་སྤུ་བྲེག་ནས་ཞག་བདུན་ལོན་པ་ཙམ་དང༌། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང༌། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་བས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང༌། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་བར་གྱུར། །ཞེས་ལྷས་བསྔགས་སོ། །འདི་གཉིས་ཀྱི་འཁོར་ལྔ་བརྒྱའང་དེ་ལྟར་ལྷན་ཅིག་པར་མཛོད་འགྲེལ་ལས་སོ། །གོ་རིམ་ལྔ་སྡེའི་རྗེས་སམ་དཔྱད། བྲམ་ཟེ་གནས་ལེན་གྱི་བུ་སྟོད་རིང་ཡང་བདེན་བཞི་བསྟན་པས་བདེན་པ་མཐོང༌། གསོལ་བ་བཏབ་པས་ཚུར་ཤོག་གིས་བསྙེན་པར་རྫོགས། དེ་ནས་དགྲ་བཅོམ་ཐོབ་བོ། །

    སྐྱབས་འགྲོ་ལན་གསུམ་བྱས་པས་བསྙེན་རྫོགས་ནི། བཅོམ་ལྡན་འདས་ཝ་ར་ན་སི་ནས། གྲོང་ཁྱེར་སྡེ་ཅན་དང༌། དེ་ནས་རས་བལ་ཅན་གྱི་ནགས་སུ་གཤེགས་ཏེ་ཤིང་དྲུང་ན་བཞུགས་སོ། །གྲོང་ཁྱེར་སྡེ་ཅན་གྱི་བུད་མེད་ལ་རྩེའི་སྡེ་བཟང་དྲུག་ཅུའི་ཚོགས་བུད་མེད་ཅིག་བོར་པ་ཚོལ་ཏུ་ཕྱིན། བཅོམ་ལྡན་འདས་མཐོང་ནས་ཕྱག་འཚལ་བར། གཞི་གསུམ་དང་མཐོ་རིས་ཀྱི་གཏམ་དང༌། འདོད་པའི་ཉེས་དམིགས་སོགས་དང༌། བདེན་བཞི་རྒྱ་ཆེར་བཤད་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་མཐོང༌། སྐྱབས་འགྲོ་སྔོན་དུ་བྱས་ནས་དགེ་བསྙེན་དུ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སོང༌། ལུང་གཞི་ལས་དེ་ཙམ་ལས་མ་གསུངས། ལུང་མ་མོ་ལས་གསོལ་བཞིའི་ལས་མ་བཅས་པ་ན་སྐྱབས་འགྲོའི་ཚིག་གསུམ་གྱི་བསྙེན་པར་རྫོགས་པ་དང༌། གསོལ་བཞིའི་ལས་བཅས་པ་ན་བསྙེན་རྫོགས་མིན་པར་བཤད་པས། སྐྱབས་འགྲོའི་ཚིག་གསུམ་གྱི་བསྙེན་རྫོགས་ནི་གསོལ་བཞིའི་སྔོན་དུའོ། །མཛོད་འགྲེལ་དང་མ་མོ་ལྟར་ན་སྟེང་ཡང་དེ་གསུམ་གྱིས་བསྙེན་རྫོགས་སོ། །ཁ་ཅིག་དགེ་བསྙེན་ལ་དེའི་མིང་བཏགས་ཟེར།

    བླ་མའི་ཆོས་ཁས་བླངས་པས་བསྙེན་རྫོགས་ནི། སྟོན་པ་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སྐྱེ་དགུའི་བདག་མོ་བུད་མེད་ལྔ་བརྒྱ་དང་ལྷན་ཅིག་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་པས། སྟོན་པས་ཆོས་བཤད་དེ་ཅང་མི་གསུང་བས། སྐྱེ་དགུའི་བདག་མོས་བུད་མེད་ལ་འབྲས་བུ་བཞི་ཐོབ་པ་ཡོད་ན་བུད་མེད་ལ་རབ་བྱུང་དང་བསྙེན་རྫོགས་གནང་བར་གསོལ་བས། ཁྱིམ་པ་གོས་ཅན་དཀར་ཅན་སོགས་གསུངས་ནས་མ་གནང༌། ལན་གསུམ་བསྐྱར་ཀྱང་མ་གནང༌། དེ་ནས་སྟོན་པ་སེར་སྐྱ་ནས་ཡུལ་ན་དི་ཀར་གཤེགས་པ་ཐོས་པས་སྐྱེ་དགུའི་བདག་མོ་བུད་མེད་ལྔ་བརྒྱ་དང་བཅས་རང་རང་གི་སྐྲ་བྲེགས། ཆོས་གོས་གྱོན་ཏེ་སྟོན་པའི་རྗེས་སུ་སོང་ནས། སྟོན་པ་ན་དི་ཀའི་གྲུ་ཛིའི་གནས་ན་བཞུགས་པ་ལ། སྐྱེ་དགུའི་བདག་མོ་ལུས་ངལ་ཞིང་རྡུལ་གྱིས་ཕོག་བཞིན་དུ་ཕྱག་འཚལ་གསོལ་བ་བཏབ་པས། ཁྱོད་གོས་འདི་ལྟར་གྱོན་ལ་སོགས་གསུངས་ནས་མ་གནང༌། ལན་གསུམ་བསྐྱར་ཀྱང་མ་གནང་བས། དེ་སྒོ་ཁང་གི་ཕྱི་ན་མཆི་མ་འདོན་ཞིང་ངུ་བ་ལ། ཀུན་དགའ་བོས་ཞུས་པས། བུད་མེད་རབ་ཏུ་བྱུང་ན་བསྟན་པ་རིང་དུ་མི་གནས་པ། བུད་མེད་ལྔ་ཡང་རྐུན་པོས་བཅོམ་པའི་དཔེ། ཆོས་འདུལ་རིང་དུ་མི་གནས། བུད་མེད་རིགས་ལ་རྩ་ནད་བྱུང་ན་ཆུད་ཟོས་འགྲོ་བའི་ཉེས་པ་བཤད་པས། འོན་ཀྱང་ལྕི་བའི་ཆོས་ཇི་སྲིད་འཚོའི་བར་བསྲུང་ན་བསྙེན་རྫོགས་བྱའོ་གསུངས་པའི་བཀའ་སྩལ། ཀུན་དགའ་བོས་སྐྱེ་དགུའི་བདག་མོ་ལ་སྨྲས་པས། དེ་ལྟར་ལུས་ངག་ཡིད་གསུམ་གྱིས་ལེན་པར་ཁས་བླངས་པས་བསྙེན་པར་རྫོགས། དེ་བཞིན་དུ་བུད་མེད་ལྔ་བརྒྱ་འོང༌། འདིར་ལྕིའི་བའི་ཆོས་ཞེས། ལུང་མ་མོ།.....མདོར་བླ་མའི་ཆོས་ཞེས་གསུངས་པ་ནི་འགྱུར་ཁྱད་དེ་གུ་རུ་ནི་བླ་མ་དང་ལྕི་བ་དང་བརླིང་པ་སོགས་ལ་འཇུག་པས་སོ། །

    ཕོ་ཉས་དེ་ནི། བཅོམ་ལྡན་འདས་མཉན་ཡོད་ནའོ། །སངས་རྒྱས་རང་བྱུང་གིས་བསྙེན་རྫོགས་ཡིན་པས་.....མན་སྙེ་ལས་ཀྱང་དེ་དུས་དགེ་སློང་དུ་གྱུར་ཏོ་གསུངས། དབུ་སྐྲ་བསིལ་ཚེ་ནས་དགེ་སློང་དང་རྒྱལ༷་རྣམས་ཀྱང་མ་དེར་རྟག་ཏུ་རབ་བྱུང་བྱེད་པར་བཤད་པ་ཕལ་ཆེར་རང་བྱུང་ཁོ་ན་དང་དེ་རྣམས་ཀྱི་དུས་སུ་བསྙེན་རྫོགས་མི་གསལ་ཡང་མདོ་དང་མཛོད་འགྲེལ་དག་ལྟར་ན་ཟད་མི་སྐྱེའི་ཡེ་ཤེས་ལ་མི་ལྟོས་པར་སྨོན་ལམ་སྟོན་པས་ཡིན་ནམ། བསྙེན་པར་རྫོགས་ཚུལ་བཅུ་ཡིན་ཀྱང་དེ་དག་ལ་སྔོན་ཆོག་ཟེར་བ་འཁྲུལ་བར་རྟོགས་སླ། ད་ཆོག་ལ་མཁན་པོ་མེད་ན་སྡོམ་པ་སྐྱེ་མི་སྐྱེ་ལ་ལུགས་མང་ཡང༌། མེད་ཀྱང་སྐྱེ་བ་འཐད། སྒྲུབ་བྱེད་ཞུ་བའི་ལུང་ལས་དངོས་གཞིའི་ཚེ་གཉིད་སྙོམས་འཇུག་ར་རོ་བར་གྱུར་ཀྱང་སྐྱེ་བར་བཤད་པ་དང༌། དེ་དང་ལྡན་པའི་ལྟར་སོགས་ཀྱིས་བཤད། འོ་ན། རང་དང་མཁན་པོའི་མིང་མ་བརྗོད་པ་ཐོབ་དུས་མི་ཤེས་པ་རྣམས་ལ་མི་སྐྱེ་བར་བཤད་པ་དང་འགལ་སྙམ་ན་མི་འགལ་ཏེ། དེ་དག་གཏན་ནས་མི་སྐྱེ་བར་མ་གསུང་བར་མི་སྐྱེ་ཙམ་གསུངས་པའི་ཕྱིར་དང༌། གཞིའི་སྐབས་སུའང་དམིགས་བསལ་གསུང་མོད་ཀྱང་དེར་གསུང་ལ། སྤྱིར་བཏང་མང་ལ་ཞུ་བའི་སྐབས་འདིར་གཞི་རྣམ་དག་ལ་དམིགས་བསལ་ཞུ་བའི་གཞུང་ཡིན་པའི་ཕྱིར་དང༌། ཞུ་བས་མཁན་པོའི་མིང་མ་བརྗོད་པར་གཉིད་སོགས་ལའང་སྐྱེ་བར་བཤད་པའི་ཕྱིར། མཁན་པོ་སྡོམ་ལྡན་མིན་ཀྱང་བློ་ངོའི་དབང་གིས་སྐྱེ་བ་ཡོད་དེ་མཁན་པོ་བསྙེན་པར་མ་རྫོགས་པ་ལས་ཀྱང་ངོ༌། །ཞེས་གསུངས་པའི་ཕྱིར། མཁན་པོ་མེད་ཀྱང་སྐྱེ་བ་དེ་སྔོན་ཆོག་ལ་དོགས་གཅོད་མིན་ཏེ། དེ་ལ་མི་ལྟོས་པར་ཡང་ངེས། མེད་ཀྱང་སྐྱེ་བར་ཡང་ངེས་པའི་ཕྱིར་དང༌། ཨུ་པ་ལིའི་དུས་སུ་ད་ཆོག་བྱུང་ཡང་ཚར་ལ། ད་ཆོག་རྗེས་སུ་དེ་བྱས་ཆོག་མི་ཆོག་ལའང་དེ་ལྟར་དྲིས་པ་མིན་ཏེ། དེ་ལྟར་ན་ཆོ་ག་རུང་མི་རུང་འདྲི་རིགས་ཀྱི་མཁན་པོ་ཡོད་མེད་ལས་སྐྱེ་མི་སྐྱེའི་དོགས་གཅོད་མི་རིགས་པའི་ཕྱིར་དང༌། གོ་དཀའ་སླ་དང༌། ཐེ་ཚོམ་སྐྱེ་མི་སྐྱེའི་ཁྱད་པར་ཡོད་པའི་ཕྱིར། ཆོ་ག་གཉིས་གང་རུང་ལ་མ་ཡིན་པར་སྤྱིར་དེ་མེད་པར་སྡོམ་པ་སྐྱེ་མི་སྐྱེ་ལའང་མིན་ཏེ། བསྙེན་པར་རྫོགས་ཚུལ་བཅུའི་ཕལ་ཆེར་ཤེས་ཟིན་པ་དེའི་ཕྱིར་དང༌། དེ་དག་བཅས་ཚར་བ་དང་བྱུང་ཚར་བའི་ཕྱིར་དེས་ན་ད་ཆོག་ལ་ཡིན་ཏེ། ད་ཆོག་ལ་མཁན་པོ་དང་བཅས་པའི་ཁྱད་པར་བཤད་པ་ལ་དོགས་པ་སྐྱེས་པའི་ཕྱིར། སྐྱེས་ཚུལ་ཡོད་དེ། སྤྱིར་མཁན་པོ་མེད་ན་དང༌། ཐོབ་དུས་དང༌། མིང་གཉིས་མ་བརྗོད་ན་མི་སྐྱེ་བར་བཤད་པ་ལ་འོ་ན་དེ་ལྟར་གཏན་ནས་མི་སྐྱེའམ་སྙམ་པའི་དོགས་པ་ལ། ཕྱིའི་ད་སྡོམ་སྐྱེ་བའི་རྒྱུའི་གཙོ་བོ་དགེ་འདུན་ཡིན་པས་མཁན་པོ་མེད་ཀྱང་དེ་ལྡན་ལྟར་སྐྱེ་བ་དང༌། གསོལ་འདེབས་སོགས་སྐྱེ་བའི་དངོས་རྒྱུ་ཚང་ཕྱིན་ཐོབ་དུས་ཕྲ་མོ་མི་ཤེས་པ་མིང་གཉིས་མ་བརྗོད་ཀྱང་སྐྱེ་བའི་དམིགས་བསལ་དང༌། མཁན་པོ་ཡིད་ལའང་མཚན་ཉིད་དེ་ཐམས་ཅད་དུའམ་ཞེ་ན་ཐ་སྙད་དམ་བློ་ངོར་ཡོད་པས་ཆོག་པ་གཙོ་བོ་ཡིན་པས། བསྙེན་པར་མ་རྫོགས་ཀྱང་སྐྱེ་བའི་དམིགས་བསལ་སོགས་བཤད་པའི་ཕྱིར། ཞེས་འདི་ན་དཔྱོད་ལྡན་འགའ་ཞིག་གིས་ལྟར་སྣང་གི་གཞན་ལུགས་བཀག་ནས་རང་གི་བླ་མའི་དགོངས་པའི་བདུད་རྩི་བཏུང་ཞིང་གཞན་ལ་སྟེར་བ་ལ་ཆས་པར་གྱུར་ཏོ། །སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་གསུམ་གྱི། ངོ་བོ་ཐེག་ཆེན་སྐབས་ཁས་བླངས་སྟར་བསྲུང་བའི་སེམས་པ་མངོན་ལྐོག་ས་བོན་དང་བཅས་པ། ལྡན་ཚུལ། ངོ་བོ་ཐ་དད་ལ་རྒྱུད་དུ་མར་ཐལ་བའི་སྐྱོན། གྲུབ་བདེ་དབྱེར་མེད་ཀྱི་གཅིག་ཡིན་ན། སྔ་ཕྱིའི་གཏོང་རྒྱུ་ཕྱོགས་རེས་གསུམ་ཉམས་པར་ཐལ་བ་སོགས་དང༌། གོང་མ་གོང་མ་འོག་མ་འོག་མའི་གཏོང་རྒྱུ་ཡིན་པར་ཐལ་བ། གསུམ་ལྡན་མེད་པར་ཐལ་བ་སོགས་ཀྱི་ཕྱིར་རོ། །དེས་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ངོ་བོ་གཅིག་གང་ཞིག་ལྡོག་པ་ཐ་དད་པའི་ཕྱིར། དང་པོ་གྲུབ་སྟེ། ཆུ་དང་འོ་མ་འདྲེས་པ་བཞིན་གནས་སྐབས་ངོ་བོ་གཅིག་ཡིན་ཀྱང༌། སླར་དབྱེར་ཡོད་པ་གཅིག་ཡིན་པའི་ཕྱིར་ཏེ། འོ་ཆུ་འདྲེས་པ་གནས་སྐབས་སོ་སོར་མི་དམིགས་ཀྱང་ངང་པས་འབྱེད་རུང་བ་བཞིན། དེ་གསུམ་གནས་སྐབས་ངོ་བོ་སོ་སོར་མ་དམིགས་ཀྱང་སྐྱེ་གཏོང་སོགས་ཀྱིས་སོ་སོར་འབྱེད་རྒྱུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། གནས་སྐབས་ངོ་བོ་དབྱེར་མེད་ཀྱང་བསླབས་བཅས་སྐྱེ་གཏོང་གི་ལྡོག་ཆ་ཐ་དད་ཡིན་པའི་ཕྱིར། བསླབས་པ་ཐ་དད་གཅིག་བཏང་ལ་གཉིས་ལྡན་སོགས་གཏོང་ཚུལ་ཐ་དད་པའི་ཕྱིར། དེ་གསུམ་ཐོབ་ཚེ་སྲུང་བའི་སེམས་པ་སྔ་མ་སྔ་མའི་སྟེང་དུ་གོང་མའི་བསླབས་པ་དང་བསྲུང་སེམས་ཀྱིས་སེམས་པ་གཅིག་རིམ་གྱིས་གོང་འཕེལ་དུ་འདོད། ཡང་ན་སེམས་པ་མངོན་ལྐོག་གིས་ཕྱེ་ནས། གསུམ་ལྡན་པར་བྱས་ན་ལེགས་སོ། །ཁ་ཅིག།སོ་ཐར་ཚེ་འཕོས་ཚེ་གཏོང་བའི་གནད་གཟུགས་ཅན་ཟེར་བ་མི་འཐད་དེ། ཐེག་ཆེན་སྐབས་སུ་མ་ངེས་པའི་ཕྱིར། ཁ་ཅིག །ཁས་བླངས་དབང་གིས་ཟེར་ན་མི་འཐད་དེ། ཁས་བླངས་ནས་མ་སྐྱེས་པ་ཡོད་པའི་ཕྱིར་དང༌། ཁས་མ་བླངས་ཀྱང་དགེ་སྡིག་གི་ལྡན་པ་དུ་མ་ཡོད་པའི་ཕྱིར། དེས་ན་སྡོམ་གསུམ་གྱི་ལྡན་དུས་རིང་ཐུང་མི་འདྲ་བའི་རྒྱུ་མཚན་ཡོད་དེ། བཅས་དབང་དང་ཁས་བླངས་དབང་གིས་ཡིན་པའི་ཕྱིར། དེ་གསུམ་གྱི་བཅས་པ་མི་འདྲ་བ་ཡུན་རིང་ཐུང་ཁས་བླངས་པའི་ཆོ་ག་ལྟར་ཐོབ་པའི་ཕྱིར་རོ། །

    བསླབ་བྱ་གསུམ་འགལ་བ་འགག་ཐུག་ཚེ་བྱེད་ཚུལ་ཡོད་དེ། རང་གཞན་གྱི་དོན་ནམ་དགོས་པ་གང་ཆེ་འཛིན་དགོས་ཀྱི། ཆུང་ངུའི་ཆེད་དུ་ཆེན་པོ་བཏང་མི་རིགས་པའི་ཕྱིར། ཆུང་ངུའི་ཆེད་དུ་ཆེ་མི་གཏང༌། །ཞེས་སོ། །ཆེ་ཆུང་ཡང་རང་གཞན་གྱི་དོན་ནམ་དགོས་པ་ཆེན་པོ་སྒྲུབ་ནུས་པ་ནི་དེའི་བཅས་པ་ཆུང་ངུ་སྔགས་ཀྱི་སྦོམ་སྲུངས་ལྟ་བུ་ཡིན་ཀྱང་ཆེན་པོར་བྱེད་དགོས་ཏེ། གཞན་གྱི་རྩ་བཞི་སོགས་བསྲུངས་པ་ལས་ལྷག་པའི་ཕྱིར་རོ། །དགེ་སློང་རྣམ་དག་ཕ་མ་དང༌། དགེ་སློང་ཕ་ནང་ལ་བྱིན་ལེན་ཆགས་པ་ལ་ལག་ཉ་ཟོས་པའམ་བྱིན་ལེན་མ་བྱས་པར་ཟ་བའི་སྐྱོན་བྱུང་དོགས་ཏེ་བྱིན་ལེན་བྱེད་དོགས་རང་གི་ཟ་ཆེད་མིན་ཚེ་དང༌། རང་གི་ཟ་འདོད་ནས་དེས་ཀྱང་བླངས་ནས་གཞན་བྱིན་ཟོས་ནའོ། །དཔྱད་གཞི་ཆེ་བ་སོགས། ཐུན་ཚོད་རུང་བའི་ཐུན་མཐའ་ནི། ཉི་མ་དམར་ཐག་ཆོད་ཚེ་ཡིན་ཏེ། གུང་ནས་དེ་བར་ལ་སྐོམ་ཙམ་མཚན་མོ་མི་འོངས་པའི་ཕྱིར། བྱིན་རླབས་ལ་དགོས་པ་ཅི་སྙམ་ན། སྔ་དྲོ་ནས་བྱིན་ལེན་བྱས་ནས་བྱིན་རླབས་བྱས་པས་དེ་བར་གསོག་འཇོག་འགོག་ཆེད་དང༌། སྐོམ་ནད་ཀྱང་ནད་པ་ཁོ་ནར་མ་ངེས་རང་བཞིན་པ་ཁ་ཅིག་ལའང་འོངས། ཆོས་གོས་དྲས་དྲུབ་དར་ཆོག་རྗེས་ནས་མངོན་ཏེ། ཀུན་དགའ་བོ་ལ་དེའི་རྣམ་བཞག་ཐོག་མར་བསླབ་པའི་ཕྱིར། འདི་ཡང་རྗེ་བཙུན་བཞད་པས་གསུངས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

    གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།