དགེ་ཚུལ་ཕྱིར་བཅོས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-16 21:33:00     རྩོམ་པ་པོ།   སངས་རྒྱས་བཅོམ་ལྡན་འདས།    ཀློག་ཐེངས།  

530296573828385867.jpg

       ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་ཚུལ་གྱི་ཕྱིར་བཅོས་ནི། བཤགས་ཡུལ་གྱི་མདུན་དུ། ཕྱག་གསུམ་བྱས་ནས་ལངས་ཏེ་འདུད་པ་དང་བཅས་པས།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། དེ་ནས་ཙོག་པུར་འདུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ།བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། སྲོག་གཅོད་བཞི་དང་མ་བྱིན་ལེན། །མི་ཚངས་སྤྱོད་དང་བརྫུན་དུ་སྨྲ། །གཞི་མེད་བག་ཙམ་དགེ་འདུན་དབྱེན། །དེ་རྗེས་ཕྱོགས་དང་ཁྱིམ་སུན་འབྱིན། །བརྫུན་དང་བཤེས་ངོར་འཕྱ་བ་དང་། །ཟས་ཅུང་ལྷག་མའི་སྐུར་འདེབས་དང་། །བསླབ་པ་སྤོང་དང་འབྲས་ཆན་འགེབས། །ཆང་དང་གླུ་གར་རོལ་མོ་བྱེད། །རྒྱན་དང་ཁ་དོག་སྤོས་མྱུག་འཕྲེང་། །ཁྲི་དང་སྟན་ནི་ཆེ་མཐོ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན། །ཉམས་པ་རྣམ་པ་གསུམ་དག་སྟེ། །སུམ་ཅུ་དྲུག་ནི་བླངས་ལས་འདས། །ཞེས་སོགས་བླངས་འདས་སོ་དྲུག་གི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང་། དེ་རྣམས་ཀྱི་ཕྱོགས་མཐུན་གྱི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང་། གཞན་ཡང་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང་། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བ་ལ་སོགས་པ་མདོར་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དང་། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱི་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད་རྗེས་མཐོང་སྡོམ་འདྲི་ཞིང་ཐབས་ལེགས་བྱ། དེ་ནས་ཕྱག་གསུམ་བྱས་ནས། ལངས་ཏེ་འདུད་པ་དང་བཅས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། དེ་ནས་སྤྱི་བཤགས་རྗེས་སུ་གནས་བརྟན་གྱིས་ཀུན་ལ་མཐོང་སྡོམ་འདྲི་ཞིང་། དགེ་སློང་གཞན་ཞིག་གིས་གནས་བརྟན་ལ་ཡང་དེ་བཞིན་དུ་བྲིས་པའི་མཐར། དགེ་ཚུལ་གྱི་གསོ་སྦྱོང་བྱ།



                                      རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
         གསལ་འདེབས།།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

 

 

 

 

རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།