དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་སྒྲིགས་ཡིག་ཐར་བའི་ལམ་གྱི་འཇུག་ངོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-24 21:07:16     རྩོམ་པ་པོ།   རྗེ་ཡེ་ཤེས་རྒྱ་མཚོ།    ཀློག་ཐེངས།  

༄༅། །ཨོཾ་སྭ་སྟི། སྒྲིབ་བྲལ་དྭངས་གསལ་འོད་ཀྱི་ཁོར་ཡུག་ཅན། །སྤངས་རྟོགས་ཆ་ཤས་ཀུན་ནས་ཡོངས་སུ་རྫོགས། །འཕྲིན་ལས་འོད་ཟེར་རིང་ནས་རིང་དུ་འཕྲོ། །ཐུབ་དབང་སྨྲ་བའི་ཟླ་བ་གཙུག་གིས་མཆོད། །ཚོགས་མཆོག་དགེ་འདུན་འདུས་པའི་གཙུག་གི་རྒྱན། །ཐུབ་བསྟན་འཛིན་སྐྱོངས་སྤེལ་བས་བསྟན་པའི་བདག །ཀུན་བཟང་འཕྲིན་ལས་རྒྱ་མཚོ་ཆེན་པོའི་རླབས། །སྲིད་པ་ཇི་སྲིད་རྒྱུན་མི་ཆད་ལ་འདུད། །ཐུབ་པ་ཆེན་པོ་མཆོག་ཟུང་གཏད་རབས་བདུན། །འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང་། །རྒྱན་དྲུག་མཆོག་གཉིས་བསྟན་སྲུང་རྒྱ་མཚོ་ཡིས། །ཐུབ་བསྟན་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཇི་སྐད་དུ། རྒྱས་སྲས་ཆེན་པོ་ཞི་བ་ལྷས། གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་རྒྱས་བཀླག་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཅེས་གསུངས་པ་ལྟར། དགེ་འདུན་པ་རྣམས་ཐུགས་མཐུན་ཞིང་། །ཁྲིམས་གཙང་པའི་ངོས་ནས་སྡེ་སྣོད་ཆེན་པོ་གསུམ་ལ་ཐོས་བསམ་སྒོམ་སྒྲུབ་ལྷུར་ལེན་པ་ནི། རང་གཞན་གྱི་དོན་ཀུན་འགྲུབ་པའི་རྒྱུ་ཡིན་ལ། དེས་ན་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་སྒྲིགས་ཁྲིམས་ཀྱི་རིམ་པ་འཆད་པ་ལ་གསུམ། ཐོག་མར་ཆོས་སྡེ་ཆེན་པོ་འདིར་འཇུག་པ་པོ་རྟེན་གྱི་གང་ཟག། བར་དུ་ཞུགས་ནས་ཉམས་སུ་བླང་རྒྱུའི་སྒྲིགས་ལམ་གྱི་སྐོར་དང་། ཐ་མར་ཆོས་སྡེ་ཆེན་པོ་འདིར་ཞུགས་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཕུན་སུམ་ཚོགས་པའི་སྐོར་རོ། །དང་བོ་ནི། སོ་སོར་ཐར་བའི་སྡོམ་པ་སྐྱེ་བ་དང་གནས་པ་དང་མཛེས་པའི་བར་ཆད་དང་བྲལ་བ། མཁན་པོ་ཚད་ལྡན་ལས་རབ་ཏུ་བྱུང་བ། ཕྱོགས་གཞན་ནས་གནས་དབྱུང་དང་སྡེ་དཀྲུགས་དང་འཐབ་གྲོལ་སོགས་བྱ་བ་མི་ལེགས་པ་བྱས་པ་མིན་པ། ཆོས་ལ་དོན་གཉེར་ཆེ་ཞིང་། ཆོས་སྡེ་འདིར་ཡུན་རིང་དུ་སྡོད་པའི་བསམ་པ་དང་ལྡན་པ་ཞིག་དགོས། མཁན་པོ་མཚན་ཉིད་དང་ལྡན་པ་ཟེརཔ་དེ་ཡང་གང་ཡིན་ཡིན་གྱིས་མི་ཆོག་པར། ཚུལ་ལྡན་མང་ཐོས་སོགས་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ཞིག་དང་། དེའི་སྟེང་དུ་སྐབས་གང་ཡིན་གྱི་ཆོ་ག་བློ་ཐོག་ནས་ཐོན་པ་ཞིག་དགོས་ཏེ། འདུལ་བའི་མདོ་རྩ་བ་ལས། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །ཞེས་དང་། ལེགས་པར་ཐོན་པའི་འདོན་ཏེ། ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ། །ཞེས་དང་ཀུན་མཁྱེན་མཚོ་སྣ་བས། ཁ་ཏོན་དུ་ལེགས་པར་ཐོན་པས་གདོན་ཏེ། ཇི་ལྟར་ལེགས་པར་ཐོན་པ་ཉིད་ཡིན་ཞེ་ན། ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ། །གཞན་དུ་ན་ལས་མི་ཆགས་ཞེས་ཀརྨ་ཤ་ཏམ་ལས་སོ། །ཞེས་དང་། བུ་སྟོན་རིན་པོ་ཆེས། སྐབས་གང་ཡིན་གྱི་ཆོ་ག་དེ་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པ་དགོས་ཏེ། །འདུལ་བ་ཡི་གེར་ཡང་བྲིར་མི་རུང་ན། དཔེ་ཀློག་གི་ཆོ་ག་ལ་ལྟ་ཅི་སྨོས། ཞེས་གསུངས་པ་ལྟར་རོ།།

གཉིས་པ་ཆོས་སྡེ་འདིར་ཞུགས་ནས་ཉམས་སུ་བླང་བྱའི་སྐོར་ལ། འཆང་བའི་ཡོ་བྱད་ཀྱི་སྐོར་དང་། ཚོགས་ཀྱི་འགྲིག་ལམ། ཆོས་གྲྭའི་འགྲིག་ལམ། དེ་དག་ཏུ་མ་འདུས་པའི་འགྲིགས་ལམ་གྱི་སྐོར་རོ། །དང་པོ་ནི། ཞྭ་མོ་དང་གཟན་ཤམ་སོགས་མཐའ་གཉིས་སུ་མ་ལྷུྟུང་བ་དང་། ཕྲེང་སེར། ཆབ་རིལ། བཅུ་གུ། ཤིང་ཕོར། བག་ཁུག་སོགས་དགེ་འདུན་སྤྱི་དང་མཐུན་པ་ཞིག་དང་། དགེ་སློང་ཡིན་ན་ཆོས་གོས་རྣམ་གསུམ་ཚང་བར་དགོས། གཉིས་པ་ནི། དུང་བརྡ་སོགས་བཏང་བ་ན་དགེ་འདུན་ཐམས་ཅད་སྤྱོད་ལམ་མཛེས་པས་ཕེབས་ཤིང་། འཛིན་གྲྭ་རང་རང་གི་གོ་སར་རྩི་བཞག་སྐྱོར་སྦྱང་བྱེད། དེ་ནས་ཚོགས་བརྡ་རྒྱབ་བ་ན་དམིགས་བརྩེ་མ་རྒྱང་འཐེན་བྱེད་བཞིན་གཙུག་ལག་ཁང་དུ་རྒན་རིམ་ལྟར་མཛེས་ཤིང་ཚུལ་དང་མཐུན་པར་བཞུགས། དབུ་མཛད་ཀྱིས་གྲེ་སངས་བཏང་བ་ན་དམིགས་བརྩེ་མ་གསུངས་པ་མཚམས་འཇོག ཞལ་འདོན་གསུངས་ཚེ་དབུ་མཛད་དང་བསྟུན་ནས་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་གསུངས་དགོས། ཀ་བ་དང་རྩིག་པ་སོགས་ལ་སྙེས་པ་དང་། ལོང་གཏམ་མང་པོ་སྨྲ་བ་དང་། གཉིད་ལོག་པ་དང་། མགོ་བོ་ཧ་ཅང་རྒུར་བ་དང་། མགོ་བཏུམ་ནས་འདུག་པ་དང་། བཞད་གད་དང་ལག་རྩེད་བྱེད་པ་དང་། མཇིང་བ་བསྒྱུར་ནས་ཐག་རིང་དང་། གཡས་གཡོན་དུ་བལྟ་བ་ལ་སོགས་པ་ཞུགས་སྟངས་མི་མཛེས་བ་དག་མི་བྱེད། གསོ་སྦྱོང་གི་ཚེ་བླ་མ་གཞུང་ལས་པས་སོ་སོར་ཐར་པའི་མདོ་སོགས་བློ་ཐོག་ནས་ཐགས་ཐོག་མེད་པར་གསུང་དགོས། ཆོས་སྡེ་ཆེན་པོ་འདི་མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་ཁོ་ན་ཡིན་པས། ཚོགས་ཆོས་གྲྭ་གཉིས་ལས་ཆོས་གྲྭ་གཙོ། ཞལ་འདོན་དང་རྩོད་པ་གཉིས་ལས་རྩོད་པ་གཙོ་བོར་བྱ་དགོས་ལ། དབུ་མཛད་ཚང་གི་ཀྱང་རྒྱུན་གྱི་ཞལ་འདོན་ཙམ་ལས། གཞན་སྦྱིན་བདག་གི་རིམ་གྲོ་མང་བོ་དང་། ཞབས་བརྟན་འདོན་པ་ཡིན་ཟེར་བ་ལྟ་བུ་མང་པོ་བཏོན་ནས། མཚན་ཉིད་གྲྭ་ཚང་གི་བྱ་བའི་གཙོ་བོ་ཆོས་གྲྭ་དང་རྩོད་པ་དུས་ཐུང་ངུར་བྱས་མི་ཆོག་རང་རེ་བླ་མ་གོང་མ་རྣམས་ཀྱིས་ཆོས་སྡེ་འདིར་རྒྱུ་སྡེ་གཞན་དང་གཞན་གྱི་འདོན་ཚོགས་མང་པོ་མ་བཙུགས་པ་ནི་གྲྭ་ས་ཆེན་པོ་སེ་འབྲས་དགེ་གསུམ་ལྟར་ཡིན། དེ་ཡང་དམ་པའི་ཆོས་ལ་དོན་གཉེར་ཅན་གྱི་རིག་བཟང་བློ་གསལ་རྣམས་ཆོས་སྡེ་འདིར་འདུག་པའི་ཐོག་མར་ཁེག་ཐག་བྱེད་པའི་གྲྭ་རྒན་ཞིག་གིས། མཁན་པོ་ཁྲི་རིན་པོ་ཆེ་དང་། དགེ་སྐོས་ཚང་གི་དྲུང་དུ་ཁྲིད་དེ་ངོ་སྟོན་དང་ཁེག་ཐག་བྱེད། འཛིན་གྲྭ་དབུ་མ་ཡན་ཆད་ཀྱི་དགེ་བཤེས་རྒྱུད་བཟང་སྐུ་ཡོན་ཅན་ཞིག་གིས་དགེ་རྒན་དུ་བསྐོ། གསར་ཞུགས་པ་རྣམས་བསྡུས་ཆུང་ཁ་དོག་དཀར་དམར་ནས་འཇུག་དགོས། བསྡུས་གྲྭ་རྩོད་པ་སྔོན་སོང་ཡིན་ན་བསྡུས་གྲྭ་གསུམ་ལ་དམ་བཅའ་བཞག་སྟེ། རྟགས་རིགས་འཛིན་གྲྭར་ཞུགས་ཆོག བསྡུས་གྲྭ་བློ་རྟགས་དང་བཅས་པ་སྔོན་སོང་ཡིན་ན་འཛིན་གྲྭ་འོག་མ་ལྔ་ལ་དམ་བཅའ་བཞག་སྟེ། གཞུང་གསར་བ་ནས་ཀྱང་ཞུགས་ཆོག། གྲྭ་ས་གཞན་ནས་ཕེབས་པའི་དགེ་བཤེས་དང་། དགུང་ལོ་མཐོ་བ་དང་། གྲྭ་ཚང་ལ་ཕན་པ་ཅན་ཡིན་ཚེ། དམིགས་བསལ་གྱི་བཀའ་རམས་འཛིན་གྲྭ་ནས་ཀྱང་ཞུགས་ཆོག ཚོགས་ཞུགས་པ་གསར་བ་རྣམས་སྒོ་གསུམ་སྡིག་ལ་སྦྱོར་བའི་སྡིག་གྲོགས་དང་གཏན་ནས་འགྲོག་འདྲིས་བྱ་མི་རུང་། ཆོས་འཇིག་རྟེན་གྱི་དགེ་རྒན་དག་གི་ཀྱང་། རང་རང་གི་དགེ་ཕྲུག་རྣམས་ལ་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་པའི་བསླབ་བྱ་གང་དྲག་བྱེད། མཁན་པོ་དང་དགེ་སྐོས་གང་རུང་གིས། ཆོས་ཐོག་རེ་ལ་ཆོས་སྡེ་ཆེན་པོ་འདིར་ཞུགས་པའི་དགོས་པའི་གཙོ་བོ། དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱ་དགོས་ཚུལ། དེ་ཡང་སྡེ་སྣོད་གསུམ་ལ་སློབ་གཉེར་ཡག་པོ་བྱེད་པ་ལས་ལྷག་པ་གཞན་མེད་ཚུལ། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་གནས་ཀྱི་སློབ་དཔོན་ནམ་དགེ་རྒན་ལ་མ་བསྟེན་པར་རང་དགར་བག་གཡེངས་སུ་བསྡད་མི་ཆོག་པ་འདུལ་བ་ལུང་ལས་གསུངསཚུལ་སོགས་བསླབ་བྱའི་སྙིང་པོ་ཅན་གྱི་ཚོགས་གཏམ་རེ་གཏོང་། དམིགས་བསལ་འགྲིག་འགལ་ཕྲ་རགས་གང་ལ་གང་འཚམ་གྱི་དམིགས་ཕུག་པའི་ཚོགས་གཏམ་ཡང་གཏོང་། དགེ་རྒན་རྣམ་པས་ཀྱང་རང་རང་གི་དགེ་ཕྲུག་རྣམས་ལ། སྐབས་སུ་གང་བབས་ཀྱི་གཞུང་ཚན་རྣམས་ཀྱི་དཔེ་ཁྲིད་དང་། བློ་རབ་འབྲིང་དང་བསྟུན་པའི་ཚིག་རྒྱུགས་དོན་རྒྱུགས་ལེན་པ་དང་། ཞར་ལ་རྒན་གཞོན་གྱི་བརྩི་བཀུར་དང་། དགེ་བའི་བཤེས་གཉེན་གཞན་དང་གཞན་ལ་ཡང་གུས་བཀུར་བྱ་དགོས་ཚུལ་དང་། ཁྱེད་ཚོ་དང་ངེད་ཚོ་ཞེས་རིས་སུ་བཅད་ནས་དགེ་འདུན་གྱི་སྡེ་འཁྲུག་བྱེད་པའི་ཉེན་ཁ་ཆེ་ཚུལ་སོགས་སྙིང་ལ་སྨན་པའི་བསླབ་བྱ་དག་ཀྱང་བྱ་སྟེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། མདོ་སྡེ་འདུལ་བ་མངོན་པ་རྣམས། །མཁས་ཤིང་གྲགས་དང་ལྡན་པ་དང་། །བསོད་ནམས་ཆེན་པོ་ལ་སོགས་པ། །འདི་དགེ་རྣམས་ཀྱིས་གཙུག་ལག་ཁང་། །མཛེས་བྱེད་ཁྱུ་མཆོག་སྒྲ་སྒྲོགས་ཤིང་། །དེ་བས་འདི་དག་སྨད་ན་ནི། །རང་གི་བསྟན་པ་རྨད་པ་ཡིན། །ཞེས་གསུངས་པས་སོ། །དགེ་རྒན་ལ་ལ་སྐབས་སུ་བབས་པའི་གཞུང་ལ་ཐོས་པ་དེ་ཙམ་མེད་ན། སློབ་མར་ཡོན་ཏན་སྐྱེ་བ་གེགས་འགོག་མི་བྱེད་པར་ཕན་སེམས་ཀྱི་མཁས་པ་གཞན་དང་གཞན་དག་བསྟེན་དུ་འཇུག་དགོས་ཏེ། མདོ་རྩ་བ་ལས། གནས་དང་དེར་རེ་ཞིག་གི་གནས་འཆར་འཇུག་ནུས་པ་ཉིད་དང་ཡང་སྦྱར་རོ། །ཞེས་གསུངས་པའི་ཕྱིར། འདི་ནི་གྲྭ་ས་ཆེན་པོ་རྣམས་ཀྱི་ཕྱག་སྲོལ་བཟང་པོ་ཞིག་སྟེ། དགེ་བའི་བཤེས་གཉེན་གོང་མ་རྣམས་ཀྱིས་ཀྱང་བཤེས་གཉེན་མཁས་པ་མང་པོ་བསྟེན་པར་རྣམ་ཐར་དག་ལས་འབྱུང་བ་བཞིན་ནོ།།

༈ གསུམ་པ་ཆོས་གྲྭའི་འགྲིག་ལམ་ནི། བླ་མ་སྤྲུལ་པའི་སྐུས་གཙོ་བྱས་པས། ཆོས་གྲྭ་བ་རྣམས་ཚོགས་ཆོས་གྲྭར་མ་ཆགས་པར་བྱེད་དགོས། ཚོགས་གླེང་དང་དམ་བཅའ་ཆེ་ཆུང་གང་གི་སྐབས་སུ་ཡང་རྩོད་པའི་རྣམ་འགྱུར། ཐལ་མོ་བརྡབ་ལུགས། འཁོར་གསུམ་བསྐོར་ཚུལ། གཟན་སྐེད་པར་དཀྲི་ཚུལ་སོགས་གྲྭ་ས་ཆེན་པོའི་མིག་ལྟོས་མ་ཉམས་པ་དང་རིགས་ལུང་ཚ་གད་པ་བཏང་སྟེ་སྤྲོ་སངས་བ་བྱེད། དེ་ལས་གཞན་དུ་ཆོས་ཀྱི་རྩོད་པ་ལ་སྙད་བཏགས་ཏ། ཀུན་སློང་སྐྱོན་ཅན་གྱི་སྒོ་ནས་ཕ་རོལ་པོ་ལ་དམའ་འབེབས་སུན་འབྱིན། གཞན་ལ་གནོད་པའི་ཚིག་ངན་ཤག་ངན། སྐྱོན་བརྗོད་འཚང་འབྲུ། རྩོད་པ་ལ་བར་དུ་གཅོད་པའི་ཀུ་རེ་ཀྱལ་ཀ་སོགས་མི་བྱེད། ལན་གདབ་པའི་ཚེ་ན་ཡང་འདོད་རྟགས་མ་གྲུབ་སོགས་ཀྱི་ལན་བཞི་པོ་ཅི་རིགས་གདབ་པ་ལས། གཞན་གྲོང་སྐད་སྣ་ཚོགས་ཀྱི་སྒོ་ནས་ལན་གདབ་པར་མི་བྱ། རྩོད་པའི་ཚེ་རྒོལ་ཕྱི་རྒོལ་གཉིས་ཀ་བློ་གཟུར་བོར་གནས་དགོས་པས། ལུང་རིགས་རྣོན་པོས་དམ་བཅའ་བཞིག་ན་སྔར་གྱི་རྩ་བའི་དམ་བཅའ་འདོར་དགོས་ཀྱང་། ལ་ལས་དགྲ་གཉེན་གྱི་བསམ་པ་ལྟ་བུའི་སྒོ་ནས་ཨུ་ཚུགས་ཁོ་ན་བྱ་མི་རུང་། རྩོད་པའི་སྐབས་གང་དུའང་རིགས་པའི་སྒྲུབ་བྱེད་དང་། ལུང་གི་རྒྱབ་རྟེན་ཡོད་པ། རིགས་པའི་ཟུར་སྔ་མ་ལས་ཕྱི་མ་རྣོ་བ་འཕེན། ལུང་འདྲེན་བྱེད་པའི་ཚེ་ཡང་སྐབས་ཀྱི་རྩོད་པའི་གནད་འགག་སྟོན་པ། ལུང་གི་གྲྭ་ཟུར་མ་ཉམས་པ་དགོས། གཞན་དུ་སྐབས་དོན་དང་མི་འབྲེལ་བ། འདྲེ་ཤར་སྒོར་གནས་པ་ལ། ཀླུད་ནུབ་སྒོར་གཏོང་བ་ལྟ་བུའི་ལུང་འདྲེན་དང་། རང་ལུགས་དང་གཞན་ལུགས་གང་ཡིན་མི་ཤེས་པའི་ལུང་རིང་པོ་དང་། རྟགས་དང་གསལ་བ་གང་ཡིན་མི་ཤེས་པའི་རྟགས་གསལ་ཉོག་རིང་པོ་གོ་རྒྱུ་མེད་པ་དག་མི་འཕེན། དེས་ན་བཞིན་གྱི་མདངས་གསལ་བའི་སྒོ་ནས་རང་གིས་འཕེན་བདེ་བ། གཞན་གྱི་ཉན་སྤྲོ་པ། ཟུར་ན་གནས་པ་དག་ལ་ཡང་སྐབས་ཀྱི་གོ་བ་སྟེར་བ། རྟགས་གསལ་རྩོད་གཞི་ཚང་བར་བྱས་ཏེ། སྒྲ་དག་གསལ་གསུམ་གྱི་སྒོ་ནས་རྩོད་པ་བྱེད་དགོས།།

༈ བཞི་པ་དེ་དག་ཏུ་མ་འདུས་པའི་འགྲིག་ལམ་གྱི་སྐོར་ནི། ནང་རིག་པའི་སྡེ་སྙོད་ལ་སློབ་གཉེར་བྱེད་བཞིན་པའི་སྐབས་སུ། ཐ་སྙད་རིག་གནས་གཞན་དག་ལ་བརྩོན་པ་ཆེན་པོ་དེ་ཙམ་མི་བྱེད། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་ངེས་པར་སྲུང་དགོས། བསླབ་པ་རྒན་པ་དང་། སྐུ་ཡོན་ཅན་དང་། ཆོས་སྡེ་འདི་ལ་བློ་དཀར་ཞིང་། བཀའ་དྲིན་དང་སྤྱི་སེམས་ཆེ་བ་རྣམས་ལ་ཞྭ་ཕབ་གཟན་ཕབ་སོགས་བཀུར་བཟོ་ལེགས་པར་བྱ། ཆོས་མཚམས་ཀྱི་སྐབས་སུ་འང་གསུངས་རབ་བློ་འཛིན་སྐྱོར་སྦྱང་དང་། དཔེ་ཁྲིད་དཔེ་གཟིགས་བྱེད་པ་ལས། གཞན་གྲྭ་ཤག་རེར་འདུས་ནས་དོན་མེད་ཀྱི་ལོང་གཏམ་དང་། ཤོ་རྒྱག་པ་དང་། གླུ་ལེན་པ་སོགས་ལས་ཀྱི་སྣེ་མོ་རྣམས་ཀྱིས་མཐོང་ཐོས་སུ་གྱུར་ན། དགེ་འདུན་གྱི་གྲལ་མཇུག་ནས་ལྟུང་བཤགས་འདོན་བཞིན་བརྒྱ་ཕྱག་འཚལ་དུ་བཅུག གཞན་ཡང་། གླིང་བར་ནས་སྐད་མཐོན་པོས་ཧབ་ཆ་རྒྱག་པ་དང་། གྲོང་སྡེ་ལྟར་སྐད་ཆེན་པོས་ཕན་ཚུན་གྱི་མིང་ནས་འབོད་པ་སོགས་མི་བྱེད། རྐུས་བྱེད་པ་དང་། ཆང་འཐུང་པ་དང་། དུ་བ་འཐེན་པ་དང་། གྲི་མཚོན་རྒྱག་པ། མཁན་པོ་དང་དགེ་བསྐོས། ལས་འཛིན་པ་དང་དབུ་མཛད་སོགས་ལས་སྣེ་མོ་རྣམས་ལ་ཁ་ལན་ལག་ལན་སློག་པ་དང་། མཐོ་བ་ཞིག་ལ་རྒྱབ་དཔུང་བྱས་ཏེ་དགེ་འདུན་གྱི་སྡེ་དཀྲུགས་པ་དང་། དགེ་ཚུལ་སློང་དག་ལ་མིང་ངན་སྣ་ཚོགས་འདོག་མཁནགྱི་གཏེ་བོ་རྣམས་ལ། མཐོ་དམན་པར་གསུམ་གང་གིས་ཀྱང་རྒྱབ་སྐྱོར་བྱེད་མི་ཆོག དེས་ན་དེ་དག་ལ་མཁན་པོ་དང་ལས་ཀྱི་སྣེ་མོ་རྣམས་ཀྱི་བློ་གཟུ་བོར་གནས་པའི་སྒོ་ནས་གང་ལ་གང་འོས་ཀྱི་ཆད་པ་གཅོད་དགོས། དེ་ནི་ཆོས་དང་མཐུན་པ་ཡིན་ཏེ། མདོ་རྩ་བ་ལས། གནས་པ་ཆད་པས་གཅོད་པར་འོས་པ་ལ་ཆད་པས་མི་གཅད་པར་མི་བྱའོ། །ཆད་པ་ནི་ལྔའོ། །གཏམ་འདྲེས་པར་མི་བྱ་བ་དང་། གདམས་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་ལོངས་སྤྱོད་དུ་མི་གཞུག་པ་དང་། དགེ་བའི་ཕྱོགས་བརྩམ་པ་རྒྱུན་གཅད་པ་དང་། གནས་དགག་པར་བྱའོ། །མ་དད་པ་དང་ལེ་ལོ་ཅན་དང་། བཀའ་བློ་མི་བདེ་བ་དང་། མ་གུས་པ་དང་སྡིག་པའི་གྲོགས་བྱེད་པ་ལ་དེ་དག་ལ་འོས་པ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཤམ་ཐབས་ནག་པོ་གྱོན་པ་དང་། ཤམ་ཐབས་ཕྱིར་རྫོགས་པ་དང་། ཤམ་ཐབས་ཉིས་ལྟེབ་བྱས་ཏེ་གྱོན་པ་དང་། གཟན་མེད་པར་གླིང་བར་ནས་འགྲོ་བ་སོགས་མི་ཆོག དགོན་པའི་ཕྱི་རོལ་ཏུ་འགྲོ་བའི་ཚེ་གྲོང་ཆས་དང་རྒྱ་མིའི་ལྭ་བ་སོགས་གྱོན་མི་ཆོག་སྟེ། ཇི་སྐད་དུ། ཆོས་གོས་ངུར་སྨྲིག་ཟུང་དག་གིས། རབ་བྱུང་རྣམས་ཀྱི་ལུས་མཛེས་ཀྱིས། །རབ་བྱུང་ཁྱིམ་པའི་རྟགས་འཆང་བ། །བསྟན་པ་འཇིག་པའི་བརྟུལ་ཞུགས་ལགས། །ཞེས་འབྱུང་བའི་ཕྱིར། མ་དང་སྲིང་མོ་ཡིན་ཟེར་ལྟ་བུའི་བུད་མེད་གྲྭ་ཤག་ནས་ཡུན་རིང་བོར་འདུག་མི་ཆོག གྲྭ་ས་གཞན་ནས་སྦྱིན་བདག་སོགས་ཀྱི་བུད་མེད་ཡིན་ན་ཡང་། ཞག་གཅིག་དགོན་དུ་འདུག་ནའང་དགེ་སྐོས་ལ་གནང་བ་ཞུ་དགོས་པའི་ཕྱག་སྲོལ་ཡོད། འགྲིག་ལམ་ཆེ་ཆུང་གང་གི་སྐབས་སུ་ཡང་ཁྲི་རིན་པོ་ཆེ་གཙོ་བྱས་པའི་ལས་སྣེ་མོ་རྣམས་ཀྱི་ཉེ་ཁ་ཕྱོགས་སྐྱོར། ངོ་དགའ་ཟོལ་འཇོག་སྒེར་དོན་སྤྱི་དོན་དུ་མ་སོང་བར་ལས་འབྲས་དཔང་བོར་བཞག་སྟེ། འགྲིག་ལམ་གྱི་གཏིང་གནོན་བྱེད་དགོས། དགེ་ཚུལ་སློང་སུ་ཡིན་ཀྱང་དགེ་འདུན་གྱི་སྡེ་རིས་སུ་གཅད་དེ་དཀྲུགས་ཤིང་འཐབ་ཀྲོལ་མི་བྱ་སྟེ། དེ་བྱས་ན་ཉེས་སྡིག་ཤིན་ཏུ་ཆེ་སྟེ། འདུལ་བའི་མདོ་ལས། འཐབ་ཀྲོལ་བྱེད་པ་བསྐྲད་པ་ན་གཟུང་བར་མི་བྱའོ། །འཐབ་ཀྲོལ་བྱེད་པས་མ་ལོག་ན། ཉེ་བར་ཞི་བར་བྱ་བའི་ཕྱིར། གནས་ནས་དབྱུང་བར་བྱའོ། །འཐབ་ཀྲོལ་གྱི་རྒྱུ་ཉེ་པར་བསྒྲུབ་པ་ཡང་གནས་ནས་དབྱུང་པར་བྱ་བ་ཉིད་དོ། །ཞེས་གསུངས་པས་སོ། །གྲྭ་བ་རྒན་པ་བདག་པོ་མེད་པ་རང་གིས་གཡོ་བསྐོལ་བྱེད་མི་ནུས་པ་དང་། ས་ཐག་ཤིན་ཏུ་རིང་བ་འཚོ་ཆས་མེད་པ་དང་། འབྱོར་བ་མེད་པའི་ནད་པ་དང་། ནད་པ་ནད་གཡོག་མེད་པ་སོགས་ལ། དགེ་འདུན་སྤྱི་ནས་བདག་པོ་བྱེད་དགོས་པ་རྒྱལ་བའི་བཀའ་ཡིན་ཏེ། འདུལ་བའི་མདོ་ལས། ཚངས་པ་ཚངས་པར་སྤྱོད་པ་ན་བ་ཡལ་བར་མི་འདོར་རོ། །དེ་ལ་ནད་གཡོག་མེད་ན་མཐར་ཐུག་པ་དམན་ཆད་ལས་བསྐོ་བར་བྱའོ། །དགེ་འདུན་ལས་འབྱུང་བའི་སྨན་ནི་ནད་པ་འགའ་ཞིག་གིས་སྤྱད་དུ་རུང་ངོ་། །མ་འབྱོར་ན་དགེ་འདུན་གྱིས་སྦྱིན་པར་བྱའོ། །མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་གསོལ་བ་མན་ཆད་ཀྱང་ངོ་། །ཞེས་གསུངས་པ་ལྟར་ལས་སྣེ་མོ་རྣམས་ཀྱི་ཀྱང་ཉམས་སུ་ལེན་དགོས་སོ།།

གསུམ་པ་ཆོས་སྡེ་ཆེན་པོ་འདིར་ཞུགས་པའི་འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་ལས། དང་པོ་ནི། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཇི་ལྟ་བ་བཞིན་སྨྲ་བའི་དགེ་བའི་བཤེས་གཉེན་དམ་པའི་ཆོས་ཡོངས་སུ་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུའི་མིང་དོན་གཉིས་ཀ་ཐོབ་པར་འགྱུར་ཞིང་། སྐྱེ་བ་འདི་ལ་དལ་འབྱོར་ཐོབ་པ་དང་དོན་ལྡན་དུ་འགྱུར་པའང་ཡིན་ཏེ། དམ་ཆོས་དཀོན་མཆོག་བརྩེགས་པ་ལས། གཏེར་ཆེན་པོ་རིན་པོ་ཆེ་མཐའ་ཡས་འབྱུང་གནས་ཞེས་བགྱིས་བ་དེ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚིག་བླ་དྭགས་ལགས་སོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་པོ་ཉིད་ནི་དམ་པའི་ཆོས་ལགས་སོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་པོ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །ཞེས་བཀའ་སྩལ་བའི་ཕྱིར་རོ། །དབུ་ཕར་དང་རྣམ་འགྲེལ་གསུམ་ལ་སློབ་གཉེར་མཐར་ཕྱིར་པའི་འབྲས་རྟགས་སུ་དཀའ་བཅུ་རབས་འབྱམས་པའི་མིང་བཏགས་སྟེར། གཞུང་བཀའ་པོཏ་ཆེན་པོ་ལྔ་ལ་སློབ་གཉེར་མཐར་ཕྱིན་པའི་འབྲས་རྟགས་སུ་རྡོ་བཅའ་རབས་འབྱམས་པའི་མིང་བཏགས་སྟེར། རྡོ་བཅའ་རབ་འབྱམས་པའི་དམ་བཅའ་འཇོག་མཁན་ཡོད་ན། རྒྱལ་ལོ་ཚེ་བཅུ་གཅིག་ནས་བཅོ་ལྔའི་བར་ཉིན་ལྔ་ལ་པོ་ཏི་ལྔའི་དམ་བཅའ་རིམ་གྱི་འཇོག བཅོ་ལྔའི་ཉིན་དམ་པའི་ཆོས་ཀྱི་དགའ་སྟོན་བྱེད། མཇུག་ཏུ་དགོན་གཞུང་དང་བླ་གྲྭ་ཚང་མས་བཀྲ་ཤིས་པའི་ལྷ་རྫས་སོགས་འབུལ་དགོས་སོ།།

གཉིས་པ་མཐར་ཐུག་གི་འབྲས་བུ་ནི། ཚོམ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། མདོ་སྡེ་རྒྱན་ལས། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡིན་ཡེ་ཤེས་འབྱུང་། །ཞེས་སོགས་གསུངས་པ་ལྟར་རོ།།

སྨྲས་པ། རྨད་བྱུང་ལུང་རིགས་སྒྲ་སྙན་བསྒྲོགས་པའི་ཚལ། །དཔལ་ལྡན་མི་འགྱུར་བཀྲ་ཤིས་ཆོས་སྡིངས་སུ། །རྒྱན་དྲུག་མཆོག་གཉིས་ལྟ་བུའི་མཁས་མང་གིས། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པར་ཤོག །ཅེས་བྱང་ཕྱོགས་འཛིན་མའི་རྒྱན་གཅིག་དྷིའཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་སྒྲིགས་ཡིག་ཐར་བའི་ལམ་ཏུ་འཇུག་ངོགས་ཞེས་བྱ་བ་འདི་ནི། ཆོས་སྡེ་ཆེན་པོའི་མཁན་པོ་ཁྲི་རིན་པོ་ཆེ་ྋརྗེ་བློ་བཟང་གྲགས་པ་རྒྱ་མཚོ་དཔལ་བཟང་པོ་དང་། དབུ་ཆོས་གཉིས་དང་། ཚོགས་འདུ་རྒན་པ་ལས་ཀྱི་སྣེ་མོ་རྣམས་གཙོ་བྱས་པའི་དགེ་འདུན་འདུས་པ་རྒྱ་མཚོ་ནས་ནན་ཏན་ཆེན་པོའི་ཡང་ཡང་བསྐུལ་བ་ལ་བརྟེན་ནས། དགེ་སློང་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་བྲིས་པ་དགེ་ལེགས་སུ་གྱུར་གཅིག སྤར་འདི་ཁ་སྒང་ཨོ་བསྭོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས།། སརྦ་མངྒལཾ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།