དགེ་སློང་ཕྱིར་བཅོས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-09 21:24:06         ཀློག་ཐེངས།  

     ༄༅། །དེ་ནས་དགེ་སློང་ཐམས་ཅད་གཙུག་ལག་ཁང་དུ་འདུས་པ་ན་ཕྱག་གསུམ་འཚལ་ཏེ། ཐམས་ཅད་འགྲེང་ཞིང་ཐལ་མོ་བསྣོལ་ཏེ་སྦྱར་ནས་འདུད་པ་དང་བཅས་ལ་དབུ་མཛད་ཀྱིས་དབུ་བསྐུལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས། ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་བྱུང་བ་བཅབས་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས། ལྟུང་བ་དངོས་གཞི་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས།ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། གནས་བརྟན་གྱིས།ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། དེ་ནས་ཐམས་ཅད་ཙོག་པུར་བཞུགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང་དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌།བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་ སོགས་པ་ལྷག་མ་བཅུ་གསུམ་གྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གོས་ཞག་བཅུ་འཆང་སྤང་དང༌། ཤེས་བཞིན་གྱི་རྫུན་ལ་སོགས་པ་སྤང་ལྟུང་སུམ་བཅུ་དང༌། འབའ་ཞིག་པ་དགུ་བཅུའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པ་ལ་སོགས་པ་སོ་སོར་བཤགས་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། སྟོད་གཡོགས་དང་སྨད་གཡོགས་ཟླུམ་པོར་མ་བགོས་པ་ལ་སོགས་པ་བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གཞན་ཡང་གནས་ཀྱི་བླ་མ་མ་བསྟེན་པ་དང༌། བྱ་བ་རྣམས་མ་ཞུས་པར་བྱས་པ་དང༌། རྩོད་པ་ཆོས་ཕྱོགས་སུ་ཞི་བར་མ་བྱས་པ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གཞན་ཡང་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ལ་སོགས་པ། མདོར་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་བཤགས་ཡུལ་ཡོད་བཞིན་དུ་མ་བཤགས་པ་དང༌། དགུང་ཞག་དུ་མར་བཅབས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ལན་གསུམ། གནས་བརྟན་གྱིས། ཉེས་པ་ལ་ཉེས་པར་གཟིགས་སམ། ཞེས་དྲིས་པ་ན། གཞན་རྣམས་ཀྱིས། མཐོང་ལགས། གནས་བརྟན་གྱིས། ཕྱིན་ཆད་ལེགས་པར་སྡོམ་མམ། གཞན་རྣམས་ཀྱིས། སྡོམ་ལགས། ཞེས་མཐོང་སྡོམ་དྲི་བ་ལན་གསུམ་བྱས་པའི་མཐར། གནས་བརྟན་གྱིས། ཐབས་ཡིན་ནོ། །གཞན་རྣམས་ཀྱིས། ལེགས་སོ། །ཞེས་བརྗོད་དོ། དགེ་སློང་གཞན་ཞིག་གིས་གནས་བརྟན་ལ་དེ་ལྟར་དྲི་བར་བྱའོ། །
     ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པའི་སྡེ་ཚན་ལས། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་བྱུང་བ་དང༌། ལྟུང་བ་ལྷག་མའི་སྡེ་ཚན་ལས། བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ལྷག་མ་བཅུ་གསུམ་གྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་བྱུང་བ་དང༌། ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། གོས་ཞག་བཅུ་འཆང་སྤང་དང༌། ཤེས་བཞིན་གྱི་རྫུན་ལ་སོགས་པ་སྤང་ལྟུང་སུམ་ཅུ་དང༌། འབའ་ཞིག་པ་དགུ་བཅུའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་སོར་བཤགས་ཀྱི་སྡེ་ཚན་ལས། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པ་ལ་སོགས་པ་ སོ་སོར་བཤགས་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་དུ་མེད་པ་བྱུང་བ་དང༌། ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། སྟོད་གཡོགས་དང་སྨད་གཡོགས་ཟླུམ་པོར་མ་བགོས་པ་ལ་སོགས་པ་བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་བྱུང་བ་དང༌། གཞན་ཡང་གནས་ཀྱི་བླ་མ་མ་བསྟེན་པ་དང༌། བྱ་བ་རྣམས་མ་ཞུས་པར་བྱས་པ་དང༌། རྩོད་པ་ཆོས་ཕྱོགས་སུ་ཞི་བར་མ་བྱས་པ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གཞན་ཡང་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ལ་སོགས་པ་མདོར་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དང༌།དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ། གནས་བརྟན་གྱིས། ལྟུང་བ་ལ་ལྟུང་བར་མཐོང་ངམ། ཞེས་མཐོང་སྡོམ་ལན་གསུམ་དྲིས་ཏེ་ཐབས་ལེགས་བྱ། གཞན་ཞིག་གིས་གནས་བརྟན་ལ་མཐོང་སྡོམ་འདྲི།
     ལྟུང་བ་བྱིན་རླབས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་བའམ་བཅོ་ལྔ་བ་ལགས་ལ།བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་བའམ་བཅོ་ལྔ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་དཔག་ཏུ་མེད་པ་བྱུང་བ་རྣམས་དགེ་འདུན་གྱི་མདུན་དུ་བྱིན་གྱིས་བརླབས་ཏེ། དེང་གསོ་སྦྱོང་བགྱིའོ། །སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ། །ཞེས་པ་ལན་གསུམ་གྱིས་ལྟུང་བ་བྱིན་རླབས་བྱའོ། །གནོད་པ་ཕྱིར་བཟློག་གི་གསོ་སྦྱོང་དང་བཀྲ་ཤིས་ཀྱི་གསོ་སྦྱོང་སོགས་ལ་དེ་ལྟར་སྦྱོར། གནས་བརྟན་གྱིས། ཐབས་ཡིན་ནོ། །གཞན་རྣམས་ཀྱིས། ལེགས་སོ། །ཞེས་བརྗོད། དགེ་སློང་གཞན་ཞིག་གིས་གནས་བརྟན་ལ་ཡང་ཐབས་ལེགས་བྱ། དེ་ནས་ཕྱག་གསུམ་བྱས་ལ་འགྲེང་སྟེ་འདུད་པ་དང་བཅས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་བྱུང་བ་བཅབས་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་བརྗོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། གནས་ བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་བརྗོད།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།