མཁར་སིལ་གྱི་མཚོན་དོན་

ཡོང་ཁུངས།   བཀའ་གདམས་གླེགས་བམ།     སྤེལ་དུས།  2016-02-25 20:32:06     རྩོམ་པ་པོ།   ཇོ་བོ་ཨ་ཏི་ཤ    ཀློག་ཐེངས།  

349305243187316395.jpg   

    མཁར་སིལ་གྱི་མཚོན་དོན་བཀའ་གདམས་གླེགས་བམ་ལས་ཟུར་དུ་བཀོད་པ་ལ། འབྲོམ་སྟོན་རིན་པོ་ཆེས་ཞུས་པ་ནི། བཞུགས་གནས་སྙེ་ཐང་འོར་དུ་ནི། །ལས་ཅན་ཨུ་པ་སི་ཀ་ཡིས། །ཇོ་བོ་རྗེ་ལ་འདི་སྐད་ཞུས། །བློ་ལྡན་བླ་མ་དགོངས་སུ་གསོལ། །མདུད་པ་གཅིག་དང་དུམ་བུ་གསུམ། །བར་ཤིང་གསོམ་དང་སྨད་ཞོགས་བདུན། །སྟོད་ཞོགས་བརྒྱད་དང་རྭ་ཆེན་བཞི། །མཆོད་རྟེན་གཉིས་དང་འཁོར་ལོ་ཀྱུ། །སྦབས་གཉིས་སྟོང་དང་ཟུང་དུ་འབྲེལ། །ཨ་ལོང་བཅུ་གཉིས་ཡོད་པ་འདི། །བདག་གི་ཐེ་ཚོམ་བཅད་པའི་ཕྱིར། །གང་ལྟར་ལགས་པ་གསུང་དུ་གསོལ། །

  ཇོ་བོ་ཨ་ཏི་ཤས་མཚོན་དོན་གསུངས་པ་ནི། ཇོ་བོའི་ཞལ་ནས་འདི་སྐད་གསུང་། །མདུད་པ་གཅིག་ཏུ་ཡོད་པ་ནི། །ངན་སོང་སྒོ་གཅོད་མཚོན་པའི་བརྡ། །དུམ་བུ་གསུམ་དུ་ཡོད་པ་ནི། །ཚུལ་ཁྲིམས་སེམས་དང་ཤེས་རབ་སྟེ། །བསླབ་པ་གསུམ་པོ་མཚོན་པའི་བརྡ། །བར་ཤིང་གསོམ་དུ་ཡོད་པ་ནི། །དགེ་སྦྱོང་སེམས་ནི་ཡང་ཤིང་གསང་། གཡོ་སྒྱུ་མེད་པར་མཚོན་པའི་བརྡ། །སྨད་ཞོགས་བདུན་དུ་ཡོད་པ་ནི། །བྱང་ཆུབ་ཡན་ལག་བདུན་པོ་མཚོན། །སྟོད་ཞོགས་བརྒྱད་དུ་ཡོད་པ་ནི། །འཕགས་ལམ་བརྒྱད་པོ་མཚོན་པའི་བརྡ། །རྭ་ཆེན་བཞི་རུ་ཡོད་པ་ནི། །འཕགས་པའི་བདེན་བཞི་མཚོན་པའི་བརྡ། །མཆོད་རྟེན་གཉིས་སུ་ཡོད་པ་ནི། །གཟུགས་སྐུ་རྣམ་གཉིས་མཚོན་པའི་བརྡ། །ཆོས་སྐུ་སྤྲོས་བྲལ་བརྗོད་ལས་འདས། །འཁོར་ལོ་འདི་ནི་བདེན་བཞི་ཡིས། །ཆོས་ཀྱི་འཁོར་ལོ་སྤྲུལ་སྐུ་ཡིས། །ཝ་རྭ་ཎ་སིར་ལྔ་སྡེ་དང་། །འཁོར་གྱི་ཚོགས་ལ་བསྐོར་བ་མཚོན། །ལྕགས་ཀྱུ་འདི་ནི་ཐུགས་རྗེ་ཡིས། །འགྲོ་བ་མ་ལུས་འདྲེན་པར་མཚོན། །སྟོད་སྦུབས་སྟོང་བར་ཡོད་པ་ནི། །ཆོས་བདག་རང་བཞིན་མེད་པའི་བརྡ། །སྨད་སྦུབས་སྟོང་བར་ཡོད་པ་ནི། །གང་ཟག་བདག་མེད་མཚོན་པའི་བརྡ། །སྟོད་སྨད་ཟུང་དུའབྲེལ་བ་ནི། །ཐབས་དང་ཤེས་རབ་གཉིས་པོ་མཚོན། །ཨ་ལོང་བཅུ་གཉིས་ཡོད་པ་ནི། །མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་དྲུག་དང་ནི། །རེག་ཚོར་སྲེད་ལེན་སྲིད་སྐྱེ་དང་། །རྒ་ཤི་དང་ནི་བཅུ་གཉིས་ཏེ། །རྟེན་འབྲེལ་བཅུ་གཉིས་མཚོན་པའི་བརྡ། །དུས་གསུམ་རྒྱལ་བ་སྲས་དང་བཅས། །ཉན་རང་འཕགས་པའི་ཚོགས་རྣམས་ཀྱིས། །ཕྱག་མཁར་མཆོད་རྟེན་བརྡ་མཚོན་ཡིན། །མདོ་ནས་གཉིས་བྱེད་བྱ་བར་གསལ། །
  མཁར་སིལ་གྱི་ཁྱད་པར་སོགས་བསྟན་པ་ནི། སླར་ཡང་ཨུ་པ་སི་ཀ་ཡིས། །ཇོ་བོ་རྗེ་ལ་འདི་སྐད་ཞུས། །འདི་ལ་ལུགས་ནི་རྣམ་པ་དུ། །འདི་ལ་འཆང་ལུགས་ཇི་ལྟར་བགྱི། །འདི་ཐོགས་པ་ལ་ཡོན་ཏན་ཅི། །འདི་ཐོགས་གང་ཟག་སུ་ཞིག་ཡིན། །གོང་དུ་གསུངས་པ་ཁོ་ནའམ། །འདི་འཆར་རྣམས་ཀྱི་བྱ་བ་ཅི། །འདི་ཐོགས་བསོད་སྙོམས་ཇི་ལྟར་རྒྱུ། །
  ཇོ་བོའི་ཞལ་ནས་འདི་སྐད་གསུངས། །འདི་ལ་ལུགས་ནི་རྣམ་པ་བཞི། །འདས་པའི་ལུགས་དང་མ་འོངས་ལུགས། །ད་ལྟར་ལུགས་དང་གསུམ་སྤྱད་ལུགས། །མར་མེ་མཛད་ཞུས་བདེན་པ་གཉིས། ། ཀུན་རྫོབ་དང་ནི་དོ་དམ་སྟེ། །རྭ་ཆེན་གཉིས་ཀྱིས་མཚོན་པ་ཡིན། །འདི་ནི་འདས་པའི་སངས་རྒྱས་ལུགས། །བྱམས་པ་མགོན་ཞུས་བདེན་པ་གཅིག །མྱ་ངན་འདས་པ་བདེན་གཅིག་པོ། །རྭ་ཆེན་གཅིག་གིས་མཚོན་པ་ཡིན། །འདི་ནི་མ་འོངས་སངས་རྒྱས་ལུགས། །ཤཱཀྱ་ཐུབ་ཞུས་བདེན་པ་བཞི། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །རྭ་ཆེན་བཞི་ཡིས་མཚོན་པ་ཡིན། །འདི་ནི་ད་ལྟར་སངས་རྒྱས་ལུགས། །གསུམ་ག་སྤྱོད་ལུགས་ཕར་ཕྱིན་དྲུག །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་འདི་དྲུག་གོ། །རྭ་ཆེན་དྲུག་གིས་མཚོན་པ་ཡིན། །ལུགས་བཞི་འདི་ལ་མཁར་པར་གྱིས། །
  མཁར་སིལ་འཆང་ཚུལ་ནི། འདི་ལ་འཆང་ལུགས་འདི་ལྟར་བགྱེ། །མདུང་ཐོགས་བཞིན་དུ་མི་བསླང་ཞིང་། །དོང་ཐོགས་བཞིན་དུ་མི་སྒྱེར་རོ། །མ་ནི་བུ་གཅེས་འཛིན་པ་བཞིན། །སེམས་ཀྱི་བསླབ་པ་ཐུགས་ཀར་བཅང་། །ཀུ་ཀུ་ར་ཙ་ལ་སོགས་པ། །གང་ན་འཇིགས་པ་ཡོད་པའི་སར། །གང་ལྟར་བྱས་ཀྱང་ཉེས་པ་མེད། །བསླབ་གསུམ་ཐབས་དང་ཤེས་རབ་ནི། །ནམ་ཡང་འབྲེལ་བར་མི་བྱའོ། །མཆོད་རྟེན་ཡིན་པས་གུས་པར་བཅང་། །བརྡ་ཆོས་ཡིན་པས་ཉམས་སུ་བླང་། །
  མཁར་སིལ་འཆང་བའི་ཕན་ཡོན་ནི། འདི་འཆང་ཡོན་ཏན་བསྟན་པ་འཛིན། །མི་ཁོམ་བརྒྱད་སྤངས་སྐམ་སར་གནས། །གང་ན་འདི་འཆིང་ཡུལ་གྱི་དབུས། །མཐའ་འཁོབ་རྣམས་ན་འདི་འཆང་མེད། །ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་མིན། །ཁྱིམ་པ་རྣམས་ནི་སྡུག་བསྔལ་བ། །འདི་འཆང་རྣམས་ནི་བདེ་བ་ཡིན། །ཁྱིམ་ནས་ཕྱུང་ལ་འདི་ནི་ཆོངས། །འདོད་པ་ཆུང་ཞིང་ཆོག་ཤེས་ལ། །རབ་ཏུ་དབེན་པ་གང་ཡིན་པ། །འདི་འཆིང་བ་ཡི་གང་ཟག་ཡིན། །སྡེ་སྣོད་གསུམ་ལྡན་སུ་སྤྱོད་པ། །འདི་འཆིང་བ་ཡི་གང་ཟག་ཡིན། །
  ལྷུང་བཟེད་བཟུང་བ་བོ་ནི། གནག་ལ་ཟླུམ་པ་དྲང་སྲོང་སྣོད། །ཚད་དང་ལྡན་པ་སུ་འཆང་བ། །འདི་འཆང་བ་ཡི་གང་ཟག་ཡིན། །
  ཆོས་གོས་གྱོན་པ་པོ་ནི། །ངུར་སྨིག་གྲུ་བཞི་ཕུ་དུད་མེད། །རུང་བའི་གོས་ནི་སུས་གྱོན་པ། །འདི་འཆང་བ་ཡི་གང་ཟག་ཡིན། །རྟག་ཏུ་བསོད་སྙོམས་ཟས་འཚོ་བ། །འདི་འཆང་བ་ཡི་གང་ཟག་ཡིན། །
  ལྷུང་གཟེད་ཀྱི་ཁྱད་ཆོས་ནི། ལུང་མེད་སྣོད་ནི་འགྲིལ་སྙིང་འདོད། །བྱ་བ་མང་བོ་འོང་རེ་སྐན། །
  ཆོས་གོས་དང་བསོད་སྙོམས་ཀྱི་ཁྱད་ཆོས་ནི། གྲུ་བཞི་གོས་ནི་འབུད་སྙིད་འདོད། །བྱ་བ་མང་བོ་འོང་རེ་སྐན། །ཕོངས་པ་རྣམས་ལ་ཐུགས་བརྩེ་བས། །རྟག་ཏུ་བསོད་སྙོམས་འཚོལ་བ། །བྱ་བ་མང་པོ་འོང་རེ་སྐན། །ཕ་ཡུལ་བདུད་ཀྱི་བརྩོན་ཁང་འགྱེལ། །མི་ཆོས་ལས་ཀྱི་འཆང་ཐག་ཆད། །མཛའ་བའི་བཤེས་དང་ལྡན་པའི་དགྲ། །ལས་ངན་ཆགས་སྡང་ཡུལ་ལས་བྲོས། ཞིང་མེད་འབྲོག་དགོན་དེ་ལ་མེད། ནོར་ཚོལ་བཟོ་དང་གཞན་དཔོན་དང་། །ཁེ་ཚོལ་གཡོག་ཀྱང་དེས་མི་འོང་། །བྱ་བ་མང་པོ་འོང་རེ་སྐན། །མི་གྲལ་ནས་བུད་རི་དྭགས་འདྲ། །འཕྲལ་ལ་ཟས་ཚོལ་བྱ་དང་འདྲ། །གོག་སྟེ་ལངས་པས་གཞིས་རྫོགས་པ། །བྱ་བ་མང་པོ་འོང་རེ་སྐན། །ས་གཅིག་གནས་གཅིག་མི་བསྟེན་པ། །ཉི་ཟླ་བཞིན་དུ་ཀུན་ཏུ་རྒྱུ། །ཤེས་རབ་གསུམ་གྱིས་རྒྱུད་སྦྱོང་ཞིང་། །བྱ་བ་ངན་པ་མཐའ་དག་སྤོང་། །ཤཱཀྱ་སེང་གེའི་རྣམ་ཐར་ལ། །བྱ་བ་མང་པོ་འོང་རེ་སྐན། །རང་དགའ་མ་ཡིན་མདོ་རྣམས་ལྟོས། །ཞིབ་པར་ཡིད་ཀྱིས་དོན་གཉེར་མཛོད། །བྱ་བ་མེད་པར་ཐར་ལམ་གནས། །རྣམ་མཁྱེན་གོ་འཕང་བརྩོན་པས་བགྲོད། །
  མཁར་སིལ་ཐོགས་པས་ཁྱིམ་དུ་བྱོན་ཚེ་ཇི་ལྟར་བྱ་ཚུལ་ནི། འདི་ཐོགས་བསོད་སྙོམས་རྒྱུ་བའི་ཚེ། །ཁྱིམ་པ་རྣམས་ཀྱི་སྒོ་དྲུང་དུ། །ངན་སོང་སྒོ་གཅོད་རྒྱ་མདུད་ཀྱིས། །ངན་སོང་སྒོ་གཅོད་མཚོན་པའི་ཕྱིར། །མ་ཐེམ་ལ་ནི་ལན་གསུམ་དུ། །དུས་གསུམ་ལན་གསུམ་བརྡུང་བར་བྱ། །དེ་བཞིན་ཡ་ཐེམ་ལོངས་སྐུ་ཡིས། །ཆོས་ཀྱི་སྒོ་མོ་འབྱེད་པའི་བརྡར། །མི་མཐུན་སྤང་བྱ་དེ་ཡང་བརྡུང་། །བར་དུ་རྟེན་འབྲེལ་བཅུ་གཉིས་སྒྲ། །ཁྱིམ་པ་རྣམས་ལ་སིལ་ལི་ལི། །སྒྲ་དང་ལྡན་པས་བསྒྲག་པར་བྱ། འོ་དོད་རྒྱང་བོས་མི་བྱ་ཞིང་། མི་དད་སྤྱོད་པ་རྣམས་སྤང་སྟེ། །བག་ཡོད་སྤྱོད་པས་ལེགས་གནས་ལ། །སྙན་པའི་ཚིག་གིས་སྒྲོལ་བར་བྱ། །འཚོ་བ་མི་རུང་མ་གཏོགས་པ། །དམན་ཡང་གང་ཕུལ་བླང་བར་བྱ། །བཟང་ངན་ཆགས་སྡང་རྣམས་སྤང་སྟེ། །དགེ་རྩ་བསྔོ་ཞིང་སྨོན་ལམ་བཏབ། །དམན་ཆ་བླངས་ལ་མཐོ་ས་བསྐྱངས། །རྟག་ཏུ་བསོད་སྙོམས་དོན་ཡོད་རྒྱུ། །ཐུབ་པའི་རྣམ་ཐར་མི་ནུབ་བཟུང་། །ལུང་དང་མཐུན་པར་རིག་པས་སྡེབབས། །དེ་ལྟར་སྐུ་གསུམ་མཉེས་པར་ཤོག །འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་བར་གྱུར་ཅིག། །

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།