རབ་བྱུང་གོས་ཀྱི་རྣམ་གཞག

ཡོང་ཁུངས།   རོང་བོ་དགོན་པའི་འཕྲིན་སྟེགས།     སྤེལ་དུས།  2016-01-31 10:49:41     རྩོམ་པ་པོ།   རྗེ་དགེ་འདུན་བསྟན་འཛིན།    ཀློག་ཐེངས།  

203530613651124515.jpg

རབ་བྱུང་བ་ཡན་ཆད་ལ་བླ་གོས་དང་མཐང་གོས་ངེས་པར་དགོས་ཏེ། དེ་དག་ལ་ཡོ་བྱད་ལྔ་ངེས་པར་ཚང་དགོས་པའི་ཕྱིར། དེ་ལྟར་ཡང་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་ཞེས་སོགས་དང་། འདི་སྨད་དུ་གྱོན་པར་བྱེད་པའི་མཐང་གོས་ཞེས་སོགས་དང་། སྡོམ་གསུམ་བསླབ་བྱ་སྐུ་གསུམ་ཁང་བཟང་བགྲོད་པའི་ཐེམ་སྐས་ལས། རྟགས་མཐུན་པའི་རྐྱེན་ལ་དགེ་ཚུལ་ལ་བླ་གོས་མཐང་གོས་གདིང་བ་ལྷུང་བཟེད་ཆུ་ཚགས་ཞེས་དང་། སྡོམ་གསུམ་རྣམ་གཞག་ཐར་བ་མཆོག་གི་ལེགས་ལམ་ལས། རྟགས་མཐུན་པའི་རྐྱེན་དགེ་ཚུལ་ལ་བླ་གོས་མཐང་གོས་གདིང་བ་ལྷུང་བཟེད་ཆུ་ཚགས། བསྙེན་རྫོགས་ལ་དེའི་སྟེང་དུ་སྣམ་སྦྱར་རྣམས་རུང་བ་ཚད་ལྡན་གཡར་བོ་ཚུན་ཆད་ཀྱིས་ཚང་ཞིང་ཞེས་དང་། ཀུན་མཁྱེན་བདེ་ལེགས་ཉི་མས། གཉིས་པ་བླངས་འདས་ནི། ཁྱིམ་པ་དང་མུ་སྟེགས་ཅན་གྱི་གོས་འཆང་བ། བླ་གོས་མཐང་གོས་གདིང་བ་གཡར་བོ་ཚུན་ཆད་ཀྱིས་མེད་པའོ། །

དེའི་ཕྱོགས་མཐུན་ནི། ཁྱིམ་པ་དང་གོས་ཆ་འདྲ་བ་དང་། རང་བྱུང་གི་གོས་ཡིན་ཀྱང་ཁ་དོག་ཚད་དབྱིབས་གྱོན་ལུགས་ལ་སྐྱོན་ཆགས་པའོ། །ཞེས་དང་། རིན་ཆེན་འཕྲེང་བ་ལས། ཁྲུས་བྱས་ནས་མཁན་པོས། བླ་གོས་དང་མཐང་གོས་ངུར་སྨིག་སེར་པོས་མཚོན་པ་རབ་བྱུང་གི་ཚུལ་དང་མཐུན་པའི་ཚོན་གྱིས་ཁ་བསྒྱུར་བ་སྦྱིན་པར་བྱའོ། །ཞེས་དང་། དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ་ལས། ཉམས་པ་རྣམ་པ་གསུམ་དག་དང་། །ཞེས་པའི་དང་པོ། ཁ་ཚར་དང་ཕུན་ཚར་མ་བཅད་པ་དང་། གོས་དཀར་པོ་ལ་སོགས་པ་ཁྱིམ་པའི་རྟགས་མཚན་ཉིད་པ་དགོས་མེད་དུ་བགོ་ཞིང་འཆང་བ་ལ་སོགས་པ་བྱེད་ན་ཁྱིམ་པའི་རྟགས་སྤོང་བ་ཉམས་པའོ།།

གཉིས་པ་བླ་གོས་དང་མཐང་གོས་ལ་སོགས་པ་རབ་ཏུ་བྱུང་བའི་རྟགས་མེད་ན་སྒྲུབ་དགོས་ཤིང་། སྒྲུབ་ནུས་བཞིན་དུ་མི་སྒྲུབ་ཅིང་། །མི་བགོ་བ་ལ་སོགས་པ་དང་། །ཞེས་དང་། དགེ་སློང་གི་བསླབ་བྱ་རྣམ་རྩེ་ལྡེང་མ་ལས། དང་པོ་གོས་ཀྱི་རྟགས་ནི་དགེ་ཚུལ་ལ་བླ་གོས་མཐང་གོས་གདིང་བ་ཆུ་ཚགས། བསྙེན་པར་རྫོགས་པ་ལ་དེའི་སྟེང་དུ་སྣམ་སྦྱར་རྣམས་རུང་ཞིང་ཚད་དང་ལྡན་པ་བརྙན་པོ་ཡན་ཆད་ཀྱི་སྒོ་ནས་ཚང་བའོ། །ཞེས་དང་། མཁན་པོས་བླ་གོས་མཐང་གོས་ལྷུང་བཟེད་གདིང་བ་ཆུ་ཚགས་རྣམས་སྦྱིན་ཞིང་བསྐོན་ལ། ཞེས་དང་། དགེ་ཚུལ་བསྐྲད་པའི་ལས་བྱ་དགོས་སྐབས་གནས་རྩེ་ལྡེང་མ་ལས། བཟོད་པ་གསོལ་བར་མི་བྱེད་ན་དགེ་ཚུལ་ལ་བླ་གོས་མཐང་གོས་ལྷུང་བཟེད་ཆུ་ཚགས་རིལ་བ་སྤྱི་བླུགས་ཏེ་ལྔ། བསྙེན་པར་རྫོགས་འདོད་དང་རྫོགས་པ་ལ་ནི་དེ་དག་གི་སྟེང་དུ་རྣམ་སྦྱར་དང་གདིང་བ་བྱིན་ཏེ་གནས་ནས་བསྐྲད་པར་བྱ་ཞིང་། ཞེས་དང་། གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས་ལས། རྟགས་ནི། དགེ་ཚུལ་ཡིན་ན་བླ་གོས་མཐང་གོས་གདིང་བ་ཆུ་ཚགས་ལྷུང་བཟེད། བསྙེན་རྫོགས་ལ་དེའི་སྟེང་དུ་སྣམ་སྦྱར་རུང་བ་ཚད་ལྡན་བརྙན་པོ་ཡན་ཆད་ཀྱི་སྒོ་ནས་ཚང་བ་ཞེས་དང་། བྱམས་པ་གླིང་གི་བཅའ་ཡིག་ཆེ་བ་ལས། དེ་རྣམས་ཀྱི་བླ་གོས་དང་མཐང་གོས་གདིང་བ་དང་ལྷུང་བཟེད་རུང་བ་ཚད་ལྡན་དང་། དགེ་སློང་ཡིན་ན་སྣམ་སྦྱར་རུང་བ་ཚད་ལྡན་རྣམས་ཚང་བ་དགོས་ཤིང་། ཞེས་དང་། མདོ་རྩ་བ་ལས། དགེ་ཚུལ་ལ་ནི་ཆུ་ཚགས་དང་རིལ་བ་སྤྱི་བླུགས་དང་མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་ཏེ་ཞེས་གསུངས་པའི་ཕྱིར་རོ།།

དེས་ན་བར་མ་རབ་བྱུང་གི་ཚུལ་ཁྲིམས་ཙམ་བླངས་པ་ལའང་ཡོ་བྱད་ལྔ་ངེས་པར་དགོས་ན། དགེ་ཚུལ་ལ་སྨོས་མི་དགོས་པའི་ཕྱིར་རོ། །གལ་ཏེ་དགེ་ཚུལ་ལ་ཡོ་བྱད་ལྔ་ཚང་དགོས་པ་བདེན་མོད། སྣམ་ཕྲན་གླེགས་བུ་ཅན་གྱི་མཐང་གོས་དགོས་པར་མ་བཤད་པའི་ཕྱིར་ཞེ་ན། དེ་མི་འཐད་དེ། དེ་ལྟ་ན་དགེ་ཚུལ་སློང་གི་མཐང་གོས་ལ་ཁྱད་འདི་ལྟར་ཡོད་དོ་ཞེས་དེ་གཉིས་ལ་ཁྱད་ཕྱེ་ནས་གསུང་དགོས་པ་ལ། དེ་ལྟར་མ་གསུངས་པར་དགེ་སློང་ལ་དགེ་ཚུལ་གྱི་ཡོ་བྱད་ལྔའི་སྟེང་དུ་སྣམ་སྦྱར་ངེས་པར་ཚང་དགོས་སོ་ཞེས་གསུངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་རོ། །གཞན་དུ་ན་དགེ་ཚུལ་ལ་མཐང་གོས་མི་དགོར་པར་འབར་ཤམ་གོན་ཆོག་པར་སྟོན་པའི་ཁུངས་དགོད་དགོས་ན་ཚིག་གཅིག་ཀྱང་སྟོན་རྒྱུ་མི་རྙེད་པའི་ཕྱིར་རོ།།

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།རྩོམ་ཁུངས།རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།