དགེ་འདུན་གྱི་ཁྲིམས་སུ་བཅའ་བ།

    སྤེལ་དུས།  2015-12-12 18:44:36     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

༄།།ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དགེ་ལེགས་དཔག་ཡས་འབྱུང་བའི་སྒོ་གཅིག་བུ། །དམ་ཆོས་རྒྱལ་སྲིད་ཀུན་ལ་དབང་བསྐུར་ཞིང་།  །འཕགས་སྲས་སྟོང་གི་དབུས་ན་ལྷམ་མེ་བ།།ཆོས་ཀྱི་འཁོར་ལོ་བཀུར་རྒྱལ་དེ་ལ་འདུད།།དེ་ཡི་དྲི་མེད་སྤྱན་གྱིས་གཟིགས་གྱུར་ནས།།རང་གི་འཁོར་ལ་ལེགས་པར་བཅས་པའི་ཁྲིམས།།འཕགས་ཚོགས་བྱེ་བས་སྤྱི་བོས་མནོས་གྱུར་པའི། །རྣམ་དག་བཅའ་བ་དེ་ཡི་རྗེས་འབྲངས་ནས། །ཐུབ་པའི་བསྟན་པ་རིང་དུ་གནས་ཕྱིར་དུ། །ཆོས་ཀྱི་བཅའ་ཁྲིམས་ཕྱོགས་འགའ་བརྗོད་པ་འདི། །ཡིད་ལ་སྨོན་པ་ཇི་བཞིན་ལེགས་འགྲུབ་པར། །ཐུབ་ཆེན་རྣམས་ཀྱིས་བཀའ་དྲིན་མཛད་དུ་གསོལ། 

ཇི་སྐད་དུ་སྤྱོད་པ་ལ་འཇུག་པ་ལས། །འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ། །བདེ་བ་ཐམས་ཅད་འབྱུང་པའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གང་གསུངས་པ་ལྟར་ལུས་ཅན་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་སེལ་བའི་སྨན་དང་།  བདེ་བ་ཐམས་ཅད་འབྱུང་བའི་གནས་གཅིག་པུ་ནི་རྒྱལ་བའི་བསྟན་པ་ཉིད་ཡིན་ལ། དེ་ལ་ཡང་གཉིས་ལས་ལུང་གི་བསྟན་པ་ཐམས་ཅད་ནི་སྡེ་སྣོད་རྣམ་པ་གསུམ་དུ་ངེས་པས་སྒྲུབ་པའི་བསྟན་པ་ཡང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དུ་ངེས་སོ། 

དེ་ལ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསླབ་པ་གཞན་གཉིས་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྟེན་དུ་ལན་ཅིག་མ་ཡིན་པར་བཀའ་སྩལ་པས་ན་འདིར་གཙོ་ཆེར་ཚུལ་ཁྲིམས་ཀྱི་བསླབ་པ་ལས་བརྩམས་ཏེ་རང་རེའི་གྲྭ་གནས་པ་རྣམས་ཀྱི་ཀུན་སྤྱོད་དག་པར་བྱ་བའི་ཐབས་སུ་ཁྲིམས་སུ་བཅའ་བ་འགའ་ཞིག་བརྗོད་པར་བྱའོ། 

དེ་ལ་མ་ཐོབ་པ་ཐོབ་པར་བྱ་བའི་སྐབས་ལས་ནི་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་རྣམས་ཞུ་བར་འོས་པའི་དགེ་འདུན་ཐམས་ཅད་ལ་མ་ཞུས་པ་དང་།   སྐྱེ་བའི་བར་ཆད་དང་ལྡན་པ་དང་།  བསྲེལ་དགོས་པའི་རྐྱེན་དང་ལྡན་པ་ལ་ཞག་བདུན་དུ་མ་བསྲེལ་བ་དང་།  ཆོས་གོས་གཉིས་དང་ལྷུང་བཟེད་གདིང་བ་ཆུ་ཚགས་མ་ཚང་བ་དང་།  རབ་ཏུ་བྱུང་ནས་ཀྱང་སློབ་དཔོན་དུ་འོས་པའི་དགེ་སློང་ལ་བརྟེན་ནས་བླང་འདས་ཕྱོགས་མཐུན་དང་བཅས་པའི་བསླབ་བྱའི་ཚིག་དོན་མ་མཐའ་སྡོམ་ཚིག་ལ་བརྟེན་པ་ཤེས་ནས་བསྲུང་མཚམས་མ་ཟིན་གྱི་བར་དུ་མི་སྡོད་པ་རྣམས་རབ་ཏུ་མི་དབྱུང་ཞིང་དགག་བྱ་དེ་དག་དང་མི་ལྡན་པ་རྣམས་རབ་ཏུ་དབྱུང་བར་བྱ།

བསྙེན་པར་རྫོགས་པར་འདོད་ནའང་སྐྱེ་བའི་བར་ཆད་དང་མི་ལྡན་ཞིང་རྟགས་རྣམས་ཚང་བ་རྣམ་འབྱེད་ཀྱི་སྡོམ་ཚང་མ་དང་གཞིའི་དོན་རགས་པའི་ཚིག་དོན་ཁོང་དུ་ཆུད་ཅིང་དེ་དག་གི་བསྲུང་མཚམས་ཟིན་པ་སྔར་ཡོད་པའམ་མེད་པ་དང་དེ་རྣམས་དང་ལྡན་གྱི་བར་དུ་སྡོད་ན་བསྙེན་པར་རྫོགས་པར་བྱ་བར་བཅད།

མི་ཉམས་པར་སྲུང་བར་བྱེད་པའི་སྐབས་ལས་ནི། གྲྭ་འདིར་གནས་ནས་སྡོམ་པ་གསུམ་གྱི་བསླབ་ཁྲིམས་ཆེན་མོའི་གཞུང་སྲོང་བར་འདོད་པའི་དགེ་ཚུལ་དང་།    དགེ་སློང་གྲྭ་འདིར་ལོ་གཅིག་ཚུན་ཆད་དུ་གནས་པར་འདོད་པ་རྣམས་ཀྱིས་འོས་པའི་སློབ་དཔོན་ལ་བརྟེན་ནས། མ་མཐའ་ཡང་རྣམ་འབྱེད་ཀྱི་སྡོམ་གྱིས་བསྡུས་པའི་བསླབ་ཁྲིམས་རྣམས་དང་གཞིའི་སྐབས་ཀྱི་འབྱུང་ཉེ་བའི་རགས་པ་རྣམས་ཀྱི་ཚིག་དོན་བཟུང་ནས་བསྲུང་མཚམས་ངེས་པའི་སྒོ་ནས་བསླབས་ཏེ་ཆོས་ཐོག་གཉིས་ཚུན་ཆད་སྔ་མ་དེ་ལྟར་བྱེད་པ་རྣམས་དང་མཐུན་པར་བྱེད་པར་བཅད།

དེ་རྣམས་ཀྱི་བླ་གོས་དང་མཐང་གོས་དང་གདིང་བ་དང་ལྷུང་བཟེད་རུང་བ་ཚད་ལྡན་དང་།    དགེ་སློང་ཡིན་ན་སྣམ་སྦྱར་རུང་བ་ཚད་ལྡན་རྣམས་ཚང་བ་དགོས་ཤིང་། སྔར་མ་ཚང་ན་ཆོས་ཐོག་གཅིག་ཚུན་ཆད་དུ་ཚང་བར་བྱ་བར་བཅད། བསྲུང་མཚམས་ཟིན་མ་ཟིན་སོགས་དགེ་བསྐོས་ཀྱིས་བརྟགས་པའི་ཚེ་དེ་དག་ལས་འགལ་བ་བྱུང་ན་ཉེས་པ་ཆོས་བཞིན་དུ་ཕྱིར་འཆོ་ས་ཤིང་།  དགེ་སློང་ཡིན་ན་དགེ་སློང་ཉི་ཚེ་འཚོགས་པའི་དགེ་འདུན་གྱི་དབུས་སུ་ཇི་ལྟར་གྱུར་པ་ཞུས་ནས་ཕྱག་བརྒྱ་བྱས་ནས་དགེ་འདུན་གྱི་བཀའ་བཅག་པའི་བཟོད་པ་གསོལ་ཞིང་།  དགེ་ཚུལ་ཡིན་ན་གཉིས་ཀ་འཚོགས་པའི་དབུས་སུ་དེ་ལྟར་བྱེད་པར་བཅད།

རབ་ཏུ་བྱུང་བ་བཞིར་ལོངས་ཡན་ཆད་ལ་ཆོས་གོས་གསུམ་དང་ལྷུང་བཟེད་དུ་གྲུབ་པ་སྤྱི་འབུལ་བྱེད་པ་བྱུང་ན་བསླབ་ཁྲིམས་ཆེན་མོའི་ཁོངས་སུ་གཏོགས་པ་ཡོ་བྱད་དེ་དག་མེད་པ་ལ་རྒན་རིམ་བཞིན་དུ་དགེ་བསྐོས་ཀྱིས་ཡོ་བྱད་དེ་བསྒྲུབ་པའི་ནུས་པ་ཡོད་མེད་བརྟགས་ནས་སྦྱིན་པ་དང་།  རབ་ཏུ་བྱུང་བ་བཅུ་ཡན་ཆད་ལ་དར་རས་དང་སྣམ་བུ་སྣམ་སྦྱར་དང་རས་ཆེན་གྱི་རྒྱུར་རུང་བ་བྱུང་ན་མི་བགོ་བར་སྔར་ལྟར་བསླབ་ཁྲིམས་ཆེན་མོ་ལ་གནས་པ་རྣམས་ཀྱིས་སྦྱིན་པར་བཅད། 

སྔར་བཤད་པའི་བསླབ་ཚིགས་རྣམས་ཀྱི་སྡོམ་འོས་རྣམས་བསྡམས་པ་དང་བཤགས་འོས་རྣམས་བཤགས་པ་དང་བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཤིང་བསྲུང་མཚམས་ཀྱི་ས་ཚིགས་ལེགས་པར་ཟིན་པའི་དགེ་སློང་མ་གཏོགས་པས་གྲྭ་འདིར་རབ་བྱུང་བསྙེན་རྫོགས་དང་དགེ་འདུན་ལ་བཤགས་དགོས་ཀྱི་ལྟུང་བ་ཕྱིར་བཅོས་ཀྱི་ཡུལ་མི་བྱེད་པར་བཅད།

གསོ་སྦྱོང་ལ་འདུ་བའི་སྤྱིའི་ས་ཚིགས་ལ་རབ་ཏུ་བྱུང་བའི་རྟགས་སྡོམ་གང་རུང་དང་མི་ལྡན་པའི་རབ་བྱུང་ལྟར་སྣང་དང་གསོ་སྦྱོང་ལྷན་ཅིག་ཏུ་མི་བྱེད་ཅིང་།  །རྟགས་སྡོམ་ལྡན་ན་དགེ་བསྐོས་ཀྱིས་བརྟགས་ནས་བྱེད་པ་དང་།  དེ་ཡང་ཆོས་ཐོག་གཅིག་གི་བར་དུ་སྡོད་ན་ཆང་དང་ཕྱི་དྲོའི་ཁ་ཟས་ཇི་སྲིད་འཚོའི་བར་དུ་སྤོང་མི་ནུས་ན། གསོ་སྦྱོང་དང་དབྱར་གནས་ལྷན་ཅིག་མི་བྱེད་པར་བཅད།

ཚོགས་སུ་ཟང་ཟིང་གི་ལོངས་སྤྱོད་ཀྱི་གཎྜི་དང་པོ་བྱུང་བའི་ཚེ་ལུས་ཀྱི་ཀུན་སྤྱོད་ལ་སོགས་པ་སྔ་རོལ་ཏུ་སྒྲུབ་དགོས་པ་རྣམས་སྒྲུབ་ཅིང་།  ཟང་ཟིང་གི་ལོངས་སྤྱོད་ཀྱི་གཎྜི་ཕྱི་མ་དང་ཆོས་ཉན་པ་ལ་སོགས་པའི་གཎྜི་བཏང་བའི་ཚེ། གཎྜི་མ་བྱུང་བར་དུ་མི་འདུལ། བྱུང་མ་ཐག་ཏུ་སྤྱོད་ལམ་མཛེས་པས་འདུ་བ་དང་།  དགེ་འདུན་སྤྱིའི་གྲལ་གསེབ་ཏུ་རབ་བྱུང་གི་ཆོས་གོས་གཉིས་མ་ཚང་བ་དང་།   སྡོམ་པ་དང་མི་ལྡན་པ་མི་འཇུག་ཅིང་།    སྦྱིན་བདག་གིས་ཆེད་དུ་བོས་པ་སོགས་ཀྱི་རྟགས་ལྡན་ཡིན་ན་དགེ་བསྐོས་ཀྱིས་བརྟགས་ནས་བྱེད། 

གློ་བུར་བ་དང་།  གཉུག་མར་གནས་པའི་རབ་བྱུང་གང་ཡིན་ཡང་ཚོགས་སུ་ཕུ་དུང་མ་དང་ཁ་མ་བཀུར་བའི་གོས་དང་ཀོ་ལྤགས་མི་གྱོན། ཀོ་ལྤགས་ཀྱི་ནང་དུ་ཟས་ལ་ལོངས་མི་སྤྱད། སྤྱིར་གྲྭ་འདིར་ཟླ་བ་ཕྱེད་ཡན་ཆད་གནས་པ་རྣམས་ཀྱིས་ཀྱང་ཅི་ཙམ་སྡོད་ཀྱི་རིང་ལ་དེ་ལྟར་བྱ། བསླབ་ཁྲིམས་ཆེན་མོ་ལ་གནས་པས་དུས་ཐམས་ཅད་དུ་དེ་ལྟར་བྱེད་པ་དང་།    གང་དུ་ཚོགས་ཀྱང་བསླབ་གྲལ་ལ་འཁོད་ཅིང་།  གཞན་གྱིས་གྲྭ་འདིར་ཆོས་ཐོག་རེ་སྡོད་ན་ཚོགས་སུ་བསླབ་གྲལ་ཇི་ལྟ་བ་བཞིན་དུ་འཁོད། 

དགེ་འདུན་གྱི་སྤྱིའི་བྱ་བ་བྱེད་པ་དང་།  རབ་ཏུ་འབྱུང་འདོད་དང་།    སྦྱིན་བདག་གིས་ཆེད་དུ་པོས་པའི་ཁྱིམ་པ་ཡིན་ན་དགེ་བསྐོས་ཀྱིས་དགེ་འདུན་ལ་གནང་བ་ཞུས་ནས་སྟེར་བ་མ་གཏོགས་པ་ཁྱིམ་པ་ལ་དགེ་འདུན་གྱི་ཟས་དང་གོས་ལ་སོགས་པའི་རྙེད་པ་སྦྱིན་དུ་མི་རུང་བར་ནན་ཏན་དུ་གསུངས་པ་ལྟར་བྱ་བར་བཅད།

དགེ་འདུན་སྤྱིའི་ཟས་སྙོམས་པར་བྲིམ་ཞིང་ནད་པའི་ཕྱིར་དང་ཐེམ་པ་ཕྱིར་ལ་མི་འདའ་བའི་མཚམས་ལ་བསྡད་པ་དང་སྦྱིན་བདག་གིས་སྒོས་སུ་སྟེར་བ་རྣམས་མ་གཏོགས་པ་ཚོགས་སུ་མ་འདུས་པ་རྣམས་ཀྱིས་ཟས་ཀྱི་སྐལ་བ་མི་བླང་ཞིང་འགྲོ་བར་ཆས་པ་ལ་སོགས་པ་སྤྱིའི་ཟས་ཀྱི་སྔ་རོལ་དུ་བྱ་དགོས་པ་རྣམས་མ་གཏོགས་པ་སྔོན་དུ་སྐལ་བ་མི་ལེན་པར་བཅད།

ཆུད་འཛའ་བའི་རྙེད་པ་མི་གཤེགས་པ་དང་།  དགེ་འདུན་གྱི་སྤྱི་འབུལ་བྱུང་བའི་ཚེ་བསྙེན་པར་རྫོགས་མ་རྫོགས་ཀྱི་རྙེད་པ་མཉམ་པོར་འཐོབ་མི་འཐོབ་འདུལ་བ་ནས་གསུངས་པ་བཞིན་བྱ། ཚོགས་ཀྱི་ཆོས་སྤྱོད་ནར་མ་ལ། གནས་བཅུའི་གསོལ་འདེབས། ཡན་ལག་བདུན་པ་མཎྜལ་དང་བཅས་པ་དང་།  མདོ་སྒྲུབ་སྒྲོལ་མ་འདོན་པ་དང་།  བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྲིང་བའི་ཕྱིར་ཚེ་དཔག་མེད་ཀྱི་གཟུངས་བརྒྱ་རྩ་རེ་བགྲང་བ་དང་།  གཏོར་མ་བརྒྱ་རྩ་རེ་གཏོང་།

དགེ་འདུན་གྱི་གནས་བརྟན་གྱིས་ཚོགས་ཀྱི་ཀུན་སྤྱོད་དག་པར་བྱ་བ་ལ་བསྐུལ་བ་ལྟར། ཚོགས་སུ་དུས་ཐམས་ཅད་དུ་ལོང་གཏམ་མི་གླེང་ཞིང་།  ཆོས་སྤྱོད་ཀྱི་དུས་སུ་གཏམ་གཞན་མི་གླེང་བ་དང་དེ་གཉིས་ལས་འདས་ན་དགེ་བསྐོས་ཀྱིས་དགེ་འདུན་གྱི་དབུས་སུ་ཕྱག་འཚལ་དུ་བཅུག་ནས་བཟོད་པ་གསོལ་བའི་བརྡ་སྤྲོད་པར་བཅད། 

བྱ་བ་གློ་བུར་བ་མ་བྱུང་ན་བསྔོ་བ་མ་ཚར་གོང་དུ་གྲལ་ནས་མི་འགྲོ། དགེ་འདུན་གྱི་མཁོ་ཞིང་འོས་པའི་སྤྱད་པ་མ་གཏོགས་དགེ་འདུན་གྱི་སྣོད་སྤྱད་ཡན་ཆད་གང་ཟག་གིས་ལོངས་མི་སྤྱད་ཅིང་།   སྤྱད་ན་དགེ་བསྐོས་ཀྱིས་དགེ་འདུན་ལ་ཉེས་པ་བསྒྲགས་ནས་བཟོད་པ་གསོལ་དུ་འཇུག་པར་བཅད། 

གྲྭ་འདིར་ལག་འདྲེས་པའི་འཐབ་རྩོད་དང་།  མ་བྱིན་ལེན་ཆེ་ཆུང་གང་བྱས་པ་དང་།  ལུས་ཀྱི་རེག་པའི་སྦེམ་པོ་ལས་མི་བསྐྱེད་ནའང་སུན་འབྱིན་གྱི་བར་ཆད་ཀྱི་དོགས་པ་མི་ཆོད་པའི་ཉེས་པའི་གནས་ལ་ཞུགས་པ་རྣམས་གནས་ནས་དབྱུང་ཞིང་དེའི་ངན་རྒྱབ་བྱེད་པ་སྣང་ན་ཡང་གནས་ནས་དབྱུང་བར་བཅད།

འདིར་རབ་བྱུང་བསྙེན་རྫོགས་དང་སྡོམ་པ་གོང་མ་བླངས་པ་དང་།   སྔར་བཤད་པའི་ཁྲིམས་ཁོག་ཏུ་ཞུགས་ནས་འདིར་ལོ་གཅིག་སྡོད་པ་རྣམས་ཀྱིས་ཕྱོགས་གཞན་དུ་ཕྱིན་པའི་ཚེ་ཡང་སྔར་བཤད་པའི་གནས་དབྱུང་གི་རྒྱུ་གསུམ་བཤད་པ་དང་།  རང་གིས་ལག་བསྟད་དེ་སོ་ནམ་བྱས་པ་དང་།  ཆང་དང་ཕྱི་དྲོའི་ཁ་ཟས་འཛེམ་མེད་དུ་སྤྱད་པ་དང་།  ཁ་མཆུའི་གསེབ་ཏུ་ཞུགས་པ་དང་།   ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་པའི་བུད་མེད་དང་གནས་གཅིག་ཏུ་ཞག་ཏུ་ཉལ་བ་ལ་ཕམ་པ་དང་པོར་མི་འགྲོ་བའི་དོགས་པ་ཆོད་ངེས་པའི་རྒྱུ་མཚན་ཡང་དག་མི་འདུག་པ་དང་།  དགེ་འདུན་གྱི་ནང་ཁྲིམས་དང་འགལ་བའི་ཉེས་པ་ངོས་མ་བླངས་པར་སོང་བ་རྣམས་གྲྭ་འདིར་སླར་མི་བསྟེན་པར་བཅད།

ནད་པ་བྱུང་ན་གང་དུ་བྱུང་བའི་ས་སྐོར་དེའི་དགེ་བསྐོས་ཀྱིས་བརྟགས་ནས་ནད་པ་ཉིད་ལ་རིམ་གྲོའི་ཆིས་འདུག་ན་ལེགས། མི་འདུག་ན་དགེ་འདུན་གྱི་སྤྱི་རྫས་ཡོད་ན་དེ་ལས་སྟེར་བ་དང་།  དེ་ཡང་མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱིས་ཀྱང་བྱ་བར་གསུངས་པ་ལྟར་བྱེད་ཅིང་ནད་གསོས་ནས་འབྱོར་པ་ཡོད་ན་དཀོན་མཆོག་གི་རྫས་ལ་སྤྱད་པ་ཕྱིར་གསབ་པར་བྱ།

ཡོད་མེད་ཅི་འདྲ་ཞིག་ཡིན་ཡངས་རིས་དེར་གཏོགས་པའི་དགེ་འདུན་རྣམས་འདུས་ནས་ཅི་ཙམ་འོས་པའི་རིམ་གྲོ་ལ་འབད་པ་འདོན། ས་རིས་གཞན་ནས་མེད་ཁ་མེད་གྱི་རིམ་གྲོ་བ་སོགས་མ་གཏོགས་མ་མི་གཡེང་བར་བཅད། 

དགེ་འདུན་སྤྱིའི་དགེ་བསྐོས་དང་ཞལ་ཏ་བ་དང་གནས་རིས་སོ་སོའི་དགེ་སྐོས་ལ་སོགས་པ་སྤྱི་ལས་པ་རྣམས་ཀྱིས་དགེ་འདུན་གྱི་ཁྲིམས་ཡིག་བཞིན་བྱས་པ་ལ་ལོག་སྒྲུབ་བྱེད་པ་བྱུང་ན་གནས་ནས་འབྱིན་པར་བཅད། མ་བཅོལ། བའི་ཁ་གཏོགས་བྱེད་པ་བྱུང་ན་ལྟུང་བ་ཕྱིར་བཅོས་ནས་དགེ་འདུན་གྱི་དབུས་སུ་ནང་ཁྲིམས་དང་འགལ་བའི་བཟོད་པ་གསོལ་བར་བཅད། རབ་ཏུ་བྱུང་བ་ལ་དུས་མ་ཡིན་པའི་ཁ་ཟས་མི་སྟེར་ཞིང་ཁྱིམ་པ་ཡན་ཆད་ལ་མྱོས་འགྱུར་གྱི་བཏུང་བ་མི་བླུད་པ་དང་དེའི་རིན་ཡང་མི་སྦྱིན། 

ཉམས་ན་ཕྱིར་བཅོས་པའི་སྐབས་ལས་ནི་ཕམ་པ་འཚབ་བཅས་བྱུང་ན་སླར་བཅོས་སུ་མི་རུང་ལ། དེ་དག་མ་གཏོགས་པའི་ལྟུང་བ་བྱུང་བ་རྣམས་ལ་བསླབ་ཁྲིམས་ཆེན་མོ་ལ་གཏོགས་པ་རྣམས་ཀྱིས་དགེ་འདུང་ཡི་གནས་བརྟན་དགེ་བསྐོས་དང་བཅས་པས་འགྲོས་ནས་ཇི་ལྟར་བསྐུལ་བ་བཞིན་ཕྱིར་མ་བཅོས་ན་ཆད་པ་ཇི་ལྟར་ཕབ་པ་ལྟར་འཁུར་པར་བཅད། 

གྲྭ་འདིར་སྡོམ་པ་གོང་མ་ལེན་པ་ཡིན་ན་བསླབ་ཁྲིམས་ཆེན་མོའི་ནང་དུ་གཏོགས་ཤིང་ལམ་གྱི་རིམ་པ་ལ་བློ་སྦྱངས་པ། སྨོན་སེམས་ཆོ་གས་གཟུང་ནས་དེའི་བསླབ་བྱ་ལ་སློབ་པ་སྔོན་དུ་སོང་བ། ཚུལ་ཁྲིམས་ལེའུའི་བསླབ་བྱ་རྫོགས་པ་དང་།  ལམ་གྱི་རིམ་པའི་ཕར་ཕྱིན་གཞན་ལྔ་དང་།  བསྡུ་བ་བཞིའི་བསླབ་བྱ་རགས་པའི་མཚམས་ཟིན་པ་རྣམས་ལ་རྒྱལ་སྲས་ཀྱི་སྡོམ་པ་སྦྱིན་ཞིང་།  དེ་རྣམས་ཀྱི་སྟེང་དུ་བླ་མ་ང་བཅུ་པའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་ཟིན་པ། རྩ་བ་དང་སྦོམ་པོའི་ལྟུང་བ་རྣམས་བསྲུང་བ་ལ་སློབ་ནུས་པ་ཡིན་ན་སྔགས་ཀྱི་སྡོམ་པ་སྦྱིན་པར་བྱ།

བསྐྱེད་རྫོགས་ཀྱི་ཁྲིད་རྒྱས་པ་དང་སྔགས་ཀྱི་གཞུང་རྒྱས་པ་ཉན་ན་སྡོམ་པ་གསར་དུ་བཟུང་པའམ་ཉམས་པ་གསོས་ནས་རྩ་བ་དང་ཡན་ལག་གི་བསྲུང་མཚམས་ཟིན་པ་ལ་བྱ། གལ་ཏེ་གྲྭ་འདིར་རིང་དུ་གནས་པའི་ལོང་སྐབས་མ་བྱུང་བས་ལམ་གྱི་རིམ་པ་ལ་བསླབ་པ་དང་།  བསླབ་ཁྲིམས་ཆེན་མོལ་ཞུགས་པ་མ་ཡིན་ཡང་སྡོམ་པ་གོང་མ་དོན་དུ་གཉེར་ཞིང་དེའི་བསླབ་ཆིགས་ཤེས་པ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པའི་གང་ཟག་ཡིན་ན་བརྟགས་ཏེ་བྱ།

དབྱར་དགུན་གྱི་མཚམས་གཉིས་ཀྱི་སྐབས་སུ་ཐུན་མོང་མ་ཡིན་པའི་ལ་མ་གྱི་རིམ་པ་ལ་བློ་སྦྱོང་བའི་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་གཙོ་བོར་བྱ་ཞིང །སྟོན་དཔྱིད་ཀྱི་སྐབས་སུ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་བློ་དང་བསྟུན་པའི་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་གཙོ་བོར་ནན་ཏན་དུ་བྱ།

དུས་གཉིས་ཀར་ཡང་རང་གིས་གང་ཁས་བླངས་པའི་བསླབ་ཁྲིམས་རྣམས་ལ་ཐུན་དྲུག་ཏུ་སྡོམ་སེམས་གཏོང་བ་སྤྱོད་ལམ་ཀུན་ཏུ་སྡོམ་པ་གསུམ་གྱི་ཉམས་ལེན་དང་མ་འགལ་བར་སྤྱོད་པའི་བྱ་བ་ལས་ཀྱི་འཁོར་ལོ་ལ་འབད་པར་བྱ་བར་བཅད།

ཡུལ་དུས་ཀྱི་དབང་གིས་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་མང་ཉུང་སྣ་ཚོགས་ཕར་འགྱུར་བའི་མ་ངེས་པ་རྣམས་ནི་བཅའ་ཡིག་ཆུང་བ་ཟུར་ན་ཡོད་པ་བཞིན་བྱ།

སྔོན་གྱི་དུས་སུ་བསྟན་པ་རིན་པོ་ཆེ་ལ་ཆེས་ཆེར་གཅེས་སྤྲས་སུ་མཛད་པའི་སྐྱེས་བུ་དམ་པ་བསྟན་པའི་གནད་མཁྱེན་པ་རྣམས་ཀྱིས་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་རིམ་པ་བཞིན་དུ་མཛད་ནས་བསྟན་པ་རིན་པོ་ཆེ་རྒྱས་པར་སྤེལ་བའི་སྲོལ་བཟང་པོ་རྣམས་དུས་ཀྱི་དབང་གིས་ཆེས་ཆེར་ཉམས་པའི་སྐབས་འདིར་སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེའི་གཏེར་ཆེན་པོ་ཐུབ་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཀུན་ནས་བསླངས་ནས་བྱས་པའི་བཅའ་ཡིག་འདིའི་ལུགས་བཞིན་དུ་བསྟན་པ་རིན་པོ་ཆེའི་སྲོལ་ཀ་ཚུགས་པའི་ཐབས་ལ་གཞིན་གཉུག་མར་བཞུགས་པ་དང་།   བྱེས་ནས་གློ་བུར་དུ་སྦྱོན་པའི་སྡོམ་བརྩོན་དམ་པ་སེམས་ཅན་ལ་སྙིང་བརྩེ་བ་དང་།   རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་གུས་པ་དང་།  བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་འཛིན་པ་དང་།  བསྟན་པ་ཕྱོགས་རེ་བར་མ་སོང་བར་རྒྱལ་བའི་དགོངས་པའི་གནད་ཡོངས་སུ་རྫོགས་པའི་ལུགས་བཟང་པོ་མི་ནུབ་པ་ལ་བརྩོན་པར་མཛད་པ་རྣམས་ཀྱིས་ཤིན་ཏུ་རླབས་ཆེ་བའི་ཐུགས་ཁུར་བསྣམས་ནས་རང་ཡང་དེ་ལ་གནས། གཞན་ཡང་དེ་ལ་འགོད། ཆོས་མཐུན་པ་མཐོང་ན་ལེགས་པར་བསྔགས་པའི་སྒོ་ནས་བརྩོན་པ་ཆེན་པོ་ཐུགས་ལ་འདོགས་པར་ཞུ།

མདོར་ན་མཐོ་དམན་འབྲིང་གསུམ་གྱི་ས་ཐམས་ཅད་ནས་ཐུགས་ཁུར་རྒྱ་ཆེན་པོ་བསྣམས་ལ་དགེ་འདུན་གྱི་སྤྱིའི་ཁྲིམས་སུ་བཅའ་བ་འདིའི་གཞུང་སྲོང་བར་མཛོད། །རྒྱལ་བ་སྲས་དང་སློབ་མའི་ཚོགས་བཀའ་སྡོད་དང་བཅས་པ་རྣམས་ཀྱིས་ཀྱང་མངོན་པར་འདོད་པའི་གནས་འདི་དག་གེགས་མེད་པར་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། 

བསླབ་པར་བྱ་བའི་གཞི་ཕྱོགས་རེ་བ་མ་ཡིན་པའི་བསྟན་པའི་གནད་ཡོངས་སུ་རྫོགས་པ་ལ་སློབ་ཚུལ་ཕྱོགས་རེ་བ་མ་ཡིན་པའི་ཐོས་པ་དང་།  བསམ་པ་དང་།   སྒོམ་པ་གསུམ་ཆར་གྱི་སྒོ་ནས་སློབ་པའི་ཁྲིམས་སུ་བཅའ་བ་འདི། སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡན་རིང་དུ་གནས་པར་གྱུར་ཅིག། །།

གཙུག་ལག་ཁང་རྣམས་ཀློག་པ་དང་།  །ཁ་ཏོན་གྱིས་རྒྱལ་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་།  །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ནི་ཐོབ་གྱུར་ཏེ། །གཡེང་བ་ཐམས་ཅད་རབ་སྤངས་ནས། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །

བྱ་ལོ་ཟླ་བ་ལྔ་པའི་ཡར་གྱི་ངོའི་ཚེས་གཞིའི་ཉིན་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་བྱམས་པ་གླིང་དུ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་དཀའ་གནང་སྟེ། སྡོམ་བརྩོན་སྡེ་སྣོད་འཛིན་པ་གནས་བརྟན་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པ་རྣམས་ཀྱིས་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་དང་པོར་མཛད་པའོ།།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།