དགེ་བསྙེན་སྒྲུབ་པའི་ཆོ་ག

    སྤེལ་དུས།  2015-12-07 09:02:38         ཀློག་ཐེངས།  

        
                 དེ་ནས་དགེ་བསྙེན་དུ་བསྒྲུབ་པ་ལ། བསྒྲུབ་བྱ་དེ་དང་པོར་སྟོན་པ་ལ་ཕྱག་འཚལ་དུ་བཅུག །དེ་ནས་རང་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་ཅིང༌། ཐལ་མོ་སྙིང་ཁར་སྦྱོར་དུ་བཙུག་ནས།       
         ཁྱོད་དགེ་བསྙེན་དུ་བསྒྲུབ་པ་ལ་བསམ་པ་འདི་བཞིན་གྱིས།
         ཁམས་གསུམ་འཁོར་བ་འདི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མི་འདུས་པས། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བའི་སྐྱབས་མཐར་ཐུགས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་པ་ཞིག་བྱེད་དགོས། དེའི་ཆེད་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བླངས་ལ། དུས་ད་ནས་མ་ཤིའི་བར་དུ་བསྲུང་སྙམ་པའི་བསམ་པ་ཁྱད་པར་ཅན་དུངས་བ་ཞིག་བསྐྱེད་ལ། འདིའི་རྗེས་ཟློས་མཛོད། 
         བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། 
     ལྷག་པོར་མ་གཏོགས་པའི་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ། །ཞེས་ལན་གསུམ་བཟླས་དགོས་པར་གསུངས་པས་གཉིས་པའི་ཡང་རྗེས་ཟློས་གྱིས་ཞེས་བརྗོད། 
         གཉིས་པ་སོང་བའི་རྗེས་སུ་ཆོ་གའི་ཚིག་འདི་ལ་དུམ་བུ་གསུམ་ཡོད་པའི། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད་པ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་ཞེས་པ་བདག་བརྗོད་པ། བཙུན་པས་གཟུང་དུ་གསོལ་ཞེས་བ་གཞན་བརྗོད་པ་ཡིན་པས། བདག་བརྗོད་རྫོགས་པ་དགེ་བསྙེན་དུ་ཞེས་པའི་ཚིག་རྫོགས་པ་དང༌། ཁྱེད་ཀྱི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེ། ངེད་ཁྱེད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་པས། དགེ་བསྙེན་དུ་ཞེས་པའི་སྐབས་སུ་དེད་ཀྱིས་སྐད་གཟེངས་མཐོ་བ་དང༌། སེ་གོལ་གྱི་བརྡ་སྤྲོད་པས། བདག་གི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་ཐོབ་པའི་དུས་འདི་ཡིན་སྙམ་པའི་ཐོབ་བློ་སྐྱེས་པ་ཤིན་ཏུ་གལ་ཆེ་བས། དེ་དུས་སྡོམ་པ་ཐོབ་པར་ཤེས་པ་དང༌། སློབ་དཔོན་དུ་གྱུར་ནས་སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་བརྗོད་དགོས་པས། དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་གྱིས་ཞེས་བརྗོད། 
       དེའང་སེ་གོལ་གཏོགས་པ་དང་ལྷན་དུ་སྡོམ་པ་ཐོབ་པོ་ཞེས་སློབ་དཔོན་གྱི་ཞལ་ནས་ཀྱང་བརྡ་སྤྲོད་གསུམ་པ་ཟིན་པ་དང་སློབ་དཔོན་གྱིས་དེ་དགེ་བསྙེན་དུ་བསྒྲུབ་པའི་ཐབས་ཡིན་ནོ། ཁྱོད་རང་ལེགས་སོ་གྱིས་ཞེས་བརྗོད། སློབ་མས་ལེགས་སོ་ཞེས་བརྗོད། 
          དེ་ནས་བསླབ་པ་བརྗོད་པ་ནི། དེས་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན། ཐོབ་ཀྱང་མ་བསྲུངས་ན་ཕན་ཡོན་ཆེན་པོ་མི་འབྱུང། ཉེས་དམིགས་ཆེན་པོ་འབྱུང་བས་བསྲུང་དགོས། བསྲུང་ལུགས་དགྲ་བཅོམ་པ་རྣམས་ཀྱིས་སྲོག་གཅོད་པ་སོགས་ལྔ་ཡིད་ཀྱིས་སྤངས་ཏེ། ལུས་ངག་གིས་སླར་ལོགས་པ་དེ་བཞིན་དུ་བདག་གིས་ཀྱང་བསླབ་སྙམ་པ་གྱིས་ལ། ལད་མོ་གྱིས། 
     སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་བསྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆད་དང༌། བཅོས་པའི་ཆད་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང༌། བཅོས་པའི་ཆད་མྱོས་པར་འགྱུར་པ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས༌པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་བསྒྲུབ་པོ། རྗེས་སུ་བགྱིད་དོ། །
         སློབ་དཔོན་གྱིས་ཐབས་ཡིན་ནོ།། ཁྱོད་རང་ལེགས་སོ་ཞེས་བརྗོད། དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་དོ།
         དེས་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པསདེའི་སྐྱབས་འགྲོའི་བསླབ་བྱ་སངས་རྒྱས་ལ་སྐྱབས་སུ་སོང་བས་ལྷ་གཞན་ལ་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང༌། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟིགས་ཅན་དང་མི་འགྲོགས་པ་དང༌། ཐུན་མོང་དུ་སྐྱེས་བུ་དམ་པ་ལ་བརྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱ་ལ། ཆོས་ཀྱི་རྗེས་སུ་འབྲང་བའི་ཆོས་བསྒྲུབ་པ་སྟེ་བཞི་དང༌། དབང་པོ་མི་རྒོད་པ་དང༌། སྡོམ་པ་ཅི་ནུས་སུ་འཛིན་པ་དང༌། སེམས་ཅན་ལ་སྙིང་བརྩེ་པ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པ་ལ་བསླབས། 
         དགེ་བསྙེན་ཕྱི་སྡོམ་པའི་ཡན་ལག་མི་གསོད་པ་སོགས་བཞི་བྱང་ན་སྡོམ་པ་གཏོང་བས་བསྐྱར་ནས་ལེན། མི་མ་ཡིན་པ་གསོད་པ་སོགས་ལྔ་བྱུང་ན་སྡོམ་ལྡན་གཅིག་ལ་བཤགས། ཕྲ་མ་སོགས་མི་དགེ་བ་དྲུག་པོ་ཕྱོགས་མཐུན་ཡིན་པས་ཡིད་ཀྱིས་བསྡམས་ནས་ལེགས་པར་སྲུངས་ཤིག །ཅེས་བརྗོད་དོ། ། 
 

བརྒྱུད་འགོད།