རྟགས་རིགས་ཀྱི་རྣམ་བཞག་ཉུང་གསལ་ལེགས་བཤད་གསེར་གྱི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-07-12 16:28:21     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཆོས་ཐམས་ཅད་རིགས་པས་གཏན་ལ་འབེབས་པའི་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ།ཚད་མ་རིགས་སྒོ་ལས།གཏན་ཚིགས་ནི་ཚུལ་གསུམ་མོ། །ཚུལ་གསུམ་གང་ཞེ་ན།ཕྱོགས་ཀྱི་ཆོས་ཉིད་དང་།མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། །མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པར་ཡང་ངོ་། །ཞེས་གསུངས།དེའི་དོན་འཆད་པར།རྣམ་འགྲེལ་ལས།ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི། །གཏན་ཚིགས་ཞེས་དང་།རྣམ་ངེས་ལས།རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི།།ངེས་པ་ཞེས་དང་།རིགས་ཐིག་ལས།ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་།མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་དང་།མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་བྱུང་།དེ་ལ་རྟགས་ཀྱི་མཚན་ཉིད་བཤད་པ།དབྱེ་བ་བཤད་པ།རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོན་བཤད་པ་དང་གསུམ།དང་པོ་ནི།རྟགས་སུ་བཀོད་པ།རྟགས་ཀྱི་མཚན་ཉིད།བདག་མེད་ཡིན་ན།རྟགས་ཡིན་པས་ཁྱབ་སྟེ།རི་བོང་རྭ་རྟགས་ཡིན་པའི་ཕྱིར།དེར་ཐལ།རི་བོང་རྭ་རྟགས་སུ་བཀོད་པ་ཡིན་པའི་ཕྱིར།མ་གྲུབ་ན།རི་བོང་རྭ་ཆོས་ཅན།ཁྱོད་རྟགས་སུ་བཀོད་པ་ཡིན་པར་ཐལ།ཁྱོད་སྒྲ་ཆོས་ཅན།མི་རྟག་སྟེ།ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་སུ་བཀོད་པ་ཡིན་པའི་ཕྱིར།དེར་ཐལ།སྒྲ་ཆོས་ཅན།མི་རྟག་སྟེ།ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར།དེར་ཐལ།བདག་མེད་ཡིན་པའི་ཕྱིར།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་གྱི་མཚན་ཉིད།བདག་མེད་ཡིན་ན།དེ་ཡིན་པས་མ་ཁྱབ་སྟེ།དེ་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར།

གཉིས་པ་དབྱེ་བ་བཤད་པ་ལ།རྟགས་ཡང་དག་བཤད་པ་དང་།རྟགས་ལྟར་སྣང་བཤད་པ་གཉིས།དང་པོ་ལ།རྟགས་ཡང་དག་གི་ལྟོས་གཞི་བཤད་པ།མཚན་ཉིད་བཤད་པ།དབྱེ་བ་བཤད་པ་དང་གསུམ།དང་པོ་ལ།ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་བཤད་པ།ཁྱབ་པའི་ལྟོས་གཞིའི་གོ་དོན་རྣམ་གྲངས་དང་བཅས་པ་བཤད་པ་གཉིས།དང་པོ་ལ།ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱིི་མཚན་ཉིད་བཤད་པ།མཚན་གཞི་བཤད་པ།སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ།དང་པོ་ནི།ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡང་ཡིན།ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དང།དེ་སྒྲུབ་ཀྱི་རྩོད་གཞི།དེ་སྒྲུབ་ཀྱི་དཔག་གཞི་གསུམ་དོན་གཅིག །གཉིས་པ་མཚན་གཞི་ནི།སྒྲ་དེ་དེའི་མཚན་གཞི།སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་རེ་རེ་ནས་དེ་མ་ཡིན།གསུམ་པ་སྒྲུབ་བྱེད་ནི།ཤེས་བྱ་ཆོས་ཅན།དེ་གཉིས་ཀ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ།དེ་གཉིས་ཀ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པ་ཙམ་དུ་མ་ཟད།དེ་སྒྲུབ་ཀྱི་ཆོས་ཅན་ཙམ་ཡང་མ་ཡིན་པའི་ཕྱིར།མ་གྲུབ་ན།སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན།སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པ་གང་ཞིག།།སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར།འདོད་ན།སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན།སྒྲུབ་པ་ཡིན་པར་ཐལ།སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དགག་པ་ཡིན་པའི་ཕྱིར།མ་གྲུབ་ན།སྒྲ་ཆོས་ཅན།ཁྱོད་མ་ཡིན་པ་ལས་ལོག་པ་དགག་པ་ཡིན་པར་ཐལ།ཁྱོད་ཡིན་པ་ཡོད་པའི་ཕྱིར།གཞན་ཡང་།སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན།སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་དགུ་བོ་གང་རུང་ཡིན་ན།དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་དགོས་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལས།ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།ཆོས་ཅན་ཞེས་པས་རྩོད་གཞི་དེ་བསྟན།གཏན་ཚིགས་དངོས་གྱུར་ནི་ཞེས་པས་རྩོད་གཞི་དེ་རྟགས་སུ་བཀོད་པའི་ཚེའམ་གཏན་ཚིགས་ཀྱི་ངོ་བོར་གྱུར་པའི་ཚེ་ཞེས་བཤད།ཤེས་བྱེད་ཅེས་པས་དེ་ལྟར་བཀོད་པའི་གཏན་ཚིགས་དེ་བཤད།མ་གྲུབ་ཕྱིར་ཞེས་པས་དེ་ལྟར་བཀོད་པའི་རྩོད་གཞི་དང་རྟགས་གཉིས་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཞེས་བཤད་པའི་ཕྱིར།གཞན་ཡང་།མཉན་བྱ་ཆོས་ཅན།སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ།སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པ་གང་ཞིག །སྒྲ་མཚོན་བྱར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར།རྟགས་དང་པོ་དངོས།གཉིས་པ་དེར་ཐལ།བཏགས་ཡོད་ཆོས་གསུམ་ཚང་བ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།གོང་དུ་འདོད་ན།མཉན་བྱ་ཆོས་ཅན།མཚོན་བྱ་ཡིན་པར་ཐལ།སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།མཚན་ཉིད་ཡིན་པའི་ཕྱིར།གཞན་ཡང་།མཉན་བྱ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར།དེར་ཐལ།ཕྱོགས་ཆོས་འཁོར་ལོ་ལས།དབུས་ན་ཐུན་མོང་མིན་མ་ངེས། །ཞེས་གསུངས་པའི་ཕྱིར།ཁ་ཅིག །སྐད་ཅིག་མ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱིས་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འོ་ན།ཁྱོད་རང་ལ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་བར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་དགོས་པར་ཐལ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར།འཁོར་གསུམ།གོང་དུ་འདོད་ན།སྐད་ཅིག་མ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་མ་ཡིན་པར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།ཁྱོད་མི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར།གལ་ཏེ་ཁ་ཅིག །སྐད་ཅིག་མ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་མིན་ཟེར་ན།སྐད་ཅིག་མ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་པའི་མཚན་མཚོན་གཉིས་ཀ་ཡོད་པའི་ཕྱིར།དེར་ཐལ།བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པ་ཡོད་པའི་ཕྱིར།རྣམ་ངེས་ལས།རྒྱུ་དང་ཁྱབ་བྱེད་མ་དམིགས་པ་ནི་གཉིས་ཀ་ཡང་གཏན་ཚིགས་ཡིན་ནོ། །ཞེས་དང་།འཐད་ལྡན་ལས།རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པས་དངོས་པོ་མེད་པ་དང་དངོས་པོ་མེད་པའི་ཐ་སྙད་གཉིས་ཀ་གོ་བར་བྱེད་ལ།ཞེས་གསུངས་པའི་ཕྱིར།ཡང་ཁ་ཅིག །མི་རྟག་པ་མ་ཡིན་པ་ལས་ལོག་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ཅེས་པ་ལ།གཞན་དག་ན་རེ།བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དགག་རྟགས་ཡང་དག་ཡིན་པར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།ཟེར་ན་མ་ཁྱབ།འདོད་ན།བྱས་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྒྲུབ་རྟགས་ཡང་དག་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།དེར་ཐལ།མི་རྟག་པ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།མི་རྟག་པ་དེ་དགག་པ་ཡིན་པའི་ཕྱིར།དེར་ཐལ།དེ་མ་ཡིན་དགག་ཡིན་པའི་ཕྱིར།དེར་ཐལ།སྟོང་པ་དང་མི་རྟག་པའི་སྒྲ་དགག་ཚིག་ཡིན་ཚུལ་འདྲ་བའི་ཕྱིར།རྣམ་འགྲེལ་རང་འགྲེལ་ལས།སྟོང་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་ནི་བློས་བཏགས་པ་ཇི་ལྟ་བ་བཞིན་དུ་སྦྱར་བའི་རྣམ་པ་སྒྲོ་བཏགས་པ་དེ་རྣམ་པར་བཅད་ནས་ཐ་སྙད་བྱེད་དོ། །ཞེས་གསུངས་པའི་ཕྱིར།རྩ་བར་འདོད་ན།བྱས་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དགག་རྟགས་ཡང་དག་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་གཉིས་པོ་གང་རུང་ཡིན་ན་དེ་སྒྲུབ་ཀྱི་དགག་རྟགས་མ་ཡིན་དགོས་པའི་ཕྱིར།རང་འགྲེལ་ལས།དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར།ཁ་ཅིག །དེ་སྒྲུབ་ཀྱི་ཆོས་ཅན་ཡོད་ན།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པས་ཁྱབ་ཟེར་ན།འོ་ན།སྒྲ་སྒྲར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ།སྒྲ་སྒྲར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡོད་པའི་ཕྱིར།མ་གྲུབ་ན།སྒྲ་ཆོས་ཅན།ཁྱོད་སྒྲར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡོད་པར་ཐལ།ཁྱོད་ཡོད་པའི་ཕྱིར།མ་ཁྱབ་ན།སྒྲ་ཆོས་ཅན།ཁྱོད་ཡོད་ན་ཁྱོད་སྒྲར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡོད་པས་ཁྱབ་པར་ཐལ།ཁྱོད་བདག་མེད་ཡིན་པའི་ཕྱིར།འདོད་ན།སྒྲ་ཚད་མས་ངེས་ནས།སྒྲ་སྒྲ་ཡིན་མིན་ལ་ཐེ་ཚོམ་ཟ་པའི་གང་ཟག་ཡོད་པར་ཐལ།སྒྲ་དེ་སྒྲ་སྒྲར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན།སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར།ཡང་ཁ་ཅིག།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་ན།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད་པས་ཁྱབ་ཟེར་ན།འོ་ན།སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡོད་པར་ཐལ།སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར།དེར་ཐལ།སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར།དེར་ཐལ།སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་ཡང་ཡིན།སྒྲ་སྒྲར་ཚད་མས་ངེས་ནས་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན།ཤེས་བྱ་ཆོས་ཅན།སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་ཡིན་པར་ཐལ།སྒྲ་དེ་སྒྲ་ཆོས་ཅན།མི་རྟག་སྟེ།སྒྲ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྩོད་གཞིར་བཟུང་བ་ཡིན་པའི་ཕྱིར།མ་གྲུབ་ན།སྒྲ་ཆོས་ཅན།ཁྱོད་ཁྱོད་ཆོས་ཅན།མི་རྟག་སྟེ།ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྩོད་གཞིར་བཟུང་བ་ཡིན་པར་ཐལ།ཁྱོད་ཆོས་ཅན།མི་རྟག་སྟེ།ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར།དེར་ཐལ།བདག་མེད་ཡིན་པའི་ཕྱིར།རྟགས་གཉིས་པ་མ་གྲུབ་ན།སྒྲ་སྒྲར་ཚད་མས་ངེས་ནས་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲ་བྱས་པར་ཚད་མས་ངེས་ནས་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡིན་པའི་ཕྱིར།དེར་ཐལ།དེ་འདྲའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར།རྩ་བར་འདོད་ན།སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་མ་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་རྩོད་གཞི་ཡིན་པའི་ཕྱིར།ཁྱབ་སྟེ།ཆོས་དེ་གཞི་དེར་སྒྲུབ་པར་བྱེད་པའི་རྩོད་གཞི་དང་རྟགས་གཉིས་ཀ་ཡིན་པ་དེའི་ཚེ་ན་དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་དགོས་པའི་ཕྱིར།དེར་ཐལ།ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཞེས་སོགས་ཀྱི་དོན་ཡོད་པའི་ཕྱིར།

གཉིས་པ་ཁྱབ་པའི་ལྟོས་གཞིའི་གོ་དོན་རྣམ་གྲངས་དང་བཅས་པ་བཤད་པ་ལ།ཁྱབ་པའི་ལྟོས་གཞི་བསྒྲུབ་བྱའི་ཆོས་བཤད་པ།ཁྱབ་པའི་ལྟོས་གཞིའི་རྣམ་གྲངས་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ་གཉིས།དང་པོ་ལ།མཚན་ཉིད།དབྱེ་བ།སྒྲུབ་བྱེད་གསུམ་ལས།དང་པོ་ནི།བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ་དེ།བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད།བདག་མེད་ཡིན་ན།བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་སྟེ།རི་བོང་རྭ་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར།དེར་ཐལ།དེ་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཏེ།དེ་སྒྲ་རི་བོང་རྭར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར།མ་གྲུབ་ན།རི་བོང་རྭ་ཆོས་ཅན།ཁྱོད་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།ཁྱོད་བདག་མེད་ཡིན་པའི་ཕྱིར།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ་དེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད།གཉིས་པ་ནི།དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་།དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་གཉིས་ཡོད།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དེ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད།མི་རྟག་པ་དེ་དེའི་མཚན་གཞི།དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དེ།དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད།སྐད་ཅིག་མ་དེ་དེའི་མཚན་གཞི།གསུམ་པ་སྒྲུབ་བྱེད་ནི།ཁ་ཅིག །རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ཟེར་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།ཁྱོད་ཆོས་དེའི་རྟགས་ཀྱིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན།ཆོས་དེའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་དགོས་པར་ཐལ།འདོད་པའི་ཕྱིར།འདོད་ན།རྟག་པ་མ་ཡིན་པ་ཆོས་ཅན།ཁྱོད་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།ཁྱོད་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར།འདོད་ན།ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡོད་པར་ཐལ།རྟག་པ་མ་ཡིན་པ་དེ་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་པའི་ཕྱིར།མ་གྲུབ་ན།རི་བོང་རྭ་ཆོས་ཅན།མི་རྟག་པ་ཡིན་པར་ཐལ།ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར།མ་གྲུབ་ན།རི་བོང་རྭ་ཆོས་ཅན།ཆོས་ཡིན་པར་ཐལ།ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།མེད་ངེས་ཡིན་པའི་ཕྱིར།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད།དེ་ལ་དབྱེ་ན།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་།ཤུགས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཡོད།མི་རྟག་པ་དང་སྐད་ཅིག་མ་ལྟ་བུ་དང་པོ་དང་།དེ་གཉིས་མ་ཡིན་པ་ལས་ལོག་པ་གཉིས་པ་ཡིན།

གཉིས་པ་ཁྱབ་པའི་ལྟོས་གཞིའི་རྣམ་གྲངས་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་པ་ལ།དེ་དངོས་བཤད་པ།ཞར་ལ་མཐུན་དཔེ་མི་མཐུན་དཔེ་བཤད་པ་གཉིས།དང་པོ་ལ།མཚན་ཉིད་དབྱེ་བ་སྒྲ་བཤད་འཇུག་དང་།སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་བཞི་ལས།དང་པོ་ནི།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྒྲུབ་ཚུལ་དང་མཐུན་པར་མི་སྟོང་བ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད།དེ་ལ་ཡང་ཡིན་འགོད་ཀྱི་དབང་དུ་བྱས་པ་དང་ཡོད་འགོད་ཀྱི་དབང་དུ་བྱས་པ་གཉིས།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཀྱི་མཚན་ཉིད།དེ་དང་མི་རྟག་པ་གཉིས་དོན་གཅིག །ཡོད་འགོད་ཀྱི་དབང་དུ་བྱས་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དོན་གཅིག་པ་མི་དགོས་ཏེ།དུ་བ་མེ་མ་ཡིན་པའི་ཕྱིར།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་སྟོང་བ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད།དེ་དང་མི་རྟག་པ་མ་ཡིན་པ་གཉིས་དོན་གཅིག །གཉིས་པ་དབྱེ་བ་ལ།དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས།གཞན་པ་མི་མཐུན་ཕྱོགས།འགལ་བ་མི་མཐུན་ཕྱོགས་དང་གསུམ།རི་བོང་རྭ་དང་པོ།ཤེས་བྱ་གཉིས་པ།རྟག་པ་གསུམ་པ་ཡིན།དང་པོ་ནི།རི་བོང་རྭ་ཆོས་ཅན།དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཡིན་པར་ཐལ།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག།མེད་པ་ཡིན་པའི་ཕྱིར།རྟགས་གཉིས་ཀ་གྲུབ་སྟེ།མེད་ངེས་ཡིན་པའི་ཕྱིར།གཉིས་པ་ནི།ཤེས་བྱ་ཆོས་ཅན།དེ་སྒྲུབ་ཀྱི་གཞན་པ་མི་མཐུན་ཕྱོགས་ཡིན་པར་ཐལ།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག །མི་རྟག་པ་ལས་གཞན་ཡིན་པའི་ཕྱིར།དང་པོ་གྲུབ་སྟེ།རྟག་པ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།མི་རྟག་པ་མ་ཡིན་པར་གྱུར་པའི་ཆོས་ཡིན་པའི་ཕྱིར།གསུམ་པ་ནི།རྟག་པ་ཆོས་ཅན།དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པར་ཐལ།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག །མི་རྟག་པ་དང་འགལ་བ་ཡིན་པའི་ཕྱིར།རྟགས་གཉིས་ཀ་གྲུབ་སྟེ།རྟག་པ་དང་གཅིག་ཡིན་པའི་ཕྱིར།གསུམ་པ་ནི།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་འཇུག་ལ་མུ་གསུམ་ཡོད་དེ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་མུ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་མུ།གཉིས་ཀ་མ་ཡིན་པའི་མུ་དང་གསུམ་ཡོད་པའི་ཕྱིར།དང་པོ་གྲུབ་སྟེ།བུམ་པ་དེ་ཡིན་པའི་ཕྱིར།དེར་ཐལ།བུམ་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་གང་ཞིག།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན།བུམ་པ་ཆོས་ཅན།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པར་ཐལ།མི་རྟག་པ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།ཁྱོད་དང་སྒྲ་གཉིས་མི་རྟག་པར་ཆོས་མཐུན་པའི་ཕྱིར།དེར་ཐལ།སྒྲ་དང་ཁྱོད་གཉིས་མི་རྟག་པ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།འདུས་མ་བྱས་ཀྱི་ནམ་མཁའ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་གང་ཞིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་ཕྱིར།དང་པོ་གྲུབ་སྟེ།རྟག་པ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར་ཏེ།ཁྱོད་རྟག་པ་ཡིན་པ་གང་ཞིག །སྒྲ་མི་རྟག་པ་ཡིན་པའི་ཕྱིར།གསུམ་པ་སླ།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་འཇུག་ལ་ཡང་མུ་གསུམ་ཡོད་དེ།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ལ།མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་མུ།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མིན་ལ།མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་མུ།གཉིས་ཀ་མིན་པའི་མུ་དང་གསུམ་ཡོད་པའི་ཕྱིར།དང་པོ་གྲུབ་སྟེ།བུམ་པ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག །དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གྱི་སྒྲ་བཤད་དུ་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན།བུམ་པ་ཆོས་ཅན།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པར་ཐལ།མི་རྟག་པ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར་ཏེ།སྒྲ་དང་ཁྱོད་གཉིས་མི་རྟག་པ་ཡིན་པའི་ཕྱིར།རྩ་རྟགས་གཉིས་པ་གྲུབ་སྟེ།ནམ་མཁའ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པ་གང་ཞིག །དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།རྟག་པ་ཡིན་པའི་ཕྱིར།གཉིས་པ་མ་གྲུབ་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པར་ཐལ།ཁྱོད་དང་དེ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར།དེར་ཐལ།ཁྱོད་རྟག་པ་ཡིན་པ་གང་ཞིག །སྒྲ་མི་རྟག་པ་ཡིན་པའི་ཕྱིར།གསུམ་པ་སླ།མཐུན་ཕྱོགས་མི་མཐུན་ཕྱོགས་དངོས་འགལ་ཡིན་མིན་བཤད་པ་ལ།མཐུན་ཕྱོགས་མི་མཐུན་ཕྱོགས་དང་དངོས་འགལ་ཡིན་ཀྱང་།མི་མཐུན་ཕྱོགས་མཐུན་ཕྱོགས་དང་དངོས་འགལ་མིན་ཏེ།མི་མཐུན་ཕྱོགས་མེད་པའི་ཕྱིར།བཞི་བ་སྒྲུབ་བྱེད་ནི།བུམ་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པར་ཐལ།མི་རྟག་པ་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་ཀྱི་ཕྱོགས་དེ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ།འདོད་ན།བུམ་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱས་ནས།དེ་ལ་ཡིན་འགོད་ཀྱི་དབང་དུ་བྱས་པ་དང་ཡོད་འགོད་ཀྱི་དབང་དུ་བྱས་པ་གཉིས་ལས།ཡིན་འགོད་ཀྱི་དབང་དུ་བྱས་ན་དེ་ཡིན་པར་དོན་མཐུན་པ་རྣམས་ལ་མཐུན་ཕྱོགས་ཞེས་བཞག །ཡོད་འགོད་ཀྱི་དབང་དུ་བྱས་ན་དེ་དང་ཡོད་པར་དོན་མཐུན་པ་རྣམས་ལ་མཐུན་ཕྱོགས་ཞེས་བཞག་པ་ཡིན་པའི་ཕྱིར།དེར་ཐལ།ཚད་མ་མདོ་ལས།རྗེས་དཔག་བྱ་དང་དེ་མཐུན་ལ། །ཡོད་མེད་ཉིད་ལ་མེད་པའོ། །ཞེས་དང་།དེའི་རང་འགྲེལ་ལས།ཕྱོགས་ཞེས་བྱ་སྟེ།དེ་ཡང་བསྒྲུབ་བྱའི་ཆོས་སོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།བུམ་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པའི་ཕྱིར།དེར་ཐལ།བྱས་བ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་ཡོད་མེད་ཅེས་པའི་ཚིག་ཟུར་གྱི་ཕྱོགས་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་ཁྱབ་པའི་འབྲེལ་ཡུལ་གྱི་ཕྱོགས་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་ཁྱབ་པའི་འབྲེལ་ཡུལ་གྱི་ཕྱོགས་དེ་དང་།དེ་སྒྲུབཀྱི་ཁྱབ་པའི་འབྲེལ་ཡུལ་གྱི་བསྒྲུབ་བྱ་དང་།དེ་སྒྲུབ་ཀྱི་ཁྱབ་པའི་འབྲེལ་ཡུལ་གྱི་རྗེས་སུ་དཔག་བྱ་གསུམ་པོ་གང་རུང་ཡིན་ན།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་དགོས་པའི་ཕྱིར།དེར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱིས་བསྒྲུབ་བྱ་འགྲུབ་མི་འགྲུབ་ཅེས་པའི་བསྒྲུབ་བྱའམ་ཕྱོགས་དེ་ཡིན་ན།སྒྲ་དང་མི་རྟག་པའི་ཚོགས་དོན་ཡིན་དགོས་པའི་ཕྱིར།དེར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྐབས་ཀྱི་ཕྱོགས་ཀྱི་སྒྲའི་འཇུག་པའི་གཞིར་འགྱུར་ཚུལ་མི་འདྲ་བ་གསུམ་ཡོད་པ་གང་ཞིག །བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་བྱེད།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཞེས་པའི་ཚིག་ཟུར་གྱི་མཐུན་ཕྱོགས་ཞེས་པའི་ཕྱོགས་དེ།དེ་སྒྲུབ་ཀྱི་ཁྱབ་པའི་འབྲེལ་ཡུལ་གྱི་ཕྱོགས་དང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པའི་ཕྱིར།དང་པོ་གྲུབ་སྟེ།རྣམ་ངེས་ལས།རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་དང་།འཐད་ལྡན་ཆེ་བ་ལས།རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་གསུམ་སྟེ།ཞེས་གསུངས་པའི་ཕྱིར།གཉིས་པ་གྲུབ་སྟེ།རྣམ་འགྲེལ་རང་འགྲེལ་ལས།ཕྱོགས་ནི་ཆོས་ཅན་ནོ། །ཞེས་དང་།རིགས་ཐིག་ལས་ཀྱང་།རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །ཞེས་དང་།དེའི་ཐད་ཀྱི་འཐད་ལྡན་ལས།རྗེས་སུ་དཔག་པར་བྱ་བ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་ཚེ་ན་ཆོས་ཅན་ཉིད་རྗེས་སུ་དཔག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།འདིའི་སྐབས་ཀྱི་རྗེས་སུ་དཔག་བྱ་དང་།བསྒྲུབ་བྱ་དང་།ཕྱོགས་གསུམ་མིང་གི་རྣམས་གྲངས་ཡིན་པའི་ཕྱིར།གསུམ་པ་གྲུབ་སྟེ།དེ་ཉིད་ལས།ཁྱབ་པའི་ཡུལ་ནི་བསྒྲུབ་བྱའི་ཆོས་དང་།ཞེས་གསུངས་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་ན།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་དགོས་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ལ་སྤྱི་ལྡོག་དང་གཞི་ལྡོག་གཉིས་ཡོད་པས།སྤྱི་ལྡོག་དེ་ལ་བྱས་ནས་དེ་དང་དོན་མཐུན་པས་ན།མཐུན་ཕྱོགས་ཞེས་བཤད་པ་ཡིན་པའི་ཕྱིར།རིགས་ཐིག་ལས།བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཐུན་པ་ནི་མཐུན་པའི་ཕྱོགས་སོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།ལུང་དེའི་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཞེས་པས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་བཤད།སྤྱི་ཞེས་པས་དེའི་སྤྱི་ལྡོག་དེ་བཤད།དོན་མཐུན་པ་ནི་ཞེས་པས་དེ་དང་དོན་མཐུན་པ་ནི་ཞེས་བཤད།དེ་རྣམས་སྡོམ་པས་མཐུན་ཕྱོགས་སུ་འཇོག་ཅེས་བཤད།སྤྱིའི་དོན་མཐུན་པ་ནི་མཐུན་པའི་ཕྱོགས་ཞེས་བཤད་པ་ཡིན་པའི་ཕྱིར།དེར་ཐལ།འཐད་ལྡན་ཆུང་བ་ལས།སྤྱི་ཞེས་སྨོས་པ་ནི་བྱེ་བྲག་བཀར་པའི་དོན་དེ་བསྒྲུབ་པར་བྱ་བ་ཡང་ཡིན།སྤྱི་ཡང་ཡིན་པས་ན་སྤྱི་སྟེ།དེ་དང་དོན་མཐུན་པ་ནི་མཐུན་པའི་ཕྱོགས་སོ།།ཞེས་གསུངས་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པ་ཡིན་པར་ཐལ།དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་འབྲེལ་ཡུལ་གྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་དང་།དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་འབྲེལ་ཡུལ་གྱི་མི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་གཉིས་པོ་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པ་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱིས་བསྒྲུབ་བྱ་འགྲུབ་མི་འགྲུབ་ཅེས་པའི་བསྒྲུབ་བྱའམ་ཕྱོགས་དེ།དེ་སྒྲུབ་ཀྱི་ཆོས་ཅན་དང་ཆོས་གཉིས་ཀྱི་ཚོགས་དོན་ལ་བྱེད་པའི་ཕྱིར།དེར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྐབས་ཀྱི་ཕྱོགས་ཀྱི་སྒྲའི་འཇུག་གཞི་དེ་ལ་ཡང་གསུམ་ཡོད་པ་གང་ཞིག །དེ་སྒྲུབ་ཀྱི་ཆོས་ཅན་དང་ཆོས་གཉིས་ཀྱི་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག །ཁྱབ་པ་གཉིས་ཀྱི་འབྲེལ་ཡུལ་གྱི་བསྒྲུབ་བྱའི་ཆོས་དང་།ཕྱོགས་ཆོས་ཀྱི་ཡུལ་ཤེས་འདོད་ཆོས་ཅན་གཉིས་ལ་ཕྱོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་ཡིན་པའི་ཕྱིར།འཐད་ལྡན་ཆེ་བ་ལས།རྗེས་སུ་དཔག་པའི་ཐ་སྙད་ནི་གསུམ་སྟེ།སྒྲུབ་བྱེད་ཀྱི་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་དངོས་དང་།ཁྱབ་པའི་ཡུལ་གྱི་བསྒྲུབ་པར་བྱ་བའི་ཆོས་དང་གཏན་ཚིགས་ཀྱི་ཡུལ་ཆོས་ཅན་ལ་བཏགས་ནས་སོ།།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།སྒྲུབ་བྱེད་ཀྱི་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་དངོས་དང་ཞེས་པས་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་དེ་བཤད།ཁྱབ་པའི་ཡུལ་གྱི་ཞེས་སོགས་ཀྱིས་གཞན་གཉིས་ལ་བཏགས་མིང་དུ་འཇུག་པ་དེ་བཤད་པའི་ཕྱིར།ཁོ་ན་རེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་དེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་དེ་ལ་བྱས་ནས་དེ་དང་དོན་མཐུན་པ་རྣམས་ལ་མཐུན་ཕྱོགས་ཞེས་བཞག་པ་ཡིན་པའི་ཕྱིར།དེར་ཐལ།རིགས་ཐིག་ལས།བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའི་དོན་མཐུན་པ་ནི་མཐུན་པའི་ཕྱོགས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་མི་རྟག་པ་སྤྱི་ལྡོག་དེ་ལ་བྱས་ནས།དེ་དང་དོན་མཐུན་པ་རྣམས་དེ་སྒྲུབ་ཀྱི་མཐུན་ཕྱོགས་སུ་འཇོག་པ་དེའི་དོན་ཡིན་པའི་ཕྱིར།འདོད་ན།མི་རྟག་པའི་སྤྱི་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།འདོད་པའི་ཕྱིར།གོང་དུ་འདོད་མི་ནུས་ཏེ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་མི་རྟག་པ་དེ་ལ་བྱེད་ཀྱང་།དེའི་བྱེ་བྲག་བུམ་པ་ལ་སོགས་པ་ཡང་དེ་ལ་མི་འཇོག་པའི་ཕྱིར།འཐད་ལྡན་ཆེ་བ་ལས།བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཞེས་ནི་མི་བཟུང་སྟེ།བསྒྲུབ་པར་བྱ་བའི་ཆོས་དེ་ལ་སྤྱི་ཞེས་བྱའོ།།ཞེས་གསུངས་པའི་ཕྱིར།ཁ་ཅིག་གིས།བདག་མེད་ཡིན་ན།མཐུན་ཕྱོགས་ཡིན་པས་མ་ཁྱབ་པར་ཐལ།མི་མཐུན་ཕྱོགས་ཡོད་པའི་ཕྱིར།དེར་ཐལ།བུམ་པ་མི་མཐུན་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ།རྟགས་གྲུབ་སྟེ།མི་རྟག་པ་ཡིན་པའི་ཕྱིར།གོང་དུ་འདོད་མི་ནུས་ཏེ།ཡོད་ན་མཐུན་ཕྱོགས་ཡིན་པས་ཁྱབ་པ་གང་ཞིག །མེད་ན་ཡང་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར།དང་པོ་གྲུབ་སྟེ།བུམ་པ་མཐུན་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།མི་རྟག་པ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།རི་བོང་རྭ་མཐུན་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།བདག་མེད་ཡིན་པའི་ཕྱིར།ཁོ་ན་རེ།མི་མཐུན་ཕྱོགས་ཆོས་ཅན།མཐུན་ཕྱོགས་ཡིན་པར་ཐལ།སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཡོད་པར་ཐལ།མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ།ཁོ་ན་རེ།མི་མཐུན་ཕྱོགས་ཡོད་པར་ཐལ།མི་མཐུན་དཔེ་ཡོད་པའི་ཕྱིར།དེར་ཐལ།ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར་ན་མ་ཁྱབ།དེར་ཐལ།གང་རྟག་ན་མ་བྱས་པས་ཁྱབ།དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན།སྒྲ་ནི་བྱས་སོ་ཞེས་པའི་སྒྲུབ་ངག་དེ་དེ་ཡིན་པའི་ཕྱིར།གོང་དུ་འདོད་ན།འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།མི་མཐུན་དཔེ་ཡིན་པར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་དཔེ་ཡིན་པའི་ཕྱིར་ན་མ་ཁྱབ།དེར་ཐལ།དེ་དེ་སྒྲུབ་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེ་མཐུན་དཔེ་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲ་ཤེས་བྱར་སྒྲུབ་པར་བྱེད་པའི་མཐུན་དཔེ་ཡིན་པའི་ཕྱིར།དེར་ཐལ།དེ་བློའི་ཡུལ་དུ་བྱ་རུང་གི་རྟགས་ཀྱིས་སྒྲ་ཤེས་བྱར་སྒྲུབ་པར་བྱེད་པའི་མཐུན་དཔེ་ཡིན་པའི་ཕྱིར།དེར་ཐལ།དེ་བློའི་ཡུལ་དུ་བྱ་རུང་གི་རྟགས་ཀྱིས་སྒྲ་ཤེས་བྱར་སྒྲུབ་པར་བྱེད་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཐུན་དཔེ་ཡིན་པའི་ཕྱིར།དེར་ཐལ།གང་བློའི་ཡུལ་དུ་བྱ་རུང་ཡིན་ན་ཤེས་བྱ་ཡིན་པས་ཁྱབ།དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན།སྒྲ་ཡང་བློའི་ཡུལ་དུ་བྱ་རུང་ཡིན་ཞེས་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཐུན་དཔེ་ཡིན་པའི་ཕྱིར།

རྟགས་ཡང་དག་གི་མཚན་ཉིད་བཤད་པ་ལ།ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ།ཚད་མ་མདོ་ལས།རང་དོན་ནི།ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར།ཚུལ་གསུམ་ཡོད་དེ།ཕྱོགས་ཆོས།རྗེས་ཁྱབ།ལྡོག་ཁྱབ་གསུམ་པོ་དེ་ཡིན་པའི་ཕྱིར།ཚུལ་གསུམ་སོ་སོ་ལ་མཚན་ཉིད།དབྱེ་བ།སྒྲུབ་བྱེད་ཀྱི་ཚད་མ།རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ།རྩ་བའི་དོན་བཤད་པ།སྐབས་སུ་བབས་པའི་དོགས་པ་བཅད་པ་དང་དྲུག །དང་པོ་ནི།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད།བྱས་རྟགས་ཀྱིས་སྒྲ་མིརྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད།མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ།རྣམ་ངེས་ལས།རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་དང་།འཐད་ལྡན་ཆུང་བ་ལས།རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་།ཞེས་པའི་རྩ་འགྲེལ་དག་གིས་བསྒྲུབ་པའི་ཕྱིར།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད།མཚན་ཉིད་འཇོག་ཚུལ་དེ་ལྟར་ཡིན་ཏེ།རིགས་ཐིག་ལས།མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་དུ་ངེས་པ།ཞེས་དང་།རྣམ་ངེས་ལས།དེ་མཚུངས་ལ་ཡོད་དང་།ཞེས་དང་།རིགས་སྒོ་ལས།མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཅིག་སྟེ།ཞེས་དང་།ཛེ་ཏཱ་རིས་ཀྱང་།མཐུན་པའི་ཕྱོགས་ཉིད་ལ་ཡང་ཡོད་པར་ངེས་པ་ཞེས་གཞུག་གོ །ཞེས་དང་།འཐད་ལྡན་ལས།མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཅིག་སྟེ།ཞེས་དང་།པཎྜི་ཏ་ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས་ཀྱང་།ཕྱོགས་དང་མཐུན་པ་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པ་རྗེས་སུ་འགྲོ་བའི་མིང་ཅན་ཚུལ་གཉིས་པའོ།།ཞེས་གསུངས་པའི་ཕྱིར།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་པའི་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ།དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད།གཞི་ལ་སྦྱར་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་མི་རྟག་པ་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་ཏེ།ཚད་མ་མདོ་ལས།རྗེས་དཔག་བྱ་དང་མེད་ཉིད་ལ་མེད་པའོ། །ཞེས་དང་།རྣམ་ངེས་ལས།རྗེས་དཔག་བྱ་དང་མེད་ལ་མེད་པར་ནི།ཞེས་དང་།རིགས་ཐིག་ལས།མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་དང་།ཛེ་ཏཱ་རིས་ཀྱང་།ལྡོག་ཁྱབ་ནི་མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་དུ་ངེས་པ་ཞེས་གཞུག་གོ །ཞེས་དང་།རྟོག་གེ་སྐད་ལས་ཀྱང་།མཐུན་པའི་ཕྱོགས་མ་ཡིན་པ་ནི་མི་མཐུན་ཕྱོགས་ཏེ།དེ་ལ་མེད་པ་ཁོ་ནར་ངེས་པ་གང་ཡིན་པ་དེ་ནི་ལྡོག་པའི་མིང་ཅན་ཚུལ་གསུམ་པའོ། །ཞེས་གསུངས་པའི་ཕྱིར།

མཐའ་ཅུང་ཟད་དཔྱད་པ་ལ།ཁ་ཅིག །སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།སྒྲ་མི་རྟག་པར་སྒྲུབ་བར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད།དེའི་དོན་ཡང་སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དེའི་དོན་ཡིན་ཟེར་ན།འོ་ན།མི་རྟག་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ།སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།རྟགས་དང་པོ་གཉིས་ཀ་གྲུབ་སྟེ།སྒྲ་ཁྱོད་ཡིན་པའི་ཕྱིར།གསུམ་པ་མ་གྲུབ་ན།མི་རྟག་པ་ཆོས་ཅན།ཁྱོད་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ།ཁྱོད་བདག་མེད་ཡིན་པའི་ཕྱིར།འདོད་ན།མི་རྟག་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་དགུ་བོ་གང་རུང་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར།མ་གྲུབ་ན།མི་རྟག་པ་ཆོས་ཅན།ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ།ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།གཞན་ཡང་།སྒྲ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར།དེར་ཐལ།སྒྲ་ཁྱོད་ཡིན་སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།རྟགས་རེ་རེ་ནས་གྲུབ་སྟེ།སྒྲ་དང་གཅིག་ཡིན་པའི་ཕྱིར།འདོད་ན།སྒྲ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར།མ་གྲུབ་ན།སྒྲ་ཆོས་ཅན།ཁྱོད་ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ།ཁྱོད་བདག་མེད་ཡིན་པའི་ཕྱིར།གཞན་ཡང་།སྒྲ་ཆོས་ཅན།ཁྱོད་ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་བའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀར་བཀོད་པ་ཡིན་པའི་ཕྱིར།ཡང་ཁ་ཅིག་གིས།ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དང་ཕན་ཚུན་ཐ་དད་པའི་ཚུལ་གྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཟེར་ན།མི་རྟག་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་ཕན་ཚུན་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར།དེར་ཐལ།ཁྱོད་སྒྲ་དང་ཕན་ཚུན་ཐ་དད་གང་ཞིག །སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།རྟགས་ཕྱི་མ་རྣམས་ཁྱོད་ཀྱི་ཁས་བླངས་ལ་སོང་།དང་པོ་གྲུབ་སྟེ།ཁྱོད་སྒྲ་དང་ཐ་དད།སྒྲ་ཁྱོད་དང་ཐ་དད་ཡིན་པའི་ཕྱིར།འདོད་ན།མི་རྟག་པ་ཆོས་ཅན།ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།སྒྲ་ཁྱོད་དུ་ཚད་མས་ངེས་ནས་སྒྲ་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་ཡོད་པར་ཐལ།ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།སྒྲ་མི་རྟག་པར་ཚད་མས་ངེས་ན་སྒྲ་མི་རྟག་པ་ཡིན་མིན་ཐེ་ཚོམ་མི་ཟ་བས་ཁྱབ་པའི་ཕྱིར་ཏེ།བདག་མེད་ཡིན་པའི་ཕྱིར།ཡང་ཁ་ཅིག་གིས།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པ་གང་ཞིག །ཁྱོད་སྒྲ་དང་ཕན་ཚུན་ཐ་དད་པའི་ཚུལ་གྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད།འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཡང་།སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ཙམ་དེའི་དོན་ཡིན་ཟེར་ན།མི་རྟག་པ་ཆོས་ཅན།ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་དེ་ཡིན་པར་ཐལ།སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།འདོད་ན།མི་རྟག་པ་ཆོས་ཅན།ཁྱོད་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཚང་བར་ཐལ།ཁྱོད་དེའི་ཚིག་ཟུར་གྱི་ཡོད་པ་དེ་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཁྱོད་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གསུམ་པོ་གང་རུང་མ་ཡིན་པར་ཐལ།ཁྱོད་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་བའི་དོན་ཚང་བའི་ཕྱིར།འཁོར་གསུམ།ཁྱབ་སྟེ།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་པའི་ཡོད་པའི་སྒྲ་དེས་དོན་ལ་ལྟོས་ཏེ་མ་གྲུབ་པ་དེ་རྣམས་གཅོད་པའི་ཕྱིར།འཐད་ལྡན་ཆེ་བ་ལས།ཡོད་པ་ཞེས་སྨོས་པའི་ཚིག་གིས་ནི་ནས།བསལ་ཏེ།ཞེས་དང་།རྟོག་གེའི་སྐད་ལས།ཡོད་པ་ཞེས་སྨོས་པའི་ཚིག་གིས་ནི་མ་གྲུབ་པ་བསལ་ཏེ།སྒྲ་ནི་མི་རྟག་སྟེ།མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་དང་།ཛེ་ཏཱ་རིའི་བྱིས་པ་འཇུག་པའི་རྟོག་གེ་སྐད་ལས།ཡོད་པ་ཞེས་སྨོས་པའི་ཚིག་གིས་མ་གྲུབ་པ་བསལ་ཏེ།ཞེས་གསུངས་པའི་ཕྱིར།གཞན་ཡང་།རིགས་ཐིག་ལས།རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་།ཞེས་པའི་ཚིག་ཟུར་གྱི་ཡོད་པ་ཞེས་བས་དོན་ལ་ལྟོས་ཏེ་མ་གྲུབ་པ་སེལ་བ་མ་ཡིན་པར་ཐལ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་པའི་ཚིག་ཟུར་གྱི་ཡོད་པ་ཞེས་པས་དོན་ལ་ལྟོས་ཏེ་མ་གྲུབ་པ་སེལ་བ་མ་ཡིན་པའི་ཕྱིར།གོང་དུ་འདོད་ན།འཐད་ལྡན་ཆུང་བ་ལས།ཡོད་པ་ཞེས་པའི་ཚིག་གིས་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་མ་གྲུབ་པ་བསལ་ཏེ།ཞེས་པའི་ལུང་དོན་མ་གྲུབ་པར་ཐལ།དམ་བཅའ་འཐད་པའི་ཕྱིར།གཞན་ཡང་དེ་མི་འཐད་པར་ཐལ།ཛེ་ཏཱ་རི་སོགས་ཀྱིས་ཡོད་པ་ཞེས་སྨོས་པས་དོན་ལ་ལྟོས་ཏེ་མ་གྲུབ་པ་སེལ་བ་དང་།ཉིད་ཅེས་སྨོས་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་སེལ།ངེས་པ་སྨོས་པས་བློ་ལ་ལྟོས་ཏེ་མ་གྲུབ་པ་སེལ་བར་བཤད་པའི་ཕྱིར།དེར་ཐལ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཞེས་པའི་ཚིག་ཟུར་གྱི་ཡོད་པ་ཞེས་པས་དོན་ལ་ལྟོས་ཏེ་མ་གྲུབ་པ་སེལ་བ་དང་།ཉིད་ཅེས་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་སེལ་བ་དང་།ངེས་པ་སྨོས་པས་བློ་ལ་ལྟོས་ཏེ་མ་གྲུབ་པ་སེལ་བའི་ཕྱིར།རྟགས་ཟུར་དང་པོ་གྲུབ་སྟེ།བྱིས་པ་འཇུག་པའི་རྟོག་གེ་སྐད་ལས།ཡོད་པ་ཞེས་སྨོས་པས་མ་གྲུབ་པ་བསལ་ཏེ།ཞེས་གསུངས་པའི་ཕྱིར།རྟགས་ཟུར་གཉིས་པ་གྲུབ་སྟེ།རིགས་ཐིག་གི་འགྲེལ་ཆེན་སློབ་ཕན་ལས།ཁོ་ན་ཞེས་པས་ནི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་སེལ་ཏེ།ཞེས་དང་།འཐད་ལྡན་ཆུང་ངུ་ལས།ཉིད་ཅེས་སྨོས་པས་ཆོས་ཅན་གྱི་ཕྱོགས་ལ་ལྟོས་པའི་མ་གྲུབ་པ་དག་བསལ་ཏེ།ཞེས་གསུངས་པའི་ཕྱིར།རྟགས་ཟུར་གསུམ་པ་གྲུབ་སྟེ།དེའི་ཚིག་ཟུར་གྱི་ངེས་པ་ཞེས་སྨོས་པའི་ཚིག་གིས་ཐེ་ཚོམ་ཟ་བའི་བློ་ལ་ལྟོས་ཏེ་མ་གྲུབ་པ་སོགས་བསལ་བ་ཡིན་པའི་ཕྱིར།དེར་ཐལ།རྟོག་གེའི་སྐད་ལས།ངེས་པ་ཞེས་སྨོས་པས་ནི་ཐེ་ཚོམ་ཟ་ནས་མ་གྲུབ་པ་དག་བསལ་ཏེ།ཞེས་དང་།ཛེ་ཏཱ་རིས་ཀྱང་།ངེས་པ་ཞེས་སྨོས་པས་ནི་ཐེ་ཚོམ་ཟ་ནས་མ་གྲུབ་པ་སོགས་བསལ་ཏེ།ཞེས་གསུངས་པའི་ཕྱིར།

ཕྱོགས་ཆོས་ཡིན་པའི་སྒྲུབ་བྱེད་བཀོད་ན།བྱས་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ།ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པ་གང་ཞིག།ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར།དང་པོ་གྲུབ་སྟེ།སྒྲ་དེ་དེ་ཡིན་པའི་ཕྱིར།མ་གྲུབ་ན།སྒྲ་ཆོས་ཅན།ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་དུ་བཟུང་བ་གང་ཞིག །ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན།སྒྲ་ཆོས་ཅན།ཁྱོད་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་པར་ཐལ།ཁྱོད་ཁྱོད་ཆོས་ཅན།མི་རྟག་སྟེ།བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཆོས་ཅན་དུ་བཟུང་བའི་ཕྱིར།དེར་ཐལ།ཁྱོད་བདག་མེད་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར།གོང་གི་རྟགས་གཉིས་པ་མ་གྲུབ་ན།བྱས་པ་ཆོས་ཅན།ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པ་གང་ཞིག །དེའི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་དོན་ཁྱོད་ལ་ཚང་།ཡོད་པའི་མཇུག་ཏུ་ཉིད་ཅེས་བྱ་བའི་དོན་ཁྱོད་ལ་ཚང་།ཚད་མས་ངེས་པ་ཞེས་པའི་དོན་ཁྱོད་ལ་ཚང་བའི་ཕྱིར།དང་པོ་གྲུབ་སྟེ།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད།སྒྲུབ་ཚུལ་ཡིན་སྒྲུབ་ཡིན།སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར།ཁྱབ་སྟེ།འགོད་ཚུལ་དང་མཐུན་པའི་དོན་ཡང་ཡིན་འགོད་ཀྱི་དབང་དུ་བྱས་ན།དེ་སྒྲུབ་ཀྱི་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་དང་།དེའི་སྟེང་དུ་རྟགས་དེ་ཡིན་པ་ལ་བྱེད།ཡོད་འགོད་ཀྱི་དབང་དུ་བྱས་ན།ཆོས་ཅན་དུ་འགྲོ་རྒྱུ་དེའི་སྟེང་དུ་རྟགས་དེ་ཡོད་པ་དང་།ཆོས་ཅན་དེ་ལ་རྟགས་དེ་ཡོད་པ་ལ་བྱེད་པའི་ཕྱིར།དེར་ཐལ།དེའི་དོན་ཡོད་པའི་ཕྱིར།གཉིས་པ་མ་གྲུབ་ན།བྱས་པ་ཆོས་ཅན།ཁྱོད་ལ་དེའི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་དོན་ཚང་བར་ཐལ།ཁྱོད་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡང་མ་ཡིན།དེ་སྒྲུབ་ཀྱི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡང་མ་ཡིན།དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡང་མ་ཡིན།དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡང་མ་ཡིན་པའི་ཕྱིར།དང་པོ་མ་གྲུབ་ན།བྱས་བ་ཆོས་ཅན།སྒྲ་དང་གཅིག་ཡིན་པར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཀྱི་དོན།ཆོས་ཅན་དང་རྟགས་གཉིས་ལ་ཆོས་གཅིག་བཀོད་པ་ལ་བྱེད་པའི་ཕྱིར་ཏེ།དེའི་དོན་གཅིག་ཡོད་པའི་ཕྱིར།དེར་ཐལ།བདག་མེད་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།ཁྱོད་ཡོད་ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་གཅིག་མ་ཡིན་པའི་ཕྱིར།ཁྱབ་སྟེ།དེའི་གོ་དོན་རྟགས་དང་ཆོས་གཉིས་ལ་དོན་གཅིག་བུ་དེ་བཀོད་པ་གཅིག་དགོས་པའི་ཕྱིར།གསུམ་པ་གྲུབ་སྟེ།ཁྱོད་དེ་སྒྲུབ་ཀྱི་རྟགས་གང་ཞིག །ཁྱོད་མེད་པ་མ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་ལ་མེད་པ་གཅིག་རྟགས་སུ་བཀོད་དགོས་པའི་ཕྱིར།བཞི་པ་གྲུབ་སྟེ།དེ་སྒྲུབ་ཀྱི་ཆོས་ཅན་ལ་འགྲོ་རྒྱུ་དེ་ཡིན་ན།ཡོད་པ་ཡིན་པས་ཁྱབ་པའི་ཕྱིར།ཁྱབ་སྟེ།དེ་ལ་མེད་པ་གཅིག་དགོས་པའི་ཕྱིར།གོང་གི་རྩ་རྟགས་གསུམ་པ་མ་གྲུབ་ན།བྱས་པ་ཆོས་ཅན།ཁྱོད་ལ་དེའི་ཚིག་ཟུར་གྱི་ཉིད་ཅེས་སྨོས་པའི་དོན་ཚང་བར་ཐལ།ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་སོགས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར།ཁྱབ་སྟེ།ཁོ་ནའམ་ཉིད་ཅེས་སྨོས་པ་ནི་དོན་ལ་ལྟོས་ཏེ་མ་གྲུབ་པ་སེལ་བའི་ཆེད་ཡིན་པའི་ཕྱིར།རིགས་ཐིག་གི་རྒྱ་ཆེར་འགྲེལ་སློབ་དཔོན་དུལ་བ་ལྷས་མཛད་པའི་སློབ་ཕན་ལས།ཁོ་ན་ཞེས་པས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་སེལ་ཏེ།ཞེས་གསུངས་པའི་ཕྱིར།གཞན་ཡང་།བྱས་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ན་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་རྐྱང་པ་ཡིན་པའི་ཕྱིར་ཏེ།དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར།དེར་ཐལ།སྒྲ་ཁྱོད་ཡིན།སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན།སྒྲ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།གོང་གི་རྩ་རྟགས་བཞི་བ་མ་གྲུབ་ན།བྱས་པ་ཆོས་ཅན།ཁྱོད་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཞེས་པའི་ཚིག་ཟུར་གྱི་ཚད་མས་ངེས་པ་ཞེས་པའི་དོན་ཚང་པར་ཐལ།ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་པའི་ཕྱི་རྒོལ་ཡང་དག་གིས་ཁྱོད་སྒྲ་མི་རྟག་པར་སྒྲུབ་པ་ལ་འགོད་ཚུལ་དང་མཐུན་པར་ཚད་མས་ཡོད་པ་ཉིད་དུ་ངེས་ནས་སྒྲ་མི་རྟག་པར་ཤེས་འདོད་ཞུགས་པ་སྲིད་པ་ཡིན་པའི་ཕྱིར།དེར་ཐལ།སྒྲ་ཁྱོད་དུ་ཚད་མས་ངེས་ནས་སྒྲ་མི་རྟག་པར་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པའི་ཕྱིར།ཁྱབ་སྟེ།དེའི་ཚིག་ཟུར་གྱི་ཚད་མས་ངེས་པའི་དོན་དེ།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་ཚད་མས་ངེས་མ་ངེས་ལ་བྱེད་ཀྱི།ཚད་མ་སྤྱི་ལྡོག་དང་གང་ཟག་སྤྱ་ིལྡོག་གིས་ཚད་མས་ངེས་མ་ངེས་ལ་བྱེད་པ་མ་ཡིན་པའི་ཕྱིར།དེརཐལ།ཕྱོགས་ཆོས་ཀྱི་ཁྱད་ཆོས་བཞིའི་དོན་དེ་ལྟར་འཐད་པ་རྗེ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར།རྣམ་ངེས་ཊཱིཀ་ཆེན་ལས།རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཁོ་ནར་ངེས་ཞེས་པའི་ཚིག་གི་ནུས་པ་ཞེས་པ་ནས།བཞིས་རིམ་པ་བཞིན་དུ་རྗེས་སུ་དཔག་བྱ་ལ་གཏན་མེད་པ་དང་།དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་པ་དང་དེ་ལྟར་དོགས་པའི་བློ་སྐྱོན་ཞུགས་པ་རྣམས་སེལ་ཏེ།ཞེས་གསུངས་པའི་ཕྱིར།དེ་ཁོ་ནའམ་ཉིད་སྒྲ་ཡོད་པའི་སྔར་སྨོས་པའི་དབང་དུ་བྱས་ནས།ཁ་ཅིག །དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པའམ།ཡང་ན།དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པ་ཁོ་ནར་ཡོད་པར་ཚད་མས་ངེས་པ་གང་རུང་གཅིག་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་དུ་འཇོག་ཟེར་ན།འོ་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་དགོས་པར་ཐལ།ཁོ་ནའམ་ཉིད་སྒྲ་ཡོད་པའི་སྔར་སྨོས་རིགས་པ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་ཡོད་པའི་སྔར་སྨོས་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ན་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་འགྱུར་དགོས་པ་དེ་ཡིན་པའི་ཕྱིར།ཡང་ཁོ་ནའི་སྒྲ་མི་སྨོས་པའི་དབང་དུ་བྱས་ནས་ཁ་ཅིག །དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པརཡོད་པར་ཚད་མས་ངེས་པ་དེ་དེའི་མཚན་ཉིད་ཟེར་ན།འོ་ན།མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཆོས་ཅན།ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ།ལྗོན་ཤིང་སེམས་ལྡན་དུ་བསྒྲུབ་པ་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར།དེར་ཐལ།ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པ་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཕྱིར།གོང་དུ་འདོད་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་དགུ་བོ་གང་རུང་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ།འཐད་ལྡན་ཆུང་བ་ལས།ཉིད་ཅེས་སྨོས་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་པའི་མ་གྲུབ་པ་དག་སེལ་ཏེ།དཔེར་ན།མཚན་མོ་ལོ་མ་འཁུམས་ནས་ཉལ་བས་ལྗོན་ཤིང་སེམས་ལྡན་དུ་བསྒྲུབ་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར།ཡང་ཁ་ཅིག །ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་ན།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྟགས་མ་གྲུབ་པས་ཁྱབ་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་ན།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།འོ་ན།བྱས་པའི་རྒྱུ་ཆོས་ཅན།ཁྱོད་ཀྱི་རྟགས་ཀྱིས་བྱས་པའི་རྒྱུར་གྱུར་པའི་སྔོན་པོ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་སྐོར་གཅིག་གི་རྟགས་མ་གྲུབ་པར་ཐལ།དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར།དེར་ཐལ།ཁྱོད་མི་རྟག་པ་དང་འབྲེལ་བ་མ་ཡིན་པའི་ཕྱིར།དེར་ཐལ།དེ་དང་བདག་གཅིག་འབྲེལ་ཡང་མ་ཡིན།དེ་དང་རྟེན་འབྱུང་འབྲེལ་ཡང་མ་ཡིན་པའི་ཕྱིར།དེར་ཐལ།མི་རྟག་པའི་རྒྱུ་ཡིན་པའི་ཕྱིར།

གཉིས་པ།རྗེས་ཁྱབ་ཀྱི་མཐའ་ཅུང་ཟད་དཔྱད་པ་ལ།ཁ་ཅིག །དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ།དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་ཅིང་།དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཡང་།ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་འགྲོ་རྒྱུ་དེ་ཡིན།ཁྱོད་ཡིན་ན་དེ་ཡིན་པས་ཁྱབ་པ་ཙམ་ཞིག་དེའི་དོན་ཡིན་ཟེར་ན།འོ་ན།མི་རྟག་པ་ཆོས་ཅན།ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར།དེར་ཐལ།ཁྱོད་མི་རྟག་པ་ཡིན།ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།འདོད་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དང་འབྲེལ་བ་ཡིན་པར་ཐལ།དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་དང་འབྲེལ་བ་མ་ཡིན་ན།དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གང་ཡང་མ་ཡིན་དགོས་པའི་ཕྱིར།ཚད་མ་རང་འགྲེལ་ལས།འབྲེལ་བ་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གང་ཡང་མི་ནུས་སོ། །ཞེས་གསུངས་པའི་ཕྱིར།གོང་དུ་འདོད་ན།མི་རྟག་པ་ཆོས་ཅན།མི་རྟག་པ་དང་ཐ་དད་ཡིན་པར་ཐལ།དེ་དང་འབྲེལ་བ་ཡིན་པའི་ཕྱིར།གཞན་ཡང་།བྱས་པའི་བྱེ་བྲག་ཆོས་ཅན།ཁྱོད་མི་རྟག་པ་ཡིན་ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར།དེར་ཐལ།ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཀ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།མི་རྟག་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།རྟག་པ་ཡིན་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།བྱས་པའི་བྱེ་བྲག་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་མ་ཡིན་པར་ཐལ།རྟག་པ་ཡིན་པའི་ཕྱིར་ན་འདིར་མ་ཁྱབ།ཁ་ཅིག །ཁོ་ན་ཡོད་པའི་སྔོན་དང་མཇུག་གང་དུ་ཡང་མི་སྨོས་པར།དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཟེར་ན།ཡོད་པ་ཆོས་ཅན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པའི་ཕྱིར།གོང་དུ་འདོད་ན།ཡོད་པ་ཆོས་ཅན།མི་རྟག་པ་ཡིན་པར་ཐལ།ཡོད་པ་ཡིན་པའི་ཕྱིར།གཞན་ཡང་།ཉིད་ཅེས་སྨོས་དགོས་པ་ཡིན་པར་ཐལ།ཉིད་ཅེས་སྨོས་པས་ཐུན་མོང་བའི་མ་ངེས་པ་སེལ་བ་ཡིན་པའི་ཕྱིར།འཐད་ལྡན་ཆུང་བ་ལས།ཉིད་ཅེས་སྨོས་པས་ཐུན་མོང་གི་མ་ངེས་པ་ཉིད་སེལ་ཏེ།ཞེས་གསུངས་པའི་ཕྱིར།ཁ་ཅིག །བྱས་ན་མི་རྟག་པས་ཁྱབ་པ་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ཟེར་ན།དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་གྲུབ་ན།དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པར་ཐལ།དེ་གཉིས་དོན་གཅིག་པའི་ཕྱིར།འདོད་ན།བྱས་པ་བྱས་པ་ཆོས་ཅན།ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་སྐོར་གཅིག་གི་དངོས་ཁྱབ་གྲུབ་པར་ཐལ།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པའི་ཕྱིར།དེར་ཐལ།ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་ཚུལ་གསུམ་ག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།གོང་དུ་འདོད་ན།རི་བོང་རྭ་ཆོས་ཅན།མི་རྟག་པ་ཡིན་པར་ཐལ།བྱས་པ་བྱས་པ་ཡིན་པའི་ཕྱིར།གཞན་ཡང་།བྱས་པའི་རྒྱུའི་རྟགས་ཀྱིས་བྱས་པའི་རྒྱུར་གྱུར་བའི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པར་ཐལ།དེ་སྒྲུབ་ཀྱི་སྦྱོར་བའི་དངོས་ཁྱབ་གྲུབ་པའི་ཕྱིར།ཁྱབ་པ་ཁས།རྟགས་དེར་ཐལ།བྱས་པའི་རྒྱུ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ།དེ་སྒྲུབ་ཀྱི་དངོས་ཁྱབ་གང་ཞིག །དེ་གྲུབ་པའི་ཕྱིར།དང་པོ་གྲུབ་སྟེ།དེ་དེ་སྒྲུབ་ཀྱི་རྣལ་ཁྱབ་ཡིན་པའི་ཕྱིར།གོང་དུ་འདོད་ན།བྱས་པའི་རྒྱུ་ཆོས་ཅན།ཁྱོད་བྱས་པའི་རྒྱུར་གྱུར་བའི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དང་འབྲེལ་པ་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དང་འབྲེལ་བ་མ་ཡིན་ན།དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གང་ཡང་མ་ཡིན་དགོས་པའི་ཕྱིར།རང་འགྲེལ་ལས།འབྲེལ་བ་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པར་མི་ནུས་སོ། །ཞེས་དང་།སྡེ་བདུན་རྒྱན་ལས།སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་དང་དངོས་ཁྱབ་གཉིས་དོན་མི་གཅིག་སྟེ།ཞེས་པ་ནས།དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པས་ཁྱབ་ཅིང་།དངོས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པའི་ངེས་པ་མེད་ལ།རྗེས་ཁྱབ་དང་ལྡོག་ཁྱབ་གྲུབ་ཀྱང་ཚུལ་གསུམ་གྲུབ་པའི་ངེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་གཞུང་དོན་འཆད་པ་ལ།ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་མདོར་བསྟན་གྱིས་སྒོ་ནས་འཆད་པ་ལ།ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡིས། །གཏན་ཚིགས་ཞེས་གསུངས།དེ་གང་ལས་འཕྲོས་པའི་གཞི་ནི་ཡོད་དེ།མདོ་རྩ་བར།རང་དོན་ནི།ཚུལ་གསུམ་རྟགས་ལས་དོན་མཐོང་བ་ཞེས་པ་འདིའི་སྐབས་སུ་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཅེས་བཤད་པ་ལ།ཚུལ་གསུམ་དང་རྟགས་ཡང་དག་ཇི་ལྟ་བུ་ཞེ་ན།དེ་འཆད་པ་ལ།དྲངས་མ་ཐག་པའི་གཞུང་འདི་བྱུང་།རྟགས་ཡང་དག་ཆོས་ཅན།ཁྱོད་ལ་གསུམ་དུ་གྲངས་ངེས་པ་ཡིན་ཏེ།འབྲས་བུ་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པ་ཡིན་པའི་ཕྱིར།ཞེས་འཆད་པ་ལ།དེ་ནི་རྣམ་གསུམ་ཉིད་ཅེས་པའི་གཞུང་འདི་བྱུང་།བྱས་པ་ལ་ཁོ་ན་རེ།བྱས་ན་མི་རྟག་པས་ཁྱབ་ཅེས་པའི་ཚིག་འདིས།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་དངོས་སུ་བརྗོད་པར་ཐལ།བྱས་ན་མི་རྟག་པས་ཁྱབ་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར།དེར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡོད་པའི་ཕྱིར་ན་མ་ཁྱབ།རྩ་བར་འདོད་ན།བྱས་ན་མི་རྟག་པས་ཁྱབ་ཅེས་པའ་ིཚིག་འདིས་དེ་སྒྲུབ་ཀྱི་འབྲེལ་བའི་ཕྱོགས་གཅིག་དངོས་སུ་བསྟན་པ་ཙམ་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་རྗེས་ཁྱབ་ཚད་མ་གཅིག་དངོས་སུ་བསྟན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་རྗེས་ཁྱབ་ཚད་མས་ངེས་པ་ལ།དེ་སྒྲུབ་ཀྱི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར།གོང་དུ་འདོད་མི་ནུས་ཏེ།བྱས་ན་མི་རྟག་པས་ཁྱབ་ཅེས་པའི་སྒྲས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་དངོས་སུ་བསྟན་པའི་ཕྱིར།དེར་ཐལ།དེས་དེ་དང་འབྲེལ་བའི་དོན་ལྡོག་བྱས་པ་མི་རྟག་པ་ཡིན་པ་དང་།བྱས་པ་མི་རྟག་པ་དང་བདག་ཉིད་གཅིག་པ་དང་།མི་རྟག་པ་ལོག་ན་བྱས་པ་ཡང་ལོག་པས་ཁྱབ་པ་གསུམ་ཡོད་པའི་ཕྱོགས་ཕྱི་མ་གཅིག་པུ་ཙམ་བསྟན་པ་ཡིན་པའི་ཕྱིར།ཁོ་ན་རེ།བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།འདོད་ན།བྱས་པ་ཞེས་པའི་སྒྲ་དེས་དེ་སྒྲུབ་ཀྱི་རྗེས་ཁྱབ་བརྗོད་པར་ཐལ།བྱས་པ་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ།དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་ཀྱང་།དེ་ཞེས་བརྗོད་པའི་སྒྲས་དེ་སྒྲུབ་ཀྱི་ཚུལ་གསུམ་བརྗོད་མི་དགོས་པའི་ཕྱིར།དེར་ཐལ།དེ་ཞེས་བརྗོད་པའི་སྒྲས་དེ་སྒྲུབ་ཀྱི་ཚུལ་གསུམ་གྱི་ནང་ནས།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཙམ་བརྗོད་པའི་ཕྱིར།ཕྱོགས་གླང་གིས་ཚད་མ་མདོ་ལས།ཚུལ་གསུམ་རྟགས་ཞེས་བརྗོད་པ་ལ། །ཕྱོགས་ཀྱི་ཆོས་སུ་ལེགས་གནས་པ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།ཚུལ་གསུམ་ཞེས་པས་བྱས་པ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་དེ་བསྟན།རྟགས་ཞེས་བརྗོད་པ་ལ།ཕྱོགས་ཀྱི་ཆོས་སུ་ལེགས་གནས་པ་ཞེས་པས།དེ་བརྗོད་པའི་སྒྲས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཙམ་བརྗོད་པ་དེ་བསྟན་པ་ཡིན་པའི་ཕྱིར།དེ་ལྟར་མ་ཡིན་ན་ཁྱོད་རང་ལ་བུམ་པ་ཞེས་བརྗོད་པའི་སྒྲས་ཆོས་ཀྱི་བདག་མེད་བརྗོད་པར་ཐལ།བུམ་པ་ཆོས་ཀྱི་བདག་མེད་ཡིན་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།མ་ཁྱབ་སྟེ།བུམ་པ་ཆོས་ཀྱི་བདག་མེད་དུ་བརྗོད་པ་ལ་ཆོས་བདག་ཏུ་མ་གྲུབ་ཚུལ་བརྗོད་དགོས་པའི་ཕྱིར་ཟེར་ན།འོ་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ལ་ཡང་རིགས་འདྲ་སྟེ།བྱས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཏུ་བརྗོད་པ་ལ།བྱས་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་བརྗོད་པས།བྱས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཏུ་བརྗོད་པར་འཇོག་པ་ཡིན་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།རྣམ་འགྲེལ་ལས།ཁྱབ་སྔོན་ཅན་ལ་དེ་མེད་ཀྱང་། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ།བྱས་ན་མི་རྟག་པས་ཁྱབ་ཅེས་པའི་ཚིག་འདིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་དངོས་སུ་མ་བསྟན་པའི་ཕྱིར་ན་མ་ཁྱབ།གཞན་ཡང་།ལུང་དེའི་དོན་མ་གྲུབ་པར་ཐལ།གང་བྱས་ན་མི་རྟག་པས་ཁྱབ།དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་སྔོན་འགྲོ་ཅན་གྱི་སྒྲུབ་ངག་མ་ཡིན་པའི་ཕྱིར།དེར་ཐལ།དེ་འདྲ་བའི་སྒྲུབ་ངག་དེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་སྔོན་ལ་དེ་སྒྲུབ་ཀྱི་རྗེས་ཁྱབ་བརྗོད་པའི་སྒྲུབ་ངག་མ་ཡིན་པའི་ཕྱིར་ན་མ་ཁྱབ།དེ་སྒྲུབ་ཀྱི་རྗེས་ཁྱབ་བརྗོད་པ་ལ་སྒྲ་ཡང་བྱས་ཞེས་པའི་ཚིག་འདི་ཡང་དགོས་པའི་ཕྱིར།དེར་ཐལ།བྱས་ན་མི་རྟག་པས་ཁྱབ་ཅེས་པའི་ཚིག་འདི་ཙམ་གྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་རྫོགས་པར་བརྗོད་མི་ཐུབ་པའི་ཕྱིར།དེར་ཐལ།བྱས་ན་མི་རྟག་པས་ཁྱབ་པ་རྟོགས་པས་དེ་སྒྲུབ་ཀྱི་རྗེས་ཁྱབ་རྟོགས་པའི་གོ་མི་ཆོད་པའི་ཕྱིར།ཁོ་ན་རེ།ཁྱབ་སྔོན་ཅན་ལ་དེ་མེད་ཀྱང་། །ཞེས་པའི་ཚིག་ཟུར་གྱི་ཁྱབ་པ་དེ་མེད་པར་ཐལ།དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ལ་མི་བྱེད་པའི་ཕྱིར་ན་མ་ཁྱབ་སྟེ།དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་ཕྱོགས་གཅིག་ལ་དེའི་མིང་གིས་བཏགས་ནས་བསྟན་པའི་ཕྱིར།དེ་ལྟར་མ་ཡིན་ན།ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡིས།།ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་དང་།ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་ལ། །ཞེས་པའི་ཚིག་ཟུར་གྱི་ཕྱོགས་གཉིས་པོ་དེ་དེ་སྒྲུབ་ཀྱི་ཕྱོགས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་བསྟན་པའི་ཕྱིར།ཡང་ཁོ་ན་རེ།བྱས་ན་མི་རྟག་པས་ཁྱབ་པ་དེ།ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡིས། །ཞེས་པའི་ཚིག་ཟུར་གྱི་ཁྱབ་པ་དེ་ཡིན་པར་ཐལ།དེ་དེ་ཡིན་ལ་བྱས་པ་དེ་མ་ཡིན་པའི་ཕྱིར་ཏེ།བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་མ་ཡིན་པའི་ཕྱིར།དེར་ཐལ།བྱས་པ་དེ་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ།བྱས་པ་དེ་གཅིག་ཡིན་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་བ་མིན་དགོས་པ་དེ་མི་འཐད་པར་ཐལ།བྱས་པ་དེ་གཅིག་ཡིན་ཀྱང་དེ་དེ་སྒྲུབ་ཀྱི་ཁྱབ་པར་བྱ་བ་ཡིན་པས་ན།ཁྱབ་པ་ཡིན་པའི་ཕྱིར་ཏེ།དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཁྱབ་པར་བྱ་བ་ཡིན་པས་དེ་སྒྲུབ་ཀྱི་ཁྱབ་པ་དང་གཏན་ཚིགས་གཉིས་ཀ་ཡིན་པའི་ཕྱིར།དེར་ཐལ།ཁྱབ་པ་ཡིས། །ཞེས་པའི་རང་འགྲེལ་ལས།ཁྱབ་པ་ཞེས་བྱ་བ་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་དང་།འདི་ལ་ཁྱབ་པ་བྱ་བ་ཡོད་པས་ནི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།བྱས་པ་དེ་དེ་སྒྲུབ་ཀྱི་ཁྱབ་པ་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བྱེད་པའི་ཡུལ་ཁྱབ་པར་བྱ་བ་ཡིན་པས་ན་ཁྱབ་པ་ཞེས་བཤད་པའི་ཕྱིར་ཏེ།བྲམ་ཟེ་ཆེན་པོའི་འགྲེལ་བཤད་ལས།ཁྱབ་པ་ནི་ཁྱབ་པར་བྱེད་པའི་ཡུལ་ཁྱབ་པར་བྱ་བ།ཞེས་གསུངས་པའི་ཕྱིར།གཞན་ཡང་།ཁྱབ་པ་ལ་ཆོས་དང་ཆོས་ཅན་གཉིས་ཚོགས་པ་མི་དགོས་པར་ཐལ།བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་དང་གཏན་ཚིགས་གཉིས་ཀ་ཡིན་པའི་ཕྱིར།དེར་ཐལ།ཤཱཀྱ་བློའི་འགྲེལ་བ་ལས།ཁྱབ་པ་ནི་ཁྱབ་པར་བྱེད་པའི་ཡུལ་ཁྱབ་པར་བྱ་བ་སྟེ་གཏན་ཚིགས་སོ་ཞེས་དང་།བྲམ་ཟེ་ཆེན་པོའི་འགྲེལ་བཤད་ལས།ཁྱབ་པ་ནི་ཁྱབ་པར་བྱེད་པའི་ཡུལ་ཁྱབ་པར་བྱ་བ་གང་ཡིན་པ་དེ།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།ཁྱབ་པ་ནི་ཞེས་པས་དེ་ཆས་ཁྱབ་པ་ཡི་ཞེས་པའི་ཚིག་ཟུར་གྱི་ཁྱབ་པ་གཉིས་པོ་དེ་བཤད།ལྷག་མས་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པར་བྱེད་པའི་ཡུལ་ཁྱབ་པར་བྱ་བ་ཡིན་པས་དེ་སྒྲུབ་ཀྱི་ཁྱབ་པ་དང་གཏན་ཚིགས་གཉིས་ཀ་ཡིན་ཞེས་བཤད་པ་ཡིན་པའི་ཕྱིར།དེར་ཐལ།ལུང་དེ་གཉིས་ཀྱི་དོན་སྡོམ་ནས་འཆད་ཚུལ་གཅིག་ཡོད་པའི་ཕྱིར།དེར་ཐལ།དེ་གཉིས་ཀའི་དོན་ཡོད་པའི་ཕྱིར།གཞན་ཡང་།བྱས་ན་མི་རྟག་པས་ཁྱབ་པ་དེ་དེ་ཆས་ཁྱབ་པ་ཡི་ཞེས་པའི་ཚིག་ཟུར་གྱི་ཁྱབ་པ་མ་ཡིན་པར་ཐལ།བྱས་པ་དེའི་ཚིག་ཟུར་གྱི་ཁྱབ་པ་གཉིས་པོ་དེ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་རྗེ་ཡབ་སྲས་ཀྱི་ཡང་དགོངས་པ་ཡིན་པའི་ཕྱིར།དེར་ཐལ།བྲམ་ཟེ་ཆེན་པོའི་འགྲེལ་བཤད་ལས།ཁྱབ་པར་བྱེད་པའི་ཡུལ་ཁྱབ་པར་བྱ་བ་ནི་ཁྱབ་པར་བྱེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པས་ཀྱང་ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།ཁྱབ་པར་བྱེད་པའི་ཞེས་པས་ཁྱབ་བྱེད་བསྒྲུབ་བྱའི་ཆོས་མི་རྟག་པ་དེ་བསྟན།ཡུལ་ཁྱབ་པར་བྱ་བ་ཞེས་པས་ཁྱབ་པར་བྱ་བ་གཏན་ཚིགས་བྱས་པ་དེ་བསྟན།ལྷག་མས་དེ་སྒྲུབ་ཀྱི་ཁྱབ་པ་གཉིས་པོ་དེ་ཡིན་པར་བསྟན་པའི་ཕྱིར།

འབྲས་རྟགས་ཡང་དག་དེ་འཆད་པ་ལ།རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས་ཡིན་ཏེ།ཞེས་གསུངས་པའི་ཕྱིར།ཁ་ཅིག།དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་མ་ཡིན་ལ།དུ་བ་ཡོད་པ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ཟེར་ན།དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་མེད་པར་ཐལ།དུ་བ་དེ་དེ་མ་ཡིན་པའི་ཕྱིར།འདོད་ན།རྣམ་འགྲེལ་རང་འགྲེལ་ལས།འབྲས་བུ་ནི་འདི་ན་དུ་བ་ཡོད་པའི་ཕྱིར་མེ་ཡོད་དོ་ཞེས་པ་ལྟ་བུའོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ།དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར།གཞན་ཡང་།དུ་བ་ཆོས་ཅན།ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འགོད་ཚུལ་ཡིན་ན་ཡིན་འགོད་ཡིན་པས་ཁྱབ་པ་དང་།སྒྲུབ་ཚུལ་ཡིན་ན་ཡིན་སྒྲུབ་ཡིན་པས་ཁྱབ་པ་གཉིས་ཀ་ཡོད་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡོད་འགོད་དང་སྒྲུབ་ཚུལ་ཡོད་སྒྲུབ་མ་ཡིན་པའི་ཕྱིར།དང་པོ་གྲུབ་སྟེ།ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཕྱིར་ཏེ།བདག་མེད་ཡིན་པའི་ཕྱིར།གོང་དུ་འདོད་ན།དུ་བ་ཆོས་ཅན།དུ་ལྡན་ལ་ལ་ཁྱོད་ཡིན་པར་ཐལ།ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འགོད་ཚུལ་ཡིན་འགོད།སྒྲུབ་ཚུལ་ཡིན་སྒྲུབ་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།འདོད་ན།དུ་ལྡན་གྱི་ལ་ལ་ཆོས་ཅན།དུ་བ་མ་ཡིན་པར་ཐལ།མེ་ཡིན་པའི་ཕྱིར།རྟགས་དོན་གྱིས་ཁས།འཁོར་གསུམ།གཞན་ཡང་།དུ་ལྡན་ལ་ལ་ཆོས་ཅན།མེ་ཡོད་དེ།དུ་བ་ཡོད་པའི་ཕྱིར།ཞེས་པའི་སྦྱོར་བ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་མ་ཡིན་པར་ཐལ།དུ་བ་དེ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཙམ་ཡང་མ་ཡིན་པའི་ཕྱིར།འདོད་ན།གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ།དཔེར་ན་ཚངས་མང་བཞིན།ལ་འདི་ལ་ཡང་དུ་བ་ཡོད་དོ། །ཞེས་པའི་སྒྲུབ་ངག་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།རིགས་ཐིག་ལས།འབྲས་བུའི་སྦྱོར་བ་ནི།གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ།ཚངས་མང་བཞིན།ལ་འདི་ལ་ཡང་དུ་བ་ཡོད་དོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ།འདོད་པའི་ཕྱིར།ཡང་ཁ་ཅིག །ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་ཡིན་པ་དེ།དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཟེར་བ་དང་།ཡང་ཁ་ཅིག།ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་རྟེན་བྱུང་དུ་འབྲེལ་བ་དེ།དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཟེར་ན།འོ་ན།དེ་གཉིས་ཀ་ལ་དུ་བ་ཆོས་ཅན།དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་དང་།དེ་དང་རྟེན་བྱུང་དུ་འབྲེལ་བ་གཉིས་ཀ་རེ་རེ་ནས་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར།འདོད་ན།དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དེ་མི་རྟག་པ་ཡིན་པར་ཐལ།དུ་བ་དེའི་འབྲས་བུ་ཡིན་པའི་ཕྱིར།འདོད་ན།མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པ་མི་རྟག་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།མི་རྟག་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པ་མི་རྟག་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་དེ་ཡིན་པའི་ཆ་དོན་དམ་པར་གྲུབ་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་དེ་ཡིན་པའི་ཆ་ཆོས་ཅན།རང་ཉིད་མངོན་སུམ་དུ་རྟོགས་པའི་ཚད་མའི་ངོ་བོར་དོན་དམ་དུ་གྲུབ་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར།ཡང་ཁ་ཅིག །ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན།ཁྱོད་ཀྱི་རྒྱུ་ཡིན་པས་ཁྱབ་པ་དེ།དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཟེར་ན།འོ་ན།དུ་བ་ཆོས་ཅན།ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན།ཁྱོད་ཀྱི་རྒྱུ་ཡིན་པས་ཁྱབ་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར།འདོད་ན།མེ་ཡོད་པ་ཆོས་ཅན།དུ་བའི་རྒྱུ་ཡིན་པར་ཐལ།དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པརབྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར།མ་གྲུབ་ན།མེ་ཡོད་པ་ཆོས་ཅན།ཁྱོད་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་ཁྱོད་དུ་སྒྲུབ་པའི་དངོསཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ།ཁྱོད་བདག་མེད་ཡིན་པའི་ཕྱིར།འདོད་ན།མེ་ཡོད་པ་ཆོས་ཅན།མི་རྟག་པ་ཡིན་པར་ཐལ།དུ་བའི་རྒྱུ་ཡིན་པའི་ཕྱིར།རྟགས་ཁས།ཡང་ཁ་ཅིག།ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་དེ།ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་བྱས་པ་ལ།ཁ་ཅིག་ན་རེ།འོ་ན།དུ་བ་ཆོས་ཅན།དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ།ཁྱོད་ཀྱི་རྟགསཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་གང་ཞིག།ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།དང་པོ་གྲུབ་སྟེ།རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།མེ་དེ་དེ་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།རྟག་དངོས་གཉིས་ཀྱིས་སྟོང་པའི་དུ་བ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།དུ་བ་དེ་དེ་ཡིན་པའི་ཕྱིར།གོང་དུ་འདོད་ན།དུ་བ་ཆོས་ཅན།དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པར་བྱེད་པའི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་གཉིས་པོ་གང་རུང་ཡིན་པའི་ཕྱིར།ཁྱབ་སྟེ།རང་འགྲེལ་ལས།གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། །གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར།འདོད་ན།དུ་བ་ཆོས་ཅན།ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་མ་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ན་མ་ཁྱབ།རྟགས་གྲུབ་སྟེ།རྟག་དངོས་གཉིས་ཀྱིས་སྟོང་བའི་མེ་དེ་དེ་ཡིན་པའི་ཕྱིར།གོང་དུ་མ་ཁྱབ་བར་ཐལ།དེ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཏུ་འགྱུར་པ་ལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ལ་མ་ཡིན་དགག་ཡོད་པས་མི་ཆོག་གི་མེད་དགག་གཅིག་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་དེ་ངེས་པར་དགོས་པའི་ཕྱིར།རྣམ་འགྲེལ་ལས།འདིས་ནི་དངོས་ལ་དངོས་པའི་ཆ། །ཁས་ལེན་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གི་ནི། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།འདིས་ནི་ཞེས་པས་རྒྱུ་ཁྱབ་བྱེད་མི་དམིགས་པའི་གཏན་ཚིགས་འདིས་མཚོན་པའི་མི་དམིགས་པའི་གཏན་ཚིགས་ཞེས་བཤད།དངོས་ལ་དངོས་པོའི་ཆ། །ཁས་ལེན་མེད་པར་དགག་པ་ཉིད། །ཅེས་པས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ལ་དངོས་པོའི་ཆའམ་སྒྲུབ་པ་གང་ཡང་དངོས་ཤུགས་གང་རུང་ལ་ཁས་མི་ལེན་པའམ་མི་སྒྲུབ་པའི་མེད་དགག་གཅིག་བཟུང་བ་དགོས་ཞེས་བཤད།སྒྲུབ་བྱེད་སྔ་མ་དག་གི་ནི། །ཞེས་པས་འབྲས་རང་གི་གཏན་ཚིགས་དག་གི་ནི་ཞེས་བཤད།དེ་གཉིས་ལ་མ་ཡིན་དགག་དང་སྒྲུབ་པ་ཅི་རིགས་དངོས་ཀྱི་བསྒྲུབ་བྱར་བྱས་ནས་སྒྲུབ་པ་ཡོད་ཅེས་བཤད་པ་ལ།མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར།དེ་ལྟར་མ་ཡིན་ན།བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་མ་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།མི་རྟག་པ་དེ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།དང་པོ་སླ།གཉིས་པ་མ་གྲུབ་ན།མི་རྟག་པ་དགག་པ་ཡིན་པར་ཐལ།དེ་ལྟར་དུ་རྣམ་འགྲེལ་གྱི་ལེའུ་དང་པོའི་འགྲེལ་བཤད་ལས་གསུངས་པ་གང་ཞིག །དེའི་སྐད་དོད་ཀྱི་དབང་དུ་བྱས་ན་ཡང་དགག་པ་ཡིན་པའི་ཕྱིར།དང་པོ་དེར་ཐལ།ལེའུ་དང་པོའི་འགྲེལ་བ་ལས།འབྲས་བུའི་སྒོ་ནས་དགག་པ་ནི་སྒྲ་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་པ་དང་།མ་རིག་པ་དང་།མ་སྐྱེས་པ་དང་།བདག་མེད་པ་དང་།མི་རྟག་པ་རྣམས་སོ་ཞེས་པའི་ཐད་ཀྱི་ཤཱཀྱ་བློའི་འགྲེལ་བཤད་ལས།འབྲས་བུའི་དགག་པ་ནི་ཞེས་པ་ནས།མི་རྟག་པ་ནི་རྟག་པ་ཡིན་པ་རྣམ་པར་བཅད་པའི་དགག་པའོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་ན།ཁྱོད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་སྒྲུབ་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རང་བཞིན་གྱི་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར།གོང་གི་རྟགས་གཉིས་པ་གྲུབ་སྟེ།མི་རྟག་པ་ཞེས་པའི་ཚིག་དེ་བོད་སྐད་ཀྱི་དབང་དུ་བྱས་ན་དགག་ཚིག་ཡིན།རྒྱ་སྐད་ལ་དེའི་སྐད་དོད་གསུམ་ཡོད་པའི་དེ་གང་གི་དབང་དུ་བྱས་ན་ཡང་དགག་ཚིག་ཡིན་པའི་ཕྱིར།དེར་ཐལ།དེའི་སྐད་དོད་ཨ་ས་དད་དང་།ཨ་ཏིརྱ་དང་།ནི་ཏིརྱ།ཞེས་པ་གསུམ་ཡོད་པའི་ཨ་དང་།ནི་དང་།ནོ་རྣམས་དགག་ཚིག་ཡིན་པའི་ཕྱིར།དེར་ཐལ།འཇིག་རྟེན་ཕ་རོལ་བཀག་པ་འགོག་པའི་སྐབས་ཀྱི་ཚད་མའི་རྒྱན་ལས།ནོ་ཞེས་བྱ་བ་ནི་དགག་པའི་སྒྲ་སྟེ།ཨ་དང་ནི་དང་མ་དང་ནོ་ཞེས་བྱ་བ་དག་ནི་དགག་པའི་སྒྲའོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།མི་རྟག་པ་ཞེས་པའི་ཚིག་དེ་དགག་ཚིག་ཡིན་པར་ཐལ།དེའི་ཚིག་ཟུར་གྱི་མི་ཞེས་པ་དེ་རྟག་པ་ལས་དོན་གཞན་སྟོན་པའི་དགག་ཚིག་ཡིན་པའི་ཕྱིར།དེར་ཐལ།དེ་དགག་སྒྲ་བདུན་གྱི་ནང་ནས་གཞན་པའི་དགག་སྒྲ་ཡིན་པའི་ཕྱིར།དེར་ཐལ།རང་འགྲེལ་ལས།སྡུག་བསྔལ་བ་དང་བདག་མེད་པ་དང་།མི་རྟག་པ་རྣམས་སོ་ཞེས་པའི་ཐད་ཀྱི་ཤཱཀྱ་བློའི་འགྲེལ་བ་ལས།མི་རྟག་པའི་སྒྲ་ནི་བློས་བཏགས་པ་རྣམ་པར་བརྗོད་པས་མི་རྟག་པ་བརྗོད་དོ། །ཞེས་གསུངས་པའི་ཕྱིར།ཆགས་མེད་དང་སྡང་མེད་གཏི་མུག་མེད་པ་གསུམ་པོ་དེ་གཉེན་པོའི་དགག་སྒྲ་ཅན་དང་དོན་གཞན་སྟོན་པའི་དགག་སྒྲ་ཅན་གྱི་གཞི་མཐུན་པ་དང་།མ་རིག་པ་དང་།མ་སྐྱེས་པ་དང་།མ་འགགས་པ་དང་།མ་བྱས་པ་རྣམས་དོན་གཞན་སྟོན་པའི་དགག་སྒྲ་ཅན་མ་ཡིན་པར་ཐལ།མི་རྟག་པ་དགག་པ་མ་ཡིན་པ་དེའི་ཕྱིར།འདོད་ན།རྟེན་འབྲེལ་མདོ་འགྲེལ་ལས།འདི་ཡང་དོན་བདུན་ལ་མཐོང་སྟེ།ཡོད་པ་འགོག་པ་ལ་ནི་འཛིན་པ་མ་ཡིན་པ་དང་།ཞེས་གསུངས་པའི་ཕྱིར།ཡང་དེ་ཉིད་ལས།ཡོད་པ་དང་ནི་འགོག་པ་དང་། །གཞན་པ་ཉིད་དང་འདྲ་བ་དང་། །སྨད་དང་ཉུང་དང་བྲལ་དོན་དང་། །གཉེན་པོ་དག་ལ་འདི་ཡོད་དོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ།དེའི་དངོས་བསྟན་གྱི་དགག་པ་བདུན་པོ་གང་རུང་ཡིན་ན་དགག་པ་ཡིན་པས་མ་ཁྱབ་པའི་ཕྱིར།དེར་ཐལ།མི་རྟག་པ་དགག་པ་མ་ཡིན་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་མི་དགོས་པར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བའི་སྒྲུབ་རྟགས་ཡང་དག་ཡོད་པའི་ཕྱིར།དེར་ཐལ།དེ་ལ་མ་ཡིན་དགག་བཟུང་བའི་རང་བཞིན་གྱི་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར།དེར་ཐལ།འཇིག་པའི་ངང་ཅན་དེ།གཟུགས་སོགས་ཕུང་པོ་ལྔ་རང་གྲུབ་པའི་སྐད་ཅིག་གཉིས་བར་མི་གནས་པར་སྒྲུབ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།ཛེ་ཏཱ་རིས།སྦྱོར་བ་ནི་འཇིག་པའི་ངང་ཅན་ཡིན་པ་དེ་ནི།རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པ་ཡིན་ཏེ།དཔེར་ན་གློག་ལ་སོགས་པ་ལྟ་བུའོ། །གཟུགས་ལ་སོགས་པའི་ཕུང་བོ་དེ་དག་ཀྱང་རང་གྲུབ་པའི་ཚེ་འཇིག་བའི་ངང་ཅན་ཡིན་ནོ།།ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་གསུངས་བའི་ཕྱིར།ཁྱབ་སྟེ།རང་བཞིན་གྱི་གཏན་ཚིགས་སོ། །ཞེས་པས་རང་བཞིན་གྱི་རྟགས་ཡང་དག་བསྟན།རང་དུས་སྐད་ཅིག་གཉིས་པར་མི་གནས་པ་དེ་མ་ཡིན་དགག་ཡིན་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བས་མ་ཁྱབ་པར་ཐལ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་པའི་སྒྲུབ་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བའི་རང་བཞིན་གྱི་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར།དེར་ཐལ།རང་གི་གཉེན་པོ་དང་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་པ་དེ།ཉེས་པའི་ཚོགས་རང་ཉིད་བཅོམ་བྱེད་གཉེན་པོ་དང་ཉེ་བ་ན་འཕེལ་བ་མེད་པར།འཇིག་པའི་ཆོས་ཅན་དུ་གྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།ཤཱཀྱ་བློའི་འགྲེལ་བ་ལས།སྦྱོར་བ་ཡང་གང་དང་གང་གྲུབ་པའི་ཚེ་འགྲིབ་པའི་ཆོས་ཅན་ཡིན་པ་དེ།ཉེས་པའི་ཚོགས་གང་དང་ཉེ་བ་ན།དེ་དག་ཤིན་ཏུ་འཕེལ་བ་མེད་པར་འཇིག་པའི་ཆོས་ཅན་ཡིན་ཏེ།དཔེར་ན།མེ་ནི་ཆུ་ལ་སོགས་པས་ཟིལ་གྱིས་མནོན་པས་འཕེལ་པ་མེད་པ་ལྟ་བུའོ། །ཉེས་པའི་ཚོགས་དང་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།རང་བཞིན་གྱི་གཏན་ཚིགས་སོ་ཞེས་པས་རང་བཞིན་གྱི་རྟགས་ཡང་དག་བསྟན་པའི་ཕྱིར་དང་།གང་དང་ཉེ་བ་ན་དེ་དག་ཤིན་ཏུ་འཕེལ་བ་མེད་པར་འཇིག་པའི་ཆོས་ཅན་ཡིན་ཏེ།ཞེས་པའི་ལུང་དོན་ཡོད་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་ན།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་སྒྲུབ་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར།དེར་ཐལ།རང་གི་བཟུང་བ་རིག་པ་ཡེ་ཤེས་ཀྱི་རྟོག་བ་དང་བྲལ་བ་དེ།མ་རིག་པ་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་སྒྲུབ་བར་བྱེད་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར།སློབ་དཔོན་ལྷ་དབང་བློའི་ལེའུ་གཉིས་པའི་འགྲེལ་བ་ལས།སྦྱོར་བ་ནི་གང་གི་བཟུང་བ་རྟོག་བ་དང་བྲལ་བ་ཡིན་པ་དེ་ནི་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་བ་ཡིན་ཏེ།དཔེར་ན་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་ལས།སྡུག་བསྔལ་བར་རྟོག་པ་དང་བྲལ་བ་ལྟ་བུའོ། །མ་རིག་པ་ཡང་རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་ནོ། །ཞེས་བྱ་བ་ནི།རང་བཞིན་གྱི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།རང་བཞིན་གྱི་གཏན་ཚིགས་སོ་ཞེས་པའི་ལུང་དོན་ཡོད་པའི་ཕྱིར་དང་།རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དགག་པ་བཅོ་ལྔའི་ནང་གི་དམན་པའི་དགག་པ་ཡིན་པའི་ཕྱིར།གཞན་ཡང་དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་ཁོ་ན་བཟུང་བས་ཁྱབ་པ་དེ།རང་འགྲེལ་ལས།དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ།གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་པའི་ལུང་དོན་དུ་བཤད་རིགས་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་རེ་རེའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་སོགས་ཡོད་པས་དེ་ལྟར་དུ་འཇོག་མི་རིགས་པའི་ཕྱིར།དེར་ཐལ།ཤཱཀྱ་བློའི་འགྲེལ་བ་རྨ་འགྱུར་ལས།གཏན་ཚིགས་གསུམ་པོ་དེ་ལས་རང་བཞིན་དང་འབྲས་བུའི་གཏན་ཚིགས་ནི་དངོས་པོ་སྒྲུབ་པ་སྟེ།དངོས་པོ་སྒྲུབ་པ་ནི་ཡོད་པ་སྒྲུབ་པ་ཡིན་ནོ། །གཉིས་ཁོ་ན་ཞེས་ངེས་པར་བཟུང་བར་བྱ་ཡི་དངོས་པོ་སྒྲུབ་པ་ཁོ་ན་ཞེས་བྱ་བ་ནི་མ་ཡིན་ཏེ།འདི་གཉིས་ཀྱིས་དགག་པ་ཡང་གྲུབ་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པས་ཁྱབ་བར་ཐལ།དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་མི་སྲིད་པའི་ཕྱིར།འདོད་ན།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་པའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པ་དེ།རང་འགྲེལ་ལས།གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་པའི་ལུང་དོན་དུ་འཆད་རིགས་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཤཱཀྱ་བློའི་འགྲེལ་བ་ལས།གཅིག་ནི་དགག་པའི་གཏན་ཚིགས་ཡིན་ཞེས་བྱ་བ་ནི།བཤད་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་དགག་པའི་གཏན་ཚིགས་ཁོ་ན་ཡིན་ནོ། །གཅིག་ཁོ་ན་ཞེས་བྱ་བར་ངེས་པར་བཟུང་བ་ནི་མ་ཡིན་ཏེ།སྔ་མ་གཉིས་ཀྱང་རྣམ་པར་བཅད་པར་རྟོགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པས་ཁྱབ་ཀྱང་།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པས་ཁྱབ་པ་མེད་པར་ཐལ།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གི་དོན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་དུ་ཡོད་ཀྱང་།སྒྲུབ་པ་གཙོ་བོར་སྒྲུབ་པའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཞེས་འཇོག་པའི་ཕྱིར།དེར་ཐལ།དེའི་རྒྱུ་མཚན་གྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བའི་སྒྲུབ་རྟགས་ཡང་དག་ཡོད་པའི་ཕྱིར།དེར་ཐལ།མ་ཡིན་དགག་དེ་སྒྲུབ་པ་གཙོ་ཆེ་བ་གང་ཞིག །དེའི་རྒྱུ་མཚན་གྱིས་དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བ་ཡོད་པའི་ཕྱིར།དང་པོ་གྲུབ་སྟེ།ཤེས་རབ་སྒྲོན་མེ་ལས།མ་ཡིན་དགག་ནི་དེར་སྒྲུབ་པར་མི་བྱ་སྟེ།དེ་ནི་དངོས་པོ་སྒྲུབ་པ་ཤེས་ཆེ་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གཉིས་པ་གྲུབ་སྟེ།ལེའུ་བཞི་པ་ལས།མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་པའི་ཚིག་ཟུར་གྱི་མ་ཡིན་པ་དང་གཞན་གྱི་དོན་ཡོད་པའི་ཕྱིར།གཞན་ཡང་།མེའི་རང་བཞིན་ལ་ཚ་བ་གསལ་བ་དམར་འབར་བ་སོགས་ཇི་སེྙད་ཅིག་ཡོད་པ་རྣམས་དུ་བའི་རྟགས་ཀྱིས་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པའི་གོ་བྱའི་ཆོས་ཡིན་པར་ཐལ།དུ་བ་དེ་མེའི་རང་བཞིན་དེ་དག་དང་འབྲེལ་སྟོབས་ཀྱིས་དེ་དག་གོ་བྱེད་ཀྱི་འབྲས་བུའི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལས།རྒྱུ་ལ་རང་བཞིན་ཇི་སེྙད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།ལུང་དེའི་དོན་ནི་མེའི་རང་བཞིན་ཇི་སེྙད་ཅིག་ཡོད་པའི་ནང་ནས་རང་བཞིན་དེ་ཡོད་ན་དུ་བ་འབྱུང་ལ་དེ་མེད་ན་དུ་བ་མི་འབྱུང་བའི་རྒྱུའི་རང་འཞིན་དེ་དུ་བའི་རྟགས་ཀྱིས་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པའི་གོ་བྱའི་ཆོས་སུ་འཇོག་ལ།དེ་ལས་གཞན་པ་རྣམས་མི་འཇོག་ཅེས་བསྟན་པ་ཡིན་པའི་ཕྱིར།རྩ་བར་འདོད་ན།གཞི་དེར་དུ་བ་ཡོད་ན་གཞི་དེར་མེའི་རང་བཞིན་གསལ་བ་དང་དམར་འབར་བ་དང་ཚ་བ་རྣམས་ཡོད་པས་ཁྱབ་པར་ཐལ།མེའི་རང་བཞིན་དེ་དག་དུ་བའི་རྟགས་ཀྱིས་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པའི་གོ་བྱའི་ཆོས་ཡིན་པའི་ཕྱིར།འདོད་ན།གཙུབས་ཤིང་གཙུབས་པ་ལས་དུ་བ་བྱུང་ལ།མེ་དམར་འབར་བ་མ་བྱུང་གོང་གི་དུ་བ་དང་ལྡན་བའི་གཞིར་ཆོས་ཅན།མེའི་རང་བཞིན་གསལ་བ་དང་།དམར་འབར་བ་དང་ཚ་བ་གསུམ་ཡོད་པར་ཐལ།དུ་བ་ཡོདཔའི་ཕྱིར།འཁོར་གསུམ།འདོད་མི་ནུས་ཏེ།གཞི་དེར་མེ་གསལ་བ་དང་།མེ་དམར་འབར་བ་མེད་ཀྱང་།ཚ་བ་ཡོད་པས།མེ་མེད་པའི་སྐྱོན་མེད་ཅེས་སློབ་དཔོན་གྱིས་ལན་བཏབ་པ་ཡིན་པའི་ཕྱིར།རྣམ་ངེས་རྩ་བའི་རང་འགྲེལ་ལས།དུ་བ་མེ་ལས་མི་འཁྲུལ་བ་ཡིན་ན།གཙུབས་ཤིང་ལས་དུ་བ་བྱུང་བ་ཅི་ཡིན་ཞེ་ན།བུད་ཤིང་གི་འགྱུར་བའི་ཁྱད་པར་དང་ཚ་བ་ཉིད་མེ་ཡིན་པས་སྐྱོན་མེད་དོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།བུད་ཤིང་གི་འགྱུར་བའི་ཁྱད་པར་དང་ཞེས་པས།བུད་ཤིང་ཅུང་ཟད་བསྲེག་པའི་མེའི་བྱེད་ལས་བསྟན།ཚ་བ་ཞེས་པས་མེ་རང་གི་ངོ་བོ་འབྲས་བུ་དུ་བ་གསུམ་ཚང་བས་མེ་མེད་པའི་སྐྱོན་མེད་ཅེས་པ་ལུང་དེའི་དོན་ཡིན་པའི་ཕྱིར།དེ་ལ་ཁོ་ན་རེ།མེའི་རང་བཞིན་ཚ་བ་གསལ་བ་དམར་འབར་བ་གསུམ་པོ་དེ་དུ་བའི་རྟགས་ཀྱིས་རྗེས་སུ་དཔག་བྱའི་རྒྱུ་ཡིན་པར་ཐལ།མེ་དེ་དུ་བའི་རྟགས་ཀྱིས་རྗེས་སུ་དཔག་བྱའི་རྒྱུ་གང་ཞིག །གསུམ་པོ་དེ་མེའི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ།འདོད་མི་ནུས་ཏེ།དེ་གསུམ་མེད་པར་དུ་བ་འབྱུང་བ་ཡོད་པའི་ཕྱིར།ཁྱབ་སྟེ།དུ་བའི་རྟགས་ཀྱིས་རྗེས་སུ་དཔག་བྱའི་རྒྱུ་ཡིན་ན།དུ་བ་རང་ཉིད་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་དུ་བའི་རྒྱུ་ཡིན་དགོས་པའི་ཕྱིར།དེར་ཐལ།རང་འགྲེལ་ལས།མ་ཡིན་ཏེ།དེ་དག་མེད་པར་ཡང་དེ་བྱུང་བ་ཡོད་པས།རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས་ཡིན་ཏེ།ཞེས་གསུངས་པའི་ཕྱིར།ཡང་ཁོ་ན་རེ།སྐྱ་རྫས་ཆོས་ཅན།དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་བུའི་རྟགས་ཡང་དག་ཡིན་པར་ཐལ།མེ་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་དུ་བའི་ཚོགས་པ་ན་ཡོད་པའི་མེའི་འབྲས་བུ་ཡིན་པའི་ཕྱིར།དེར་ཐལ།དུ་བ་དེ་དེ་ཡིན་པ་གང་ཞིག །སྐྱ་རྫས་དེ་དུ་བའི་ཆོས་ཡིན་པའི་ཕྱིར་ན་མ་ཁྱབ།དང་པོ་སླ།གཉིས་པ་མ་གྲུབ་ན།སྐྱ་རྫས་ཆོས་ཅན།དུ་བའི་ཆོས་སམ་ཁྱད་ཆོས་ཡིན་པར་ཐལ།དུ་བ་སྐྱ་རྫས་སུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར།འདོད་ན།སྐྱ་རྫས་ཆོས་ཅན།མེ་མེད་པར་ཁྱོད་མི་འབྱུང་བར་ཐལ།མེ་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་སྐྱ་རྫས་ཡིན་པའི་ཕྱིར།འདོད་ན།མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན།སྐྱ་རྫས་མེད་པར་ཐལ།མེ་མེད་པའི་ཕྱིར།འདོད་མི་ནུས་ཏེ།མེ་མེད་མཚན་མོའི་རྒྱ་མཚོར་རླངས་པ་ཡོད་པའི་ཕྱིར།རྟགས་དེ་རྣམས་གྲུབ་སྟེ།ཤཱཀྱ་བློའི་འགྲེལ་བ་ལས།རྒྱུའི་ཆོས་རྣམས་གོ་བར་བྱ་བ་དང་།འབྲས་བུའི་ཆོས་རྣམས་གོ་བར་བྱ་བ་མིན་ཏེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས།རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །ཅེས་བྱ་བ་ལ་སོགས་པ་ཞེས་པའི་བར་གསུངས་པའི་ཕྱིར།དེ་ལ་ཁོ་ན་རེ།དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་།སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་གཉིས་མེད་པར་ཐལ།རྣམ་བཤད་ལས།གང་རྟགས་སུ་སོང་བ་དེ་ཁྱོད་ཀྱིས་མ་བཀོད་ཁྱོད་ཀྱིས་བཀོད་པ་དེ་རྟགས་སུ་མ་སོང་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེ་ནི་བོད་སྔ་མ་ཁ་ཅིག་གིས་མེ་ཡོད་པ་དང་དུ་བ་ཡོད་པ་དེ་དེ་སྒྲུབ་ཀྱི་བཀོད་ཚོད་ཀྱི་ཆོས་དང་རྟགས་ཡིན་ཅིང་།དེ་སྒྲུབ་ཀྱི་ཆོས་དང་རྟགས་མ་ཡིན་པར་མེ་དང་དུ་བ་གཉིས་པོ་དེ་སྒྲུབ་ཀྱི་བཀོད་ཚོད་དང་རྟགས་མ་ཡིན་ཀྱང་དེ་སྒྲུབ་ཀྱི་ཆོས་དང་རྟགས་ཡིན་ཟེར་བ་འགོག་པའི་ཆེད་དུ་གསུངས་པ་ཡིན་པའི་ཕྱིར།འདོད་ན།དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་གྲང་རེག་གིས་དབེན་པའི་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ།བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་།སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་གཉིས་མེད་པར་ཐལ།དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་དེ་གཉིས་མེད་པའི་ཕྱིར།འདོད་ན།དུ་ལྡན་གྱི་ལ་ལ་གྲང་རེག་གིས་དབེན་པའི་མེ་ཡོད་པ་ཙམ་ལ་ཤེས་འདོད་ཞུགས་པའི་རྒོལ་བའི་ངོ་བོར་བཀོད་པའི་དུ་ལྡན་གྱི་ལ་ལ་ཆོསཅན།གྲང་རེག་གིས་དབེན་པའི་མེ་ཡོད་དེ།དུ་བ་ཡོད་པའི་ཕྱིར་ཞེས་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་ལ་སོང་ཚོད་དང་བཀོད་ཚོད་གཉིས་དང་།སྦྱོར་བ་དེ་དུ་ལྡན་གྱི་ལ་ལ་གྲང་རེག་གིས་དབེན་པ་ཙམ་ལ་དཔག་འདོད་ཞུགས་པའི་རྒོལ་བའི་ངོ་བོར་བཀོད་པའི་བསྒྲུབ་བྱའི་ཆོས་ལ་སོང་བཀོད་གཉིས་མེད་པར་ཐལ།དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་གཉིས་མེད་པའི་ཕྱིར།འདོད་ན།དེ་མི་འཐད་པརཐལ།སྦྱོར་སྐོར་དེའི་བསྒྲུབ་བྱའི་ཆོས་ལ་དུ་ལྡན་གྱི་ལ་ལ་གྲང་རེག་གིས་སྟོང་ཚུལ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་རྒོལ་བའི་ངོ་བོར་བཀོད་པའི་བསྒྲུབ་བྱའི་ཆོས་ལ་སོང་བཀོད་གཉིས་ཡོད་པ་གང་ཞིག།དུ་ལྡན་གྱི་ལ་ལ་གྲང་རེག་གིས་སྟོང་པའི་མེ་ལ་ཤེས་འདོད་ཞུགས་པའི་རྒོལ་བའི་ངོ་བོར་དེ་གཉིས་ཡོད་པའི་ཕྱིར།དང་པོ་དེར་ཐལ།མེ་གྲང་རེག་གིས་སྟོང་པ་དེ་དེ་འདྲ་བའི་རྒོལ་བའི་ངོ་བོར་སོང་ཚོད་ཀྱི་ཆོས་དང་།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཙོ་བོ་ཡིན་པས་དེ་སྒྲུབ་ཀྱི་དགག་རྟགས་སུ་བཞག་པ་ཡིན་པའི་ཕྱིར།དེར་ཐལ།དེ་ལྟར་ཡིན་པར་རྗེ་ཡབ་སྲས་ཀྱིས་བཞེད་པའི་ཕྱིར།དེར་ཐལ།རིགས་ཐིག་དར་ཊཱིཀ་ལས།འདོད་ན།འབྲས་རྟགས་ཡང་དག་མ་ཡིན་པར་འགྱུར་རོ་ཞེ་ན།གྲང་རེག་གིས་སྟོང་ཚུལ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་ཕྱི་རྒོལ་དང་།རྒོལ་བའི་བསམ་པ་ལ་ལྟོས་ནས་མེ་ཡོད་པ་བཀོད་ཚུལ་ཙམ་ཡིན་གྱི།དེའི་ཚེ་དགག་པ་གཙོ་ཆེ་བས་དགག་རྟགས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར།ཁོ་ན་རེ།དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་གྲང་རེག་གིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་གིས་མེ་ཡོད་པར་མ་རྟོགས་པར་ཐལ།དུ་བ་དེ་དུ་ལྡན་གྱི་ལ་ལ་གྲང་རེག་གིས་སྟོང་ཚུལ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་རྒོལ་བའི་ངོ་བོར་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ།རིགས་ཐིག་དར་ཊཱིཀ་ལས།མེ་མི་རྟོགས་པར་འགྱུར་རོ་ཞེ་ན་མ་ཁྱབ་ལ་ཞེས་སོགས་གསུངས་པའི་ཕྱིར།རྩ་རྟགས་གཉིས་པ་གྲུབ་སྟེ།དུ་ལྡན་གྱི་ལ་ལ་གྲང་རེག་གིས་སྟོང་པའི་མེ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་ཕྱི་རྒོལ་གྱིས་དུ་ལྡན་ཀྱི་ལའི་མེ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་ཚེ།མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཙོ་བོ་དང་སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་ཡིན་པ་དང་།ཞར་ལ་དགག་པ་སྒྲུབ་པས་དུ་བ་དེ་དུ་ལྡན་གྱི་ལ་ལ་གྲང་རེག་གིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།རྗོད་བྱེད་ཀྱི་སྒྲ་རྣམས་སྨྲ་བ་བོའི་བརྗོད་འདོད་ཀྱི་རྗེས་སུ་ཞུགས་པའི་དོན་སྟོན་པ་ཡིན་པ་དང་།དེར་ཐལ།རྣམ་འགྲེལ་གྱི་ལེའུ་བཞི་བ་ལས།སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར།།ཞེས་དང་།མ་བརྗོད་ན་ཡང་འདོད་པས་ཁྱབ། །ཅེས་གསུངས་པའི་ཕྱིར།ཇི་སྐད་དུ།རིགས་ཐིག་དར་ཊཱིཀ་ལས།མེ་ལ་གཙོ་བོར་ཤེས་འདོད་ཞུགས་པ་ཡིན་ན།དེའི་སྟོང་པ་བཀོད་ཚུལ་ཙམ་ཡིན་གྱི་དགག་རྟགས་སུ་འགྱུར་བའི་སྐྱོན་མེད་དེ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།བཀོད་ཚུལ་ཞེས་པའི་དོན་གྲུབ་པའི་ཕྱིར།འདིས་ནི་སོང་བཀོད་གཉིས་མེད་ཟེར་བ་ཁེགས་སོ། །ཁོ་ན་རེ།དུ་བ་དེ་དུ་ལྡན་གྱི་ལའི་གྲང་རེག་གིས་སྟོང་པའི་མེ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་རྒོལ་པའི་ངོ་བོར་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་མ་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་དུ་ཡོད་ཀྱང་།དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་དེ་དགག་པའི་རྣམ་པ་ཅན་ཀྱི་རྟོག་པ་ཡིན་པའི་ཕྱིར་ན་མ་ཁྱབ།དེར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་དུ་ཡོད་ཀྱང་།དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་དེ་དགག་པའི་རྣམ་པ་ཅན་ཀྱི་རྟོག་པ་ཡིན་པ་ཙམ་གྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་མི་དགོས།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་བའི་དགག་པའི་རྣམ་པ་ཅན་གྱི་རྗེས་དཔག་ལ་དགག་རྟོག་ཡིན་མི་དགོས་པའི་ཕྱིར།དེར་ཐལ།རིགས་ཐིག་དར་ཊཱིཀ་ལས།ཞེས་གསུངས་པ་ལྟར་ན་སྒྲུབ་རྟགས་གཉིས་ཀྱིས་ཀྱང་དགག་པ་སྒྲུབ་ཀྱང་།དེ་ལ་བརྟེན་པའི་རྗེས་དཔག་གི་ཡུལ་ལ་དགག་པའི་རྣམ་པ་ཞུགས་པས་དགག་རྟགས་དང་དགག་རྟོག་ཅེས་མི་བྱ་སྟེ།དངོས་ཡུལ་ལ་དགོངས་པའི་ཕྱིར།ཞེས་གསུངས་པའི་ཕྱིར།དེས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པས་ཁྱབ་པ་དང་།དགག་པའི་རྣམ་པ་ཅན་གྱི་རྟོག་པ་ཡིན་ན་དགག་རྟོག་ཡིན་པས་ཁྱབ་པ་བསལ་བ་ཡིན་ཏེ།དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཏུ་འགྱུར་བ་ལ་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བ་ཙམ་གྱིས་མི་ཆོག་པར་བསྒྲུབ་བྱའི་ཆོས་ལ་དགག་པ་གཙོ་བོར་བསྒྲུབ་པ་གཅིག་དགོས་པ་དང་།དགག་རྟོག་ཡིན་ན་རང་ཡུལ་ལ་དགག་པའི་རྣམ་པ་ཤར་བ་ཙམ་གྱིས་མི་ཆོག་པར་རང་གི་དགག་བྱ་དངོས་སུ་བཀག་པ་གཙོ་བོར་འཇལ་བའི་རྟོག་པ་གཅིག་དགོས་ཞེས་བསྟན་པ་ཡིན་པའི་ཕྱིར།ཡང་ཁ་ཅིག །རེ་འགའ་བ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་སྔོན་དུ་སོང་བར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཟེར་ན།རེ་འགའ་བ་ཆོས་ཅན།ཁྱོད་ཡིན་ན་རང་རྒྱུ་སྔོན་སོང་ཡིན་དགོས་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཁྱོད་ཡིན་ན་མི་རྟག་པ་ཡིན་དགོས་པར་ཐལ།ཁྱོད་ཡིན་ན་རང་རྒྱུ་སྔོན་སོང་ཡིན་དགོས་པའི་ཕྱིར།འདོད་ན།བུམ་པའི་ལྡོག་པ་ཆོས་ཅན།དེར་ཐལ།དེ་རེ་འགའ་བའི་ཡོད་པ་ཡིན་པའི་ཕྱིར།དེར་ཐལ།རེ་འགའ་བའི་རྟག་པ་ཡིན་པའི་ཕྱིར།མ་གྲུབ་ན།བུམ་པ་ཆོས་ཅན།ཁྱོད་ཀྱི་ལྡོག་པ་རེ་འགའ་བའི་རྟག་པ་ཡིན་པར་ཐལ།ཁྱོད་རེ་འགའ་བའི་དངོས་པོ་ཡིན་པའི་ཕྱིར།ཁོ་ན་རེ།རེ་འགའ་བའི་རྟག་པ་མེད་པར་ཐལ།རེ་འགའ་བ་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར།དེར་ཐལ།རེ་འགའ་བ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་སྔོན་སོང་དུ་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།རྩ་བར།རེ་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་དེ་རྒྱུ་བཅས་ཉིད་གྲུབ། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།ལུང་དེའི་དོན་ནི་རེ་འགའ་བའི་དངོས་པོ་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར།

རང་གི་ལུགས་ལ།འབྲས་བུའི་ཚུལ་གསུམ་ཡིན་པ།འབྲས་རྟགས་ཡང་དག་གི་མཚན་ཉིད།དེ་དང་དངོས་པོ་དོན་གཅིག །དེ་སྒྲུབ་ཀྱི་འབྲས་བུའི་ཚུལ་གསུམ་ཡིན་པ།དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད།གོ་བའི་དབང་དུ་བྱས་ན།ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཙོ་བོར་བཟུང་བྱ་ཡང་ཡིན།ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ།དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད།དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པས་ཁྱབ།འབྲས་རྟགས་ཡང་དག་དེ་ལ་དབྱེ་ན།ཕྱི་རྒོལ་གྱི་བསམ་པ་དང་།སྔ་རྒོལ་གྱི་བཀོད་ཚུལ་གྱི་སྒོ་ནས་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་སོགས་ལྔ་ཡོད་ཅིང་།རྒྱས་པར་ཕྱེ་ན་ཆེས་གྲངས་མང་བ་ཡོད་དེ།དུ་བ་དེ་དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་།རེ་འགའ་བའི་དངོས་པོ་དེ་ཉེར་ལེན་གྱི་ཕུང་བོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་།ཟག་བཅས་ཀྱི་ཤེས་བ་དེ་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་།རང་གི་དམིགས་རྐྱེན་མེད་པར་མི་སྐྱེ་པའི་དངོས་པོ་དེ།སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའིརྒྱུ་ཡོད་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་།བུ་རོ་ད་ལྟ་བ་དེ།ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔམས་བུར་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་བར་སྒྲུབ་པར་བྱེད་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན།

རྟགས་ཆོས་དོན་གསུམ་ངོས་བཟུང་བ་ལ།དུ་ལྡན་གྱི་ལ་དེ་དུ་ལྡན་གྱི་ལ་ལ་མི་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་དང་།དུ་བ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་དང་།དེ་སྒྲུབ་ཀྱི་བཀོད་ཚོད་ཀྱི་རྟགས་དང་།སོང་ཚོད་ཀྱི་རྟགས་གསུམ་ག་དང་།དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན།དུ་བ་ཡོད་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་དང་བཀོད་ཚོད་ཀྱི་རྟགས་གཉིས་ཀ་ཡིན་ཀྱང་།དེ་སྒྲུབ་ཀྱི་སོང་ཚོད་ཀྱི་རྟགས་དང་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཀ་མ་ཡིན།མེ་དེ་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཙོ་བོ་དང་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་སོང་ཚོད་ཀྱི་དེ་གསུམ་ག་དང་།དེ་སྒྲུབ་ཀྱིབསྒྲུབ་བྱའི་ཆོས་ཡིན།མེ་ཡོད་པ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཕལ་བ་དང་དེ་སྒྲུབ་ཀྱི་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་།དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གསུམ་ག་ཡིན་ཀྱང་།དེ་སྒྲུབ་ཀྱི་སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན།མེ་ཚད་མས་དམིགས་པ་དེ་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་ཏེ།དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།

གཉིས་པ།རང་བཞིན་གྱི་རྟགས་ཡང་དག་དེ་ནི་འཆད་པར་བྱེད་པ་ལ།རང་བཞིན་ཡོད་ཙམ་དང་།།འབྲེལ་བ་ཅན་གྱི་ངོ་བོ་ཡང་། །ཞེས་པའི་གཞུང་འདི་བྱུང་།འདིའི་སྐབས་སུ་དགག་བཞག་སྤོངས་གསུམ་ལས།དང་པོ་ལ།ཁ་ཅིག །དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་ན།དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་ཟེར་ན།མེ་ཚད་མས་མི་དམིགས་པ་ཆོས་ཅན།མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་པའི་ཕྱིར།དང་པོ་མ་གྲུབ་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་རང་བཞིན་མི་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར།མ་གྲུབ་ན།མེ་ཚད་མས་མི་དམིགས་པ་ཆོས་ཅན།མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་རང་བཞིན་མི་དམིགས་པའི་རྟགས་ཡང་དག་ཏུ་གྱུར་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།རྩ་རྟགས་གཉིས་པ་མ་གྲུབ་ན།མེ་ཚད་མས་མི་དམིགས་པ་ཆོས་ཅན།མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་པར་ཐལ།མེ་མེད་པ་དང་རང་བཞིན་གཅིག་ཡིན་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།དེར་ཐལ།ཁྱོད་མེ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར།མ་གྲུབ་ན།མེ་ཆོས་ཅན།ཁྱོད་ཚད་མས་མི་དམིགས་པ་ཁྱོད་མེད་བའི་མཚན་ཉིད་ཡིན་པར་ཐལ།ཁྱོད་མེད་པ་ཡོད་པའི་ཕྱིར།རྩ་བར་འདོད་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་གཉིས་པོ་གང་རུང་ཡིན་ན།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་དགོས་པའི་ཕྱིར།དེར་ཐལ།རང་འགྲེལ་ལས།དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར།འདོད་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་མ་ཡིན་པར་ཐལ།དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན།མེད་དགག་ཡིན་དགོས་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་དགོས་པ་མི་འཐད་དེ།དེ་སྒྲུབ་ཀྱི་འབྲས་རང་མི་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་ཡིན་ན།དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གཅིག་བུ་ལ་བཀོད་ཚུལ་གྱི་སྒོ་ནས།དེ་སྒྲུབ་ཀྱི་དེ་གསུམ་ཙམ་དུ་ཕྱེ་པའི་ཕྱིར།དེར་ཐལ།དབུ་མ་སྣང་བ་ལས།རང་བཞིན་གྱི་གཏན་ཚིགས་ཁོ་ན་འབྲས་བུའི་གཏན་ཚིགས་ལ་སོགས་པར་སྦྱོར་བ་བཀོད་པའི་བྱེ་བྲག་གིས་མང་བོར་སྤྲོས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེ་སྒྲུབ་ཀྱི་འབྲས་རང་མི་དམིགས་པའི་རྟགས་ཡང་དག་གསུམ་པོ་དེ།དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་ནམ་འབྲེལ་བ་ཡིན་པ་ལ་ལྟོས་དགོས་པ་ཡིན་གྱི་རང་བཞིན་གཅིག་གམ་ཐ་དད་ཀྱི་སྒོ་ནས་ཕྱེ་བ་དེ་ལུང་དེའི་དོན་ཡིན་པའི་ཕྱིར།རིགས་གཏེར་གྱི་རྗེས་འབྲང་ཁ་ཅིག་དང་།སྔ་མ་ཁ་ཅིག་ན་རེ།ཡོད་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པར་དག་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ།རྩ་བར།འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེའི་སྐབས་ཀྱི་ཡོད་པའི་སྐད་དོད་ལ་བྷ་བ་ཞེས་པ་ཡོད་པ།དངོས་པོ།རྫས་སོགས་དོན་བཅུ་ལ་འཇུག་ཀྱང་།སྐབས་འདིར་ཡོད་པ་ལ་བསྒྱུར་བ་འགྱུར་སྐྱོན་ཡིན་པས།འདིར་དངོས་པོ་ལ་བསྒྱུར་དགོས་པའི་ཕྱིར།གལ་ཏེ་ཡོད་པ་ལ་བསྒྱུར་ན།དགག་བྱ་བཅད་པ་ལ་ལྟོས་མི་དགོས་པའི་ཡོད་པ་ལ་བསྒྱུར་དགོས་ལ།དེ་ཡིན་ན་མི་རྟག་པ་ཡིན་དགོས་པའི་ཕྱིར།དེ་ལས་གཞན་དུ་ན།ཡོད་པ་དེ་མི་རྟག་པ་དང་འབྲེལ་བ་ཆོས་ཅན།མི་རྟག་པ་ཡིན་པར་ཐལ།ཡོད་པ་ཡིན་པའི་ཕྱིར།ཁྱབ་པ་ཁས།མ་གྲུབ་ན།ཡོད་པ་ཆོས་ཅན།སྒྲ་མི་རྟག་པ་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར།ཁྱབ་སྟེ།ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་ན།དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་དགོས་པའི་ཕྱིར།དེར་ཐལ།རང་འགྲེལ་ལས།འབྲེལ་བ་མེད་པར་རྗེས་སུ་འགྲོ་བར་ངེས་པ་དང་།ལྡོག་པ་དག་ངེས་པ་མེད་དོ་ཞེས་དང་།རྣམ་ངེས་རང་འགྲེལ་ལས།རང་བཞིན་གྱི་རྟགས་ཡང་དག་གཞན་དག་གི་བདག་ཉིད་ཇི་ལྟ་བུའི་ཚད་མ་དག་གིས་རང་བཞིན་དེ་ཙམ་དང་འབྲེལ་བ་ཁོ་ན་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་དག་གོ།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།རང་བཞིན་དེ་ཙམ་དང་འབྲེལ་བ་ཁོ་ན་ཞེས་གསུངས་པའི་ལུང་དོན་ཡོད་པའི་ཕྱིར།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་འཇལ་བའི་ཚུལ་ཇི་ལྟ་བུ་ཞེ་ན།དེ་ལ་རྐང་མིག་དང་།གཞོན་ནུ་མ་ལེན་སོགས་གཞན་སྡེ་སྔ་ཕྱི་མཐའ་དག་དང་།ཕྱོགས་གླང་མ་བྱུང་གོང་གི་ཉན་ཐོས་སྡེ་བ་མང་བོ་ཞིག་དང་བྱུང་ཕྱིན་ཆད་ཀྱི་རང་སྡེ་སློབ་དཔོན་དབང་ཕྱུག་སྡེ་སོགས་ན་རེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་ཅེས་ཟེར།དེ་འགོག་པ་ལ་ཆོས་ཀྱི་གྲགས་པས།འཁྲུལ་བ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པ་མཛད་པ་ཡིན། །ཞེས་པའི་གཞུང་འདི་བྱུང་།འདིའི་སྐབས་སུ་སློབ་དཔོན་གྱི་འདོད་པ་བཀོད་ཚུལ་ལ།སྔ་མ་དེ་རྣམས་ན་རེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་ཐལ།དེ་ཆོད་པ་དང་མ་ཆོད་པ་གང་རུང་གང་ཞིག །ཆོད་པ་མ་ཡིན་པའི་ཕྱིར།དང་པོ་སླ།གཉིས་པ་མ་གྲུབ་ན།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ངེས་པའི་ཚད་མ་དེས།བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ངེས་པར་ཐལ།དེ་འདྲའི་ཚད་མ་དེས།བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་གང་ཞིག །སྒྲ་དེ་བྱས་པའི་གསལ་བའི་དབྱེ་བ་ཡིན་པའི་ཕྱིར་ན་མ་ཁྱབ།དེར་ཐལ།དེ་འདྲའི་ཚད་མ་དེས།རྗེས་འགྲོའི་ཚུལ་གྱིས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ལ་ཁྱད་གཞིར་བཟུང་བའི་ཚུལ་གྱིས་དེ་ལ་སྒྲོ་འདོགས་མ་ཆོད་པའི་ཕྱིར།རྩ་བར་འདོད་ན།བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་བྱས་པ་དེ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འཇུག་པར་མ་ངེས་པར་ཐལ།དེའི་རྒྱུད་ཀྱི་བྱས་ན་མི་རྟག་པའི་ཁྱབ་བ་འཇལ་བའི་ཚད་མ་དེས།བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་འགའ་ཞིག་ལ་འཇུག་པར་རྟོག་པའི་སྒྲོ་འདོགས་མ་ཆོད་པ་གང་ཞིག །དེ་ལས་གཞན་དེ་འདྲའི་སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མ་མེད་པའི་ཕྱིར།དང་པོ་དངོས།གཉིས་པ་དེར་ཐལ།དེ་འདྲའི་སྒྲོ་འདོགས་གཅོད་པ་ལ་ཚད་མ་གཞན་བརྒྱུད་དགོས་ན་ཚད་མ་ཐུག་མེད་དུ་འགྱུར་བ་ཡིན་པའི་ཕྱིར།གོང་དུ་འདོད་ན།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན།ཁྱོད་ཀྱིས་བྱས་པ་དེ།དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འཇུག་པར་ངེས་པར་ཐལ།ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར།ཁྱབ་སྟེ།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་ན།བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་།སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀ་ཚད་མས་ངེས་པས་ཁྱབ་པའི་ཕྱིར།དེར་ཐལ།སྤྱི་དོན་རིགས་རྒྱན་ལས།བྱས་པ་རྟག་སྟོང་དུ་ཚད་མས་ངེས་པའི་ཚད་མས་བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་འཇུག་པར་རྟོག་པའི་སྒྲོ་འདོགས་གཅོད་ལ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པའི་ཁྱབ་པ་ངེས་མི་དགོས་སོ། །ཞེས་གསུངས་པའི་ཕྱིར།ཁ་ཅིག །བྱས་རྟགས་ཀྱིས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་པར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་བྱས་བའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པའི་ཕྱིར་ན་མ་ཁྱབ།འདོད་མི་ནུས་ཏེ།དེ་འདྲའི་རྗེས་དཔག་གིས་གཅོད་རྒྱུའི་སྒྲོ་འདོགས་ཡོད་པའི་ཕྱིར།དེར་ཐལ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པའི་ཕྱིར།དེར་ཐལ།རྩ་ཤེའི་ཊཱིཀ་ཆེན་ལས།བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་ཚད་མ་དེ་དུས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མི་ཆོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མ་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ།དེ་འདྲའི་ཚད་མས་སྒྲ་ལ་རྟག་པའོ་སྙམ་དུ་ཕྱོགས་གཅིག་པའི་སྒྲོ་འདོགས་གཅོད་པའི་ཕྱིར་ན་མ་ཁྱབ།བྱས་པ་ལ་ཁོ་ན་རེ།ཁྱབ་སྟེ།རྣམ་བཤད་ཐར་ལམ་གསལ་བྱེད་ལས།ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་པས།ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེ་ལ་ཁ་ཅིག །ཐར་ལམ་གསལ་བྱེད་ཀྱི་ལུགས་ལ་དེ་ལྟར་ཡིན་ལ།རྣམ་བཤད་སྙིང་པོ་རྒྱན་ལས་མ་ཡིན་ཞེས་ཟེར།ཁ་ཅིག །དེ་ལས་བཟློག་ཏེ་སྨྲས་པ་དེ་གཉིས་མི་འཐད་དེ།ཐར་ལམ་གསལ་བྱེད་དང་།རྣམ་བཤད་སྙིང་པོ་རྒྱན་གཉིས་ཀའི་ལུགས་ལ།དེ་འདྲའི་རྗེས་ཁྱབ་འཇལ་བའི་ཚད་མས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་མཚུངས་པའི་ཕྱིར།དེར་ཐལ།ཐར་ལམ་གསལ་བྱེད་ཀྱི་ལུགས་ལ་དེ་ལྟར་ཡིན་པ་གང་ཞིག །སྙིང་པོ་རྒྱན་གྱི་ལུགས་ལ་ཡང་དེ་ལྟར་ཡིན་པའི་ཕྱིར།དང་པོ་དེར་ཐལ།ཚད་མ་སྔ་མས་སྒྲོ་འདོགས་བཅད་པའི་དོན་ལ་བསྣན་ནས།བྱས་རྟགས་ཀྱིས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲོ་འདོགས་ཆོད་པ་ཡོད་པའི་ཕྱིར།དེར་ཐལ།ཐར་ལམ་གསལ་བྱེད་ལས།ཚད་མ་སྔ་མས་སྒྲོ་འདོགས་བཅད་པའི་དོན་ལ་བསྣན་ནས་སྒྲོ་འདོགས་བཅད་པས།ཞེས་གསུངས་པའི་ཕྱིར།གཉིས་པ་གྲུབ་སྟེ།བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་ཚད་མ་དེས།བྱས་ན་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་ཆོད་ཅིང་།སྒྲ་བྱས་ན།སྒྲ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་མ་ཆོད་པའི་ཕྱིར།དེར་ཐལ།སྙིང་པོ་རྒྱན་ལས།བྱས་ན།མི་རྟག་པས་ཁྱབ་བ་འཇལ་བའི་ཚད་མས།སྒྲ་བྱས་ན་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་དགོས་པས།དེ་ལྟར་ན།རྟགས་དེ་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གསར་དུ་མི་གཅོད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།བྱས་རྟགས་ལ་བརྟེན་པའི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་གཅོད་རྒྱུའི་སྒྲོ་འདོགས་ཡོད་པར་ཐལ།དེ་སྒྲུབ་ཀྱི་རྗེས་ཁྱབ་འཇལ་བའི་ཚད་མ་དེས།སྒྲོ་འདོགས་དེ་མ་ཐག་བཅད་པ་གང་ཞིག །དེ་འདྲའི་ཚད་མའི་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་ཡོད་པ་མཁས་པ་དག་གིས་བཞེད་པའི་ཕྱིར།དང་པོ་གྲུབ་སྟེ།དེ་འདྲའི་ཚད་མས་རིགས་པའི་སྟོབས་ཤུགས་ཀྱིས།སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་བཅད་ཅིང་རང་དུས་སུ་དངོས་ཤུགས་གང་རུང་དུ་སྒྲོ་འདོགས་མ་བཅད་པ་དེ།དཔལ་ལྡན་ཆོས་གྲགས་དང་།རྗེ་བདག་ཉིད་ཆེན་པོ་དང་།དབུ་ཚད་ཀྱི་མཁས་པ་རྣམས་ཀྱིས་བཞེད་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལེའུ་བཞི་བ་ལས།སྒྲ་ནི་བྱས་ཡིན་དེ་འདྲ་ཀུན། །མི་རྟག་བྱས་ནི་བརྗོད་པས་ཀྱང་། །དོན་གྱིས་དེ་ནི་འཇིག་བློར་འགྱུར། །ཞེས་པས་དོན་གྱིས་ཏེ།རིགས་པའི་སྟོབས་ཤུགས་ཀྱིས་སྒྲོ་འདོགས་དེ་བཅད་པར་བསྟན་པ་ཡིན་གྱི།དངོས་ཤུགས་གང་རུང་དུ་བསྟན་པ་མ་ཡིན་པའི་ཕྱིར།དེའི་དོན་རྗེ་བླ་མས་འཆད་པ་ལ་ཇི་སྐད་དུ།རྩ་ཤེའི་ཊཱིཀ་ཆེན་ལས།ཞེས་དོན་གྱིས་ཏེ།ཤུགས་ཀྱིས་ཞེས་བཤད་ཀྱང་།ཤུགས་རྟོགས་མ་ཡིན་པ་དང་འདྲའོ། །ཞེས་པ་དང་།ཤན་ཏི་པའི་ནང་གི་ཁྱབ་པ་ལས།ཚུལ་གསུམ་རྟོགས་པའི་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བ་རྟོགས་ཏེ།དེ་སྐྱེད་པའི་ནུས་པ་ཉིད་ལ་ཤུགས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར།རྩ་རྟགས་གཉིས་པ་གྲུབ་སྟེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་འཇལ་བའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་ཡོད་པའི་ཕྱིར།དེར་ཐལ།དེས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་ལ་མཐའ་གཅིག་ཏུ་རྟག་པར་འཐད་སྙམ་དུ་འཛིན་པའི་སྒྲོ་འདོགས་མེད་ཀྱང་ཐེ་ཚོམ་གྱི་སྒོ་ནས་སྒྲ་རྟག་གམ་མི་རྟག་པའོ་སྙམ་པའི་སྒྲོ་འདོགས་ཡོད་པའི་ཕྱིར།དེར་ཐལ།སྒྲ་མི་རྟག་གམ་མི་རྟག་ཕལ་ཆེར་རྟག་སྙམ་པའི་ཐེ་ཚོམ་དེ་དེ་ཡིན་པའི་ཕྱིར།དེར་ཐལ།ཤཱཀྱ་བློའི་འགྲེལ་བ་ལས།རྗེས་སུ་དཔག་པའི་ཚད་མ་འགའ་ཞིག་ལ་ལོག་པར་རྟོག་པ་མེད་དུ་ཟིན་ཀྱང་།འོན་ཀྱང་ཐེ་ཚོམ་ཡོད་པར་འགྱུར་ལ་ཐེ་ཚོམ་ཀྱང་གཉིས་ཀའི་ཆ་ལ་བརྟེན་པ་ཡིན་པའི་ལོག་པར་རྟོག་པའི་ཕྱོགས་ལ་འཁྲུལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།མེད་དུ་ཟིན་ཀྱང་ཞེས་པ་ཡན་ཆད་ཀྱིས་གློ་བུར་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་ལ་མཐའ་གཅིག་ཏུ་དུ་ལྡན་ལའི་མེ་མེད་པར་འཛིན་པའི་སྒྲོ་འདོགས་མེད་པ་བསྟན།འོན་ཀྱང་།ཞེས་པ་ཡན་ཆད་ཀྱིས།དེ་འདྲའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་ཡོད་པ་བསྟན་པའི་ཕྱིར།དེར་ཐལ།ཐེ་ཚོམ་གཉིས་ཀའི་ཆ་ལ་བརྟེན་པ་ཡིན་པས།ལོག་པར་རྟོག་པའི་ཕྱོགས་ལ་འཁྲུལ་བར་འགྱུར་རོ། །ཞེས་པའི་གཞུང་འདིས་དུ་ལྡན་ལའི་མེ་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་དེ།སྒྲོ་འདོགས་སུ་བསྟན་པ་ཡིན་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་པར་ཐལ།ཐེ་ཚོམ་དང་སྒྲོ་འདོགས་ཀྱི་གཞི་མཐུན་མེད་པའི་ཕྱིར།དེར་ཐལ།རང་འགྲེལ་ལས།ཚད་མས་བསལ་བར་བྱ་བ་དང་།ལོག་པར་རྟོག་པ་དང་།ཐེ་ཚོམ་རྣམས་བསལ་ཏེ།ཞེས་གསུངས་པ་ལྟ་བུ་རྣམས་ལས།དེ་གཉིས་ཡང་དང་ཡང་དུ་འགལ་བར་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།ཐེ་ཚོམ་དང་མཐའ་གཅིག་ཏུ་འཛིན་པའི་སྒྲོ་འདོགས་ཀྱི་གཞི་མཐུན་མེད་པ་དེའི་དོན་ཡིན་པའི་ཕྱིར།དེར་ཐལ།དེ་གཉིས་ཀྱི་གཞི་མཐུན་མེད་ཀྱང་།ཐེ་ཚོམ་དང་།སྒྲོ་འདོགས་ཀྱི་གཞི་མཐུན་ཡོད་པའི་ཁྱད་པར་འཐད་པའི་ཕྱིར།དེར་ཐལ།དོན་མི་འགྱུར་གྱི་ཐེ་ཚོམ་དེ་དེ་དོན་ཡིན་པའི་ཕྱིར།དེར་ཐལ།ཐེ་ཚོམ་དང་སྒྲོ་འདོགས་ཀྱི་བྱ་བ་གཅིག་པའི་རྟོག་པ་བྱེ་བྲག་པ་ཡོད་པའི་ཕྱིར།དེར་ཐལ།དེ་ལྟར་ཡིན་པ་རྣམ་འགྲེལ་དང་།འཐད་ལྡན་གྱི་དགོངས་པ་ཡིན་པའི་ཕྱིར།དེར་ཐལ།ཇི་སྐད་དུ།རྣམ་འགྲེལ་ལས།ཉ་ཕྱི་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས།།ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་དང་།འཐད་ལྡན་ལས་ཀྱང་།ཐེ་ཚོམ་དང་ལོག་པར་རྟོག་པ་མི་འགལ་ཏེ།དེ་གཉིས་བྱ་བ་གཅིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྗེས་སུ་འགྲོ་བའི་ཚུལ་གྱིས་མཐའ་གཅིག་ཏུ་རྟག་པར་འཛིན་པའི་སྒྲོ་འདོགས་བཅད་ཀྱང་།བྱས་པའི་གསལ་བའི་དབྱེ་བ་རེ་རེ་ཁྱད་གཞིར་བཟུང་བའི་ཚུལ་གྱིས་དེ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་པར་ཐལ།དེ་འདྲའི་ཚད་མས་བྱས་པའི་སྟེང་དུ་རྟག་པས་སྟོང་པར་ངེས།སྒྲའི་སྟེང་དུ་རྟག་པས་སྟོང་བར་མ་ངེས་པའི་ཕྱིར།དེར་ཐལ།དེའི་རྒྱུ་མཚན་གྱིས།དེ་འདྲའི་ཚད་མ་དེ་སྒྲ་ལ་རྟག་སྟོང་དུ་བློ་ཁ་ཕྱོགས་པ་མ་ཡིན་པའི་ཕྱིར།དེར་ཐལ།དེ་ལྟར་ཡིན་པར་རྒྱལ་ཚབ་རྗེས་བཞེད་པ་གང་ཞིག །ཤནྟི་པ་སོགས་ཀྱིས་ཀྱང་བཞེད་པའི་ཕྱིར།དང་པོ་གྲུབ་སྟེ།ཐར་ལམ་གསལ་བྱེད་ལས།སྤྱིས་སྟོང་པར་ངེས་ན་བྱེ་བྲག་གིས་སྟོང་པས་ཁྱབ་པ་འགྲུབ་པོ། །ཞེས་དང་།བྱས་པའི་སྟེང་དུ་སྒྲའི་རྟག་སྟོང་ངེས་ཀྱང་སྒྲའི་སྟེང་དུ་རྟག་སྟོང་མ་ངེས་པས།ཞེས་གསུངས་པའི་ཕྱིར།གཉིས་པ་གྲུབ་སྟེ།ཤནྟི་པའི་ནང་གི་ཁྱབ་པ་ལས།ཁྱབ་པ་རྟོགས་པ་ཉིད་ཀྱིས་ཀྱང་བསྒྲུབ་པར་བྱ་བ་གྲུབ་པ་ཉིད་མིན་ཏེ།སྤྱི་ལ་དམིགས་པ་ཉིད་ཀྱིས་ཆོས་ཅན་གྱི་ཁྱད་པར་གྱི་ཆོས་དག་ཡོངས་སུ་མི་གཅོད་དོ། །ཞེས་དང་།རྣམ་ངེས་དར་ཊིཀ་ལས།ངེས་སུ་ཆུག་ཀྱང་བསྒྲུབ་པར་བྱ་བ་གྲུབ་པར་མི་འགྱུར་ཏེ།དེ་ལྟ་བུའི་རྗེས་ཁྱབ་འཇལ་བའི་ཚད་མ་དེ་ཉིད་ཀྱིས་སྒྲ་ལ་དངོས་ཤུགས་གང་ལ་ཡང་བློ་ཁ་ཕྱོགས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་འཇལ་བའི་ཚད་མ་དེས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ལུས་པ་བཅད་ཅིང་།བྱས་རྟགས་ཀྱིས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་ཟེར།དེ་ལ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ལ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེད་པའི་ཆེད་དུ་ཚུལ་གསུམ་རྟགས་དང་བཅས་པ་འགོད་མི་དགོས་པར་ཐལ།དེ་འདྲའི་ཚད་མ་དེས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ལུས་པ་བཅད་ཟིན་པའི་ཕྱིར།རྟགས་ཁས།ཁྱབ་སྟེ།དེ་འདྲའི་ཚད་མ་དེས་སྒྲོ་འདོགས་བཅད་ཟིན་ན།རྗོད་བྱེད་གྱི་སྒྲ་དང་རྟགས་དང་གཞན་སེལ་གྱི་ཚད་མ་དག་འཇུག་པར་མི་འགྱུར་བའི་ཕྱིར།དེར་ཐལ།རང་འགྲེལ་ལས།སྒྲ་དང་རྟགས་དག་འཇུག་པ་ནི། །ཞེས་པ་ནས།སྒྲོ་འདོགས་པའི་ལོག་པར་རྟོག་པ་དང་ཐེ་ཚོམ་མེད་ན་སྒྲ་དང་རྟགས་དག་འཇུག་པར་མི་འགྱུར་ཞིང་།གུས་པས་འཚོལ་བ་དང་།དོན་དུ་གཉེར་བར་མི་བྱེད་དོ། །ཞེས་དང་།ཤཱཀྱ་བློའི་འགྲེལ་བ་ལས།སྒྲོ་འདོགས་པའི་ལོག་པར་རྟོག་པ་དང་ཐེ་ཚོམ་རྣམས་བསལ་ན་སྒྲ་དང་རྟགས་དག་འཇུག་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།དེ་ལྟར་འཐད་པར་ཐལ།སྦྱོར་བ་སྐོར་གཅིག་གི་ཕྱི་རྒོལ་ཡང་དག་ལ།ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གང་ཡང་རུང་བ་བཀོད་པའི་སྒོ་ནས།རྟགས་འཛིན་གྱི་སེམས་བསྐྱེད་ནས་དེའི་ནུས་པ་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་བསྐྱེད་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལས།གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་གཅིག་ཤོས་ལ།།རྟོགས་འགྱུར་བ་དག་རབ་ཏུ་བྱེད། །ཅེས་གསུངས་པའི་ཕྱིར།གཞན་ཡང་།བྱས་རྟགས་ཀྱིས་སྒྲ་མི་རྟག་བསྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་པར་ཐལ།དེ་འདྲའི་ཚད་མས་སྒྲ་ལ་སྤྱི་ཁྱབ་ཏུ་འགྲོ་བའི་ཚུལ་གྱིས་རྟག་འཛིན་གྱི་སྒྲོ་འདོགས་བཅད་ཅིང་།ཁྱད་གཞིར་བཟུང་བའི་ཚུལ་གྱིས་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་པའི་ཕྱིར།དེར་ཐལ།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ལ་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་གསར་དུ་བཅད་ཟིན་པའི་རྗེས་དཔག་སྐྱེད་པའི་ཆེད་དུ།ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གང་ཡང་རུང་བ་འགོད་དགོས་པའི་ཕྱིར།དེར་ཐལ།དེ་འདྲའི་རྗེས་ཁྱབ་འཇལ་བའི་ཚད་མ་དེས།སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་བསྐྱེད་པ་ལ་ཚད་མ་གཞན་གྱིས་པར་མ་ཆོད་པར་དེ་འདྲའི་རྗེས་དཔག་དངོས་སུ་བསྐྱེད་མི་ནུས་པའི་ཕྱིར།དེར་ཐལ།ཚད་མ་མདོའི་རང་འགྲེལ་ལས།རྟག་འཛིན་གྱི་སེམས་ནི་དངོས་སུ་རྗེས་སུ་དཔག་པར་བྱ་བ་ཡང་རྟོགས་པ་མ་ཡིན་ཏེ།བར་དུ་དྲན་པས་ཆོད་པའི་ཕྱིར།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།དེའི་སྐབས་ཀྱི་རྟགས་འཛིན་གྱི་སེམས་ནི་དེ་སྒྲུབ་ཀྱི་ཚུལ་གསུམ་རྟོགས་པའི་ཚད་མ་ལ་བྱས་ནས་བཤད་པའི་ཕྱིར།དེར་ཐལ།སྡེ་བདུན་རྒྱན་ལས།ཚུལ་གསུམ་ངེས་པའི་ཚད་མས་བསྒྲུབ་བྱ་གྲུབ་པ་དངོས་སུ་བྱེད་དམ་ཞེ་ན་མ་ཡིན་ཏེ།དྲན་ཤེས་ཀྱིས་ཆོད་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གཞན་ཡང་།བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་པའི་ཚད་མ་དེས་སྒྲ་ལ་སྤྱི་ཁྱབ་ཏུ་འགྲོ་བའི་ཚུལ་གྱིས་རྟག་འཛིན་གྱི་སྒྲོ་འདོགས་བཅད་ཅིང་།སྒྲ་ཁྱད་གཞིར་བཟུང་བའི་ཚུལ་གྱིས་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་པར།དབུ་ཚད་ཀྱི་མཁས་པ་དུ་མས་བཞེད་པར་ཐལ།ཚད་མ་བ་དག་མ་ཟད་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་བཞེད་པའི་ཕྱིར།དེར་ཐལ།དཔེར་ན།མོ་གཤམ་གྱི་བུ་མེད་པར་འཛིན་པའི་བློས་མོ་གཤམ་གྱི་བུའི་རྣ་བ་སོགས་ལ་སྤྱི་འགྲོའི་ཚུལ་གྱིས་དེ་ལ་ཡོད་འཛིན་གྱི་སྒྲོ་འདོགས་བཅད་ཀྱང་།དེ་ཁྱད་གཞིར་བཟུང་པའི་ཚུལ་གྱིས་མ་བཅད་པའི་ཕྱིར།དེར་ཐལ།རྩ་ཤེས་ལས།བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར།།ཞེས་དང་།དེའི་ཐད་ཀྱི་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་ལས།དཔེར་ན།མོ་གཤམ་གྱི་བུ་མེད་པར་དམིགས་པ་ཉིད་ལས།དེའི་མིག་སོགས་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར།གཞན་ཡང་།བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་ཚད་མས་བྱས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཏུ་མ་ངེས་པར་ཐལ།དེས་བྱས་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འཇུག་པར་མ་ངེས་པའི་ཕྱིར།དེར་ཐལ།དེས་སྒྲ་ལ་རྟག་པར་འཇུག་པར་འཛིན་པའི་སྒྲོ་འདོགས་མ་བཅད་པའི་ཕྱིར།དེར་ཐལ།དེས་སྒྲ་ལ་རྟག་གམ་སྙམ་པའི་སྒྲོ་འདོགས་མ་བཅད་པའི་ཕྱིར་ན་མ་ཁྱབ།འོ་ན།བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་སྒྲ་རྟག་པར་འཛིན་བའི་གང་ཟག་ཡིན་པར་ཐལ།དེས་སྒྲ་ལ་རྟག་པ་འཇུག་པར་འཛིན་པའི་སྒྲོ་འདོགས་མ་བཅད་པའི་ཕྱིར།རྟགས་དངོས།འདོད་ན།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་སྒྲ་དང་རྟག་པའི་གཞི་མཐུན་ཡོད་པར་དམ་བཅས་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་དེ་འདྲའི་གཞི་མཐུན་སྲིད་པར་དམ་བཅའ་བའི་དམ་བཅའ་ཡང་ཡོད་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར།ཁྱབ་སྟེ།དེ་འདྲའི་ཕྱི་རྒོལ་ཡང་དག་གིས་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཤུགས་ཀྱིས་དེ་འདྲའི་དམ་བཅའ་ལ་གནོད་པ་མཐོང་ནས་དམ་བཅའ་དེ་འདོར་དགོས་པ་ཡིན་པའི་ཕྱིར་ཏེ།རྣམ་འགྲེལ་ལས།འདོད་དང་སྡང་སོགས་སྤོང་བ་ནི། །ཞེས་སོགས་དང་།ལྷ་དབང་བློའི་འགྲེལ་བ་ལས།འདོད་ཆགས་དང་ཞེ་སྡང་སོགས་སྔར་ཡོན་ཏན་ཅན་དུ་མཐོང་ཕྱིས་དེ་དག་ཉིད་མེད་པར་མཐོང་ནས་དེ་ལྡོག་གོ །ཞེས་དང་།ལམ་རིམ་ལས་ཀྱང་།རང་བཞིན་གྱིས་གྲུབ་པ་ལ་གནོད་པར་མཐོང་ན་རང་བཞིན་གྱིས་གྲུབ་པར་འཛིན་པའི་དམ་བཅའ་ལྡོག་གོ །ཞེས་གསུངས་པའི་ཕྱིར།

རང་ལུགས་ལ།རང་བཞིན་གྱི་ཚུལ་གསུམ་ཡིན་པ།རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད།གོ་ཐོབ་དང་གཞི་ལ་སྦྱར་ན།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་ཚུལ་གསུམ་ཡིན་པ།བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད།ཡང་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན།ཁྱོད་དེ་དང་བདག་ཉིད་གཅིག་ཡིན་དགོས་ལ།ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པ་དེ།ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད།དབྱེ་ན།ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང་།ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད།དང་པོ་ལ།རང་གི་བྱེད་ཆོས་དངོས་སུ་འཕངས་པའི་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང་།རང་གི་བྱེད་ཆོས་ཤུགས་ལ་འཕངས་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད།དང་པོའི་མཚན་གཞི་ནི་སྒྲ་མི་རྟག་པར་སྒྲུབ་པ་ལ་རྒྱུ་རྐྱེན་ལས་སྐྱེས་པ་བཀོད་པ་ལྟ་བུ།གཉིས་པའི་མཚན་གཞི་ནི་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ།ཁྱད་པར་དག་པ་བའི་མཚན་གཞི་ནི།སྒྲ་མི་རྟག་པར་སྒྲུབ་པ་ལ་དངོས་པོ་རྟགས་སུ་བཀོད་པ་ལྟ་བུ་དང་།བྲག་ངོས་ཀྱི་ཨ་ཀ་རུ་ཤིང་དུ་སྒྲུབ་པ་ལ་ཤིཾ་ཤ་བ་རྟགས་སུ་བཀོད་པ་ལྟ་བུ་ཡིན།རང་འགྲེལ་ལས་ཤིཾ་ཤ་བ་རྟགས་སུ་བཀོད་པའི་རང་བཞིན་གྱི་རྟགས་ཡང་དག་བཤད་པ་ལ།བོད་ཀྱི་མཚན་ཉིད་པ་རྒན་པོ་དག་གིས་སྣ་ཚོགས་སྨྲས་མོད།མཁས་པ་གནས་དྲུག་པས་ཤིཾ་ཤ་བ་ནི་ཚོས་ཤིང་ལ་འདོད་པ་དང་།མང་བོ་ཞིག་ཤིཾ་ཤ་བ་ཞེས་སྨྲས་ནས་ཟུར་གྱི་ཤིཾ་ཞེས་པ་བོད་སྐད་དང་ཤིང་ལ་འདོད་པ་དག་མི་འཐད་བར་ཐལ།ཤིཾ་ཤ་བ་ཞེས་པ་ཨ་ཀ་རུའི་རྒྱ་སྐད་ཀྱི་མིང་ཡིན་པའི་ཕྱིར།དེར་ཐལ།འཆི་མེད་མཛོད་ལོ་གྲགས་ཀྱི་འགྱུར་ལས།དེས་ན་ཙྪུན་དང་ཨ་ཀ་རུ་དང་ཤིཾ་ཤ་བ་དང་སྐྱ་བོ་དང་ཐལ་བའི་སྙིང་པོ་ཅན་ཞེས་གསུངས་པའི་ཕྱིར།

རྟགས་ཆོས་དོན་གསུམ་བཤད་པ་ནི།དངོས་པོ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་དང་།མི་རྟག་པ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་།སྒྲ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན།སྐད་ཅིག་མ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ཀྱང་།སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་དེ།དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།དེར་ཐལ།སྒྲ་དང་མི་རྟག་པའི་ཚོགས་དོན་དང་།སྒྲའི་ཁྱད་པར་དུ་བྱས་པའི་མི་རྟག་པ་དང་།མི་རྟག་པའི་ཁྱད་པར་དུ་བྱས་པའི་སྒྲ་རྣམས་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་དང་།སྦྱོར་བ་སྐོར་གཅིག་གཉིས་ཀའི་བསྒྲུབ་བྱ་ཡིན་ལ།སྒྲ་དང་སྐད་ཅིག་མའི་ཚོགས་དོན་དང་།སྐད་ཅིག་མའི་ཁྱད་པར་དུ་བྱས་པའི་སྒྲ་དང་།སྒྲའི་ཁྱད་པར་དུ་བྱས་པའི་སྐད་ཅིག་མ་རྣམས་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་དང་།བྱས་རྟགས་ཀྱིས་སྦྱོར་བ་སྐོར་གཅིག་གཉིས་ཀའི་བསྒྲུབ་བྱ་ཡིན་ཀྱང་།དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གཉིས་ཀའི་བསྒྲུབ་བྱ་མ་ཡིན་ཏེ།དེ་གཉིས་ཀའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་ཕྱིར།སྒྲུབ་བྱེད་ནི།བྱས་པ་ཆོས་ཅན།དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པར་ཐལ།ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་སུ་བཀོད་པའི་ཕྱིར།དེར་ཐལ།ཁྱོད་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཕྱིར།དེར་ཐལ།བདག་མེད་ཡིན་པའི་ཕྱིར།མི་རྟག་པ་ཆོས་ཅན།ཁྱོད་སྒྲ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།ཁྱོད་སྒྲ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཀོད་པའི་ཕྱིར།དེར་ཐལ།བདག་མེད་ཡིན་པའི་ཕྱིར།མི་རྟག་པ་ཆོས་ཅན།སྒྲ་དང་ཁྱོད་ཀྱི་ཚོགས་དོན་དང་།ཁྱོད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་དང་།སྒྲའི་ཁྱད་པར་དུ་བྱས་པའི་ཁྱོད་དང་གསུམ་རེ་རེ་ནས་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ།སྒྲ་ཁྱོད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར།མི་རྟག་པ་ཆོས་ཅན།སྐད་ཅིག་མ་བྱས་པའི་རྟགས་ཀྱིས་སྒྲ་ཁྱོད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།ཁྱོད་སྐད་ཅིག་མའི་མཚོན་བྱ་ཡིན་པའི་ཕྱིར།

གསུམ་པ་མི་དམིགས་པའི་རྟགས་ཡང་དག་ལ།མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་དང་།སྣང་རུང་མི་དམིགས་པའི་རྟགས་ཡང་དག་གཉིས་ཡོད་ཅིང་།དེ་གཉིས་འཆད་པ་ལ།མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་བཤད་པ་དང་།སྣང་རུང་མི་དམིགས་པའི་རྟགས་ཡང་དག་བཤད་པ་གཉིས།དང་པོ་སྟོན་པར་བྱེད་པ་ལ།འདི་ཉིད་ལས།ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་གསུངས།འདི་ལ་འཕྲོས་དོན་དང་།གཞུང་དོན་དང་།མཐའ་དཔྱད་པ་གསུམ།དང་པོ་ཡོད་དེ།མདོ་ལས་གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་བྱ་སྟེ།ཉམས་པར་འགྱུར་ཏ་རེ་ཞེས་པའི་དོན་རང་ལ་མི་སྣང་བ་ཙམ་གྱིས་གཞན་རྒྱུད་ལ་ཡོན་ཏན་དེ་མེད་ཅེས་བཤད་མི་རུང་ཞེས་བཤད་པ་ལ།ཚད་མ་རྣམས་ནི་ཞེས་སོགས་ཀྱི་གཞུང་འདི་བྱུང་།གང་ཟག་ལ་དེ་འདྲའི་བསྐལ་དོན་དུ་འགྲོ་བའི་དོན་ཇི་ལྟ་བུ་ཞེ་ན།བསྐལ་བའི་དོན་གསུམ་ཡོད་དེ།ཡུལ་གྱིས་དང་།དུས་ཀྱིས་དང་།ངོ་བོས་བསྐལ་དོན་དུ་གྱུར་བ་གསུམ་ཡོད་པའི་ཕྱིར།དང་པོ་ཡོད་དེ།འདིར་གནས་པའི་ཕལ་བ་ལ་འོད་ཟེར་ཅན་གྱི་ཞིང་ཁམས་ཀྱི་འགྲོ་བའི་ཁྱད་པར་ལྟ་བུ་དང་།དེར་གནས་པའི་ཕལ་བ་ལ་ཞིང་ཁམས་འདིེའི་དབྱིབས་བཀོད་ཀྱི་ཁྱད་པར་ལྟ་བུ་ཡིན་ཏེ།ཡུལ་དང་གང་ཟག་དེ་དག་དུས་མཉམ་པར་ཡོད་པས་དུས་ཀྱིས་བསྐལ་བ་མིན་ལ།ཡུལ་དེ་དག་ཕལ་བའི་མངོན་སུམ་གྱི་ཡུལ་ཡིན་པས་རང་བཞིན་ནམ་ངོ་བོའི་སྒོ་ནས་བསྐལ་བ་མིན་ཀྱང་།གང་ཟག་དེ་དག་ལ་ཡུལ་ཐག་རིང་པའི་སྒོ་ནས་ཡུལ་གྱི་བསྐལ་དོན་དུ་གྱུར་བའི་ཕྱིར་རོ། །དུས་ཀྱིས་དེ་ཡོད་དེ།མ་འོངས་པའི་དུས་ཤིན་ཏུ་རིང་བོ་ན་གང་ཟག་གི་ཁྱད་པར་འདི་ལྟ་བུ་འབྱུང་མི་འབྱུང་ད་ལྟའི་ཕལ་བ་ལ་ཐེ་ཚོམ་ལས་མེད་པ་ལྟ་བུ་ཡིན་པའི་ཕྱིར།འདིའང་བསྐལ་དོན་གཞན་གཉིས་མིན་ཚུལ་ཤེས་པར་བྱའོ། །ངོ་བོའམ་རང་བཞིན་གྱིས་དེ་ཡོད་དེ།ཡུལ་ཐག་རིང་བ་དང་དུས་རིང་བ་མ་ཡིན་པར་ད་ལྟ་རང་དང་ཉེ་བར་ཡོད་ཅིང་ངོ་བོ་ཕྲ་བའི་དབང་གིས་བསྐལ་དོན་དུ་སོང་བ་མདུན་གྱི་གཞི་འདིར་ལྷ་མིའི་བར་སྲིད་པ་དང་།ཤ་ཟ་དང་དེའི་བུམ་པ་ལྟ་བུ་ཡིན་པའི་ཕྱིར།དེར་ཐལ།དེ་གསུམ་ཇི་སྐད་དུ་རྣམ་ངེས་རང་འགྲེལ་ལས།ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བས་ན་བསྐལ་བ་ནི་རྣམ་པ་གསུམ་སྟེ།ཞེས་སོགས་གསུངས་པའི་ཕྱིར།དེ་ལ་ཁོ་ན་རེ།གང་ཟག་དེ་ལ་བསྐལ་དོན་དུ་སོང་བ་དེ་ཡང་གང་ཟག་དེའི་ངོ་བོར་མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་གང་རུང་གིས་སྒྲུབ་ནུས་པར་ཐལ།དོན་དེ་གང་ཟག་དེའི་ངོ་བོར་གཞལ་བྱའི་གནས་གསུམ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ།གང་ཟག་དེའི་ངོ་བོར་དོན་དེར་ཐེ་ཚོམ་ཙམ་ལས་ཚད་མ་གསུམ་གང་ཡང་མི་འཇུག་པའི་ཕྱིར།ཞེས་འཆད་པ་ལ།འདི་ཉིད་ལས།ཚད་མ་རྣམས་ནི་མི་འཇུག་པ། །ཞེས་དང་།རྣམ་བཤད་ལས།རྣམས་ནི་ལུང་གི་ཚད་མ་སོགས་མང་ཚིག་གོ།ཞེས་དང་།རྣམ་ངེས་རང་འགྲེལ་ལས།དེར་ཡང་ཡོད་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་ལས་གཅིག་འཇུག་པའི་ཕྱིར་ཞེ་ན།མིན་ཏེ་འགའ་ཞིག་ལ་བསྟན་བཅོས་ཀྱི་དབང་དུ་བྱས་པ་མེད་པའི་ཕྱིར།ཞེས་གསུངས་པའི་ཕྱིར།

གསུམ་པ་མཐའ་དཔྱད་བ་ལས།དགག་བཞག་སྤོང་གསུམ་ལས།དང་པོ་ནི།ཁ་ཅིག་གིས།ཤ་ཟ་ཚད་མས་མི་དམིགས་པ་དེ།མདུན་གྱི་གཞི་འདིར་ཤ་ཟ་ཡོད་པ་མ་ཡིན་པར་སྒྲུབ་པའི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཡིན་ཟེར།དེ་བཞིན་དུ་ཤ་ཟ་ཚད་མས་མི་དམིགས་པ་དེ་གཞི་འདིར་ཤ་ཟ་ཡོད་ངེས་མ་ཡིན་པར་སྒྲུབ་པ་དང་།རྟགས་དེ་གཞི་འདིར་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཡིན་ཟེར་ན།མདུན་གྱི་གཞི་འདིར་ཆོས་ཅན།ཤ་ཟ་མེད་པར་ཐལ།ཤ་ཟ་ཡོད་ན་ཚད་མས་དམིགས་དགོས་པ་ལ་མི་དམིགས་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཤ་ཟ་བསྐལ་དོན་མ་ཡིན་བར་ཐལ།ཤ་ཟ་མེད་ཅེས་པའི་དམ་བཅས་པའི་དོན་ཚད་མས་གྲུབ་པའི་ཕྱིར།རྟགས་སོང་།ཁྱབ་སྟེ།གང་ཟག་དེས་དེ་མེད་ཅེས་ངེས་པ་འདྲེན་ཐུབ་ན་དེ་དེ་ལ་བསྐལ་དོན་མ་ཡིན་དགོས་པའི་ཕྱིར།རྣམ་ངེས་ལས།བསྐལ་བ་རྣམས་ལ་ནི་མེད་པར་ངེས་པ་ཡོད་པ་མ་ཡིན།ཞེས་གསུངས་པའི་ཕྱིར།འདིར་མེད་པར་ངེས་ནུས་པ་དང་མེད་པར་ངེས་པར་བྱས་པ་གཉིས་ཀྱི་ཁྱད་པར་ཤེས་དགོས་སོ། །གཞན་ཡང་།མདུན་གྱི་གཞི་འདིར་ཆོས་ཅན།ཤ་ཟ་ཡོད་མེད་ཐེ་ཚོམ་མི་ཟ་བར་ཐལ།ཤ་ཟ་མེད་པའི་ཕྱིར།ཁྱབ་པར་ཐལ།ཤ་ཟ་མེད་པར་ཁས་བླངས་པས་ཤ་ཟ་ཡོད་མེད་གང་རུང་དུ་ཁས་བླངས་སོང་བའི་ཕྱིར།ཁོ་ན་རེ།གསལ་བ་ལ་ཐེ་ཚོམ་ཟ་ཟེར་ན།དེ་ཆོས་ཅན།ཤ་ཟ་ཚད་མས་དམིགས་མི་དམིགས་ཐེ་ཚོམ་ཟ་བར་ཐལ།ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར།འདོད་ན་དང་།མ་གྲུབ་ན་དངོས་སུ་འགལ་ལོ། །ཡང་ཁོ་ན་རེ།ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་དང་།མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་ཟེར་ན།འོ་ན།མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བར་ཐལ།ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར།འདོད་ན།མདུན་གྱི་གཞི་འདིར་ཆོས་ཅན།ཤ་ཟ་མེད་པར་ཐལ།ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར།རྟགས་སོང་།མ་ཁྱབ་ན།ཁྱབ་པར་ཐལ།ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པའི་ཕྱིར།རྟགས་ཁས།ཁྱབ་པ་ལ་ཐེ་ཚོམ་ཟའོ་ཟེར་ན།ཡོད་མེད་ཐེ་ཚོམ་ཟ་ན་མེད་པས་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བར་ཐལ།ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བའི་ཕྱིར།རྟགས་ཁས།གསལ་བ་ལ་དངོས་འགལ་ཡིན་ཀྱང་།འོ་ན།ཡོད་མེད་ཐེ་ཚོམ་ཟ་ན་མེད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ།དེ་ལྟར་ཁས་བླངས་པ་ལ་མདུན་གྱི་ཤ་ཟ་སྐྱོན་དུ་འཇུག་མི་འཇུག་ཐེ་ཚོམ་ཟ་བའི་ཕྱིར།དེ་ལྟར་བཏང་བའི་ཚེ་ན་རྟགས་ཚད་མས་གྲུབ་ཅིང་།གསལ་ཁྱབ་གཉིས་ལ་ལན་ཐེབས་མི་ཐེབས་ཐེ་ཚོམ་ཟ་བའི་ཕྱིར།དེར་ཐལ།མདུན་གྱི་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར།དེ་ལ་ཁོ་ན་རེ།གང་ཟག་གི་བདག་མེད་ཡིན་ན།ཡོད་པས་ཁྱབ་ལ་ཐེ་ཚོམ་ཟ་བར་ཐལ།དེ་ལ་མདུན་གྱི་ཤ་ཟ་དངོས་སྐྱོན་དུ་འཇུག་མི་འཇུག་ཐེ་ཚོམ་ཟ་བའི་ཕྱིར་ན་མི་མཚུངས།མ་གྲུབ་ན།མདུན་གྱི་ཤ་ཟ་ཆོས་ཅན།ཡོད་པར་ཐལ།བདག་མེད་ཡིན་པའི་ཕྱིར།ཁྱབ་གསལ་ཁས།རྟགས་སོང་།དེས་རིགས་འགྲེ།མདོར་ན།ཡོད་མེད་ཐེ་ཚོམ་ཟ་ན་མེད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང་།ཡོད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཡང་ཐེ་ཚོམ་ཟ་བ་དང་།མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང་།ཡོད་མེད་ཐེ་ཚོམ་ཟ་ན་ཡོད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བར་ཐལ།དེ་དག་འདིར་བསྐལ་དོན་ཡིན་པར་སྔར་གྱི་རིགས་པས་གྲུབ་པའི་ཕྱིར།དེས་རྩོད་ཚུལ་ཤེས་སོ། །དེས་ཐེ་ཚོམ་ཟ་ཚུལ་ནི་གོ་བ་རགས་པའི་དབང་དུ་བྱས་ཤིང་བསྐལ་དོན་ཅན་གྱི་བློ་ངོར་གཞིར་བཞག་གི །གཞན་དུ་ན་དངོས་འགལ་ཡིན་ཏེ།ཚུལ་གསུམ་སྒྲུབ་ཚུལ་སོགས་དུ་མ་དང་འགལ་བའི་ཕྱིར།དཔེ་གཅིག་བཀོད་ན།མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བར་ཐལ་ལོ། །མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་མེད་པར་ངེས་པ་ཡིན་པའི་ཕྱིར།བསྐལ་དོན་གཞིར་གཞག་མ་ཡིན་ནོ། །སྙོན་མེད་པར་སེམས་རྣལ་དུ་ཞོག །མ་ཁྱབ་ན།དེ་འདྲའི་ཁྱབ་པ་ཆོས་ཅན།མདུན་གྱི་ལན་འདེབས་པ་བོས་ཁྱོད་མེད་པར་ངེས་པ་དང་ཁྱོད་ཡོད་མེད་ལ་ཐེ་ཚོམ་ཟ་བ་གཉིས་ཀ་མ་ཡིན་པར་ཐལ།ཁྱོད་མེད་པར་ངེས་པ་དང་།ཁྱོད་ཡོད་མེད་ཐེ་ཚོམ་ཟ་བའི་སྒྲོ་འདོགས་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར།འཁོར་གསུམ།རྟགས་གྲུབ་སྟེ།འདི་ཉིད་ལས།ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར།།འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།འདི་ནི་སྒྲོ་འདོགས་དབེན་པ་ལ།འཇུག་ཅེས་པའི་དོན་ཡོད་པའི་ཕྱིར།རྩ་རྟགས་མ་གྲུབ་ན།གང་ཟག་གི་བདག་ཆོས་ཅན།སྐྱེས་བུ་བདག་མེད་དུ་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་ཁྱོད་ལ་ཐེ་ཚོམ་མི་ཟ་བར་ཐལ།དེ་ལ་ཁྱོད་བསྐལ་དོན་ཡང་མིན།ཁྱོད་མེད་ངེས་ཡིན་པའི་ཕྱིར།འཁོར་གསུམ།འདོད་མི་ནུས་ཏེ།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར།གཞན་ཡང་།དེ་ལ་ཐེ་ཚོམ་ཟ་བ་ཡོད་ན་དེ་ལ་ཐེ་ཚོམ་ཟ་བས་ཁྱབ་པར་ཐལ།མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡོད་པའི་རྒྱུ་མཚན་གྱིས་ཁྱབ་པ་དེ་ལ་ཐེ་ཚོམ་ཟ་བར་བཞག་པའི་ཕྱིར།མ་གྲུབ་ན།མེད་ན་ཡོད་མེད་ཐེ་ཚོམ་མི་ཟ་བས་ཁྱབ་པ་ཆོས་ཅན།ཁྱོད་ལ་ཐེ་ཚོམ་མི་ཟ་ཡང་ཁྱོད་ལ་ཐེ་ཚོམ་ཟ་བ་ཡོད་པའི་ཁྱད་པར་འཐད་པར་ཐལ།ཁྱོད་ལ་ཐེ་ཚོམ་ཟ་བ་ཡོད་པ་དེ་ཁྱོད་ལ་ཐེ་ཚོམ་ཟ་བའི་དོན་མ་ཡིན་པའི་ཕྱིར།རྟགས་སླ།རྩ་བར་འདོད་ན།མདུན་གྱི་བུམ་པ་མངོན་སུམ་གྱིས་དམིགས་པ་འདི་ཆོས་ཅན།ཁྱོད་ལ་ཐེ་ཚོམ་ཟ་བར་ཐལ།ཁྱོད་ལ་ཐེ་ཚོམ་ཟ་བ་ཡོད་པའི་ཕྱིར།དེར་ཐལ།ཁྱོད་ལྐོག་གྱུར་དུ་སོང་བ་ཡོད་པའི་ཕྱིར།གཞན་རྣམས་ལ་དེས་མཚོན་ཏེ་ཤེས་པར་བྱའོ། །

མི་སྣང་བ་མི་དམིགས་པའི་རྟགས་ཀྱི་དོན་ཅི་ཡིན་དྲིས་པ་ལ་སྣ་ཚོགས་སྨྲ་བ་ཡོད་དེ།གཞན་དག་རྟགས་འདི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཟེར།ཁ་ཅིག་གིས།སྣང་རུང་མི་དམིགས་པ་ཡིན་པས།མི་སྣང་བ་མི་དམིགས་པ་མིན་ཟེར།ལ་ལ་དེ་གཉིས་གྱི་གཞི་མཐུན་ཟེར་བ་སོགས་ཡོད་པར་བཤད་པའི་ཕྱིར།དང་པོ་ལ།རྟགས་འདི་ལ་རང་བཞིན་མི་དམིགས་པའི་རྟགས་ཡང་དག་གཅིག་མེད་པར་ཐལ།རྟགས་འདི་རྒྱུ་མི་དམིགས་པའི་རྟགས་ཡང་དག་ཁོ་ན་ཡིན་པའི་ཕྱིར།མ་གྲུབ་ན་ཡིན་པར་བུད།ཕྱི་མ་གཉིས་ལ།ལྷའི་བར་དོ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མི་དམིགས་པ་དེ།མདུན་གྱི་གཞི་འདིར་ལྷའི་བར་སྲིད་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་སྣང་རུང་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར།ཁྱབ་པ་ཁས།རྟགས་དེ་དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་ཚད་མས་མི་དམིགས་པ་དེ།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་ཡང་དག་གང་ཞིག།མདུན་གྱི་གཞི་འདིར་ལྷའི་བར་སྲིད་ཡོད་ཀྱང་དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་བལྟར་མི་རུང་བ་ཡིན་པའི་ཕྱིར།དང་པོ་གྲུབ་སྟེ།གང་ཟག་དེས་དེ་ཡོད་ཅེས་དམ་བཅའ་མི་རིགས་པ་མེད་དགག་གང་ཞིག །དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ།བདག་མེད་ཡིན་པའི་ཕྱིར།གོང་གི་རྟགས་གཉིས་པ་མ་གྲུབ་ན།དེ་འདྲའི་གང་ཟག་ཆོས་ཅན།མདུན་གྱི་གཞི་འདིར་ལྷའི་བར་སྲིད་ཡོད་ཀྱང་ཁྱོད་ལ་བལྟར་མི་རུང་བར་ཐལ།ཁྱོད་དེ་ལ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར།ཁྱབ་པ་གྲུབ་སྟེ།རྣམ་ངེས་ལས།འོ་ན་མི་སྣང་བ་མི་དམིགས་པའི་དོན་ཅི་ཡིན་ཞེ་ན།དེ་དེར་ཡོད་ཀྱང་གང་ལ་བསྐལ་དོན་དུ་སོང་བའི་གང་ཟག་དེའི་རྒྱུད་ཀྱི་ཚད་མས་བལྟར་མི་རུང་བ་ཡིན་གྱི།ཞེས་གསུངས་པའི་ཕྱིར།ལུང་དོན་ལ་ཞིབ་ཆ་དགོས།རྩ་བར་འདོད་ན།ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མི་དམིགས་པ་ཆོས་ཅན།ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ལྷའི་བར་སྲིད་མེད་པ་དེ་བལྟར་མི་རུང་བ་དང་།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པར་ངེས་པ་འདྲེན་རུང་གཉིས་ཀར་ཐལ།ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མི་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར།རྟགས་ཁས།འཁོར་གསུམ།ཁྱབ་ཅིང་།འདོད་མི་ནུས་ཏེ།དེ་སྒྲུབ་ཀྱི་སྣང་རུང་མི་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ན་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དགག་བྱའི་ཆོས་ཚད་མས་མེད་པར་ངེས་ནུས་པ་གཅིག་དགོས་པ་གང་ཞིག །དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཡིན་ན།དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་ཀྱང་།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཚད་མ་ལ་མི་སྣང་བ་དང་།དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡོད་མེད་གང་དུ་མ་ངེས་པར་ཐེ་ཚོམ་ཅན་གཅིག་དགོས་པའི་ཕྱིར།དང་པོ་གྲུབ་སྟེ།འདིའི་རང་འགྲེལ་ལས།གཉིས་པ་ནི་དེ་ལ་ཚད་མ་ཡིན་ཏེ།ངེས་པའི་འབྲས་བུ་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར།གཉིས་པ་གྲུབ་སྟེ།རང་འགྲེལ་ལས།དེ་ལ་དང་པོ་ནི་ཡོད་པའི་ཐ་སྙད་དགག་པའི་ཕྱིར་ཚད་མར་བཤད་ཀྱི།ལྡོག་པ་མཐོང་བ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་མིན་ཏེ།ཐེ་ཚོམ་ཡོད་པའི་ཕྱིར།ཞེས་དང་།རྒྱས་བཤད་ཀྱི་སྐབས་སུ་འདི་ཉིད་ལས།ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར།གཞན་ཡང་།དེ་འདྲའི་གང་ཟག་གིས་ཚད་མས་མི་དམིགས་པ་དེ་དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པ་དང་།དེ་སྒྲུབ་ཀྱི་སྣང་རུང་མི་དམིགས་པའི་རྟགས་ཡང་དག་གཉིས་ཀ་མ་ཡིན་པར་ཐལ།དེ་གཉིས་ཀྱི་གོ་དོན་འགལ་བ་ཡིན་པའི་ཕྱིར།དེར་ཐལ།མི་སྣང་བ་མི་དམིགས་པའི་རྟགས་དང་།སྣང་རུང་མི་དམིགས་པའི་རྟགས་གཉིས་ཀས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་ཡོད་ངེས་འགོག་པ་ཙམ་དུ་འདྲ་ཡང་།དགག་བྱའི་ཆོས་དེ་རྩོད་གཞིའི་སྟེང་དུ་སྔ་མ་མི་སྣང་བ་མི་དམིགས་པས་ཡོད་མེད་གང་ལའང་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་ཐེ་ཚོམ་ལས་མི་ཐུབ་ཅིང་།སྣང་རུང་མི་དམིགས་པས་དེ་སྒྲུབ་པའི་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་དེ་དེའི་སྟེང་དུ་མེད་པའི་ངེས་པ་སྐྱེད་ཐུབ་པའི་ཁྱད་པར་སོ་སོར་བཤད་པའི་ཕྱིར།རང་འགྲེལ་ལས།དེ་ལྟར་མི་དམིགས་པ་འདི་གཉིས་ནི།རང་དང་བཟློག་པའི་རྒྱུ་མེད་པ་དང་ཡོད་པ་དགག་པའི་ཕྱིར།ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་འདྲ་སྟེ།གཅིག་ལ་ནི་ཐེ་ཚོམ་ཡོད་པའི་ཕྱིར་ལ།གཞན་ལ་ནི་བཟློག་པའི་ཕྱིར།ཞེས་གསུངས་པའི་ཕྱིར།དེའི་རང་དང་བཟློག་པ་ནི་དགག་བྱའི་ཆོས་དང་།རྒྱུ་གཏན་ཚིགས་དང་།གཅིག་དེ་མི་སྣང་བ་དང་།གཞན་ལ་ཞེས་བ་སྣང་རུང་དང་།འདིའི་བཟློག་པ་ནི་ཐེ་ཚོམ་ཡོད་པ་བཟློག་པའོ།།གཏན་ཚིགས་འདི་གཉིས་ཀྱི་ཁྱད་པར་དེ་ལྟར་རིགས་པར་ཐལ།དེ་གཉིས་ཀྱི་ཁྱད་པར་སྡེ་བདུན་རྒྱན་གྱི་དགོངས་པ་ཡིན་པའི་ཕྱིར་ཏེ།སྡེ་བདུན་རྒྱན་ལས།སློབ་དཔོན་གྱི་གཞུང་དང་།རང་འགྲེལ་དང་འགྲེལ་བཤད་བྱེད་པ་ཐམས་ཅད་ཤིན་ཏུ་གསལ་བར།མི་དམིགས་པའི་རྟགས་ཐམས་ཅད་ཀྱིས་རང་ཕྱོགས་ཆོས་སུ་གྲུབ་པའི་ཆོས་ཅན་ལ་ཡོད་ངེས་ཀྱི་ཐ་སྙད་འགོག་པར་ཁྱད་པར་མེད་ལ།འོན་ཀྱང་མི་སྣང་བ་མི་དམིགས་པའི་རྟགས་ཀྱིས་ནི།ཡོད་ངེས་ཀྱི་ཐ་སྙད་འགོག་པ་ཙམ་གྱི་བྱ་བ་བྱེད་ཀྱི་མེད་ངེས་སྒྲུབ་མི་ནུས་ལ།སྣང་རུང་མི་དམིགས་པས་མེད་ངེས་ཀྱང་གོ་བར་བྱེད་དོ་ཞེས་ལན་གཅིག་མ་ཡིན་པར་བཤད་དོ།།ཞེས་གསུངས་པའི་ཕྱིར།དེ་ལྟར་སྣང་རུང་དང་མི་སྣང་བའི་རྟགས་གཉིས་ཀྱི་ཁྱད་པར་མ་གོ་བར་ལྟག་ཆོད་འཕེན་པའི་རང་གཞན་དུ་མ་སྣང་སྟེ།གཞན་ལུགས་སྐབས་སུ་བཀག་ནས་སླར་ཡང་རང་ལུགས་སུ་བྲིས་པ་མང་བའི་ཕྱིར་རོ། །ཡང་ཁ་ཅིག །མེ་མེད་ཀྱི་རྟགས་ཀྱིས་མེ་མེད་པའི་མཚན་མོའི་རྒྱ་མཚོར་དུ་བ་མེད་པ་ལ་ཕྱོགས་ཆོས་ཅན་དུ་སོང་པའི་ཕྱི་རྒོལ་ལ་དེར་དུ་བ་ཡོད་ཀྱང་སྣང་མི་རུང་བ་ཡིན་ཟེར་ན།འོ་ན།དེ་འདྲའི་རྒྱ་མཚོར་དུ་བ་ཡོད་བར་ཐལ།དེ་འདྲའི་རྒྱ་མཚོར་དུ་བ་ཡོད་ཀྱང་དེ་འདྲའི་ཕྱི་རྒོལ་ལ་སྣང་མི་རུང་བ་ཡིན་པའི་ཕྱིར།རྟགས་ཁས།ཁྱབ་པར་ཐལ།ཡོད་ཀྱང་ཞེས་པའི་ཀྱང་སྒྲ་དང་འང་གི་སྒྲ་དོན་གཅིག་པའི་ཕྱིར།མ་ཁྱབ་ན།དེར་དུ་བ་ཡོད་པ་དང་གང་ཟག་དེ་ལ་མི་སྣང་བ་གཉིས་ཀར་ཐལ།མ་ཁྱབ་པ་དེའི་ཕྱིར།འཁོར་གསུམ།བྱས་པ་ལ་ཁོ་ན་རེ།ཡོད་ཀྱང་ཞེས་པ་བརྟག་པ་མཐའ་བཟུང་ཟེར་ན།འོ་ན།ཡོད་ནའང་བརྗོད་རིགས་ལ་སྐྱོན་ནི་དེ་འདྲའི་རྒྱ་མཚོར་དུ་བ་ཡོད་ན་རྒོལ་བ་གཉིས་ཀའི་ཡིད་དང་དབང་མངོན་གང་རུང་ལ་སྣང་རུང་མ་ཡིན་པར་ཐལ།དེ་འདྲའི་ཕྱི་རྒོལ་ལ་ཡོད་ཀྱང་སྣང་མི་རུང་བའི་ཕྱིར།འདོད་ན།མེ་མེད་དེ་དེ་སྒྲུབ་ཀྱི་སྣང་རུང་མི་དམིགས་པའི་རྟགས་ཡིན་པར་ཐལ་ལོ། །གཞན་ཡང་།དུ་བ་མེད་པའི་རྟགས་ཀྱིས་དུ་བས་དབེན་པའི་རྩིག་སྐོར་དུ་མེ་མེད་པར་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་དགོས་པར་ཐལ།དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར།རྟགས་ཁས།འདོད་ན།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་དེ་གཞན་དང་གཞན་གྱིས་སྒྲུབ་དགོས་པར་ཐལ་ལོ།འདོད་པའི་ཕྱིར།འདོད་ན།དེ་སྒྲུབ་ཀྱི་རྟགས་དང་བསྒྲུབ་བྱ་རྟོགས་དུས་མི་སྲིད་པར་ཐལ།འདོད་པའི་ཕྱིར།ཁྱབ་ཅིང་འདོད་མི་ནུས་ཏེ།རྣམ་ངེས་རང་འགྲེལ་ལས།མི་དམིགས་པའི་རྟགས་ཀྱིས་མེད་པར་བསྒྲུབ་པར་བྱ་བ་ཡིན་ན།དམིགས་པ་མེད་པ་ཡང་མི་དམིགས་པ་གཞན་གྱིས་སྒྲུབ་པར་བྱ་དགོས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར།མི་རྟོགས་བར་འགྱུར་རོ།།ཞེས་གསུངས་པའི་ཕྱིར།ཡང་ཁོ་ན་རེ།སྒྲའི་སྟེང་དུ་རྟག་པ་དེ་བྱས་པའི་རྟགས་ཀྱིས་སྒྲ་རྟག་པས་སྟོང་བར་སྒྲུབ་པའི་ཕྱི་རྒོལ་ལ་བསྐལ་དོན་ཡིན་ཟེར་ན།རྟག་པ་ཆོས་ཅན།སྒྲའི་སྟེང་དུ་ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་བསྐལ་དོན་མ་ཡིན་པར་ཐལ།སྒྲའི་སྟེང་དུ་ཁྱོད་ཡོད་པ་དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་རིགས་པའི་དགག་བྱ་ཡིན་པའི་ཕྱིར།ཁྱབ་སྟེ།འདི་ཉིད་ལས།ཚད་མ་རྣམས་ནི་མི་འཇུག་པ།།ཞེས་པའི་དོན་གྲུབ་པའི་ཕྱིར།གོང་གི་རྟགས་གྲུབ་སྟེ།བྱས་པ་སྒྲ་རྟག་སྟོང་དུ་སྒྲུབ་པའི་དངོས་པོ་སྟོབས་ཤུགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཏེ།དེ་སྒྲུབ་ཀྱི་དངོས་སྟོབས་ཀྱི་དེ་ཡོད་པའི་ཕྱིར།ཡང་ཁོ་ན་རེ།ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པ་དེ།གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ།ཕལ་བ་རྣམས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་ཚད་མས་མ་ངེས་པ་དེ་དེ་རྣམས་ཀྱིས་གནས་ལུགས་འདི་ལྟ་བུ་ཞེས་དམ་བཅའ་མི་རིགས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར།རྟགས་རིགས་པ་དུ་མ་དང་རྣམ་བཤད་ཀྱིས་གྲུབ།འདོད་ན།གང་ཟག་དེས་ཆོས་དེ་ཚད་མས་མ་ངེས་ན།གང་ཟག་དེས་ཆོས་དེ་ཡོད་ཅེས་དམ་བཅའ་མི་རིགས་པས་ཁྱབ་པར་ཐལ།འདོད་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ།བསྐལ་དོན་གྱི་དོན་མ་རྟོགས་པ་ལ་ལུང་སོགས་སྒྲུབ་བྱེད་ཀྱི་ཚད་མ་གསུམ་མི་འཇུག་པས་ཡིད་དཔྱོད་ཀྱི་དམ་བཅའ་ཙམ་ཡང་མི་རིགས་ལ།གང་ཟག་དེས་མ་རྟོགས་པའི་ཆོས་ལ་དངོས་སྟོབས་དང་།ཡིད་ཆེས་ཀྱི་འཇུག་པ་ཅན་ཆེས་མང་བ་ཡོད་པའི་ཕྱིར།བྱས་ན་སྡེ་བདུན་དང་རྣམ་བཤད་སོགས་དང་མཐུན་ནོ། །འདོད་ན།མདུན་ཀྱི་སྐྱེས་བུ་ལན་འདེབས་པ་པོས་ཚད་མས་མ་ངེས་པའི་ཆོས་ཡོད་པར་ཐལ།གཞི་གྲུབ་ན་མདུན་གྱི་ལན་འདེབས་པ་པོས་ཚད་མས་གྲུབ་པས་མ་ཁྱབ་པའི་ཕྱིར།འདོད་ན།དེ་འདྲའི་ཆོས་ཁོ་ཁོ་རང་ཡིན་པར་ཐལ།དེ་ཡོད་པའི་ཕྱིར་ན་མ་ཁྱབ།འདོད་མི་ནུས་ཏེ།དེས་དེ་ཡོད་པར་དངོས་སྟོབས་རྗེས་དཔག་གིས་རྟོགས་པའི་ཕྱིར།དེ་བཞིན་དུ་བསྐལ་དོན་ཡིན་མིན་གྱི་དོན་དྲིལ་ན།གང་ཟག་དེ་ལ་དོན་དེ་བསྐལ་དོན་ཡིན་ན།དེའི་ངོར་ཚད་མ་གསུམ་སོགས་མི་འཇུག་དགོས་པས།དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་ཡོད་མེད་གང་དུ་མ་ངེས་པ་གཅིག་དགོས་པར་ལུང་རིགས་དུ་མས་གྲུབ་པའི་ཕྱིར་རོ། །

རང་ལུགས་ལ།མཚན་ཉིད་དང་།འཇུག་དུས་དང་།དབྱེ་བ་དང་།སྒྲ་བཤད་དང་།དགོས་པ་བཤད་པ་དང་ལྔ་།དང་པོ་ལ།མི་སྣང་བའི་ཚུལ་གསུམ་ཡིན་པ།མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།དེ་སྒྲུབ་ཀྱི་མི་སྣང་བའི་ཚུལ་གསུམ་ཡིན་པ།དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།གོ་ཐོབ་ཀྱི་དབང་དུ་བྱས་ན།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་ཡང་ཡིན།དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ་དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།གཉིས་པ་འཇུག་དུས་ཡོད་དེ།དགག་གཞི་སྣང་རུང་ཡིན་ཞིང་།དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་དུ་མི་རུང་བས་ན་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཅེས་འཇོག་པའི་ཕྱིར།གསུམ་པ་དབྱེ་བ་ལ།མི་སྣང་བའི་རྟགས་ཡང་དག་དེ་ལ།མི་སྣང་བའི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་དང་།མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས་ལས།དང་པོ་ནི།དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གང་ཞིག །རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་དགག་ཚིག་སྦྱར་བའི་ཆོས་དེ།དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།དེ་ལ་དབྱེ་ན།མི་སྣང་བའི་འབྲེལ་ཟླ་རྒྱུ་མི་དམིགས་པའི་རྟགས་ཡང་དག་དང་།དེའི་འབྲེལ་ཟླ་ཁྱབ་བྱེད་དང་།རང་བཞིན་མི་དམིགས་པའི་རྟགས་ཡང་དག་དང་གསུམ་ཡོད།ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷའི་བར་སྲིད་ངེས་བྱེད་ཀྱི་ཚད་མ་ཚད་མས་མི་དམིགས་པ་དེ།མདུན་གྱི་གཞི་འདིར་ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷའི་བར་སྲིད་ངེས་བྱེད་ཀྱི་དཔྱད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་མི་སྣང་བའི་རྒྱུ་མི་དམིགས་བའི་རྟགས་ཡང་དག་ཡིན།ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མི་དམིགས་པ་དེ།མདུན་གྱི་གཞི་འདིར་ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་ཁྱབ་བྱེད་དང་།རང་བཞིན་མི་དམིགས་པའི་རྟགས་ཡང་དག་གཉིས་ཀ་ཡིན།སྒྲུབ་བྱེད་ནི་ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མ་ངེས་པ་དེ།མདུན་གྱི་གཞི་འདིར་ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཡོད་ཅེས་པའི་དམ་བཅའ་ངེས་པའི་དཔྱད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་མི་སྣང་བའི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་ཡིན་ཏེ།དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གང་ཞིག་དེ་སྒྲུབ་ཀྱི་མི་སྣང་བའི་རྒྱུ་མི་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར།དང་པོ་མ་གྲུབ་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་བསྐལ་དོན་ཡིན་པའི་ཕྱིར།དང་བོ་མ་གྲུབ་ན།དེ་ཆོས་ཅན།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་རྟགས་ཡང་དག་དང་བསྒྲུབ་བྱའི་ཆོས་གཉིས་ལ་མེད་ཚིག་སྦྱར་བའི་ཆོས་ཡིན་པའི་ཕྱིར།རྩ་རྟགས་གཉིས་པ་མ་གྲུབ་ན།དེར་ཐལ།ལྷའི་བར་སྲིད་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པ་གང་ཞིག།དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་བསྐལ་དོན་ཡིན་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ན།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་བསྐལ་དོན་ཡིན་དགོས་པར་ཐལ།དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན།དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་བསྐལ་དོན་ཡིན་པའི་ཕྱིར་ན་མ་ཁྱབ།འདོད་ན།ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷའི་བར་སྲིད་ངེས་བྱེད་ཀྱི་དཔྱད་ཤེས་དོན་མཐུན་ཆོས་ཅན།དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་བསྐལ་དོན་ཡིན་པར་ཐལ།དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་པའི་ཕྱིར།དེར་ཐལ།དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཕལ་བ་དང་ལྷའི་བར་སྲིད་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་གཙོ་བོ་ཡིན་པའི་ཕྱིར།དེར་ཐལ།ཤ་ཟ་བསྒྲུབ་པ་ལ་སྔར་བཞིན་ཡིན་པའི་ཕྱིར།དེར་ཐལ།རྣམ་བཤད་ལས།འགོད་ཚུལ་དེ་ལྟར་ཡིན་གྱི་ཤ་ཟ་ཉིད་སྨྲ་བ་བོའི་འདོད་པས་དམིགས་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡིན་ལ།དེ་ཡོད་ཀྱང་ཕྱི་རྒོལ་གྱིས་དམིགས་སུ་མི་རུང་བའོ། །ཞེས་གསུངས་པའི་ཕྱིར།རིགས་པ་དེས་ཀྱང་འགོད་ཚུལ་ཡོད་འགོད་དང་མེད་འགོད་ལ་གཙོ་ཕལ་གཉིས་གཉིས་ཀྱང་ཤེས་པར་བྱའོ། །གོང་གི་རྩ་རྟགས་གཉིས་པ་མ་གྲུབ་ན།ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མ་ངེས་པ་ཆོས་ཅན།མདུན་གྱི་གཞི་འདིར་ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷའི་བར་སྲིད་ཡོད་ཅེས་དམ་བཅའ་ངེས་པའི་དཔྱད་ཤེས་དོན་མཐུན་མེད་པར་སྒྲུབ་པའི་རྒྱུ་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ།དེ་སྒྲུབ་ཀྱི་མི་དམིགས་པའི་རྟགས་ཡང་དག་གང་ཞིག །ལྷའི་བར་སྲིད་ངེས་བྱེད་ཀྱི་ཚད་མ་དེ་དེ་ངེས་བྱེད་ཀྱི་དཔྱད་ཤེས་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལས།འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་པ་དང་།དེའི་ཐད་ཀྱི་ཤཱཀྱ་བློའི་འགྲེལ་པ་ལས།རྒྱུ་མེད་ན་འབྲས་བུ་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

དེ་སྒྲུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་ཚུལ་གསུམ་ཡིན་པ།དེ་སྒྲུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།གོ་བའི་དབང་དུ་བྱས་ན།དེ་སྒྲུབ་ཀྱི་མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གང་ཞིག།མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པ་དེ་དེ་སྒྲུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།བཞི་བ་སྒྲ་བཤད་ནི།ལྷའི་བར་སྲིད་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷའི་བར་སྲིད་ཚད་མས་མི་དམིགས་པ་དེ་ལ།དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ།དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་སྣང་དུ་མི་རུང་བས་ན་མི་སྣང་བ་དང་།རང་གི་དངོས་མིང་གི་མཐར་མེད་པའམ་མི་དམིགས་པ་ལྟ་བུའི་ཚིག་ཡོད་པའི་གཏན་ཚིགས་ཡིན་པས་ན།མི་དམིགས་པའི་རྟགས་ཡང་དག་ཅེས་འཇོག་པའི་ཕྱིར་ཏེ།མི་སྣང་བའི་ཁྱབ་བྱེད་རང་བཞིན་རྒྱུ་མི་དམིགས་པའི་རྟགས་ཡང་དག་དང་།མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་རྣམས་གཏན་ཚིགས་ཀྱི་སྒོ་ནས་འཇོག་ལ།དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཡང་དག་བཞིན་དུ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་འཇོག་པ་མ་ཡིན་པའི་ཕྱིར།དེར་ཐལ།སྡེ་བདུན་རྒྱན་ལས།གཏན་ཚིགས་དེ་དག་ནི་དགག་བྱ་དང་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་འཇོག་པ་མིན་ཏེ།ཞེས་སོགས་གསུངས་པའི་ཕྱིར།དེ་ལྟར་བསྟན་པ་ལ་ཆོས་ཅན།དགོས་པ་ཡོད་དེ།རང་རྒྱུད་གྱི་ཚད་མས་མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས།སྡིག་པ་བསགས་པ་དང་བསྐུར་བ་འདེབས་པ་སོགས་སྤོང་པའི་ཆེད་དུ་ཡིན་པའི་ཕྱིར་ཏེ།དཔའ་བར་འགྲོ་བའི་མདོ་ལས།བཅོམ་ལྡན་འདས་བདག་འདི་དང་སླན་ཆད་ངས་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བྱེད་དོ། །དགེ་སློང་དག་ང་དང་ང་འདྲའི་གང་ཟག་གིས་གང་ཟག་གི་ཚོད་བཟུང་གི །གཞན་གྱིས་བཟུང་ན་དམན་པར་འགྱུར་བར་ཤེས་པར་གྱིས་ཤིག །ཅེས་སོགས་གསུངས་པའི་ཕྱིར།

རྩོད་པ་སྤོང་བ་ལ་ཁོ་ན་རེ།མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན།ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་དགོས་པར་ཐལ།མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་ཆོས་ཅན།ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པར་ཐལ།མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་པའི་ཕྱི།ཁྱབ་པ་ཁས།འདོད་མི་ནུས་ཏེ།ཤ་ཟ་ཡོད་པར་དམ་བཅའ་བའི་ཕྱིར།འོ་ན་ཁོ་རང་ལ།རྒྱ་གར་རྡོ་རྗེ་གདན་ཡོད་ན་དེ་ཡོད་པས་ཁྱབ་ན།རྒྱ་གར་རྡོ་རྗེ་གདན་མེད་ན་དེ་མེད་པས་ཁྱབ་པ་ཡོད་པས་ཁྱབ་པར་ཐལ།གང་ཟག་གི་བདག་མེད་ཡིན་པའི་ཕྱིར།འདོད་ན།མདུན་གྱི་གཞི་འདིར་ཆོས་ཅན།རྒྱ་གར་རྡོ་རྗེ་གདན་མེད་ན་དེ་མེད་པས་ཁྱབ་པ་ཡོད་པར་ཐལ།དེ་ཡོད་ན་དེ་ཡོད་པས་ཁྱབ་པའི་ཕྱིར།འདོད་ན།རྒྱ་གར་རྡོ་རྗེ་གདན་མེད་པར་ཐལ།མདུན་གྱི་གཞི་འདིར་མེད་པའི་ཕྱིར།ཁྱབ་པ་ཁས།

གཉིས་པ་སྣང་རུང་མི་དམིགས་པའི་རྟགས་ཡང་དག་བཤད་པ་ལ།མདོར་བསྟན་པ་དང་།དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་དང་།རྩོད་པ་སྤོང་བ་གསུམ།དང་པོ་དེ་འཆད་པར་བྱེད་པ་ལ།གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཅེས་འབྲས་བུ་ཅན། །ཞེས་པའི་གཞུང་འདི་བྱུང་།གཉིས་པ་དེ་སྟོན་པར་བྱེད་པ་ལ།འགལ་དང་འབྲས་བུ་དག་གྲུབ་དང་།།ཞེས་པ་ནས།མེད་ན་འཁྲུལ་བ་ཅན་ཡིན་ནོ། །ཞེས་པའི་བར་གསུངས།གསུམ་པ་དེ་འཆད་པར་བྱེད་པ་ལ།འགལ་འབྲས་ལ་ཡང་ཡུལ་དང་ནི། །ཞེས་པ་ནས།སྒྲུབ་པ་ལ་ནི་ཐལ་བ་བཞིན།།ཞེས་པའི་བར་གསུངས།དེ་དག་གི་སྐབས་སུ་སྣང་རུང་མི་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་སོགས་དུ་མ་ཡོད་པའི་ནང་ནས།དང་པོ་ལ་ཅུང་ཟད་མཐའ་དཔྱད་པ་ལ།

རྣམ་ངེས་རྩ་འགྲེལ་རིགས་ཐིག་གསུམ་ལས་སྣང་རུང་མི་དམིགས་པའི་རྟགས་ཡང་དག་དེ་ལ་གཉིས་དང་།གསུམ་དང་།བཞི་དང་།བརྒྱད་དང་།བཅུ་གཅིག་དག་བཤད་ཅིང་།མཁས་པ་ཆེན་པོ་ཛེ་ཏཱ་རིས་དེ་ལ་བཅུ་དྲུག་བཤད།དེ་དང་མཐུན་པར་ཐར་འབྱུང་སྤས་བས་དེ་ལ་བཅུ་དྲུག་བཤད་ཅིང་།དེ་རྣམས་དབྱེ་བསྡུ་ཙམ་ཡིན་གྱི་མི་མཐུན་པ་མེད་ལ།ཆོས་མཆོག་དང་དཔལ་ལྡན་ཆོས་གྲགས་དང་དེ་གཉིས་ཀྱི་རྗེས་འབྲང་ཛེ་ཏཱ་རི་དང་ཐར་འབྱུང་གཉིས་ཀྱི་དགོངས་པ་མ་ལོན་པའི་ཛྙཱན་ཤྲིས།དེ་ལ་སྔ་མ་བཅུ་དྲུག་གི་སྟེང་དུ་རྒྱུ་རྟགས་བཞི་བསྣན་ནས་ཉི་ཤུ་བཤད་ཀྱང་ཕྱི་མ་བཞི་བོ་འདི་མི་འཐད་པར་ཐལ།རྒྱུའི་ནུས་པ་ཐོགས་མེད་རྟགས་སུ་བཀོད་ན།རྒྱུ་དང་འགལ་བའི་འབྲས་བུ་མེད་པར་སྒྲུབ་མི་ནུས་པའི་ཕྱིར།དེར་ཐལ།དེ་ལྟར་སྒྲུབ་པ་ལ་དངོས་རྒྱུ་རྟགས་སུ་བཀོད་ན་བསྒྲུབ་བྱ་རྟོགས་མི་རུང་བ་དང་།དེ་ལས་གཞན་པའི་རྒྱུ་རྟགས་སུ་བཀོད་ན་འཁྲུལ་བར་འགྱུར་བའི་སྐྱོན་གཉིས་ཡོད་པའི་ཕྱིར།རྣམ་ངེས་ལས།འབྲས་བུས་འགྲུབ་ན་རྒྱུས་ཅིའི་ཕྱིར་མི་འགྲུབ་ཅེ་ན།རྒྱུའི་སྒོ་ནས་མིན་ཏེ།འཁྲུལ་བའི་ཕྱིར།དཔེར་ན།འདི་ལ་གྲང་རེག་མེད་དེ།བུད་ཤིང་ཡོད་པའི་ཕྱིར།ཞེས་དང།འཐད་ལྡན་ལས།རྒྱུས་མིན་ཏེ།འཁྲུལ་བའི་ཕྱིར།ཞེས་གསུངས་པའི་ཕྱིར།དེ་ལ་ཁོ་ན་རེ།ཁོ་བོས་ནི་རྒྱུ་ཙམ་ཞིག་རྟགས་སུ་བཀོད་ན་དེ་ལྟར་ཡིན་གྱི།རྒྱུའི་ནུས་པ་ཐོགས་མེད་རྟགས་སུ་བཀོད་ཟེར་བ་ནི།མ་བརྟགས་ཉམས་དགའ་ཞིང་།ཆེས་ངོ་མཚར་བའི་གཏམ་ཡིན་ལ།མེའི་རྒྱུའི་ནུས་པ་ཐོགས་མེད་ཆོས་ཅན།རང་འབྲས་སྒྲུབ་པ་ལ་གེགས་བྱེད་མེད་པར་ཐལ།དངོས་རྒྱུའམ་རྒྱུའི་ནུས་པ་ཐོགས་མེད་ཡིན་པའི་ཕྱིར།ཁྱབ་སེྟ།མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།འདོད་ན།དེ་ཆོས་ཅན་དེ་འདྲའི་རྒྱུའི་སྐད་ཅིག་ཐ་མའི་གནས་སྐབས་ཡིན་པར་ཐལ།འདོད་པའི་ཕྱིར།ཁྱབ་སྟེ།དེ་དེ་འདྲའི་རྒྱུའི་སྐད་ཅིག་ཐ་མ་ལས་མི་འབྱུང་བའི་ཕྱིར།དེར་ཐལ།རྣམ་ངེས་ལས།རྒྱུའི་རྒྱུན་གྱི་ཐ་མའི་སྐད་ཅིག་གི་སྔ་རོལ་ཏུ་གེགས་བྱེད་པ་སྲིད་པའི་ཕྱིར།དེ་བས་ན།ཞེས་དང།འཐད་ལྡན་ལས།རྒྱུའི་རྒྱུན་གྱི་སྐད་ཅིག་ཐ་མའི་སྔ་རོལ་ཏུ་གེགས་བྱེད་པ་སྲིད་པའི་ཕྱིར།དེ་བས་ན་དཔག་མི་ནུས་ཏེ།ཞེས་གསུངས་པའི་ཕྱིར།འདོད་ན།རྒྱུའི་ནུས་པ་ཐོགས་མེད་ཆོས་ཅན།མེ་ཡོད་པར་ཐལ་བའི་སྒོ་ནས་གྲང་རེག་མེད་པར་སྒྲུབ་ནུས་པའི་རྟགས་ཡང་དག་མ་ཡིན་པར་ཐལ།ཁྱོད་ཀྱིས་ཡུན་ལ་དུས་མཐའི་སྐད་ཅིག་མ་གཅིག་ལས་མེད་པའི་ཕྱིར།དེར་ཐལ།དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ལ་ཕྱོགས་ཁྱབ་ངེས་མི་ནུས་པའི་ཕྱིར།དེར་ཐལ།སྐད་ཅིག་མ་གཅིག་གི་ཡུན་ལ་ཕྱོགས་ཆོས་དེའི་གཅིག་གི་ཡུན་ལ་རྗེས་ཁྱབ་དེའི་གཅིག་གི་ཡུན་ལ་རྟགས་ཆོས་ཀྱི་འབྲེལ་བ་ངེས་པའི་དྲན་ཤེས་སྐྱེས་ཏེ་རྗེས་དཔག་བསྐྱེད་པ་ཡིན་པའི་ཕྱིར།དེར་ཐལ།དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ལ་དེ་དག་ངེས་མི་ནུས་པའི་ཕྱིར།དེར་ཐལ།རྣམ་ངེས་ལས།རྟགས་མཐོང་བ་ལས་འབྲེལ་བ་ལ་ལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པས་ན་སྐད་ཅིག་མ་གཅིག་ལ་བར་ཆད་མེད་པའི་དེའི་སྔ་རོལ་མེ་མངོན་སུམ་དུ་རྟོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།རྟགས་མཐོང་ཞེས་པས་སྐད་ཅིག་མ་གཅིག་ལ་ཕྱོགས་ཆོས་ངེས་ཚུལ་བསྟན།ལས་ཞེས་པ་རྣམ་དབྱེ་ལྔ་བ་འབྱུང་ཁུངས་ཀྱི་ཚིག་ཡིན་པས།རྟགས་དེ་དང་རྟགས་ཆོས་ཀྱི་འབྲེལ་བ་གཉིས་གཅིག་ཅར་དུ་ངེས་མི་ནུས་པའི་ཚུལ་བསྟན།འབྲེལ་བ་ལ་ལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པས་ན།ཞེས་པས་སྐབས་འདིའི་རྗེས་སུ་དཔག་པར་བྱ་བ་བསྒྲུབ་བྱ་ཡིན་པས།དེ་རྟོགས་པའི་རྗེས་དཔག་སྐྱེ་ཚུལ་བསྟན།སྐད་ཅིག་མ་གཅིག་ལ་སོགས་ཀྱིས་དངོས་རྒྱུ་དང་དངོས་འབྲས་མེ་གཉིས་ཀྱི་བར་སྐད་ཅིག་མ་གཞན་གྱིས་མ་ཆོད་བས་བསྒྲུབ་བྱ་རྟོགས་ཁོམ་མེད་པས་སྒྲུབ་བྱེད་རྟོགས་པའི་སྔ་རོལ་ཏུ་མེ་མངོན་སུམ་དུ་རྟོགས་པར་བསྟན་པའི་ཕྱིར།ཁོ་ན་རེ།རྒྱུ་ཙམ་རྟགས་སུ་བཀོད་པའི་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་བར་ཐལ།རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ།འགའ་ཟླའི་རྒྱུ་ཙམ་རྟགས་སུ་བཀོད་ན་འཁྲུལ་བར་འགྱུར་ལ།དེ་ལྟར་མ་ཡིན་པར་རང་བཞིན་འགལ་དམིགས་ཀྱི་རྒྱུ་ཁྱད་པར་ཅན་ཞིག་བཀོད་དགོས་པའི་ཕྱིར།དེར་ཐལ།མེ་སྟོབས་ཆེན་པོ་ལྟ་བུའི་རང་གིས་ཁྱབ་པར་ནོན་པའི་གཞིར་རང་གི་འགལ་ཟླ་གྲང་འབྲས་སྤུ་ལོང་བྱེད་མེད་པར་བསྒྲུབ་ན་རྟགས་ཡང་དག་ཏུ་འགྱུར་གྱི།དེ་མ་ཡིན་ན་དེ་ལྟར་མ་ཡིན་པའི་ཕྱིར།དེར་ཐལ།རྣམ་ངེས་ལས།གལ་ཏེ་རྒྱུ་མཚན་འཁྲུལ་ན་གོ་བར་བྱེད་པ་ཁོ་ན་སྟེ།འདི་ན་གྲང་འབྲས་སྤུ་ལོང་བྱེད་ཅེས་བྱ་བ་མེད་དེ།གདུང་བ་དང་ཉེ་བའི་ཕྱིར།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།སྤོས་མེ་དེ་རང་གི་ཉེ་འཁོར་གྱི་གྲང་རེག་འགོག་པར་བྱེད་པའི་ཕྱིར་དུ་གདུང་བ་ཞེས་པ་ཚ་བ་དང་སྐད་དོད་གཅིག་པའི་སྲེག་པ་ལ་འཇུག་པ་དང་།ཁྱད་པར་ཅན་ཞེས་པ་བྱེ་བྲག་དང་སྐད་དོད་གཅིག་པའི་ཁྱད་པར་མེ་ཞིག་དགོས་ཞེས་བསྟན་པ་ཡིན་པའི་ཕྱིར།གངས་ཅན་གྱི་རྟོག་གེ་སྨྲ་བའི་ཁྱུ་རྒྱན་མཁས་བ་ཆེན་པོ་གཙང་ནག་པ་ན་རེ།སྣང་རུང་མི་དམིགས་པའི་རྟགས་ཡང་དག་དེ་ལ་བཅུ་དྲུག་བཤད་པ་ནི་རྟགས་ཡང་དག་མ་ཡིན་པའི་སྐྱོན་མེད་ཅིང་།རིགས་ཐིག་སོགས་ནས་བཤད་པའི་བཅུ་གཉིས་ལ་ཟུར་དུ་ཁྱབ་བྱ་འགལ་དམིགས་ཀྱི་རྟགས་ཡང་དག་བཞི་བཤད་པ་དེ་མི་འཐད་དེ།དགག་བྱ་སྣང་ཚུལ་དང་།འཇུག་ཚུལ་དང་།དགག་བྱ་ཕྲ་རགས་དང་ངོ་བོ་ཁྱད་པར་གང་གི་ཀྱང་དེར་མ་འདུས་མེད་པའི་ཕྱིར།དེར་ཐལ།དེ་བཞི་དགག་བྱའི་སྒོ་ནས་མི་འདྲ་བའི་ཁྱད་པར་མེད།འཇུག་དུས་ཀྱི་སྒོ་ནས་ཀྱང་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར།དང་པོ་ལ།དེར་ཐལ།ཁྱོད་ཀྱིས་བཞེད་པའི་ཛེ་ཏཱ་རིའི་བྱིས་པ་འཇུག་པའི་རྟོག་གེར་བཅུ་གསུམ་པ་རང་བཞིན་དང་འགལ་བའི་ཁྱབ་པ་དམིགས་པ་ངོས་བཟུང་བ་ན།དཔེར་ན་འདི་ན་མེ་མེད་དེ།བ་མོའི་རེག་པ་ཡོད་པའི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ།ཞེས་གསུངས་པའི་ཕྱིར་དང་།དེ་བཞི་ལ་དགག་བྱའི་སྒོ་ནས་མི་འདྲ་བའི་ཁྱད་པར་མེད།འཇུག་དུས་ཀྱི་སྒོ་ནས་ཀྱང་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར་དང་།དེ་ཉིད་ལ་ཡང་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་དོན་ཚང་བའི་ཕྱིར།གཉིས་པ་གྲུབ་སྟེ།རྟགས་ཡང་དག་གི་སྤྱོར་པ་གཅིག་གིས་དེ་གསུམ་མཚོན་ནུས་པས་འཇུག་དུས་ཀྱང་མཚུངས་པའི་ཕྱིར།གཞན་ཡང་།མཁས་པ་ཆེན་པོ་ཛེ་ཏཱ་རིས་བཅུ་དྲུག་བཤད་པ་ནི།བློ་གསལ་བ་རྟགས་ཡང་དག་གི་རྣམ་དབྱེ་ལ་མཁས་པར་བྱ་བའི་ཆེད་དུ་ཡིན་ལ།བཅུ་གཉིས་ལས་ཟུར་དུ་བཞི་བཤད་པ་མི་འཐད་པར་ཐལ།དེ་ལྟར་ན་ཤུག་པའི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་བའི་ཤར་གཞིར་གྲང་རེག་སོགས་འགོག་པ་དེ་བཞི་དང་།ལྕི་བའི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་དེ་བཞི་དང་།ཨ་ཀ་རུའི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གཞིར་དེ་བཞི་འཇོག་དགོས་ལ།དེ་ལྟར་ན་རྟགས་ཡང་དག་གང་དང་གང་གི་དབྱེ་བ་ཐུག་མེད་དུ་གྱུར་ཅིང་།རྟོག་བཏགས་འབའ་ཞིག་ཡིན་པའི་ཕྱིར།དེར་ཐལ།རྣམ་བཤད་ལས།བཅུ་གཉིས་སུ་མ་འདུས་པ་ནི་རྟོག་བཏགས་འབའ་ཞིག་དུ་ཟད་དོ། །ཞེས་གསུངས་པའི་ཕྱིར།རྣམ་བཤད་གཉིས་ཀྱི་རྗེས་འབྲང་ཁ་ཅིག་མི་དམིགས་པའི་རྟགས་ཡང་དག་དེ་ལ་བཅུའམ་བཅུ་གཅིག་ཙམ་གྲངས་ངེས་པར་འདོད་པ་ཡིན་ཏེ།དེའི་རྒྱུ་མཚན་རྣམ་བཤད་ལས།འགལ་དམིགས་དྲུག་དང་འབྲེལ་ཟླ་མི་དམིགས་པ་བཞིར་ངེས་པས།རྣམ་ངེས་ལས།དེ་ལྟར་ན་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།ཞེས་གསུངས་ཀྱི།དེ་ལས་གཞན་དུ་འདོད་པ་དག་བསྟན་བཅོས་ཀྱི་དགོངས་པར་མི་སེམས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེའི་ལུང་དོན་འཆད་པར་འགྱུར་ཞིང་།དེ་ལྟར་འདོད་པ་ནི།རང་ཉིད་ཀྱི་དངོས་འགལ་རང་ཉིད་ཀྱིས་མི་ཤེས་པའི་ཕྱིར།གཞན་ཡང་།མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་དེ་ལ་གསུམ་དང་།སྣང་རུང་མི་དམིགས་པའི་རྟགས་ཡང་དག་དེ་ལ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་དྲུག་དང་།འབྲེལ་ཟླ་མི་དམིགས་པ་བཞི་དང་།ཕན་ཚུན་སྤངས་འགལ་ལ་བརྟེན་པའི་གཅིག་དང་།བཅུ་གཅིག་སྟེང་དུ་སྔ་མ་གསུམ་བསྣན་ནས་བཅུ་བཞི་བཤད་པ་མི་འཐད་པར་ཐལ།མི་དམིགས་པའི་རྟགས་ཡང་དག་དེ་ལ་བཅུའམ་བཅུ་གཅིག་ལས་གྲངས་མང་བར་འདོད་པ་བསྟན་བཅོས་ཀྱི་དགོངས་པ་མ་ཡིན་པའི་ཕྱིར།རྟགས་ཁས།འདོད་ན།རྣམ་ངེས་རྩ་འགྲེལ་གྱི་ཚིག་ཟིན་དང་དར་ཊཱིཀ་ཀུན་གྱི་དངོས་ཟིན་རྒྱབ་འགལ་སྨྲ་རིགས་པར་ཐལ།རྣམ་ངེས་ལས།ཡུལ་དང་དུས་ཀྱིས་བསྐལ་བས་ན།བསྐལ་བ་རྣམ་པ་གསུམ་སྟེ།ཞེས་དང་།དེའི་དར་ཊཱིཀ་ལས།དང་པོ་ནི།བསྐལ་བའི་དོན་ནི་རྣམ་པ་གསུམ་སྟེ།ཞེས་དང་།རྣམ་ངེས་ལས།དེ་ལྟར་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །ཞེས་དང་།དར་ཊཱིཀ་ལས།ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་བཅུ་བོ་འདི།ཞེས་གསུངས་པའི་ཕྱིར།གཞན་ཡང་།དམ་བཅའ་སྔ་ཕྱི་གཉིས་ཀ་ལ་རྣམ་བཤད་ལས།དེ་ལས་གཞན་དུ་འདོད་པ་ཞེས་པས་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་ལ་བཅུ་བོ་དེར་མ་འདུས་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་ཁྱབ་བྱ་འགལ་བ་སོགས་མེད་ཅེས་བཤད་པ་མ་ཡིན་པར་ཐལ།དེ་དགག་རྟགས་སམ་མི་དམིགས་པའི་གྲངས་ངེས་ལ་སྦྱོར་རིགས་པའི་ཕྱིར།འདོད་ན།གྲང་རེག་གཅིག་བུ་འགོག་པ་ལ་ཡང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་བཅུ་གཉིས་འཇོག་མི་རིགས་པར་ཐལ།འདོད་པའི་ཕྱིར།འཁོར་གསུམ།བླུན་པོ་སྨྲ་བ་ཉུང་ན་མཛེས།འདོད་ན།རྣམ་བཤད་ལས།དེ་དག་ཀྱང་སྦྱོར་བའི་བྱེ་བྲག་གིས་ཐ་དད་དུ་དབྱེ་བ་ཙམ་ཡིན་གྱི།སྦྱོར་བ་སོ་སོར་ངེས་པའི་དབང་གི་མ་ཡིན་ཏེ།གྲང་རེག་གཅིག་བུ་འགོག་པ་ལ་ཡང་དུ་མར་དབྱེ་རུང་ངོ་། །ཞེས་དང་།སྡེ་བདུན་རྒྱན་ལས།དབྱེ་ན་འགལ་བ་རང་བཞིན་དམིགས་པ་བཞི་རྣམས་སོ།།དང་པོ་བཞི་ནི་ཞེས་སོགས་ཀྱིས་གྲང་རེག་གཅིག་བུ་འགོག་པ་ཡང་།སྦྱོར་བའི་བཅུ་གཉིས་བཤད་པ་མི་རིགས་པར་ཐལ།འདོད་པའི་ཕྱིར།གཞན་ཡང་།རིགས་ཐིག་ལས།འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་གོ །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ།ཁྱོད་ཀྱིས་སྣང་རུང་མི་དམིགས་པའི་རྟགས་ཡང་དག་དེ་ལ་འབྲེལ་ཟླ་མི་དམིགས་པ་བཞི་དང་།འགལ་ཟླ་དམིགས་པ་དྲུག་དང་མི་སྣང་བ་མི་དམིགས་པ་གསུམ་མི་བགྲང་བར་སྔ་མ་དེའི་སྟེང་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཅིག་དང་བཅུ་གཅིག་ཡོད་པ་དེའི་དོན་དུ་ཁས་བླང་བ་མ་ཡིན་པའི་ཕྱིར།རྟགས་ཁས།གཞན་ཡང་།དགག་རྟགས་དེ་ལ་ཉི་ཤུ་རྩ་བཞི་མེད་པར་ཐལ།ཁྱོད་ཀྱིས་དགག་རྟགས་དང་སྣང་རུང་མི་དམིགས་པ་རེ་རེ་ལ་བཅུ་བཅུ་ལས་མི་འདོད་པ་དེའི་ཕྱིར།འདོད་ན།དེ་མི་འཐད་པར་ཐལ།དགག་རྟགས་དེ་ལ་སྣང་རུང་མི་དམིགས་པའི་རྟགས་ལ་དབྱེ་བའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འབྲེལ་ཟླ་མི་དམིགས་པ་བཞི་དང་།སྡེ་བདུན་གྱིས་བཤད་པ་ལྟར་འགལ་ཟླ་དམིགས་པ་བཅུ་གཉིས་དང་།ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་དང་།མི་སྣང་བ་མི་དམིགས་པ་གསུམ་དང་ཉི་ཤུ་རྩ་གཅིག་སྔ་མ་རྣམས་ཀྱི་ལུང་དག་གིས་ཀྱང་བཤད་ལ།ད་དུང་དེའི་དོན་སྒྲ་དང་བཅས་པ་འཆད་པར་འགྱུར་བའི་ཕྱིར།བྱས་པ་ལ་ཁོ་ན་རེ།ཛྙཱ་ན་ཤྲཱི་ལྟར་མེའི་རྒྱུའི་ནུས་པ་ཐོགས་མེད་ཀྱིས་གྲང་རེག་སྐོར་བཞི་འགོག་པའི་འགལ་བའི་རྒྱུ་ཙམ་གྱི་རྟགས་བཞི་ཁས་ལེན་རིགས་པར་ཐལ།ཉེར་ལྔར་འདོད་རུང་བ་གཅིག་ཡོད་པ་དེའི་ཕྱིར་ན་མ་ཁྱབ།ཁྱབ་བྱ་དམིགས་པ་བཞིའི་ཁྱབ་བྱེད་དམིགས་པ་བཞི་ཡང་བགྲང་ཆོག་པའི་ཕྱིར།གཞན་ཡང་མཁས་གྲུབ་རྗེ་དང་དགེ་འདུན་གྲུབ་གཉིས་ཀས་ཀྱང་དགག་རྟགས་སམ་མི་དམིགས་པའི་རྟགས་ཉེར་གཅིག་མི་བཞེད་པར་ཐལ།དེ་གཉིས་ཀས་ཀྱང་རྣམ་འགྲེལ་ཊཱིཀ་ཆེན་དང་སྤྱི་དོན་རིགས་རྒྱན་དུ་དགག་རྟགས་འཇུག་ཚུལ་བཅུར་དར་ཊཱིཀ་ལྟར་བཤད་པའི་ཕྱིར།རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས།བསྒྲུབ་བྱ་དགག་པ་གོ་བར་བྱེད་པ་ལ།དགག་བྱའི་ཆོས་སྐབས་ཀྱི་ཕྱི་རྒོལ་ལ་ཡོད་ཀྱང་སྣང་དུ་མི་རུང་བ་དང་།ཡོད་ན་སྣང་དུ་རུང་བ་གཉིས་སུ་ངེས་པ་དེའི་ཕྱིར།དགག་རྟགས་ལ་མི་སྣང་བ་མ་དམིགས་པ་དང་།སྣང་རུང་མི་དམིགས་པའི་རྟགས་གཉིས་སུ་ངེས་སོ། །ཞེས་པ་ནས།འགལ་དམིགས་དྲུག་དང་།འབྲེལ་ཟླ་མི་དམིགས་པ་བཞིར་ངེས་པ་དེའི་ཕྱིར།རྣམ་ངེས་ལས།དེ་ལྟར་ན་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ། །ཞེས་གསུངས་སོ། །ཞེས་དང་།སྤྱི་དོན་རིགས་རྒྱན་ལས།དགག་བྱ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་ལ།ཞེས་པ་ནས་དེ་ལྟར་ན་འབྲེལ་ཟླ་མི་དམིགས་པའི་རྟགས་བཞི་འགལ་ཟླ་དམིགས་པའི་རྟགས་དྲུག་སྟེ་དགག་རྟགས་བཅུར་འགྱུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།རིགས་ཐིག་ལས་གསུངས་པའི་འབྲས་བུ་དམིགས་པ་སོགས་ལྷག་མའི་དགག་རྟགས་བཅུ་བོ་དེ་བཅུ་གཅིག་གི་དང་པོ་རང་བཞིན་མི་དམིགས་པའི་ནང་དུ་བརྒྱུད་ནས་འདུ་ཡང་རང་བཞིན་མི་དམིགས་པའི་རྟགས་དངོས་གནས་པ་མ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།རིགས་ཐིག་ལས་བརྒྱུད་པའི་སྒོ་ནས་འབྲས་བུ་མི་དམིགས་པ་ལ་སོགས་པ་མི་དམིགས་པ་བཅུ་པོ་དེ་དག་ཐམས་ཅད་ནི་རང་བཞིན་མི་དམིགས་པའི་ནང་དུ་འདུ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང་།བརྒྱུད་པའི་སྒོ་ནས་ཞེས་པའི་རྣམ་བཅད་ཡོད་པའི་ཕྱིར།དུལ་བ་ལྷའི་འགྲེལ་བ་སློབ་ཕན་ལས།འབྲས་བུ་མི་དམིགས་པ་ལ་སོགས་པ་དག་ལ་ནི།དོན་གཞན་དགག་པ་ཡིན་ལ། །རང་བཞིན་འགལ་དམིགས་ལ་སོགས་པ་ནི་དོན་གཞན་ཡོད་པ་མ་ཡིན་ནམ་འོ་ན།ཇི་ལྟར་ན་དེའི་ནང་དུ་འདུ་ཞེས།ཞེས་པ་ནས།གལ་ཏེ་དོན་གཞན་ཡོད་པ་དང་།དགག་པ་དག་གིས་སྦྱོར་བ་ཐ་དད་དུ་འགྱུར་བར་བརྒྱུད་ནས་དེའི་ནང་དུ་འདུ་བར་དགོངས་ཀྱི་དངོས་སུ་ནི་མ་ཡིན་ཏེ་ཞེས་སོགས་ཀྱིས་རང་བཞིན་མི་དམིགས་པར་འདུ་ཚུལ་བཤད་པས་དེར་ལྟོས་ཤིག །འདིར་མདོར་བསྡུས་ན་དགག་རྟགས་ལྷག་མ་བཅུ་རང་བཞིན་མི་དམིགས་པར་བརྒྱུད་ནས་འདུ་ཚུལ་ཡོད་དེ།རང་བཞིན་དམིགས་པ་འབྲེལ་ཟླ་མི་དམིགས་པ་ཡིན་ཕྱི་མ་བདུན་འགལ་ཟླ་དམིགས་པ་ཡིན་པས།དེར་དངོས་སུ་སྣང་རུང་མི་དམིགས་པ་བརྗོད་པར་མི་འདུ་ཡང་བརྒྱུད་ནས་འགལ་ཟླ་བརྗོད་ནས་ཀྱང་དགག་བྱ་སྣང་རུང་མི་དམིགས་པ་འཕེན་ཅིང་གྲུབ་པ་ཡིན་པའི་ཕྱིར།དཔེར་ན།མེ་མེད་དེ།བ་མོ་ཡོད་པའི་ཕྱིར།ཞེས་པའི་རྟགས་ཀྱིས་མེ་མེད་དངོས་སུ་མི་བརྗོད་ཀྱང་།འགལ་ཟླ་དངོས་སུ་བརྗོད་ནས་མེ་མེད་པར་ཤུགས་ལ་སྒྲུབ་པ་བཞིན་ཡིན་པའི་ཕྱིར།འདི་དག་དཔེའི་སྒོ་ནས་བཤད་པ་ཡིན་ལ།དོན་བདེན་བཞིའི་ཁྱད་པར་བཅུ་དྲུག་དང་།འགལ་དམིགས་ཀྱི་གཙོ་བོ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དང་།སྤང་བྱ་བདག་འཛིན་ལ་བྱས་ཏེ་གྲོལ་བ་བོའི་རྒྱུད་ལ་སྦྱོར་ཚུལ་དང་།གཉེན་པོས་སྤང་བྱ་རིམ་གྱིས་སྤོང་ཚུལ་དག་ཤེས་པར་གྱིས།

སྨྲས་པ།

རིགས་པ་བཅུ་གཉིས་བདག་པོ་འཆར་བ་ལ།

མངོན་དུ་ཕྱོགས་པ་ཙམ་གྱིས་བདག་འཛིན་མུན། །

འཐུག་པོ་འཇིགས་པའི་ངང་ཚུལ་སྣང་མུན་དང་། །

མཐུན་པར་སྟོན་པས་འཛུམ་གྱིས་ཤེར་མདོར་གསུངས། །

ཚུལ་དེ་རིགས་པས་བསྒྲུབ་པ་ཕྱོགས་གླང་དང་། །ཆོས་ཀྱི་གྲགས་པ་འོད་སྟོང་བདག་པོ་བཞིན།།ཐུབ་བསྟན་ཀུན་གསལ་བློ་གྲོས་པདྨ་བརྒྱའི། །དགའ་བའི་སྦྲང་རྩི་གེ་སར་ལྷན་ཅིག་རྒྱས། །ཞེས་རྟགས་རིགས་ཀྱི་རྣམ་བཞག་བློ་གསལ་མགུལ་རྒྱན་ཙིནྟ་ཎིའི་ཕྲེང་མཛེས་ཞེས་བྱ་བ་འདི་ཡང་དཔལ་ལྡན་བཀྲ་ཤིས་སྒོ་མང་ལ་རྟགས་རིགས་འཛིན་ཆོས་སུ་བཏང་བ་སླར་ཡང་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཞུས་དག་བྱས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།