རྟགས་རིགས་སྡོམ་ཚིག་གི་འགྲེལ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-17 19:51:54         ཀློག་ཐེངས།  

༄༅།།དཀོན་མཆོག་རྣམ་གསུམ་འདུས་པའི་ངོ་བོ་ཉིད།།

རྒྱ་ཆེན་གཞུང་ལ་མཁྱེན་པའི་དཔལ་མངའ་བ།།

བདག་ཅག་སྲིད་མཚོ་ཆེ་ལས་སྒྲོལ་བའི་གྲུ།།

བཤེས་གཉེན་དམ་པས་དུས་ཀུན་སྐྱོངས་གྱུར་ཅིག།

འདིར་མཁས་པའི་དབང་བོ་ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་རྟགས་རིགས་སྡོམ་ཚིག་གི་དོན་ཅུང་ཟད་འགྲེལ་བ་ལ། 

སྡོམ་ལས།  འདྲེན་པ་མཉམ་མེད་ཤཱཀྱའི་ཏོག། 

རྒྱལ་ཀུན་ཡབ་གཅིག་མཁྱེན་པའི་གཏེར།།

རིགས་པའི་དབང་ཕྱུག་རྣམ་གཉིས་དང་།།

ཀུན་མཁྱེན་ཙོང་ཁ་བ་ལ་འདུད།།

ཅེས་གསུངས།  དེའི་དོན་ནི་འགྲོ་བ་སེམས་ཅན་རྣམས་འཁོར་བ་ལས་འདྲེན་པ་ལ་སུ་གང་གིས་ཀྱང་མཉམ་པ་མེད་པ་ཤཱཀྱའི་ཏོག་སྟེ་བདག་ཅག་གི་སྟོན་པ་དང་།  སློབ་ལམ་དུ་ཤཱཀྱ་ཐུབ་པ་དང་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པ་སོགས་ཀྱི་སྒོ་ནས་རྒྱལ་བ་ཀུན་གྱི་ཡབ་གཅིག་མཁྱེན་པའི་གཏེར་ཏེ་རྗེ་བཙུན་འཇམ་པའི་དབྱངས་དང་།  རིགས་པའི་དབང་ཕྱུག་ཆེན་པོ་ཕྱོགས་གླང་ཆོས་གྲགས་རྣམ་པ་གཉིས་དང་།  རྒྱལ་བ་གཉིས་པ་ཤར་ཙོང་ཁ་བ་དང་བཅས་པ་ལ་གུས་པས་འདུད་ཅེས་པའོ།།

རྩ་བར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།

གཏན་ཚིགས་དེ་ནི་རྣམ་གསུམ་ཉིད།།

མེད་ན་མི་འབྱུང་ངེས་ཕྱིར་རོ།།

གཏན་ཚིགས་ལྟར་སྣང་དེ་ལས་གཞན།།ཞེས་པའི་དོན།

སྡོམ་ལས།  ཞེས་གསུངས་ཚིག་རྐང་དང་བོ་ཡིས།།

ཕྱོགས་ཆོས་དངོས་དང་དེ་ཆས་ཁྱབ།།

ཅེས་པས་རྗེས་ཁྱབ་དངོས་སུ་དང་།།

ལྡོག་ཁྱབ་ཤུགས་ལ་བསྟན་པ་ཡིན།།

གཏན་ཚིགས་ཞེས་པས་རྟགས་དངོས་དང་།།

དེ་ནི་རྣམ་གསུམ་ཉིད་ཅེས་པས།།

དབྱེ་བ་འབྲས་རང་མ་དམིགས་དང་།།

ཚིག་རྐང་གསུམ་པས་གྲངས་ངེས་པའི།།

རྒྱུ་མཚན་བསྟན་ཅིང་བཞི་བས་ནི།།

བཟློག་ཕྱོགས་གཏན་ཚིགས་ལྟར་སྣང་བསྟན།། 

ཞེས་པའི་དོན་ནི་རྩ་བ་ལས།  ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།  ཞེས་གསུངས་པའི་ཚིག་རྐང་དང་བོའི་ཕྱོགས་ཆོས་ཞེས་པས་ཕྱོགས་ཆོས་དངོས་སུ་དང་།  དེ་ཆས་ཁྱབ་ཅེས་པས་རྗེས་ཁྱབ་དངོས་སུ་བསྟན་ནས་ལྡོག་ཁྱབ་ཤུགས་ལ་བསྟན་པ་དང་།  རྐང་བ་གཉིས་པའི་གཏན་ཚིགས་ཞེས་པས་རྟགས་དངོས་སུ་དང་།  དེ་ནི་རྣམ་གསུམ་ཉིད་ཅེས་པས་རྟགས་ཡང་དག་ལ་དབྱེ་ན་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ཡོད་ཅེས་པའོ།།  ཚིག་རྐང་གསུམ་པའི་མེད་ན་མི་འབྱུང་ངེས་ཕྱིར་རོ།།  ཞེས་པའི་རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན་དང་།  རྐང་བ་བཞི་བའི་གཏན་ཚིགས་ལྟར་སྣང་དེ་ལས་གཞན།།  ཞེས་པས་རྟགས་ཡང་དག་གི་གོལ་སའམ་དེའི་བཟློག་(ཤིང་དཔར་དུ་ཟ་བཟློག་བྱས་ཡོད་ཀྱང་ལ་ལྡོག་དག་གསུངས།) ཕྱོགས་གཏན་ཚིགས་ལྟར་སྣང་བསྟན་ཞེས་པའོ།།

སྡོམ་ལས།  དེ་ཡང་རྟགས་སུ་བཀོད་པ་ནི།།

རྟགས་ཀྱི་མཚན་ཉིད་དབྱེ་བ་ལ།།

རྟགས་ཡང་དག་དང་ལྟར་སྣང་གཉིས།།

ཞེས་པའི་དོན།  རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད།  དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་དེ་སྒྲུབ་ཀྱི་རྟགས་ཀྱི་མཚན་ཉིད།  སྤྱིར་བཏང་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་ཀྱང་སྦྱོར་བ་སྐོར་གཅིག་ལ་དབྱེ་ན།  རྟགས་ཡང་དག་དང་ལྟར་སྣང་གཉིས་ཡོད་ཅེས་པའི་དོན་ནོ།།

སྡོམ་ལས།  ཆོས་ཅན་དུ་ནི་གཟུང་བ་དེ།།

རྩོད་གཞིའི་མཚན་ཉིད་རྣམ་གྲངས་ཀྱང་།།

ཆོས་ཅན་རྩོད་གཞི་དཔག་གཞི་གསུམ།།

དོན་གཅིག་ཏུ་ནི་ཤེས་པར་བྱ།།

ཞེས་པའི་དོན།  ཆོས་ཅན་དུ་བཟུང་བ་རྩོད་གཞིའི་མཚན་ཉིད།  ཆོས་ཅན།  རྩོད་གཞི།  དཔག་གཞི་གསུམ་དོན་གཅིག་ཏུ་ཤེས་པར་བྱ་ཞེས་པའོ།། 

སྡོམ་ལས།  བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དེ།།

བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད་ཡིན།།

སྒྲས་བརྗོད་རིགས་ཀྱི་སྒོ་ནས་ནི།།

དངོས་དང་ཤུགས་ཀྱི་བསྒྲུབ་ཆོས་གཉིས།།

ཞེས་པའི་དོན།  བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ་དེ།  བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད།  ཅེས་དང་།  དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།  དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང་།  དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཡོད།  བདག་མེད་ཡིན་ན་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་དགོས་པས་སྒྲས་བརྗོད་རིགས་ཞེས་གསུངས་སོ།།

སྡོམ་ལས།  བསྒྲུབ་བྱའི་ཆོས་ཀྱི་སྒྲུབ་ཚུལ་དང་།།

མཐུན་པར་སྟོང་དང་མི་སྟོང་ལ།།

མི་མཐུན་ཕྱོགས་དང་མཐུན་ཕྱོགས་ཟེར།།

མེད་དང་གཞན་དང་འགལ་བ་ཡི།།

མི་མཐུན་ཕྱོགས་ནི་རྣམ་གསུམ་ཡོད།།

ཅེས་པའི་དོན་རྟགས་རིགས་མཐའ་དཔྱོད་༩ ལས།  དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྒྲུབ་ཚུལ་དང་མཐུན་པར་མི་སྟོང་བ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད།  ཅེས་དང་།  མི་རྟག་པ་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་གཉིས་དོན་གཅིག་ཡིན་ཁྱབ་མཉམ་ཡིན།  དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་སྟོང་བ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད།  ཅེས་གསུངས།  མི་རྟག་པ་མ་ཡིན་པ་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གཉིས་དོན་གཅིག་ཡིན་ཁྱབ་མཉམ་ཡིན།  སྒྲ་མི་རྟག་སྒྲུབ་ལྟ་བུ་གཞིར་བཞག་བྱས་ན་དེའི་མི་མཐུན་ཕྱོགས་དེ་ལ་དབྱེ་ན། རི་བོང་རྭ་མེད་པ་དང་། ཤེས་བྱ་གཞན་པ་དང་། རྟག་པ་འགལ་བ་མི་མཐུན་ཕྱོགས་གསུམ་ཡོད་ཅེས་པའོ།།

སྡོམ་ལས།  མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་པོ།།

རེ་རེར་སྒྲ་བཤད་འཇུག་གི་མུ།།

གསུམ་གསུམ་ཡོད་པའང་ཤེས་པར་བྱ།།

ཞེས་པའི་དོན།  དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་པོ་རེ་རེ་ལའང་སྒྲ་བཤད་འཇུག་གི་མུ་གསུམ་རེ་ཡོད་པའང་ཤེས་པར་བྱ།  དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ལ།  དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་མུ་ནི།  བུམ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཉིས་ཀ་ཡིན་པའི་མུ།  འདུས་མ་བྱས་ཀྱི་ནམ་མཁའ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་ལ།  དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་མུ།  འདུས་མ་བྱས་ཀྱི་ནམ་མཁའ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པ་དང་། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་མུ་ཡིན།  མུ་བཞི་བ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་ལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་མ་ཡིན་པའི་མུ་ནི་མེད་དེ།  དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་ན།  དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་དགོས་པའི་ཕྱིར།  དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་སྒྲ་བཤད་འཇུག་གི་མུ་གསུམ་ཡོད་དེ། འདུས་མ་བྱས་ཀྱི་ནམ་མཁའ་དེ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་ལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་མུ།  ནམ་མཁའ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་མིན་ལ།  དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་ཡོད་པའི་མུ།  བུམ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཉིས་ཀ་མ་ཡིན་པའི་མུ་ཡིན།  འདི་ལ་ཡང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ལ།  དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་མུ་ནི་མེད་དེ།  དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན།  དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་སྒྲ་བཤད་ཡོད་པས་ཁྱབ་པའི་ཕྱིར།

སྡོམ་ལས། དེ་ལ་ཚུལ་གསུམ་ཡིན་པ་ནི།།

རྟགས་ཡང་དག་གི་མཚན་ཉིད་ཡིན།།

ཚུལ་གསུམ་ཞེས་པ་ཕྱོགས་ཆོས་དང་།།

རྗེས་ཁྱབ་དང་ནི་ལྡོག་ཁྱབ་བོ།།

ཞེས་པའི་དོན།  རྟགས་རིགས་མཐའ་དཔྱོད་༡༦ལས།  རྟགས་ཡང་དག་གི་མཚན་ཉིད་བཤད་པ་ལ།  ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཅེས་དང་།  ཚུལ་གསུམ་ཡོད་དེ། ཕྱོགས་ཆོས།  རྗེས་ཁྱབ།  ལྡོག་ཁྱབ་གསུམ་པོ་དེ་ཡིན་པའི་ཕྱིར།  ཞེས་གསུངས་པ་ལྟར་རོ།། 

སྡོམ་ལས།  ཕྱོགས་སྒྲའི་འཇུག་གཞི་གསུམ་ཡིན་ཏེ།།

ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི།།

ཕྱོགས་དང་དེ་འདྲའི་དཔག་བྱ་དང་།།

བསྒྲུབ་བྱ་ཤེས་འདོད་ཆོས་ཅན་དང་།།

དཔག་བྱའི་བསྒྲུབ་བྱའི་ཆོས་ཅན་དང་།།

རྩོད་གཞི་དང་ནི་དེ་སྒྲུབ་ཀྱི།།

གཞི་རྣམས་དོན་གཅིག་རྣམ་གྲངས་ཡིན།།

ཞེས་པའི་དོན།  རྟགས་རིགས་མཐའ་དཔྱོད་༡༣ལས།  སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྐབས་ཀྱི་ཕྱོགས་ཀྱི་སྒྲའི་འཇུག་གཞི་དེ་ལ་ཡང་གསུམ་ཡོད་པ་གང་ཞིག། ཅེས་གསུངས་པ།  སྤྱིར་ཕྱོགས་ཀྱི་སྒྲ་དངོས་བཏགས་ཅི་རིགས་ཀྱིས་རྩོད་གཞི་དང་།  བསྒྲུབ་བྱའི་ཆོས།  བསྒྲུབ་བྱ་གསུམ་ག་ལ་འཇུག་པའི་དོན། ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་ཕྱོགས།  ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་དཔག་བྱ།  ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་བསྒྲུབ་བྱ།  དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན།  དེ་སྒྲུབ་ཀྱི་དཔག་བྱའི་ཆོས་ཅན།  དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཅན།  དེ་སྒྲུབ་ཀྱི་རྩོད་གཞི།  དེ་སྒྲུབ་ཀྱི་གཞི་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་པའོ།།  ལེའུ་དང་བོའི་མཐའ་དཔྱོད་༦༣ལས། ཡང་ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་བཤད་པའི་དངོས་བསྟན་གྱི་ཕྱོགས་ལ་རྩོད་གཞིས་མ་ཁྱབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་དངོས་བསྟན་གྱི་ཕྱོགས་ལ་དེ་ལྟར་མ་ཁྱབ་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ཚིག་དེས་དེ་སྒྲུབ་ཀྱི་ཕྱོགས་ཆོས་དངོས་སུ་བསྟན་པའི་ཕྱིར་ན་ཡང་མ་ཁྱབ། མ་གྲུབ་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲས་དངོས་སུ་བསྟན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད།

སྡོམ་ལས།  མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི།།

དངོས་ཟིན་ཕྱོགས་དང་དཔག་བྱ་དང་།།

བསྒྲུབ་བྱ་དཔག་བྱའི་ཆོས་དང་ནི།།

བསྒྲུབ་བྱའི་ཆོས་དང་དེ་སྒྲུབ་ཀྱི།།

ཆོས་རྣམས་མིང་གི་རྣམ་གྲངས་སོ།།

ཞེས་པའི་དོན།  མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་དངོས་ཟིན་ནམ་དེའི་ཚིག་ཟུར་གྱི་ཕྱོགས། མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་དངོས་ཟིན་གྱི་དཔག་བྱ།  མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་དངོས་ཟིན་གྱི་བསྒྲུབ་བྱ།  དཔག་བྱའི་ཆོས།  བསྒྲུབ་བྱའི་ཆོས།  དེ་སྒྲུབ་ཀྱི་ཆོས་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་པའོ།།

སྡོམ་ལས།  སྦྱོར་སྐོར་དེ་ཡི་བསྒྲུབ་བྱ་དང་།།

ཕྱོགས་དང་རྗེས་སུ་དཔག་བྱ་དང་།།

ཆོས་དང་ཆོས་ཅན་ཚོགས་དོན་དང་།།

ཆོས་ཀྱི་ཁྱད་པར་དུ་བྱས་པའི།།

རྩོད་གཞི་དང་ནི་རྩོད་གཞི་ཡི།།

ཁྱད་པར་བྱས་པའི་ཆོས་རྣམས་ཀྱང་།།

དོན་གཅིག་ཏུ་ནི་ཤེས་པར་བྱ།།

ཞེས་པའི་དོན།  སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱ།  སྦྱོར་བ་སྐོར་གཅིག་གི་ཕྱོགས།  སྦྱོར་བ་སྐོར་གཅིག་གི་རྗེས་སུ་དཔག་བྱ། སྦྱོར་བ་སྐོར་གཅིག་གི་ཆོས་དང་ཆོས་ཅན་གྱི་ཚོགས་དོན།  ཆོས་ཀྱི་ཁྱད་པར་དུ་བྱས་པའི་རྩོད་གཞི། རྩོད་གཞིའི་ཁྱད་པར་དུ་བྱས་པའི་ཆོས། རྗེས་མ་གཉིས་སྒྲ་མི་རྟག་སྒྲུབ་ལྟ་བུར་མཚོན་ན།  མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ།  སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་རྣམས་ཀྱང་དོན་གཅིག་ཏུ་ཤེས་པར་བྱ་ཞེས་པའོ།།

སྡོམ་ལས། དེ་ཡང་ཆོས་དང་ཆོས་ཅན་གྱི།།

ཚོགས་དོན་བསྒྲུབ་བྱ་དངོས་ཡིན་ལ།།

ཆོས་དང་ཆོས་ཅན་སོ་སོ་བ།།

ཚོགས་དོན་དེ་ཡི་ཡ་གྱལ་ཕྱིར།།

བསྒྲུབ་བྱའི་མིང་གིས་བཏགས་པ་ཡིན།།

ཞེས་པའི་དོན།  དེ་ཡང་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཏེ་སྒྲ་མི་རྟག་སྒྲུབ་ལྟ་བུ་ལ་མཚོན་ན་སྒྲ་མི་རྟག་པ་བསྒྲུབ་བྱའམ་ཕྱོགས་དངོས་ཡིན་ལ། ཆོས་དང་ཆོས་ཅན་སོ་སོ་བ་སྟེ་སྒྲ་དང་མི་རྟག་པ་རེ་རེ་ནས་ཚོགས་དོན་ནམ་བསྒྲུབ་བྱ་དེའི་ཡ་གྱལ་ཡིན་པའི་ཕྱིར་ཕྱོགས་ཞེས་བསྒྲུབ་བྱའི་མིང་གིས་བཏགས་པ་ཡིན།  ཞེས་པའོ།། དེ་ལྟར་བཏགས་པ་ལ་དགོས་པ།  རྒྱུ་མཚན།  དངོས་ལ་གནོད་བྱེད་དེ་བཏགས་པའི་ཆོས་གསུམ་ཚང་བ་ནི། ལེའུ་དང་བོའི་མཐའ་དཔྱོད་༥༠ ལས། དེ་ལྟར་བཏགས་པའི་དགོས་པ་ཡོད་པ་གང་ཞིག།  རྒྱུ་མཚན་ཡང་ཡོད་པའི་ཕྱིར་ཞེས་སོགས་གསུངས།  དངོས་ལ་གནོད་བྱེད་ནི། ཆོས་དང་ཆོས་ཅན་རེ་རེ་བ་ཚོགས་དོན་ནམ་བསྒྲུབ་བྱ་མིན་པས་སོ།། 

སྡོམ་ལས། ཚུལ་གསུམ་སོ་སོའི་མཚན་ཉིད་ཟུར།།

བཞི་བཞི་སྨོས་པའི་བསལ་བྱ་ནི།།

ཆོས་ཅན་ལ་ནི་འགོད་ཚུལ་དང་།།

མཐུན་པར་ཡོད་པ་དང་ནི་ཉིད།།

དེ་ལྟར་ངེས་པ་གཉིས་ཏེ་བཞིས།།

མ་གྲུབ་པ་ཡི་རྟགས་རྣམས་སེལ།།

ཞེས་པའི་དོན།  ཕྱོགས་ཆོས།  རྗེས་ཁྱབ།  ལྡོག་ཁྱབ་སྟེ་ཚུལ་གསུམ་སོ་སོ་སྟེ་རེ་རེའི་མཚན་ཉིད་ཀྱི་ཟུར་དུ་ཡོད་པ།  ཡོད་པ་ཉིད།  ཡོད་པར་ཚད་མས་ངེས་པ།  ཡོད་པ་ཉིད་དུ་ཚད་མས་ངེས་པ་ཞེས་པའི་བཞི་རེ་སྨོས་པའི་བསལ་བྱ་ནི། ཕྱོགས་ཆོས་ལ་མཆན་༣༨༡ ལས།  ཕྱོགས་ཆོས་ཀྱི་མཚན་ཉིད་ལ་ཟུར་བཞི་བྱེད་དགོས་ཏེ།  ཤེས་འདོད་ཆོས་ཅན་ལ་ཡོད་པ་དང་།  ཡོད་པ་ཉིད་དང་།  ཡོད་པར་ཚད་མས་ངེས་པ་དང་།  ཡོད་པ་ཉིད་དུ་ཚད་མས་ངེས་པ་བཞི་བྱེད་དགོས་པའི་ཕྱིར།  དེ་ཡང་ཟུར་དང་བོས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་བོ་གསུམ་དང་།  ཟུར་གཉིས་པས་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གཉིས་དང་།  ཟུར་ཕྱི་མ་གཉིས་ཀྱིས་བློ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་།  རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དག་སེལ་བའི་ཕྱིར།  ཞེས་གསུངས་པ་ལྟར་རོ།།

སྡོམ་ལས།མཐུན་པའི་ཕྱོགས་ལ་ཡོད་པ་དང་།།

མཐུན་ཕྱོགས་ཁོ་ནར་ཡོད་པ་དང་།།

དེ་ལྟར་ངེས་པ་གཉིས་བཅས་བཞིས།།

གཙོ་བོར་འགལ་རྟགས་སེལ་བ་ཡིན།།

ཞེས་པའི་དོན། མཆན་༣༨༥ ལས།  རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་ལ་བཞི་བྱེད་དགོས་ཏེ།  མཐུན་ཕྱོགས་ལ་ཡོད་པ་དང་། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང་།  མཐུན་ཕྱོགས་ལ་ཡོད་པར་ངེས་པ་དང་།  མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་བཞི་བྱེད་དགོས་པས། ཟུར་དང་བོས་འགལ་རྟགས་དང་།  གཉིས་པས་དངོས་ཀྱི་མ་ངེས་པ་དང་།  ཟུར་གསུམ་པས་འགལ་བ་ལྷག་ལྡན་དང་། ཐུན་མོང་མ་ཡིན་པའི་མ་ངེས་པ་དང་། ཟུར་བཞི་བས་ཡང་དག་ལྷག་ལྡན་གྱི་མ་ངེས་པ་སེལ་བའི་ཕྱིར།  ཞེས་གསུངས་པ་ལྟར་རོ།།

སྡོམ་ལས། མི་མཐུན་ཕྱོགས་ལ་མེད་པ་དང་།།

མེད་པ་ཁོ་ནར་ངེས་བཅས་བཞིས།།

གཙོ་བོར་མ་ངེས་པ་རྣམས་སེལ།།

ཞེས་པའི་དོན།  ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་ཡང་བཞི་བྱེད་དགོས་དེ།  མཆན་༣༩༠ ལས། སེལ་བྱ་ནི། མི་མཐུན་ཕྱོགས་ལ་མེད་པ་ཞེས་པས་འགལ་རྟགས་དང་།  མེད་པ་ཉིད་ཅེས་པས་དངོས་ཀྱི་མ་ངེས་པ་དང་།  མི་མཐུན་ཕྱོགས་ལ་མེད་པར་ངེས་པ་ཞེས་པས་ཡང་དག་ལྷག་ལྡན་དང་།  མེད་པ་ཉིད་དུ་ངེས་པ་ཞེས་པས་འགལ་བ་ལྷག་ལྡན་སེལ་བ་ཡིན་ནོ།།  ཞེས་གསུངས།  རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་ཀྱི་སེལ་བྱ་ཡིན་ན་འགལ་རྟགས་དང་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་གྱི་སེལ་བྱ་ཡིན་ན་མ་ངེས་པ་ཡིན་པས་མ་ཁྱབ་པས་གཉིས་ཀ་ལ་གཙོ་བོའི་སྒྲ་སྨྲས་སོ།།

སྡོམ་ལས།  དེ་ཡང་ཡོད་དང་ཁོ་ནའི་སྒྲས།།

གཙོ་བོར་དོན་སྐྱོན་སེལ་བ་དང་།།

ངེས་པ་གཉིས་ཀྱིས་བློ་སྐྱོན་སེལ།།

ཞེས་པའི་དོན། དེ་ཡང་མཐུན་ཕྱོགས་ལ་ཡོད་ཅེས་པ་དང་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་པའི་ཚིག་གིས།  དཔེར་ན་སྒྲ་ཆོས་ཅན།  མི་རྟག་སྟེ།  མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་སྦྱོར་བ་དོན་སྐྱོན་ཅན་གཙོ་བོར་སེལ་བ་དང་། མཐུན་ཕྱོགས་ལ་ཡོད་པར་ངེས་པ།  མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པའི་ཚིག་གཉིས་ཀྱིས།  དཔེར་ན་སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར།  ཞེས་བཀོད་པའི་ཚེ་སྐབས་ཀྱི་རྒོལ་བས་སྒྲ་བྱས་པར་མ་ངེས་པའམ་བྱས་ན་མི་རྟག་པས་ཁྱབ་པ་མ་ངེས་པ་ལྟ་བུའི་རྒོལ་བའི་བློ་སྐྱོན་དེ་དག་སེལ་བ་ཡིན་ཞེས་པའི་དོན་ནོ།། 

སྡོམ་ལས། རྟགས་ཡང་དག་གི་དབྱེ་བ་ལ།།

ངོ་བོ་དང་ནི་བསྒྲུབ་བྱ་དང་།།

སྒྲུབ་པའི་ཚུལ་དང་བསྒྲུབ་བྱའི་ཆོས།།

མཐུན་པའི་ཕྱོགས་ལ་འཇུག་ཚུལ་དང་།།

རྒོལ་བའི་སྒོ་ནས་དབྱེ་བ་དྲུག།

ཅེས་པའི་དོན་རྟགས་ཡང་དག་དེ་ལ་དབྱེ་སྒོ་མི་འདྲ་བ་དྲུག་ཡོད་དེ།  ངོ་བོའི་སྒོ་ནས་དང་།  བསྒྲུབ་བྱའི་སྒོ་ནས་དང་།  སྒྲུབ་ཚུལ་གྱི་དང་།  བསྒྲུབ་བྱའི་ཆོས་ཀྱི་དང་།  མཐུན་ཕྱོགས་ལ་འཇུག་ཚུལ་གྱི་དང་།  རྒོལ་བའི་སྒོ་ནས་དབྱེ་བ་དྲུག་ཡོད་ཅེས་པའོ།། 

སྡོམ་ལས། དང་བོ་ངོ་བོའི་སྒོ་ནས་ནི།།

འབྲས་རང་མ་དམིགས་པ་སྟེ་གསུམ།།

ཞེས་པའི་དོན་རྟགས་ཡང་དག་གི་དབྱེ་སྒོ་དང་བོ་ངོ་བོའི་སྒོ་ནས་དབྱེ་ན།  འབྲས་རྟགས་ཡང་དག་དང་།  རང་བཞིན་གྱི་རྟགས་ཡང་དག་དང་།  མ་དམིགས་པའི་རྟགས་ཡང་དག་གསུམ།  མཚན་གཞི་རིམ་པ་བཞིན་དུ།  དུ་ལྡན་ལ་ལ་ཆོས་ཅན།  མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར།  མཚན་མོའི་རྒྱ་མཚོར་ཆོས་ཅན།  དུ་བ་མེད་དེ།  མེ་མེད་པའི་ཕྱིར་ལྟ་བུའོ།། 

སྡོམ་ལས། བསྒྲུབ་བྱའི་སྒོ་ནས་དངོས་སྟོབས་དང་།།

ཡིད་ཆེས་པ་དང་གྲགས་རྟགས་གསུམ།།

ཞེས་པའི་དོན། གཉིས་པ་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན།  དངོས་སྟོབས་ཀྱི་རྟགས་ཡང་དག་དང་།  ཡིད་ཆེས་ཀྱི་རྟགས་ཡང་དག་དང་།  གྲགས་པའི་རྟགས་ཡང་དག་གསུམ།  མཚན་གཞི་རིམ་བཞིན།  དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར།  སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།།  ཞེས་སོགས་ཀྱི་ལུང་ཆོས་ཅན།  རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ།  དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར།  དཔེར་ན།  སྟོང་ཉིད་གཙོ་བོར་དངོས་སུ་སྟོན་པའི་མདོ་ལྟ་བུ་དེ་ཡིན་པའི་ཕྱིར།  རི་བོང་ཅན་ཆོས་ཅན།  ཟླ་བ་ཞེས་བརྗོད་པའི་སྒྲས་བརྗོད་རུང་ཡིན་ཏེ།  རྟོག་ཡུལ་ན་ཡོད་པའི་ཕྱིར།  ཞེས་པ་ལྟ་བུའོ།།

སྡོམ་ལས། སྒྲུབ་ཚུལ་སྒོ་ནས་དོན་སྒྲུབ་དང་།།

དོན་འབའ་ཞིག་དང་ཐ་སྙད་དང་།།

ཐ་སྙད་འབའ་ཞིག་སྒྲུབ་དང་བཞི།།

ཞེས་པའི་དོན་ནི།  གསུམ་པ་རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན།  དོན་སྒྲུབ་ཀྱི་དང་།  དོན་འབའ་ཞིག་སྒྲུབ་ཀྱི་དང་།  ཐ་སྙད་སྒྲུབ་ཀྱི་དང་།  ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་དང་བཞི་ཡོད་ཅེས་པའོ།།  མཚན་གཞི་རིམ་བཞིན།  སྒྲ་ཆོས་ཅན།  མི་རྟག་སྟེ། བྱས་པའི་ཕྱིར།  སྒྲ་ཆོས་ཅན།  སྐད་ཅིག་མ་ཡིན་ཏེ།  བྱས་པ་ཡིན་པའི་ཕྱིར།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར།  སྒྲ་ཆོས་ཅན།  མི་རྟག་སྟེ།  སྐད་ཅིག་མ་ཡིན་པའི་ཕྱིར་ལྟ་བུའོ།།

སྡོམ་ལས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་ནི།།

སྒྲུབ་རྟགས་དང་ནི་དགག་རྟགས་གཉིས།།

ཞེས་པའི་དོན། བཞི་བ་རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན་།  སྒྲུབ་རྟགས་ཡང་དག་དང་། དགག་རྟགས་ཡང་དག་གཉིས་ཡོད་ཅེས་པའོ།།  དང་བོ་ནི།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར།  གཉིས་པ་ནི།  སྒྲ་ཆོས་ཅན།  གང་ཟག་གི་བདག་མེད་ཡིན་ཏེ།  གང་ཟག་གི་བདག་ཏུ་ཚད་མས་མ་དམིགས་པའི་ཕྱིར་ལྟ་བུའོ།། 

སྡོམ་ལས། འཇུག་ཚུལ་སྒོ་ནས་མཐུན་ཕྱོགས་ལ།།

རྣམ་གཉིས་འཇུག་དང་ཁྱབ་བྱེད་གཉིས།།

ཞེས་པའི་དོན།  ལྔ་བ་རྟགས་ཡང་དག་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན།  མཐུན་ཕྱོགས་ལ་རྣམ་གཉིས་སུ་དང་།  མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་གཉིས་ལས་དང་བོ་ནི།  དུང་སྒྲ་ཆོས་ཅན།  མི་རྟག་སྟེ།  རྩོལ་བྱུང་ཡིན་པའི་ཕྱིར་ལྟ་བུ།  གཉིས་པ་ནི།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར་ལྟ་བུའོ།།

སྡོམ་ལས། རྒོལ་བའི་སྒོ་ནས་རང་དོན་དང་།།

གཞན་དོན་སྐབས་ཀྱི་རྟགས་གཉིས་སོ།།

ཞེས་པའི་དོན།  དྲུག་པ་རྟགས་ཡང་དག་ལ་རྒོལ་བའི་སྒོ་ནས་དབྱེ་ན་རང་དོན་སྐབས་ཀྱི་རྟགས་ཡང་དག་དང་གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས་ཡོད་ཅེས་པའོ།།  དང་བོ་ནི།  རང་གིས་རང་ཉིད་ལ་སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར་ཞེས་བཀོད་པ་ལྟ་བུ་དང་།  གཉིས་པ་ནི།  སྔ་རྒོལ་གྱིས་ཕྱི་རྒོལ་ལ།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར་ལྟ་བུ་གཉིས་ཀ་རྟགས་ཡང་དག་གཞིར་བཞག་གོ།

སྡོམ་ལས། དེ་དག་ཕན་ཚུན་མི་འགལ་ཏེ།།

དབྱེ་སྒོ་ཕྱི་མ་ལྔ་བོ་ལ།།

འབྲས་བུ་རང་བཞིན་མ་དམིགས་པའི།།

རྟགས་གསུམ་ཕལ་ཆེར་སྦྱར་དུ་རུང་།།

ཞེས་པའི་དོན་རྟགས་ཡང་དག་གི་དབྱེ་སྒོ་དེ་དག་འགལ་བ་མ་ཡིན་ཏེ། དབྱེ་སྒོ་མི་འདྲ་བ་དྲུག་ཡོད་པའི་ཕྱི་མ་ལྔ་བོ་ལ་ཡང་།  འབྲས་རྟགས་དང་།  རང་བཞིན་གྱི་རྟགས་དང་།  མ་དམིགས་པའི་རྟགས་ཡང་དག་གསུམ་ཕལ་ཆེར་སྦྱར་དུ་རུང་ངོ་ཞེས་པའོ།། 

སྡོམ་ལས། འབྲས་རྟགས་མདོ་ལས་གསུངས་ཚུལ་ནི།།

དུ་བ་ལས་ནི་མེར་ཤེས་དང་།།

ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།།

བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།

རིགས་ནི་མཚན་མ་དག་ལས་ཤེས།།

ཞེས་གསུངས་ཚིག་རྐང་དང་བོ་གཉིས།།

དཔེ་ཡི་འབྲས་རྟགས་གཉིས་བསྟན་ཅིང་།།

ཕྱི་མས་དོན་གྱི་འབྲས་རྟགས་བསྟན།།

ཅེས་པའི་དོན་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་གྱི་དང་བོ།  འབྲས་རྟགས་དེ་ཉིད་ཆོས་བཅུ་བའི་མདོ་ལས་གསུངས་ཚུལ་ནི།  དུ་བ་ཡོད་པའི་རྟགས་ལས་གཞི་དེར་མེ་ཡོད་པར་ཤེས་པ་དང་། ཆུ་སྐྱར་མཐོང་བ་ལས་གཞི་དེར་ཆུ་ཡོད་པར་ཤེས་པ་ལྟར། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི་རིགས་ཡིན་མིན་གྱི་ཁྱད་པར་ནི་ལུས་ངག་གི་མཚན་མ་དག་ལ་བརྟེན་ནས་ཤེས་ཞེས་གསུངས་པའི་ཚིག་རྐང་དང་བོ་གཉིས་ཏེ།  དུ་བ་ལས་ནི་མེར་ཤེས་དང་།།  ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།།  ཞེས་པས་དཔེའི་འབྲས་རྟགས་གཉིས་བསྟན་ཅིང་། ཕྱི་མ་སྟེ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།  རིགས་ནི་མཚན་མ་དག་ལས་ཤེས།། ཞེས་པའི་ཚིག་རྐང་གཉིས་ཀྱིས་དོན་གྱི་འབྲས་རྟགས་བསྟན་ཞེས་པའོ།།

སྡོམ་ལས། དེ་དོན་ཚད་མ་རྣམ་འགྲེལ་ལས།།

རྒྱུ་ལ་རང་བཞིན་ཇི་སྙེད་ཅིག།

མེད་ན་མི་འབྱུང་འབྲས་བུ་ནི།།

གཏན་ཚིགས་ཞེས་གསུངས་འབྲས་བུ་ནི།།

རྟགས་སུ་བཀོད་དེ་རྒྱུ་སྒྲུབ་པ།།

འབྲས་རྟགས་ཡིན་ཏེ་་་་།།

ཞེས་པའི་དོན་ཆོས་བཅུ་བའི་མདོ་ལས་གསུངས་པའི་འབྲས་རྟགས་དེ་དག་གི་དོན་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག། མེད་ན་མི་འབྱུང་འབྲས་བུ་ནི།། གཏན་ཚིགས་ཞེས་གསུངས་པའི་དོན་འབྲས་བུ་གང་ཡིན་རང་གི་རྒྱུ་རྐྱེན་ཚང་ན་འབྱུང་ལ་མ་ཚང་ན་མི་འབྱུང་བའི་འབྲས་བུ་དེ་འབྲས་བུའི་གཏན་ཚིགས་ཡིན་ཞེས་གསུངས་པས་དཔེར་ན།  འབྲས་བུ་དུ་བའི་རྟགས་ཀྱིས་གཞི་དེར་དེའི་རྒྱུ་མེ་ཡོད་པར་སྒྲུབ་པ་ལྟ་བུ་དེ་ནི་འབྲས་རྟགས་ཡིན་ཞེས་པ་དང་ཏེ་ནི་ལྷག་མ་འདྲེན་བྱེད་ཀྱི་ཚིག་ཡིན་པས་འབྲས་རྟགས་ཀྱི་དབྱེ་བ་རྣམས་འདྲེན་ནོ།།

སྡོམ་ལས། ་་་་་དབྱེ་བ་ལ།།

རྒྱུ་དངོས་སྒྲུབ་དང་སྔོན་སོང་སྒྲུབ།།

སྤྱི་སྒྲུབ་ཁྱད་པར་སྒྲུབ་པ་དང་།།

དེ་བཞིན་རྒྱུ་ཆོས་རྗེས་དཔོག་དང་།།

རྒྱུ་ཚོགས་གྲངས་ཚང་སྒྲུབ་དང་དྲུག།

བཤད་དོ་གཞན་ཡང་མཐུན་ཕྱོགས་ལ།།

ཁྱབ་བྱེད་རྣམ་གཉིས་འཇུག་པ་གཉིས།།

ཞེས་པའི་དོན་འབྲས་རྟགས་ཡང་དག་གི་དབྱེ་བ་ལ།  རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་།  རྒྱུ་སྔོན་སོང་སྒྲུབ་དང་།  རྒྱུ་སྤྱི་སྒྲུབ་དང་། རྒྱུ་ཁྱད་པར་སྒྲུབ་དང་།  དེ་བཞིན་དུ་རྒྱུ་ཆོས་རྗེས་དཔོག་དང་།  རྒྱུ་ཚོགས་གྲངས་ཚང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་དྲུག་རྣམ་འགྲེལ་ལས་བཤད་དོ།།  མཚན་གཞི་རིམ་པ་བཞིན།  དུ་ལྡན་ལ་ལ་ཆོས་ཅན།  མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར།  བེའུ་ཆོས་ཅན།  རང་གི་སྐྱེ་བ་སྔ་མའི་གོམས་པ་སྔོན་དུ་སོང་སྟེ།  སྐྱེས་ཙམ་ནས་ཟ་སོགས་ཤེས་པའི་ཕྱིར།  ཉེར་ལེན་གྱི་ཕུང་བོ་ཆོས་ཅན།  རང་རྒྱུ་དང་བཅས་པ་ཡིན་ཏེ།  རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར།  སྔོར་སྣང་དབང་ཤེས་ཆོས་ཅན།  རང་གི་དམིགས་རྐྱེན་དང་བཅས་པ་ཡིན་ཏེ།  རང་གི་དམིགས་རྐྱེན་མེད་པར་མི་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར།  ཁ་ནང་བུ་རམ་གོང་བུའི་སྟེང་དུ་ཆོས་ཅན།   བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་དེ།  བུ་རོ་ཕྱི་མ་ཡོད་པའི་ཕྱིར།  མྱུ་གུ་ཆོས་ཅན།  རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་ཏེ།  རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྲངས་མ་ཚང་བར་མི་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ།། གཞན་ཡང་འབྲས་རྟགས་དང་ཡང་དག་དེ་ལ་དབྱེ་ན།  མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་།  མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འབྲས་རྟགས་ཡང་དག་གཉིས།  དང་བོ་ནི།  དུ་ལྡན་ལ་ལ་ཆོས་ཅན།  དུ་བའི་རྒྱུར་གྱུར་བའི་མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར།  གཉིས་པ་ནི།  དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ལྟ་བུའོ།

སྡོམ་ལས། འབྲས་བུའི་རྟགས་སྦྱོར་ཕལ་ཆེར་ལ།།

སོང་ཚོད་དང་ནི་བཀོད་ཚོད་ཀྱི།།

རྟགས་ཆོས་གཉིས་གཉིས་འཇོག་པ་ཡིན།།

ཞེས་པའི་དོན་འབྲས་རྟགས་ཡང་དག་གི་སྦྱོར་བ་ཕལ་ཆེར་ལ།  སོང་ཚོད་ཀྱི་རྟགས་དུ་བ་དང་བཀོད་ཚོད་ཀྱི་རྟགས་དུ་བ་ཡོད་པ་གཉིས་དང་།  སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་མེ་དང་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་མེ་ཡོད་པ་གཉིས་རེ་འཇོག་པ་ཡིན་ཞེས་པའོ།

སྡོམ་ལས། རྟགས་རྣམས་ཕལ་ཆེར་མངོན་སུམ་དང།།

ཁྱབ་པ་རྒྱུ་འབྲས་ངེས་བྱེད་ཀྱི།།

ཚད་མའི་སྟོབས་ལས་གྲུབ་པ་སྟེ།།

དབང་རྣོན་མངོན་སུམ་ཕྲུགས་གཅིག་དང་།།

དབང་འབྲིང་གསུམ་དང་རྟུལ་བོ་ལྔས།།

རྒྱུ་འབྲས་ངེས་པར་བྱེད་པ་ཡིན།། 

ཞེས་པའི་དོན་དུ་བ་ལྟ་བུའི་རྟགས་རྣམས་ཕལ་ཆེར་མངོན་སུམ་གྱིས་གྲུབ་པ་དང་།  དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་མེ་དུའི་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མའི་སྟོབས་ལས་གྲུབ་པའམ་རྟོགས་པ་སྟེ།   དེ་ནི་རྒོལ་བ་དབང་རྣོན་གྱིས་མངོན་སུམ་ཕྲུགས་གཅིག་དང་།  དབང་འབྲིང་གིས་མངོན་སུམ་ཡ་གསུམ་དང་།  དབང་བོ་རྟུལ་བོས་མངོན་སུམ་ཡ་ལྔས་མེ་དང་དུ་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པར་བྱེད་པ་ཡིན་ཞེས་པའོ།། དེ་དག་གི་དོན་མཆན་༤༠༢ ལས།  མེ་དང་དུ་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ལ་ཕྲུགས་གསུམ་དང་ཡ་དྲུག་ཡོད་དེ།  དང་བོར་མེ་དུ་གཉིས་ཀ་ལ་དམིགས་པའི་དག་འཛིན་མངོན་སུམ་གཅིག།  དེའི་རྗེས་སུ་མེ་མཐོང་བའི་མངོན་སུམ་གཅིག།   དེའི་རྗེས་སུ་དུ་བ་ཡུལ་གཞན་ནས་འོང་བ་ལྟ་བུ་མ་ཡིན་པར་གཞི་དེར་དུ་བ་གསར་དུ་དམིགས་པའི་མངོན་སུམ་གཅིག།  དེའི་རྗེས་སུ་མེ་དུ་གཉིས་ཀ་དམིགས་པའི་མངོན་སུམ་གཅིག།  དེའི་རྗེས་སུ་མེ་མ་དམིགས་པའི་མངོན་སུམ་གཅིག།  དེའི་རྗེས་སུ་མེ་ལོག་སྟོབས་ཀྱིས་དུ་བ་ལོག་པར་མཐོང་བའི་མངོན་སུམ་གཅིག་སྟེ་དྲུག་ཡོད་པའི་ཕྱིར།  དེ་ཡང་རྒོལ་བ་དབང་རྣོན་གྱིས་དུ་བ་མེ་ལས་སྐྱེ་བཞིན་པ་མཐོང་བའི་ཚད་མ་གཅིག་གིས་འགྲུབ་པར་བྱེད་ལ།  དབང་འབྲིང་གིས་རྗེས་འགྲོ་ངེས་བྱེད་ཀྱི་ཚད་མ་དང་བོ་གསུམ་མམ།  ལྡོག་འགྲོ་ངེས་བྱེད་ཚད་མ་ཕྱི་མ་གསུམ་སྟེ། གསུམ་ཚན་གཉིས་པོ་གང་རུང་གཅིག་གིས་འགྱུར་བར་(འགྲུབ་པར)བྱེད་ཀྱང་།  དབང་རྟུལ་གྱིས་རྗེས་འགྲོ་ངེས་བྱེད་ཀྱི་ཚད་མ་ཕྱི་མ་གཉིས་ཀྱིས་འགྲུབ་པར་བྱེད་དོ།།  ཚད་མ་ཕྲུགས་གསུམ་གྱི་ནང་ནས་དུ་བ་མ་དམིགས་པའི་མངོན་སུམ་དང་དེའི་རྗེས་སུ་དུ་བ་གསར་དུ་མཐོང་བའི་མངོན་སུམ་གཅིག་ལ་བརྟེན་ནས་དུ་བ་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཟློག་(ལྡོག)ལ།  ཚད་མ་ཕྲུགས་གཞན་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཁེགས་པར་འགྱུར་རོ།།  ཞེས་གསུངས་སོ།།

སྡོམ་ལས། རང་བཞིན་གྱི་ནི་རྟགས་ཡང་དག། 

འཆད་པར་རང་གཞིན་ཡོད་ཙམ་དང་།།

འབྲེལ་བ་ཅན་གྱི་ངོ་བོ་ཡང་།།

ཞེས་གསུངས་རང་བཞིན་གཅིག་པའི་ཆོས།།

སྒྲུབ་ལ་ཚུལ་གསུམ་ཡིན་པ་དེ།།

རང་བཞིན་རྟགས་ཀྱི་མཚན་ཉིད་ཡིན།། 

ཞེས་པའི་དོན་རང་བཞིན་གྱི་རྟགས་ཡང་དག་མདོ་ལས། དགེ་སློང་དག་གང་(རྒྱུ་རྐྱེན་ལས་)སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་(མི་རྟག་པའམ་)འགག་པའི་བདག་ཉིད་དོ།། ཞེས་གསུངས་བའི་དོན་ཚད་མ་རྣམ་འགྲེལ་ལས་འཆད་པ་ལ་རྟགས་དེ་རང་གི་ངོ་བོ་གྲུབ་ཙམ་ནས་གང་དུ་བཟུང་རྒྱུའི་བསྒྲུབ་བྱའི་ཆོས་དེ་དང་རང་བཞིན་གཅིག་ཏུ་འབྲེལ་བའི་སྒྲུབ་རྟགས་དེ་རང་བཞིན་གྱི་རྟགས་ཡང་དག་ཡིན་ཞེས་པ་དང་།  ཡང་ན།  མཐའ་དཔྱོད་༡༥༡ལས། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན་ཁྱོད་དེ་དང་བདག་ཉིད་གཅིག་ཡིན་དགོས་ལ་ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད།  ཅེས་གསུངས་པ་ལྟར་རོ།། 

སྡོམ་ལས། དབྱེ་ན་རང་ཉིད་བརྗོད་པའི་སྒྲས།།

རང་གི་ལྟོས་ཆོས་མི་འཕེན་པ།།

ཁྱད་པར་དག་པ་བ་ཡིན་ལ།།

འཕེན་པ་ཁྱད་པར་ལྟོས་པ་འོ།།

འདི་ལ་ལྟོས་ཆོས་རྫས་གཞན་དང་།།

རྫས་གཞན་མིན་པ་འཕེན་པ་གཉིས།།

ལྟོས་ཆོས་རྫས་གཞན་འཕེན་པ་ལ།  

རྒྱུ་དང་འབྲས་བུ་འཕེན་པ་གཉིས།།

རྒྱུ་འཕེན་པ་ལ་དངོས་སུ་དང་།།

ཤུགས་ལ་འཕེན་པ་རྣམ་གཉིས་ཡོད།།

ཅེས་པའི་དོན་ནི་རང་བཞིན་གྱི་རྟགས་ཡང་དག་དེ་ལ་དབྱེ་ན་རང་ཉིད་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་སམ་སྐྱེད་བྱེད་ལྟ་བུ་མི་འཕེན་པ་ཁྱད་པར་དག་པ་བ་ཡིན་ལ་སྦྱོར་བ་བཀོད་ན།  སྒྲ་ཆོས་ཅན།  མི་རྟག་སྟེ།  དངོས་པོ་ཡིན་པའི་ཕྱིར།  ཞེས་དང་།  རང་བཞིན་གྱི་རྟགས་ཡང་དག་གང་ཞིག།  རང་གི་ལྟོས་ཆོས་འཕེན་པ་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཞེས་པའོ།། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་འདི་ལ་རྫས་གཞན་འཕེན་པ་དང་རྫས་གཞན་མ་ཡིན་པ་འཕེན་པ་གཉིས་ལས་ཕྱི་མ་ནི་དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོར་ཡོད་པའི་ཕྱིར་ལྟ་བུའོ།།  ལྟོས་ཆོས་རྫས་གཞན་འཕེན་པ་ལ་རྒྱུ་དང་འབྲས་བུ་འཕེན་པ་གཉིས་ལས་འབྲས་བུ་འཕེན་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། རང་འབྲས་སྐྱེད་བྱེད་ཡིན་པའི་ཕྱིར་ལྟ་བུ།  རྒྱུ་འཕེན་པ་ལ་རྒྱུ་དངོས་སུ་འཕེན་པ་དང་ཤུགས་ལ་འཕེན་པ་གཉིས་ཡོད་པས་དང་བོ་ནི། སྒྲ་ཆོས་ཅན།  མི་རྟག་སྟེ།  རང་རྒྱུ་ལས་སྐྱེ་བའི་ཕྱིར། གཉིས་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ།  བྱས་པའི་ཕྱིར་ཞེས་པ་ལྟ་བུའོ།། 

སྡོམ་ལས། བྱས་པས་སྒྲ་མི་རྟག་སྒྲུབ་ལ།།

ཕྱོགས་ཆོས་དབང་རྣོན་མངོན་སུམ་དང་།།

དབང་བོ་རྟུལ་བོ་འགའ་ཞིག་གིས།།

ཐ་སྙད་སྒྲུབ་ཀྱི་རྟགས་ལས་ངེས།།

རྗེས་ཁྱབ་སྒྲུབ་པ་ལྟོས་མེད་དང་།

ལྡོག་ཁྱབ་གནོད་པ་ཅན་ལ་བརྟེན།།

ཞེས་པའི་དོན་བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ལ་མཚོན་ན་ཕྱོགས་ཆོས་རྒོལ་བ་དབང་རྣོན་གྱིས་མངོན་སུམ་དུ་ངེས།  དབང་བོ་རྟུལ་བོ་འགའ་ཞིག་གིས་ཐ་སྙད་སྒྲུབ་ཀྱི་རྟགས་དེ།  སྒྲ་ཆོས་ཅན།  བྱས་པ་ཡིན་ཏེ།  རྒྱུ་རྐྱེན་ལས་བྱསཔའི་ཕྱིར་ལྟ་བུ་ལས་ངེས་སོ།།  རྗེས་ཁྱབ་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་ནི་དཔེར་ན།  བྱས་པ་ཆོས་ཅན།  རང་གྲུབ་ཙམ་ནས་འཇིག་པའི་ངོ་བོ་ཡིན་ཏེ།  ཁྱོད་འཇིག་པར་གྱུར་པ་རང་ལས་ཕྱིས་འབྱུང་གི་རྒྱུ་སོགས་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པའི་ཕྱིར།  དཔེར་ན་གློག་བཞིན་ཞེས་པ་ལྟ་བུའོ།།  ལྡོག་ཁྱབ་ངེས་བྱེད་གནོད་པ་ཅན་ལ་བརྟེན་ཞེས་པའི་གནོད་པ་ཅན་གྱི་རྟགས་ནི་དཔེར་ན།  རྟག་པ་ཆོས་ཅན།   བྱས་པས་སྟོང་སྟེ།  རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་བའི་ཕྱིར།  དཔེར་ན།  འདུས་མ་བྱས་ཀྱི་ནམ་མཁའ་བཞིན་ཞེས་པ་ལྟ་བུའོ།། 

སྡོམ་ལས། མ་དམིགས་པ་དེ་འཆད་པ་ལ།།

ཚད་མ་རྣམས་ནི་མི་འཇུག་པ།། 

མེད་ལ་མི་འཇུག་འབྲས་བུ་ཅན།།

གཏན་ཚིགས་བྱེ་བྲག་ལ་ལྟོས་ནས།།

འགའ་ཞིག་མེད་ཤེས་འབྲས་བུ་ཅན།

ཞེས་གསུངས་ཚིག་རྐང་དང་བོ་གཉིས།།

མི་སྣང་བ་དང་ཕྱི་མ་ཡིས།།

སྣང་རུང་རྟགས་དེ་བསྟན་པ་ཡིན།།

ཞེས་པའི་དོན་མ་དམིགས་པའི་རྟགས་ཡང་དག་དེ་ཉིད་རྣམ་འགྲེལ་ལས་འཆད་པ་ལ་གཉིས་ལས།  དང་བོ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ནི།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་རྣམས་ནི་མི་འཇུག་པ་དེ་ཉིད་གང་ལ་གོ་བྱེད་དུ་འགྱུར་ཞེ་ན།  དེ་འདྲའི་གང་ཟག་གི་རྒྱུད་ཀྱི་ཚད་མའི་ཡུལ་དུ་མེད་པ་ལ་བཅད་ཤེས་མི་འཇུག་པའི་གོ་བྱེད་ཀྱི་འབྲས་བུ་ཅན་ནམ་རྒྱུ་མཚན་ཅན་དུ་འགྱུར་ཞེས་པའོ།།  གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ནི།  སྣང་རུང་མ་དམིགས་པའི་གཏན་ཚིགས་འདིའི་ངོ་བོ་གང་ཞེ་ན།  དེ་ནི་མ་དམིགས་པ་སྤྱི་ཙམ་མིན་གྱི་སྣང་རུང་གི་བྱེ་བྲག་གམ་ཁྱད་པར་ལ་ལྟོས་ནས་ཡིན་ལ། དེ་ཡང་འགའ་ཞིག་ཏུ་དགག་བྱ་ཡོད་མེད་ཐེ་ཚོམ་ཟ་བ་ལ་དེར་དགག་བྱ་མེད་པར་ཤེས་པའི་འབྲས་བུ་ཅན་ནམ་རྒྱུ་མཚན་ཅན་གྱི་གཏན་ཚིགས་ཡིན་ཞེས་གསུངས་པའི་ཚིག་རྐང་དང་བོ་གཉིས་ཀྱིས་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་ཕྱི་མ་གཉིས་ཀྱིས་སྣང་རུང་མ་དམིགས་པའི་རྟགས་ཡང་དག་དེ་བསྟན་པ་ཡིན་ཞེས་པའོ།། 

སྡོམ་ལས། བསྒྲུབ་ཆོས་མེད་དགག་བསྒྲུབ་པ་ལ།།

ཚུལ་གསུམ་ཡིན་པའི་གཏན་ཚིགས་ནི།།

མ་དམིགས་རྟགས་ཡིན་་་་།།

ཞེས་པའི་དོན་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ལ་མེད་དགག་བསྒྲུབ་པ་ལ་ཚུལ་གསུམ་ཡིན་པའི་གཏན་ཚིགས་དེ་ནི་མ་དམིགས་པའི་རྟགས་ཡང་དག་ཡིན་ཞེས་པའོ།།  མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།  ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག།  ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན།  མེད་དགག་ཀྱང་ཡིན་པའི་གཞི་མཐུན་སྲིད་པ་དེ།  ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།  ཅེས་གསུངས་སོ།། 

སྡོམ་ལས།  ་་་་དབྱེ་བ་ནི།།

མི་སྣང་བ་དང་སྣང་རུང་གཉིས།།

དགག་བྱའི་ཆོས་སུ་བཏགས་པའི་དོན།།

ཕྱོགས་ཆོས་སྐབས་ཀྱི་ཕྱི་རྒོལ་ལ།།

སྣང་མི་རུང་དང་སྣང་རུང་གིས།།

མི་སྣང་བ་དང་སྣང་རུང་ཟེར།།

ཞེས་པའི་དོན་མ་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་ནི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་།  སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས་ལས་དང་བོ་ནི།  མ་དམིགས་པའི་རྟགས་ཡང་དག་གང་ཞིག།  དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཕྱོགས་ཆོས་ཅན་དུ་སོང་བའི་སྐབས་ཀྱི་ཕྱི་རྒོལ་ལ་ཡོད་ཀྱང་སྣང་མི་རུང་བ་དང་སྣང་རུང་གི་ཁྱད་པར་གྱིས་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་ཟེར་ཞེས་པའི་དོན་ནོ།།  མཐའ་དཔྱོད་༡༦༣ལས། དེ་སྒྲུབ་ཀྱི་མ་དམིགས་པའིརྟགས་ཡང་དག་གང་ཞིག།  དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡོད་ཀྱང་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་སྣང་དུ་མི་རུང་བ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཅེས་དང་། མཐའ་དཔྱོད་༡༨༢ལས།  ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན།  ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ།  ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་མཚན་ཉིད། ཅེས་གསུངས་སོ།།

སྡོམ་ལས། དང་བོར་འབྲེལ་ཟླ་མ་དམིགས་དང་།།

འགལ་ཟླ་དམིགས་པ་གཉིས་སུ་ངེས།།

མིང་མཐར་དགག་ཚིག་སྦྱར་བ་ཡི།།

མེད་དགག་ཡིན་པའི་གཏན་ཚིགས་དེ།།

འབྲེལ་ཟླ་མ་དམིགས་པ་ཡིན་ལ།།

ཞེས་པའི་དོན་དང་བོ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དེ་ལ་མི་སྣང་བའི་འབྲེལ་ཟླ་མ་དམིགས་པ་དང་།  མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས་སུ་ངེས་ལ།  མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག།  རང་གི་དངོས་མིང་གི་མཐར་དགག་ཚིག་སྦྱར་བའི་མེད་དགག་ཡིན་པའི་གཏན་ཚིགས་དེ་ནི། མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་ལ་ཞེས་པའོ།། མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཐའ་དཔྱོད་༡༦༤ལས།  དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན།  དགག་ཚིག་མཐར་སྦྱར་བའི་མེད་དགག་ཀྱང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ།  དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།  ཅེས་གསུངས།

སྡོམ་ལས། དབྱེ་ན་རྒྱུ་དང་ཁྱབ་བྱེད་དང་།།

རང་བཞིན་མ་དམིགས་པ་དང་གསུམ།།

དངོས་འབྲས་མ་དམིགས་པ་དང་བཅས།།

 རྣམ་པ་བཞི་རུ་བཤད་པའང་ཡོད།།

ཅེས་པའི་དོན་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དེ་ལ་དབྱེ་ན།  མི་སྣང་བའི་རྒྱུ་མ་དམིགས་པ་དང་།  དེའི་ཁྱབ་བྱེད་དང་།  དེའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ་དང་། དེའི་སྟེང་དུ་དངོས་འབྲས་མ་དམིགས་པ་དང་བཅས་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དེ་ལ་རྣམ་པ་བཞི་རུ་བཤད་པའང་ཡོད་ཅེས་པའོ།།  དེ་དག་གི་མཚན་གཞི་རིམ་པ་བཞིན་བཀོད་ན།  མདུན་གྱི་གཞི་འདིར་ཆོས་ཅན།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་དེ།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར།  མདུན་གྱི་གཞི་འདིར་ཆོས་ཅན།  ལྷ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་ཅེས་དམ་བཅའ་མི་རིགས་ཏེ།  ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་པར་ཚད་མས་མ་ངེས་པའི་ཕྱིར།  མདུན་གྱི་གཞི་འདིར་ཆོས་ཅན།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་དེ།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་ཚད་མས་མ་དམིགས་པའི་ཕྱིར།  མདུན་གྱི་གཞི་འདིར་ཆོས་ཅན།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་ཀྱི་དངོས་རྒྱུའི་ནུས་པ་ཐོགས་མེད་མེད་དེ།  ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་པའི་ཕྱིར།  ཞེས་པ་ལྟ་བུའོ།། 

སྡོམ་ལས། དགག་བྱའི་ཆོས་ཀྱི་འགལ་ཟླ་ཡི།།

མ་ཡིན་དགག་དང་སྒྲུབ་པ་གཉིས།།

གང་རུང་ཡིན་པའི་གཏན་ཚིགས་ལ།།

འགལ་ཟླ་དམིགས་པ་ཞེས་བྱའོ།།

ཞེས་པའི་དོན་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག།  སྦྱོར་བ་དེའི་རྟགས་ལ་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གཉིས་གང་རུང་ཡིན་པའི་གཏན་ཚིགས་དེ་ལ་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཅེས་བྱའོ།།  མི་སྣང་བ་མ་དམིགས་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་མཐའ་དཔྱོད་༡༦༦ལས།  དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་བའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ། དེ་སྒྲུབ་ཀྱི་མི་སྣང་བའི་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད།  ཅེས་གསུངས། དཔེར་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་བཅད་ཤེས་མེད་དེ། ཡོད་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ།། 

སྡོམ་ལས། སྐབས་འདིར་ཡུལ་དུས་རང་བཞིན་ནམ།།

ངོ་བོས་བསྐལ་བ་གསུམ་དུ་བཤད།།

ཅེས་པའི་དོན་སྐབས་འདིར་བསྐལ་དོན་དེ་ལ་དབྱེ་ན།  ཡུལ་གྱི་བསྐལ་དོན།  དུས་ཀྱི་བསྐལ་དོན།  རང་བཞིན་ནམ་ངོ་བོས་བསྐལ་བའི་བསྐལ་དོན་གསུམ་དུ་བཤད་ཅེས་པའོ།། དེ་ནི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས།  གང་ཟག་དེའི་བསྐལ་དོན་གྱི་མཚན་ཉིད།  ཡོད་ཀྱང་གང་ཟག་དེའི་ཚད་མ་ལ་བལྟར་མི་རུང་བ།  དབྱེ་ན་གང་ཟག་དེ་ལ་ཡུལ་གྱི་བསྐལ་བའི་བསྐལ་དོན།  དུས་ཀྱིས་བསྐལ་བའི་བསྐལ་དོན།  རང་བཞིན་གྱིས་བསྐལ་བའི་བསྐལ་དོན་གསུམ།  དཔེ་རིམ་བཞིན།  ཁང་བ་གཞན་ན་གནས་པའི་མིའི་སྡོད་ལུགས་ལྟ་བུ་དང།  སང་མདུན་གྱི་གཞི་འདིར་མིའི་སྡོད་ལུགས་ལྟ་བུ་དང་།  མདུན་གྱི་གཞི་འདིར་ཤ་ཟ་ལྟ་བུའོ།།  ཞེས་གསུངས་པ་ལྟར་རོ།། 

སྡོམ་ལས། སྣང་རུང་མ་དམིགས་པ་དེ་ལ།།

དབྱེ་ཚུལ་མང་ཡང་རང་ལུགས་ནི།།

འབྲེལ་ཟླ་མ་དམིགས་པ་བཞི་དང་།།

འགལ་ཟླ་དམིགས་པ་དྲུག་བཅས་བཅུའམ།།

ཕན་ཚུན་སྤངས་འགལ་ལ་བརྟེན་པ།།

གཅིག་བཅས་དགག་རྟགས་བཅུ་གཅིག་ཏུ།།

དགག་རྟགས་ཐམས་ཅད་འདུས་པས་ན།།

ཚད་མ་སྡེ་བདུན་གང་དུ་ཡང་།།

དེ་ལས་མང་བ་མ་གསུངས་ཞེས།།

རྣམ་ངེས་ཊཱིཀ་ཆེན་ལས་བཤད་དོ།།

ཞེས་པའི་དོན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་དེ་ལ་དབྱེ་ཚུལ་མང་ཡང་རང་ལུགས་ནི་ལྷན་གཅིག་མི་གནས་འགལ་ལ་བརྟེན་པའི་འབྲེལ་ཟླ་མ་དམིགས་པ་བཞི་དང་། འགལ་ཟླ་དམིགས་པ་དྲུག་བཅས་བཅུའམ་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཅིག་བཅས་དགག་རྟགས་བཅུ་གཅིག་ཏུ་སྣང་རུང་མ་དམིགས་པའི་དགག་རྟགས་ཐམས་ཅད་འདུས་པས་ན།  རྣམ་འགྲེལ།  རྣམ་ངེས།  རིགས་ཐིགས་ཏེ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་།  གཏན་ཚིགས་ཐིགས་པ།  འབྲེལ་བ་བརྟག་པ།  རྒྱུད་གཞན་སྒྲུབ་པ།  རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་གང་དུ་ཡང་།  དེར་མ་འདུས་པའི་དེ་ལས་མང་བ་མ་གསུངས་ཞེས་རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་ངེས་ཊཱིཀ་ཆེན་ལས་བཤད་དོ་ཞེས་པའོ།།  སྣང་རུང་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ནི་མཐའ་དཔྱོད་༡༨༢ལས། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ།  དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།  ཅེས་གསུངས།  དེ་ལ་དབྱེ་ན།  རྒྱུ་མ་དམིགས་པ་དང་།  ཁྱབ་བྱེད་མ་དམིགས་པ་དང་།  རང་བཞིན་མ་དམིགས་པ་དང་།  དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་བཞི།  མཚན་གཞི་རིམ་པ་བཞིན།  མཚན་མོའི་རྒྱ་མཚོར་ཆོས་ཅན།  དུ་བ་མེད་དེ།  མེ་མེད་པའི་ཕྱིར།  ཤིང་གི་དབེན་པའི་བྲག་རྫོང་ན་ཆོས་ཅན།  ཤ་བ་མེད་དེ།  ཤིང་མེད་པའི་ཕྱིར།  དུ་བས་དབེན་པའི་ར་བ་ན་ཆོས་ཅན།  དུ་བ་མེད་དེ།  དུ་བ་ཚད་མས་མ་དམིགས་པའི་ཕྱིར།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ།  གྲང་རེག་མེད་པའི་ཕྱིར།  ཞེས་པ་ལྟ་བུའོ།།  སྣང་རུང་མ་དམིགས་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ནི།  མཐའ་དཔྱོད་༡༨༣ལས། འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡོད་དེ།  དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླ་གཅིག་དངོས་སུ་རྟགས་ལ་བཀོད་པའི་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་དེར་འཇོག་པའི་ཕྱིར།  དེ་ལ་དབྱེ་ན་ལྷན་གཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་དང་།  ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས།  དང་བོའི་མཚན་ཉིད། ཆོས་དེ་དམིགས་པ་དངོས་སུ་རྟགས་སུ་བཀོད་ནས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་དང་ལྷན་གཅིག་མི་གནས་པའི་དགག་བྱ་ཞིག་བཀག་པའི་མེད་དགག་དངོས་སུ་སྒྲུབ་པའི་ཚུལ་གསུམ་ཡིན་པ་དེ་དེའི་མཚན་ཉིད།  ཅེས་གསུངས། དེ་ལ་དབྱེ་ན།  རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ།  འགལ་བའི་འབྲས་བུ་དམིགས།  འབྲས་བུ་འགལ་དམིགས།  ཁྱབ་བྱེད་འགལ་དམིགས།  རྒྱུ་འགལ་དམིགས།  རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་དང་དྲུག་ཡོད་པའི་ཕྱིར།  མཚན་གཞི་རིམ་པ་ལྟར།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་རེག་མེད་དེ།  མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར།  དུ་བ་དྲག་འཕྱུར་པས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  གྲང་རེག་མེད་དེ།  དུ་བ་དྲག་འཕྱུར་བ་དམིགས་པའི་ཕྱིར།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ།  མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  བ་མོའི་རེག་པ་མེད་དེ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  གྲང་འབྲས་སྤུ་ལོང་བྱེད་མེད་དེ།  མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར།  དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  གྲང་འབྲས་སྤུ་ལོང་བྱེད་མེད་དེ།  དུ་བ་དྲག་འཕྱུར་བ་དམིགས་པའི་ཕྱིར།  ཞེས་པ་ལྟ་བུའོ།།  མཐའ་དཔྱོད་༡༨༧ལས། གཉིས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ནི།  དགག་བྱའི་ཆོས་དང་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་དམིགས་ཀྱི་ཚུལ་གསུམ་ཡིན་པ་དེའོ།།  ཞེས་གསུངས།  སྦྱོར་བ་བཀོད་ན།  མདུན་གྱི་གོང་བུ་རྭ་ཅན་ཆོས་ཅན།  རྟ་མ་ཡིན་ཏེ།  རྭ་ཅན་ཡིན་པའི་ཕྱིར།  ཞེས་པ་ལྟ་བུའོ།། 

སྡོམ་ལས། སྤྱིར་ན་དགག་རྟགས་དབྱེ་བ་ལ།།

དགག་བྱའི་སྒོ་ནས་གཉིས་ཡིན་ཏེ།།

ཕྱོགས་ཆོས་སྐབས་ཀྱི་ཕྱི་རྒོལ་ལ།།

དགག་བྱའི་ཆོས་སུ་བཏགས་པའི་དོན།།

སྣང་མི་རུང་དང་སྣང་རུང་གིས།།

རྣམ་འགྲེལ་རྩ་བའི་དངོས་ཟིན་ལྟར།།

མི་སྣང་བ་དང་སྣང་རུང་གི།

མ་དམིགས་ཡི་རྟགས་གཉིས་ཡོད།།

ཅེས་པའི་དོན།  སྤྱིར་བཏང་དགག་རྟགས་སམ་མ་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་ལ་དགག་བྱའི་སྒོ་ནས་གཉིས་ཡིན་ཏེ།  ཕྱོགས་ཆོས་ཅན་དུ་སོང་བའི་སྐབས་ཀྱི་ཕྱི་རྒོལ་ལ་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྣང་དུ་མི་རུང་བ་དང་སྣང་རུང་གི་ཁྱད་པར་གྱིས་རྣམ་འགྲེལ་རྩ་བའི་དངོས་ཟིན་ལྟར་ན། མི་སྣང་བ་མ་དམིགས་པ་དང་སྣང་རུང་མ་དམིགས་འི་རྟགས་ཡང་དག་གཉིས་ཡོད་ཅེས་མཁས་གྲུབ་རྗེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས།  དགག་རྟགས་ལ་མི་སྣང་བ་མ་དམིགས་པ་དང་།  སྣང་རུང་མ་དམིགས་པའི་རྟགས་གཉིས་སུ་ངེས་སོ།།  ཞེས་གསུངས་པ་ལྟར་རོ།། 

སྡོམ་ལས། དགོས་པའི་སྒོ་ནས་གསུམ་དང་བཞི།།

དེ་ཕྱིར་རྒྱུ་དང་ཁྱབ་བྱེད་དག།

ཅེས་སོགས་རྒྱུ་དང་ཁྱབ་བྱེད་དང་།།

རང་བཞིན་མ་དམིགས་པ་གསུམ་བསྟན།།

འགལ་དང་འབྲས་བུ་དག་གྲུབ་དང་།།

ཞེས་སོགས་ཚིགས་བཅད་གཅིག་གིས་ནི།།

དངོས་བསྟན་རང་བཞིན་འགལ་དམིགས་དང་།།

འགལ་འབྲས་དམིགས་པ་གཉིས་དང་ནི།།

རྒྱུ་དང་རང་བཞིན་མ་དམིགས་པའི།།

འབྲེལ་ཟླ་མ་དམིགས་པ་གཉིས་བཅས།།

སྡུད་བྱེད་སྒོ་ནས་བཞི་རུ་དབྱེ།།

ཞེས་པའི་དོན་དགོས་པའི་སྒོ་ནས་གསུམ་དང་བཞི་ཞེས་པའི་གསུམ་ནི།རྩ་བ་ལས། དེ་ཕྱིར་རྒྱུ་དང་ཁྱབ་བྱེད་དག།  ཅེས་སོགས་ཀྱིས་མ་དམིགས་པའི་རྟགས་ཡང་དག་དེ་ལ་རྒྱུ་མ་དམིགས་པ་དང་།  ཁྱབ་བྱེད་མ་དམིགས་པ་དང་།  རང་བཞིན་མ་དམིགས་པ་གསུམ་བསྟན་པ་ནི།  ཐར་ལམ་གསལ་བྱེད་ལས།  འདིར་གསུམ་བཤད་པ་ནི་འབྲེལ་བ་ལ་ལྟོས་པའི་དགག་རྟགས་ཀྱི་གཙོ་བོ་སྟོན་པའི་དབང་དུ་བྱས་ལ།  ཞེས་གསུངས།  རྩ་བ་ལས། འགལ་དང་འབྲས་བུ་དག་གྲུབ་དང་།། ཞེས་སོགས་ཚིགས་བཅད་གཅིག་གིས་དངོས་བསྟན་ལ་སྣང་རུང་གི་འགལ་ཟླ་དམིགས་པའི་ནང་ནས་རང་བཞིན་འགལ་དམིགས་དང་། འགལ་འབྲས་དམིགས་པ་གཉིས་དང་། སྣང་རུང་གི་འབྲེལ་ཟླ་མི་དམིགས་པའི་ནང་ནས་རྒྱུ་མི་དམིགས་པ་དང་རང་བཞིན་མི་དམིགས་པ་གཉིས་བཅས་སྡུད་བྱེད་ཀྱི་སྒོ་ནས་བཞིར་དབྱེ་བ་ནི།  མཐར་ལམ་གསལ་བྱེད་༣༠ལས།  འདིར་རྩ་བའི་དངོས་སུ་དབྱེ་བ་བཞི་བསྟན་པ་ནི།  ཞེས་དང་།  དེའི་འོག་ཏུ།  གོང་དུ་བཞིར་བཤད་པ་ནི།  གང་གང་དུ་འདུས་པའི་སྡུད་བྱེད་ཀྱི་དབྱེ་བ་ཤེས་པའི་ཆེད་ཡིན་ནོ།།  ཞེས་གསུངས།  མཐའ་དཔྱོད་དུ་༡༧༩ ལས། འགལ་འབྲས་དམིགས་པའི་ཚབ་ཏུ་འབྲས་བུ་འགལ་དམིགས་དྲངས་པ་ནི་ཡི་གེ་མ་དག་པ་ཡིན་ནམ་གསུངས།

སྡོམ་ལས། དེ་སྟེང་ཤུགས་ལ་བསྟན་པ་ཡི།།

འབྲེལ་ཟླའི་ཁྱབ་བྱེད་མ་དམིགས་དང་།།

རྒྱུ་དང་ཁྱབ་བྱེད་འགལ་དམིགས་དང་།།

རྒྱུ་དང་འགལ་བའི་འབྲས་དམིགས་ཏེ།།

འགལ་ཟླ་དམིགས་པ་གསུམ་དང་བཅས།།

ཡན་ལག་སྒོ་ནས་བརྒྱད་དུ་བཤད།།

ཅེས་པའི་དོན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ལ་རྩ་བས་དངོས་སུ་བསྟན་པ་བཞིའི་སྟེང་དུ་ཤུགས་ལ་བསྟན་པའི་སྣང་རུང་གི་འབྲེལ་ཟླའི་ཁྱབ་བྱེད་མ་དམིགས་པ་དང་།  སྣང་རུང་གི་འགལ་ཟླའི་ནང་ནས་རྒྱུ་འགལ་དམིགས་དང་།  ཁྱབ་བྱེད་འགལ་དམིགས་དང་།  རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་སྟེ་འབྲེལ་ཟླ་མ་དམིགས་པ་གཅིག་དང་།  འགལ་ཟླ་དམིགས་པའི་རྟགས་ཡང་གསུམ་དང་བཅས་ཡན་ལག་གི་སྒོ་ནས་སྣང་རུང་མ་དམིགས་པའི་ཡང་དག་དེ་ལ་བརྒྱད་དུ་བཤད་ཅེས་པ། ཐར་ལམ་གསལ་བྱེད་ལས། སྐབས་འདིར་འགྲེལ་བར་མ་དམིགས་པའི་སྦྱོར་བ་བརྒྱད་བསྟན་ཏོ།། ཞེས་གསུངས།

སྡོམ་ལས།  དགག་རྟགས་འཇུག་ཚུལ་སྒོ་ནས་ནི།།

རྒྱུ་དང་ཁྱབ་བྱེད་འགལ་དམིགས་དང་།།

རང་བཞིན་འགལ་དམིགས་འགལ་འབྲས་དམིགས།།

འབྲས་བུ་འགལ་དམིགས་རྒྱུ་དང་ནི།།

འགལ་བའི་འབྲས་བུ་དམིགས་པ་སྟེ།།

ལྷན་ཅིག་མི་གནས་འགལ་ལ་ནི།།

བརྟེན་པའི་འགལ་ཟླ་དམིགས་པ་དྲུག།

གོང་སྨོས་འབྲེལ་ཟླ་མ་དམིགས་པ།།

བཞི་བཅས་དགག་རྟགས་བཅུར་དབྱེ་བ།།

རྣམ་ངེས་སུ་ནི་གསུངས་པ་ཡིན།།

དེ་སྟེང་ཕན་ཚུལ་སྤངས་འགལ་ལ།།

བརྟེན་པ་གཅིག་བཅས་བཅུ་གཅིག་ཏུ།།

རིགས་ཐིགས་ལས་ནི་བཤད་པ་ཡིན།། 

ཞེས་པའི་དོན་སྣང་རུང་མ་དམིགས་པའི་དགག་རྟགས་ཡང་དག་དེ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན།  རྒྱུ་འགལ་དམིགས་དང་།  ཁྱབ་བྱེད་འགལ་དམིགས་དང་།  རང་བཞིན་འགལ་དམིགས་དང་།  འགལ་བའི་འབྲས་བུ་དམིགས་པ་དང་།  འབྲས་བུ་འགལ་དམིགས་དང་།  རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་སྟེ།  ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་དྲུག་དང་།  གོང་དུ་སྨོས་པའི་སྣང་རུང་མ་དམིགས་འབྲེལ་ཟླ་མ་དམིགས་པ་བཞི་ནི།  རྒྱུ་མ་དམིགས་པ་དང་།  ཁྱབ་བྱེད་མ་དམིགས་པ་དང་།  རང་བཞིན་མ་དམིགས་པ་དང་།  དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་བཞི་བཅས་སྣང་རུང་མ་དམིགས་པའི་དགག་རྟགས་ཡང་དག་ལ་བཅུར་དབྱེ་བ་ནི་རྣམ་ངེས་སུ་ནི་གསུངས་པ་ཡིན་ཞེས་པ་ནི།  ཐར་ལམ་གསལ་བྱེད་ལས།  དེ་ལྟར་ན།  འགལ་དམིགས་དྲུག་དང་།  འབྲེལ་ཟླ་མ་དམིགས་པ་བཞིར་ངེས་པས། རྣམ་ངེས་ལས།  དེ་ལྟར་ན་མ་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་ཡིན་ནོ།།  ཞེས་གསུངས་ཀྱིས་དེ་ལས་གཞན་དུ་འདོད་པ་དག་བསྟན་བཅོས་ཀྱི་དགོངས་པར་མི་སེམས་སོ།།  ཞེས་གསུངས།  གོང་དུ་བཤད་པའི་བཅུ་བོ་དེ་དག་གི་སྟེང་དུ་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཅིག་བཅས་སྣང་རུང་མ་དམིགས་པའི་རྟགས་ཡང་དག་དེ་ལ་བཅུ་གཅིག་ཏུ་ཚད་མ་རིགས་ཐིགས་ལས།  འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་གོ། ཞེས་གསུངས་སོ།།

སྡོམ་ལས། བཅུ་གཅིག་སྟེང་དུ་མི་སྣང་བའི།།

འབྲེལ་ཟླའི་རྒྱུ་དང་ཁྱབ་བྱེད་དང་།།

རང་བཞིན་མ་དམིགས་པ་སྟེ་གསུམ།།

བསྣན་པའི་བཅུ་བཞིར་དབྱེ་བ་ཡིན།།

ཞེས་གསུངས་པའི་དོན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་བཅུ་གཅིག་གི་སྟེང་དུ་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྒྱུ་མ་དམིགས་པ་དང་། ཁྱབ་བྱེད་མ་དམིགས་པ་དང་། རང་བཞིན་མ་དམིགས་པའི་རྟགས་ཡང་དག་སྟེ་མི་སྣང་བ་མ་དམིགས་པ་གསུམ་བསྣན་པས་སྤྱིར་བཏང་མ་དམིགས་པའི་རྟགས་ཡང་དག་དེ་ལ་བཅུ་བཞིར་དབྱེ་བ་ཡིན་ཞེས་པའོ།།

སྡོམ་ལས། གྲུབ་ཆེན་ཛེ་ཏཱ་རི་དང་ནི།།

ཐར་འབྱུང་སྦས་པའི་རྗེས་འབྲངས་ནས།།

གཙང་ནག་བརྩོན་འགྲུས་སེང་གེ་དང་།།

ཆོས་རྗེ་ས་པཎ་བཞེད་པ་ལྟར།།

སྡེ་བདུན་ཡིད་ཀྱི་མུན་སེལ་ལས།།

རང་བཞིན་རྒྱུ་འབྲས་ཁྱབ་བྱེད་དང་།།

འགལ་བའི་རང་བཞིན་དམིགས་པ་བཞི།།

དེ་ལྟར་རིམ་པར་སྦྱར་བ་ཡི།།

འགལ་བའི་འབྲས་བུ་དམིགས་པ་བཞི།།

འགལ་བའི་ཁྱབ་བྱ་དམིགས་པ་ཡང་།།

བཞི་བཅས་འགལ་དམིགས་བཅུ་གཉིས་དང་།།

འབྲེལ་ཟླ་མ་དམིགས་བཞི་དང་བཅས།།

དབྱེ་བ་བཅུ་དྲུག་བཤད་པ་ཡིན།།

ཞེས་པའི་དོན། མཐའ་དཔྱོད་༡༨༥ལས། གྲུབ་ཆེན་ཛེ་ཏཱ་རི་སོགས་ཀྱིས་བཤད་པའི་ཕྱིར་ཏེ། བྱིས་པ་འཇུག་པའི་རྟོག་གེ་སྐད་ལས།  མི་དམིགས་པ་འདི་སྦྱོར་བའི་དབྱེ་བས་རྣམ་པ་མང་བོར་འགྱུར་ཏེ་ཞེས་སོགས་ཀྱིས་དངོས་སུ་བཅུ་དྲུག་བཀོད་པས་འགལ་དམིགས་བཅུ་གཉིས་བཤད་ཅིང་།  ཐར་འབྱུང་སྦས་པའི་རྟོག་གེ་ལས་ཀྱང་།  འདི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ།  ཞེས་པ་འདིས་ཀྱང་འབྲེལ་ཟླ་མ་དམིགས་པ་འདི་དང་།  འགལ་དམིགས་བཅུ་གཉིས་ཏེ་བཅུ་དྲུག་བཤད་པའི་ཕྱིར།  ཞེས་གསུངས་པ་ལྟར་དང་།  ཆ་བའི་སློབ་མ་གཙང་ནག་བརྩོན་འགྲུས་སེང་གེ་དང་།  འཇམ་མགོན་ཆོས་རྗེ་ས་པཎ་བཞེད་པ་ལྟར་ཞེས་པ་རིགས་གཏེར་ལས།  གཞུང་ལས་རྣམ་གཞག་མང་བཤད་ཀྱང་།།  འགོག་ནུས་སྔ་མ་བཅུ་གཉིས་ཡིན།།  ཞེས་གསུངས།  མཁས་གྲུབ་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས།  འགལ་བའི་རང་བཞིན་དམིགས་པ་བཞི།  འགལ་བའི་འབྲས་བུ་དམིགས་པ་བཞི།  འགལ་བའི་ཁྱབ་བྱ་དམིགས་པ་བཞི་རྣམས་སོ།།  དང་བོ་ནི་རང་བཞིན་དང་འགལ་བའི་རངབཞིན་དམིགས་པ།  རྒྱུ་དང་འགལ་བའི་རང་བཞིན་དམིགས་པ།  འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་རྣམས་ཏེ་ཞེས་སོགས་གསུངས་པ་ལྟར་དང་བོ་སྣང་རུང་མ་དམིགས་པའི་རང་བཞིན་དམིགས་པ་བཞི་ནི།  རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ།  རྒྱུ་དང་འགལ་བའི་རང་བཞིན་དམིགས་པ།  འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ།  ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་བཞིའི་སྦྱོར་བ་རིམ་བཞིན།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན།  གྲང་རེག་མེད་དེ།  གྲང་འབྲས་སྤུ་ལོང་བྱེད་མེད་དེ།  གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ།  བ་མོའི་རེག་པ་མེད་དེ།  མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར་ཞེས་བསྒྲུབ་བྱའི་ཆོས་མ་གཏོགས་རྟགས་དང་རྩོད་གཞི་འདྲའོ།།  གཉིས་པ་འགལ་བའི་འབྲས་བུ་དམིགས་པ་བཞི་ནི།  རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ།  རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ།  འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ།  ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་བཞིའི་སྦྱོར་བ་རིམ་བཞིན།  དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན།  གྲང་རེག་མེད་དེ།  གྲང་འབྲས་སྤུ་ལོང་བྱེད་མེད་དེ།  གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ།  བ་མོའི་རེག་པ་མེད་དེ།  དུ་བ་དྲག་འཕྱུར་བ་དམིགས་པའི་ཕྱིར་ཞེས་པ་ཡང་རྟགས་དང་རྩོད་གཞི་དེ་ཉིད་ཀྱིས་གྲང་རེག་སྐོར་བཞི་མེད་པར་བསྒྲུབ་པའོ།།  གསུམ་པ་འགལ་བའི་ཁྱབ་བྱ་དམིགས་པ་བཞི་ནི།  རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ།  རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ།  འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ།  ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་བཞིའི་སྦྱོར་བ་རིམ་བཞིན།  ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན། གྲང་རེག་མེད་དེ། གྲང་འབྲས་སྤུ་ལོང་བྱེད་མེད་དེ། གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ། བ་མོའི་རེག་པ་མེད་དེ། ཙན་དན་གྱི་མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར་ཞེས་པ་ཡང་རྟགས་དང་རྩོད་གཞི་དེ་ཉིད་ཀྱིས་གྲང་རེག་སྐོར་བཞི་མེད་པར་བསྒྲུབ་པ་སྟེ་འགལ་ཟླ་དམིགས་པ་བཅུ་གཉིས་དང་འབྲེལ་ཟླ་མ་དམིགས་པ་བཞི་དང་བཅས་དབྱེ་བ་བཅུ་དྲུག་བཤད་པ་ཡིན་ཞེས་པའོ།།

སྡོམ་ལས། འདི་ནི་རྟགས་ཀྱི་རྣམ་དབྱེ་ལ།།

མཁས་པའི་ཆེད་དུ་གསུངས་པ་སྟེ།།

འགལ་ཟླ་དམིགས་པ་བཅུ་གཉིས་པོ།།

འགལ་དམིགས་དྲུག་ཏུ་འདུས་པ་ཡིན།།

དེ་ནི་འགལ་དམིགས་བཅུ་གཉིས་ཀྱི།།

བཞི་ཚན་དང་བོའི་གསུམ་པ་དང་།།

བཞི་ཚན་གཉིས་པའི་བཞི་བ་དང་།།

བཞི་ཚན་གསུམ་པ་དང་བཅས་པའི།།

དྲུག་པོ་དོར་བའི་ལྷག་མ་ཡིན།། 

ཞེས་པའི་དོན་གོང་དུ་སྣང་རུང་མ་དམིགས་པ་འདི་ལ་དབྱེ་བ་བཅུ་དྲུག་སོགས་སུ་ཕྱེས་པ་ནི་དེའི་རྟགས་ཀྱི་རྣམ་དབྱེ་ལ་ལེགས་པར་མཁས་པའི་ཆེད་དུ་གསུངས་པ་སྟེ་སྤྱིར་བཏང་སྣང་རུང་གི་འགལ་ཟླ་དམིགས་པ་བཅུ་གཉིས་པོ་འགལ་དམིགས་དྲུག་ཏུ་འདུས་པ་ཡིན་པས། རྣམ་ངེས་ཊཱིཀ་ཆེན་ལས།  དགག་རྟགས་བཅུ་བོ་འདི་ལས་མང་བོར་འདོད་པ་ནི་རྟོག་པས་སྒྲོ་བཏགས་པ་འབའ་ཞིག་གོ། ཞེས་པའི་ལུང་དོན་སྡོམ་རང་དུ་ལུང་འདིས་འབྲེལ་ཟླ་མ་དམིགས་པ་བཞི་དང་།  འགལ་ཟླ་དམིགས་པ་ལ་འགལ་དམིགས་དྲུག་སྟེ་བཅུ་བོ་དེར་མ་འདུས་པར་གཞན་འདོད་པ་བཀག་གོ། ཞེས་གསུངས།  སྣང་རུང་གི་འགལ་དམིགས་བཅུ་གཉིས་པོ་དེ་འགལ་དམིགས་དྲུག་ཏུ་བསྡུ་ཚུལ་ནི།  གོང་དུ་བཤད་པའི་འགལ་དམིགས་བཅུ་གཉིས་ཀྱི་བཞི་ཚན་དང་བོ་འགལ་བའི་རང་བཞིན་དམིགས་པ་བཞིའི་ནང་ནས་གསུམ་པ་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་དང་།  བཞི་ཚན་གཉིས་པ་འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་ནས་བཞི་བ་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་དང་།  བཞི་ཚན་གསུམ་པ་འགལ་བའི་ཁྱབ་བྱ་དམིགས་པ་བཞི་ཆ་ཚང་བཅས་དོར་བའི་ལྷག་མ།  འགལ་དམིགས་དྲུག་ནི།  རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ།  རྒྱུ་དང་འགལ་བའི་རང་བཞིན་དམིགས་པ།  ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ།  རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ།  རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ།  འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་དང་དྲུག་ཡིནནོ།། 

སྡོམ་ལས། ཁ་ཆེ་ཛྙཱ་ན་ཤྲཱི་དང་།།

ལོ་ཆེན་དང་ནི་ཁྱུང་སེང་གིས།།

འགལ་དམིགས་བཞི་ཚན་བཞི་བཤད་དེ།།

གོང་སྨོས་འགལ་དམིགས་བཅུ་གཉིས་སྟེང་།།

རང་བཞིན་རྒྱུ་འབྲས་ཁྱབ་བྱེད་དང་།།

འགལ་བའི་རྒྱུ་དམིགས་པ་བཞི་བཅས།།

འགལ་དམིགས་དབྱེ་བ་བཅུ་དྲུག་དང་།།

དེ་ལ་འབྲེལ་ཟླ་མ་དམིགས་པ།།

བཞི་བཅས་ཉི་ཤུའང་འདོད་མོད་ཀྱི།།

འདི་ཡི་རྒྱུ་རྟགས་བཞི་བོ་དེ།།

རྣམ་འགྲེལ་རྣམ་ངེས་རྩ་འགྲེལ་དང་།།

རིགས་གཏེར་སོགས་ཀྱིས་བཀག་པ་དང་།།

རྣམ་བཤད་སོགས་དང་འགལ་བས་ན།།

རང་གི་ལུགས་ལ་ཁས་མི་ལེན།།

ཞེས་པའི་དོན་ནི་མཁས་པ་ཆེན་པོ་ཁ་ཆེ་ཛྙཱ་ན་ཤྲཱི་དང་།  རྔོག་ལོ་ཙཱ་བ་ཆེན་པོ་དང་།  ཁྱུང་བོ་བརྩོན་སེང་གིས་འགལ་དམིགས་བཞི་ཚན་བཞི་བཤད་དེ།  དེ་ནི་གོང་དུ་སྨོས་པའི་བཞི་ཚན་གསུམ་སྟེ་འགལ་དམིགས་བཅུ་གཉིས་ཀྱི་སྟེང་དུ་བཞི་ཚན་བཞི་བ་རྒྱུ་རྟགས་བཞིའམ་རྒྱུ་དམིགས་པ་བཞི་ནི།  རང་བཞིན་དང་འགལ་བའི་རྒྱུ་དམིགས་པ་དང་།  རྒྱུ་དང་འགལ་བའི་རྒྱུ་དམིགས་པ་དང་།  འབྲས་བུ་དང་འགལ་བའི་རྒྱུ་དམིགས་པ་དང་།  ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པ་དང་བཅས་འགལ་དམིགས་ལ་དབྱེ་བ་བཅུ་དྲུག་བཤད་པས་རྒྱུ་རྟགས་བཞིའི་སྦྱོར་བ་ནི།  མེ་རྒྱུས་ནུས་པ་ཐོགས་མེད་ཀྱིས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན།  གྲང་རེག་མེད་དེ།  གྲང་འབྲས་སྤུ་ལོང་བྱེད་མེད་དེ།  གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ།  བ་མོའི་རེག་པ་རྒྱུན་ཆགས་སུ་གནས་པ་མེད་དེ།  མེ་རྒྱུས་ནུས་པ་ཐོགས་མེད་ཀྱིས་ཁྱབ་པར་ནོན་པའི་ཕྱིར་ཞེས་རྟགས་དང་རྩོད་གཞི་དེ་ཉིད་ཀྱིས་གྲང་རེག་སྐོར་བཞི་མེད་པར་བསྒྲུབ་པའོ།།  འགལ་དམིགས་བཅུ་དྲུག་པོ་དེ་ལ།  འབྲེལ་ཟླ་མ་དམིགས་པ་བཞི་བཅས་སྣང་རུང་གི་རྟགས་ཡང་དག་དེ་ལ་ཉི་ཤུ་འདོད་པའང་ཡོད་མོད་ཀྱི།  འདིའི་རྒྱུ་རྟགས་བཞི་བོ་དེ་ནི་རྣམ་འགྲེལ་རྣམ་ངེས་རྩ་འགྲེལ་དང་རིགས་གཏེར་སོགས་ཀྱིས་ཀྱང་བཀག་པ་དང་། རྣམ་བཤད་སོགས་དང་འགལ་བས་ན་རང་གི་ལུགས་ལ་རྒྱུ་རྟགས་བཞི་བོ་ཁས་མི་ལེན་པ་མཐའ་དཔྱོད་༡༨༥ལས།  འདིས་མཚོན་ནས་དངོས་རྒྱུའི་རྟགས་ཀྱིས་གྲང་རེག་མེད་པར་བསྒྲུབ་པ་ནི།  རྣམ་འགྲེལ་ངེས་གཉིས་དང་།  དེ་གཉིས་ཀྱི་རང་འགྲེལ་གཉིས་དང་།  ཤཱཀྱ་བློ་ཆོས་མཆོག་སོགས་དུ་མས་བཀག་ཅིང་རྣམ་བཤད་གསུམ་དང་སྤྱི་དོན་གཉིས་སོགས་དང་འགལ་བས་དོར་བར་བྱ་བ་ཁོ་ནའོ།།  ཛྙཱ་ན་ཤྲཱི་དང་ཁྱུང་བོ་བརྩོན་སེང་གི་བཤད་སྲོལ་དེ་རིགས་གཏེར་སོགས་ཀྱིས་ཀྱང་བཀག་གོ།  ཞེས་གསུངས་པ་ལྟར།  རིགས་གཏེར་ལས།  ཚ་རེག་སྐོར་བཞིའི་གྲང་རེག་བཞི།།  བཀག་པའི་སྦྱོར་བ་བཅུ་དྲུག་ཟེར།།  ནུས་པ་ཐོགས་མེད་མེ་མིན་ཞིང་།།  རྒྱུན་མིན་ཕྱིར་ན་འགོག་མི་ནུས།།  ཞེས་གསུངས་པ་ལྟར་རོ།།

སྡོམ་ལས། ཡན་ལག་སྒོ་ནས་དབྱེ་བ་ནི།།

འབྲེལ་ཟླ་མ་དམིགས་པ་བཞི་དང་།།

འགལ་ཟླ་དམིགས་པ་བཅུ་གཉིས་བཅས།།

གོང་དུ་བཤད་པ་བཅུ་དྲུག་སྟེང་།།

ཕན་ཚུན་སྤང་འགལ་ལ་བརྟེན་པའི།།

ངེས་པས་ལྟོས་པ་འགོག་པ་དང་།།

ལྟོས་པས་ངེས་པ་འགོག་པ་གཉིས།།

མི་སྣང་བ་ཡི་དགག་རྟགས་གསུམ།།

བསྣན་པའི་ཉི་ཤུ་རྩ་གཅིག་ཡིན།།

ཞེས་པའི་དོན་དགག་རྟགས་དེ་ལ་ཡན་ལག་གི་སྒོ་ནས་དབྱེ་བ་ནི། སྣང་རུང་གི་འབྲེལ་ཟླ་མ་དམིགས་པ་བཞི། སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཡང་དག་བཅུ་གཉིས་བཅས་གོང་དུ་བཤད་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་བཅུ་དྲུག་གི་སྟེང་དུ་ཕན་ཚུན་སྤངས་འགལ་ལ་བརྟེན་པ་དེ་ལ་དབྱེ་ན་ངེས་པས་ལྟོས་པ་འགོག་པ་དང་ལྟོས་པས་ངེས་པ་འགོག་པ་གཉིས་ཡོད་པས་དེ་གཉིས་ཀྱི་སྦྱོར་བ་ནི་རིམ་པ་བཞིན།  བུམ་པ་ཆོས་ཅན།  འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་དེ།  གྲུབ་ཙམ་ཉིད་ནས་འཇིག་པའི་ཆོས་ཅན་དུ་གནས་པའི་ཕྱིར། གོས་དཀར་བོ་ཆོས་ཅན།  གྲུབ་ཙམ་ནས་ཚོན་ཅན་དུ་མེད་དེ།  ཚོན་ཅན་དུ་འགྱུར་བ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་དགོས་པའི་ཕྱིར། ཞེས་གསུངས་པ་ལྟ་བུའོ།།  ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་བཅས་སྣང་རུང་མ་དམིགས་པའི་རྟགས་ཡང་དག་བཅོ་བརྒྱད་ཀྱི་སྟེང་དུ་མི་སྣང་བ་མ་དམིགས་པའི་དགག་རྟགས་གསུམ་བསྣན་པས་དགག་རྟགས་ཡང་དག་དེ་ལ་དབྱེ་ན་ཉི་ཤུ་རྩ་གཅིག་ཡོད་པ་ཡིན་ཞེས་པའོ།།

སྡོམ་ལས། ཛྙཱ་ན་ཤྲཱི་དང་ལོ་ཆེན་སོགས།།

ཉེར་གཅིག་སྟེང་དུ་རྒྱུ་རྟགས་བཞི།།

བསྣན་ནས་དགག་རྟགས་ཉེར་ལྔ་འདོད།།

ཅེས་པའི་དོན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་དང་ལོ་ཙཱ་བ་ཆེན་པོ་སོགས་དགག་རྟགས་སྤྱིའི་དབྱེ་བ་ཉེར་གཅིག་གི་སྟེང་དུ་རྒྱུ་རྟགས་བཞི་བསྣན་ནས་དགག་རྟགས་ཉེར་ལྔ་རུ་འདོད།  ཅེས་པའོ།།  སྡོམ་ལས། མཁས་པ་འགའ་ཞིག་ཉེར་གཅིག་སྟེང་།།

རང་བཞིན་རྒྱུ་དང་འབྲས་བུ་དང་།།

ཁྱབ་བྱེད་དང་ནི་འགལ་བ་ཡི།།

ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི།།

བསྣན་པའི་ཉེར་ལྔ་འདོད་རུང་གསུང་།།

ཞེས་པའི་དོན་ཛེ་ཏཱ་རི་སོགས་མཁས་པ་འགའ་ཞིག་གིས་གོང་དུ་བཤད་པའི་དགག་རྟགས་ཉེར་གཅིག་གི་སྟེང་དུ་རང་བཞིན་དང་འགལ་བ་དང་། རྒྱུ་དང་འགལ་བ་དང་། འབྲས་བུ་དང་འགལ་བ་དང་། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི་བསྣན་པས་དགག་རྟགས་ཡང་དག་དེ་ལ་ཉེར་ལྔ་འདོད་པ་རང་ལུགས་སུའང་རུང་པར་གསུངས་པས་ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞིའི་སྦྱོར་བ་ནི་རིམ་བཞིན། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་རིའི་གཞིར་ཆོས་ཅན། གྲང་རེག་མེད་དེ། གྲང་འབྲས་སྤུ་ལོང་བྱེད་མེད་དེ། གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ། བ་མོའི་རེག་པ་མེད་དེ། ཤར་རིའི་ཙན་དན་གྱི་མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར། ཞེས་རྟགས་དང་རྩོད་གཞི་དེ་ཉིད་ཀྱིས་གྲང་རེག་སྐོར་བཞི་མེད་པར་བསྒྲུབ་པ་ལྟ་བུའོ།།    འདིའི་སྐབས་སུ་མཐའ་དཔྱོད་དུ་ཡིག་སྐྱོན་འགའ་ཡོད་པ་རྗེ་གུང་ཐང་བློ་གྲོས་ཚང་གི་རྟགས་རིགས་༡༧༢ལས། མཐའ་དཔྱོད་ལས། དགག་རྟགས་དེ་ལ་ཉི་ཤུ་རྩ་བཞི་མེད་པར་ཐལ། ཞེས་པ་མ་དག་གོ། ཉེར་ལྔར་ཕྱེ་སྐབས་ཁྱབ་བྱ་དམིགས་པ་བཞིའི་ཁྱབ་བྱེད་དམིགས་པ་བཞི་ཡང་བགྲང་ཆོག་པའི་ཕྱིར། གསུངས་པ་དགག་བྱའི་ཆོས་ཀྱི་འགལ་ཟླའི་ཁྱབ་བྱའི་ཁྱབ་བྱེད་ཡིན་ན། དེ་ལ་འགལ་ཟླ་ཁོ་རང་འཇོག་དགོད་པས། གོང་གི་རང་བཞིན་དམིགས་པ་བཞི་དང་སྦྱོར་བས་བྱེ་བྲག་དབྱེ་རྒྱུ་མེད་པས་ཡི་གེ་ནོར་སྙམ་སྟེ། དང་བོའི་མཐའ་དཔྱོད་ལས། འགལ་ཟླ་དམིགས་པ་བཅུ་གཉིས་ཀྱི་སྟེང་དུ་ཁྱབ་བྱའི་ཁྱབ་བྱ་དམིགས་པ་ཤར་ཕྱོགས་ཀྱི་ཙན་དན་གྱི་མེ་སྟོབས་ཆེན་དང་། དེའི་ཡང་ཁྱབ་བྱ་ཤར་རིའི་ཙན་དན་གྱི་མེ་སྟོབས་ཆེན་དང་། དེའི་ཁྱབ་བྱ་ཤར་གྱི་ནགས་རིའི་ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པ་རེ་རེ་ལ་སྐོར་བཞི་སོགས་དཔག་མེད་དབྱེར་ཡོད་ཅིང་ཞེས་དང་། རང་ལུགས་ལས། འགལ་བའི་ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི་དང་ཉེར་ལྔ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དབྱེ་ཚུལ་ཕྱི་མ་གསུམ་ནི། རྣམ་བཤད་ལས། གྲང་རེག་གཅིག་བུ་འགོག་པ་ལ་ཡང་དུ་མར་དབྱེར་རུང་ངོ་ཞེས་དང་། ཛེ་ཏཱ་རིའི་ལུང་སྔར་དྲངས་པའི་དོན་ནོ།། དེ་དག་ལས་དབྱེ་ཚུལ་བཞི་ནི། དགག་རྟགས་སྤྱིའི་དབྱེ་ཡིན་ལ་ཕྱི་མ་རྣམས་སྔ་མ་སྔ་མའི་ནང་དུ་འདུ་སྟེ། ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི་ནི། ཁྱབ་བྱ་དམིགས་པ་བཞིར་འདུ་ལ་དེ་བཞི་ཡང་རང་བཞིན་འགལ་དམིགས་སུ་འདུ་བས་བཅུ་བཞིར་འདུ་ཞིང་གཉིས་སུ་འདུ་ཚུལ་སླའོ།། ཞེས་གསུངས་སོ།། མཐའ་དཔྱོད་རྒྱས་པ་༡༨༤ལས། དབྱེ་ན་བཅུ་གཉིས་ཡོད་དེ། དང་བོ་འགལ་བའི་རང་བཞིན་དམིགས་པ་བཞི་ནི། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་དང་། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་དང་། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་དང་། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་བཞི་སྟེ། མཚན་གཞི་རིམ་བཞིན། མེ་སྟོབས་ཆེན་པོས་ཁྱབ་པའི་གཞིར། གྲང་རེག་སྟོབས་ཆེན་དང་། གྲང་རྒྱུ་ནུས་པ་ཐོགས་མེད་དང་། གྲང་འབྲས་སྤུ་ལོང་བྱེད་དང་། བ་མོའི་རེག་པ་རྣམས་མེད་པར་སྒྲུབ་པ་ལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་བཀོད་པ་ལྟ་བུའོ།། ཞེས་གསུངས་པའི་གྲང་རེག་སྐོར་བཞི་འདྲེན་སྐབས་གྲང་རྒྱུ་ནུས་པ་ཐོགས་མེད་དང་། གྲང་འབྲས་སྤུ་ལོང་བྱེད་གཉིས་ཀྱི་གོ་རིམ་ལ་ཡིག་ནོར་བྱུང་བ་འོག་གི་རྒྱུ་རྟགས་བཞི་ལ་ཡང་འདྲ་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་དང་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་གཉིས་ནོར་བ་དང་། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་དང་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་ནོར་བ་དང་། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་དང་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་གཉིས་ནོར་བ་སོགས་ཡིག་ནོར་བྱུང་འདུག་གསུངས།

སྡོམ་ལས། དེ་ལྟར་དབྱེ་སྒོ་བཅུ་གཅིག་ལས།

གཉིས་དང་གསུམ་དང་བཅུ་བཞི་དང་།།

ཉེར་གཅིག་ཉེར་ལྔའི་དབྱེ་བ་ལྔ།།

དགག་རྟགས་སྤྱི་ཡི་དབྱེ་བ་དང་།།

བཞི་བརྒྱད་བཅུ་དང་བཅུ་གཅིག་དང་།།

བཅུ་དྲུག་ཉི་ཤུར་དབྱེ་བ་དྲུག།

སྣང་རུང་རྟགས་ཀྱི་དབྱེ་བར་འདོད།།

ཅེས་པའི་དོན་གོང་གི་དེ་ལྟར་མ་དམིགས་པའི་རྟགས་དེ་ལ་དབྱེ་སྒོ་བཅུ་གཅིག་ཡོད་པ་ལས།  མི་སྣང་བ་དང་སྣང་རུང་མ་དམིགས་པ་གཉིས་དང་། རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་དང་། སྣང་རུང་གི་འབྲེལ་ཟླ་མ་དམིགས་པ་བཞི་འགལ་ཟླ་དམིགས་པ་དྲུག་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཅིག་བཅས་བཅུ་གཅིག་གི་སྟེང་དུ་མི་སྣང་བ་མ་དམིགས་པའི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་སྟེ་བཅུ་བཞི་དང་། སྣང་རུང་གི་འབྲེལ་ཟླ་མ་དམིགས་པ་བཞི་འགལ་ཟླ་དམིགས་པ་བཅུ་གཉིས་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་ཏེ་བཅོ་བརྒྱད་ཀྱི་སྟེང་དུ་མི་སྣང་བ་མ་དམིགས་པ་གསུམ་བཅས་ཉེར་གཅིག་དང་། དེ་དག་གི་སྟེང་དུ་སྣང་རུང་གི་འགལ་བའི་ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི་བསྣན་ནས་ཉེར་ལྔ་སྟེ་དབྱེ་སྒོ་ལྔ་བོ་དེ་དག་ནི་དགག་རྟགས་ཡང་དག་སྤྱིའི་དབྱེ་བ་ཡིན་ཞེས་དང་། སྣང་རུང་མ་དམིགས་པ་ལ་རང་བཞིན་འགལ་དམིགས། འགལ་འབྲས་མ་དམིགས་པ། རྒྱུ་མ་དམིགས་པ། རང་བཞིན་མ་དམིགས་པ་བཅས་རྩ་བར། འགལ་དང་འབྲས་བུ་དག་གྲུབ་དང་།། ཞེས་པའི་རྩ་ཚིག་གི་དངོས་སུ་བསྟན་པ་བཞི་དང་། རྩོད་སྤོང་སྐབས་རང་འགྲེལ་དང་ཤུགས་ལ་རྒྱུ་དང་འགལ་བའི་རང་བཞིན་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་འགལ་དམིགས་དང་། ཁྱབ་བྱེད་མ་དམིགས་པ་བཅས་བརྒྱད་དང་། རྣམ་ངེས་རང་འགྲེལ་ལས། སྔ་མ་བརྒྱད་ཀྱི་སྟེང་དུ་དངོས་འབྲས་མ་དམིགས་པ་དང་། འབྲས་བུ་འགལ་དམིགས་གཉིས་བསྣན་ནས་བཅུ་དང་། དེ་དག་གི་སྟེང་དུ་ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཅིག་བཅས་བཅུ་གཅིག་དང་། སྣང་རུང་གི་འབྲེལ་ཟླ་མ་དམིགས་པ་བཞི། འགལ་ཟླ་དམིགས་པ་བཅུ་གཉིས་བཅས་བཅུ་དྲུག་དང་། དེའི་སྟེང་དུ་འགལ་བའི་ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི་བསྣན་ནས་ཉི་ཤུའོ།། དབྱེ་སྒོ་དྲུག་པོ་དེ་ནི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་དབྱེ་བར་འདོད་ཅེས་པའོ།།

སྡོམ་ལས། ཛྙཱ་ན་ཤྲཱི་དང་ལོ་ཆེན་ལུགས།།

རྒྱུ་རྟགས་བཞི་དང་བཅས་པ་ཡི།།

བཅུ་དྲུག་ཉི་ཤུ་ཉེར་ལྔ་ཡི།།

དབྱེ་བ་རྣམ་གསུམ་དོར་བྱ་ཡིན།།

འགལ་བའི་ཁྱབ་བྱའི་ཁྱབ་བྱ་དམིགས།།

བཞི་བོ་བསྣན་པའི་བཅུ་དྲུག་དང་།།

ཉི་ཤུ་ཉེར་ལྔའི་དབྱེ་བ་གསུམ།།

རང་གི་ལུགས་ལ་འདོད་ཀྱང་རུང་།།

ཞེས་པའི་དོན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་དང་ལོ་ཙཱ་བ་ཆེན་པོའི་ལུགས་ལ་རྒྱུ་རྟགས་བཞི་དང་བཅས་མ་དམིགས་པའི་རྟགས་བཅུ་དྲུག་དང་།  ཉི་ཤུ་དང་།  ཉེར་ལྔའི་དབྱེ་བ་རྣམ་པ་གསུམ་པོ་དེ་ནི་མི་འཐད་པས་དོར་བར་བྱ་བ་ཡིན་ལ།  སྣང་རུང་གི་འགལ་བའི་ཁྱབ་བྱའི་ཁྱབ་བྱ་དམིགས་པ་བཞི་བོ་བསྣན་པའི་བཅུ་དྲུག་དང་།  ཉི་ཤུ་དང་།  ཉེར་ལྔའི་དབྱེ་བ་གསུམ་པོ་རང་ལུགས་ལའང་འདོད་ཀྱང་རུང་ཞེས་པའོ།། 

སྡོམ་ལས། ཟབ་གསལ་རྣམ་དཔྱོད་ཕྲ་ཞིབ་ཀྱིས།།

རྟོགས་དཀའི་དགག་རྟགས་དབྱེ་བ་རྣམས།།

མ་འདྲེས་གསལ་བར་ཕྱེ་བ་འདིར།།

དོན་གཉེར་ཅན་རྣམས་དགྱེས་དགུར་རོལ།།

ཅེས་པའི་དོན། ཟབ་གསལ་རྣམ་དཔྱོད་ཀྱིས་ཕྲ་ཞིང་ཞིབ་པའི་སྒོ་ནས་རྟོགས་པར་དཀའ་བའི་དགག་རྟགས་ཡང་དག་གི་དབྱེ་བ་རྣམས་ཀུ་ཤུའི་རྩེ་ལྟར་མ་འདྲེས་པར་གསལ་བར་ཕྱེ་བ་འདིར། བློ་གསལ་དོན་གཉེར་ཅན་རྣམས་ཐུགས་དགྱེས་པའི་ངང་ནས་འདོད་དགུར་རོལ་ཅེས་པའོ།།

སྡོམ་ལས། བསྒྲུབ་བྱ་ཅུང་ཟད་ལྐོག་གྱུར་ནི།།

སྒྲུབ་བྱེད་དངོས་པོ་སྟོབས་ཤུགས་དང་།།

ཤིན་ལྐོག་སྒྲུབ་བྱེད་ཡིད་ཆེས་དང་།།

འདོད་པས་བཞག་པ་ཙམ་གྱི་ཆོས།།

སྒྲུབ་བྱེད་གྲགས་རྟགས་ཡང་དག་ཡིན།།

ཞེས་པའི་དོན་བསྒྲུབ་བྱ་ཅུང་ཟད་ལྐོག་གྱུར་དུ་ལྡན་ལའི་མེ་ལྟ་བུ་སྒྲུབ་བྱེད་དམ་གོ་བྱེད་ནི་དངོས་པོ་སྟོབས་ཤུགས་སམ་དངོས་སྟོབས་ཀྱིས་རྟགས་ཡང་དག་དང་།  དེ་བཞིན་དུ་བསྒྲུབ་བྱ་ཤིན་ཏུ་ལྐོག་གྱུར་སྒྲུབ་བྱེད་ཡིད་ཆེས་ཀྱི་རྟགས་ཡང་དག་དང་།  བསྒྲུབ་བྱ་འདོད་པས་བཞག་ཙམ་གྱིས་ཆོས་སྒྲུབ་བྱེད་གྲགས་པའི་རྟགས་ཡང་དག་ཡིན་ཞེས་པའོ།།  དེ་དག་གི་མཚན་གཞི་རིམ་པ་བཞིན།  དུ་ལྡན་ལ་ལ་ཆོས་ཅན།  མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།། ཞེས་སོགས་ཀྱི་ལུང་ཆོས་ཅན།  རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ།  དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། དཔེར་ན། སྟོང་ཉིད་གཙོ་བོར་དངོས་སུ་སྟོན་པའི་མདོ་ལྟ་བུ་དེ་ཡིན་པའི་ཕྱིར།  རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་བརྗོད་པའི་སྒྲས་བརྗོད་རུང་ཡིན་ཏེ།  རྟོག་ཡུལ་ན་ཡོད་པའི་ཕྱིར།  ཞེས་པ་ལྟ་བུའོ།། 

སྡོམ་ལས། བསྒྲུབ་ཆོས་མཚན་ཉིད་ཡིན་པ་ཞིག།

སྒྲུབ་ལ་ཚུལ་གསུམ་ཡིན་པའི་རྟགས།།

དོན་གྲུབ་རྟགས་དང་དེ་ལྟར་དུ།།

མཚོན་བྱ་ཡིན་པ་སྒྲུབ་པ་ནི།།

ཐ་སྙད་སྒྲུབ་ཀྱི་རྟགས་ཡིན་ནོ།།

དེ་ཡིས་གཉིས་ཀ་སྒྲུབ་པ་དང་།།

འབའ་ཞིག་སྒྲུབ་སོགས་མཚོན་པར་ནུས།།

ཞེས་པའི་དོན་བསྒྲུབ་བྱའི་ཆོས་ལ་མཚན་ཉིད་དམ་དོན་ཡིན་པ་ཞིག་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པའི་རྟགས་དེ་དོན་སྒྲུབ་ཀྱི་རྟགས་ཡང་དག་དང་།  དེ་ལྟར་དུ་བསྒྲུབ་བྱའི་ཆོས་ལ་མཚོན་བྱའམ་ཐ་སྙད་ཡིན་པ་ཞིག་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པ་དེ་ནི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ནོ།།  དེས་རིགས་འགྲེས་ཀྱིས་དོན་དང་ཐ་སྙད་འབའ་སྒྲུབ་སོགས་མཚོན་པར་ནུས་སོ་ཞེས་པའོ།།

སྡོམ་ལས། སྦྱོར་སྐོར་དེ་ཡི་བསྒྲུབ་ཆོས་ལ།།

མེད་དགག་བཟུང་བ་དགག་རྟགས་དང་།།

མ་ཡིན་དགག་དང་སྒྲུབ་པ་གཉིས།།

གང་རུང་བཟུང་བ་སྒྲུབ་རྟགས་ཡིན།།

ཞེས་པའི་དོན།  ཚུལ་གསུམ་གང་ཞིག་སྦྱོར་བ་སྐོར་གཅིག་པོ་དེའི་བསྒྲུབ་བྱའི་ཆོས་ལ་མེད་དགག་བཟུང་བ་དགག་རྟགས་ཡང་དག་དང་།  ཡང་ཚུལ་གསུམ་གང་ཞིག་སྦྱོར་བ་སྐོར་གཅིག་པོ་དེའི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་དང་སྒྲུབ་པ་གང་རུང་བཟུང་བ་སྒྲུབ་རྟགས་ཡང་དག་ཡིན། དཔེ་རིམ་བཞིན། མཚན་མོའི་རྒྱ་མཚོར་ཆོས་ཅན།  དུ་བ་མེད་དེ།  མེ་མེད་པའི་ཕྱིར།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར།  དུ་ལྡན་ལ་ལ་ཆོས་ཅན།  མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུའོ།།

སྡོམ་ལས། མཐུན་ཕྱོགས་བསྒྲུབ་བྱའི་ཆོས་ཡིན་ན།།

རྟགས་དེས་ཁྱབ་པ་ཁྱབ་བྱེད་དང་།།

བསྒྲུབ་བྱའི་ཆོས་ལ་རྟགས་དེ་ཉིད།།

ཡིན་མིན་ཆ་གཉིས་ཡོད་པ་ནི།།

རྣམ་གཉིས་འཇུག་པའི་རྟགས་ཡིན་ལ།།

དེ་ནི་ཡིན་འགོད་དབང་དུ་བྱས།།

ཡོད་འགོག་དེ་ཡིས་རྟོགས་པར་ནུས།།

ཞེས་པའི་དོན། རྟགས་ཡང་དག་དེ་ལ་དབྱེ་ན་ཚུལ་གསུམ་གང་ཞིག།  མཐུན་ཕྱོགས་བསྒྲུབ་བྱའི་ཆོས་དེ་ཡིན་ན་རྟགས་དེ་ཡིན་པས་ཁྱབ་པ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་།  བསྒྲུབ་བྱའི་ཆོས་དེ་ཡིན་ན་རྟགས་དེ་ཡིན་མིན་ཆ་གཉིས་ཡོད་པ་ནི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ཡིན།  དེ་ནི་ཡིན་འགོད་ཀྱི་དབང་དུ་བྱས་པ་ཡིན་ལ།  ཡོད་འགོད་ཀྱི་དབང་དུ་བྱས་ན་ཚུལ་གསུམ་གང་ཞིག།  བསྒྲུབ་བྱའི་ཆོས་དེ་ཡོད་ན་རྟགས་དེ་ཡོད་པས་ཁྱབ་པ་མཐུན་ཕྱོགས་ལ་ཁྱབ་བྱེད་དང་།  བསྒྲུབ་བྱའི་ཆོས་དེ་ཡོད་ན་རྟགས་དེ་ཉིད་ཡོད་མེད་ཆ་གཉིས་སུ་ཕྱེ་ནས་འཇུག་པ་ནི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ཡིན་ཏེ།  དཔེ་རིམ་བཞིན།  སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་པའི་ཕྱིར།  དུང་སྒྲ་ཆོས་ཅན།  མི་རྟག་སྟེ།  རྩོལ་བྱུང་ཡིན་པའི་ཕྱིར།  དུ་ལྡན་ལ་ལ་ཆོས་ཅན། དུ་བའི་དངོས་རྒྱུ་ཡོད་དེ།  དུ་བ་ཡོད་པའི་ཕྱིར།  དུ་ལྡན་ལ་ལ་ཆོས་ཅན།  མེ་ཡོད་དེ།  དུ་བ་ཡོད་པའི་ཕྱིར།  ལྟ་བུའོ།།

སྡོམ་ལས། གཞན་གྱིས་བཀོད་ལ་མི་ལྟོས་པའི།།

བསྒྲུབ་བྱ་སྒྲུབ་བྱེད་ཚུལ་གསུམ་རྟགས།།

རང་དོན་སྐབས་ཀྱི་རྟགས་ཡིན་ལ།།

དེ་ལྟར་གཞན་གྱིས་བཀོད་པ་ལ།།

ལྟོས་པའི་བསྒྲུབ་བྱ་སྒྲུབ་པའི་རྟགས།།

གཞན་དོན་སྐབས་ཀྱི་རྟགས་སུ་གསུང་།།

དེ་ཡང་ཐོས་བྱུང་ཤེས་རབ་ཀྱི།།

རྟེན་རྟགས་ལ་ནི་གཞན་དོན་དང་།།

བསམ་བྱུང་གི་ནི་རྟེན་རྟགས་ལ།། 

རང་དོན་སྐབས་ཀྱི་རྟགས་ཞེས་བྱ།།

ཞེས་པའི་དོན། སྔ་རྒོལ་ལྟ་བུ།  གང་ཟག་གཞན་གྱིས་རྟགས་བཀོད་པ་ལ་མི་ལྟོས་པའི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པའི་རྟགས་དེ་ནི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་ལ།  གང་ཟག་གཞན་གྱིས་དེ་ལྟར་བཀོད་པ་ལ་ལྟོས་པའི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པའི་རྟགས་ལ་ནི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་གསུང་ཞེས་དང་། དེ་ཡང་ཐོས་བྱུང་གི་ཤེས་རབ་ཀྱི་རྟེན་དུ་གྱུར་པའི་རྟགས་ལ་གཞན་དོན་སྐབས་ཀྱི་རྟགས་དང་།  བསམ་བྱུང་གི་ཤེས་རབ་ཀྱི་རྟེན་དུ་གྱུར་པའི་རྟགས་ལ་རང་དོན་སྐབས་ཀྱི་རྟགས་ཡང་དག་ཅེས་བྱའོ་ཞེས་པའི་དོན་ནོ།།  དཔེ་རིམ་བཞིན།  རང་གིས་རང་ལ་སྒྲ་ཆོས་ཅན།  མི་རྟག་སྟེ།  བྱས་བའི་ཕྱིར།  ཞེས་བཀོད་ན་རང་དོན་སྐབས་ཀྱི་རྟགས་དང་།  གཞན་གྱིས་རང་ལ་སྒྲ་ཆོས་ཅན།  མི་རྟག་སྟེ། བྱས་པའི་ཕྱིར།  ཞེས་པ་ལྟ་བུ་བཀོད་ན་གཞན་དོན་སྐབས་ཀྱི་རྟགས་ཡིན་ཞེས་པའོ།།

སྡོམ་ལས། རྟགས་ཀྱི་ཚུལ་གསུམ་འཇལ་བ་ཡི།།

ཚད་མས་དྲངས་པའི་ཚུལ་གསུམ་ག།

ཅིག་ཅར་དྲན་པའི་ཤེས་པ་ནི།།

རྟགས་འཛིན་སེམས་ཞེས་བྱ་བ་སྟེ།།

རྗེས་སུ་དཔག་པའི་དངོས་རྒྱུ་ཡིན།།

ཚུལ་གསུམ་སོ་སོར་ངེས་རྗེས་སུ།།

དུས་གཅིག་དྲན་པར་བྱ་བའི་ཆེད།།

སྒྲུབ་ངག་ཡང་དག་འགོད་པ་ཡིན།།

ཞེས་པའི་དོན། སྡེ་བདུན་རྒྱན་༣༩༠ལས།  རྟགས་ཡང་དག་གི་དོན་ལྡོག་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་ཡིན་པས་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་དོན་ལྡོག་ཏུ་འགྲོ་རྒྱུའི་དེ་སྒྲུབ་ཀྱི་ཚུལ་གསུམ་ག་དུས་གཅིག་ཏུ་དྲན་པའི་ཤེས་པ་ཚད་མའི་སྟོབས་ལས་སྐྱེས་པ་ཉིད་རྟགས་འཛིན་སེམས་ཡིན་ལ། དེའི་ཕྱིར།  སྒྲ་བཤད་ནི།  རྟགས་ཡང་དག་གི་དོན་ལྡོག་ཚུལ་གསུམ་པོ་དེ་དྲན་པའི་སྒོ་ནས་འཛིན་པའི་སེམས་ཡིན་པའི་ཕྱིར། རྟགས་འཛིན་སེམས་ཞེས་བྱའོ།། མཚན་ཉིད་ནི།  དེ་སྒྲུབ་ཀྱི་ཚུལ་གསུམ་འཇལ་བའི་ཚད་མས་དྲངས་ནས་སྐྱེས་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ག་དུས་གཅིག་ཏུ་དྲན་པའི་ཤེས་པ། དེས་ན། ཚུལ་གསུམ་མ་ཤེས་པ་ཤེས་པར་བྱ་བའི་ཕྱིར་ནི་ཚུལ་གསུམ་འཇལ་བའི་ཚད་མ་འཇུག་ལ།  ཤེས་ཟིན་དུས་གཅིག་ཏུ་དྲན་པའི་རྟགས་འཛིན་སེམས་བསྐྱེད་པའི་ཕྱིར་ནི་སྒྲུབ་ངག་འཇུག་ཅིང་།  སེམས་དེ་ལས་རྟགས་ཅན་རྗེས་དཔག་སྐྱེ་བ་ཡིན་ནོ།།  ཞེས་གསུངས་པ་ལྟར།  ཤོ་ལོ་ཀ་གཉིས་ཀྱིས་རྟགས་འཛིན་སེམས་ཀྱི་མཚན་ཉིད་སྒྲ་བཤད་དེ་རྟགས་ཅན་རྗེས་དཔག་གི་དངོས་རྒྱུ་ཡིན་ཚུལ།  སྒྲུབ་ངག་བཀོད་པའི་དུས་སོགས་བསྟན་པ་ཡིན་ནོ།།

སྡོམ་ལས། རང་གིས་མཐོང་བའི་ཚུལ་གསུམ་པོ།།

ལྷག་ཆད་མེད་པར་གསལ་བྱེད་ངག།

གཞན་དོན་རྗེས་སུ་དཔག་པ་ཡིན།།

དེ་དང་རྟགས་ཚིག་ཡང་དག་དང་།།

སྒྲུབ་ངག་ཡང་དག་དོན་གཅིག་གོ།

ཞེས་པའི་དོན་སྡེ་བདུན་རྒྱན་༢༩༩ལས།  གཞན་དོན་རྗེས་དཔག་གི་མཚན་ཉིད། 

རྒོལ་བ་རང་གིས་མཐོང་བའི་ཚུལ་གསུམ་སྐབས་དང་མཐུན་པའི་རྒོལ་བ་གཞན་ལ་ལྷག་ཆད་དང་བྲལ་བའི་སྒོ་ནས་གསལ་བར་བྱེད་པའི་ངག་ཅེས་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ།། ཞེས་གསུངས་པ་ལྟར་དང་། མིང་གི་རྣམ་གྲངས་ལ་ཡང་དེ་ཉིད་༢༩༥ལས།  གཞན་དོན་རྗེས་དཔག།  རྟགས་ཚིགས་ཡང་དག།  སྒྲུབ་ངག་ཡང་དག་དོན་གཅིག་མིང་གི་རྣམ་གྲངས་སོ།། ཞེས་གསུངས་པའི་དོན་ནོ།།

སྡོམ་ལས། སྒྲ་བཤད་སྨྲ་བོ་རང་ལས་གཞན།།

བསྒྲུབ་བྱ་རྟོགས་པའི་དོན་བྱེད་པས།།

གཞན་དོན་ཞེས་བྱ་རྗེས་དཔག་ཏུ།།

བཏགས་པའི་ཆོས་གསུམ་ཚང་བ་སྟེ།།

རྒྱུ་མཚན་རང་འབྲས་རྗེས་དཔག་གི།

རྒྱུ་ཕྱིར་འབྲས་བུའི་མིང་གི་བཏགས།།

དགོས་པ་རྗེས་དཔག་སྐྱེད་པ་ཡི།།

ནུས་པ་ཡོད་པར་རྟོགས་ཕྱིར་དང་།།

གནོད་བྱེད་ངག་གི་རང་བཞིན་ཕྱིར།།

དེ་ཡང་གཏན་ཚིགས་ཡང་དག་གི།

ཚུལ་གསུམ་བརྗོད་པའི་ངག་ཡིན་ཕྱིར།།

རྟགས་ཚིག་ཡང་དག་ཅེས་བྱའོ།།

སྒྲུབ་བྱེད་ཡང་དག་བརྗོད་པའི་ངག།

ཡིན་ཕྱིར་སྒྲུབ་ངག་ཡང་དག་གོ།

ཞེས་པའི་དོན་གཞན་དོན་རྗེས་དཔག་གི་སྒྲ་བཤད་ནི་སྡེ་བདུན་རྒྱན་༢༩༥ལས།  ངག་སྨྲ་བ་བོ་རང་ཉིད་ལས་གཞན་པའི་གང་ཟག་གིས་བསྒྲུབ་བྱ་རྟོགས་པའི་དོན་བྱེད་པའི་གཞན་གྱི་དོན་ཅེས་སྨྲོས་ལ། རྗེས་དཔག་ཅེས་པ་ནི།  རྒྱུ་མཚན་དང་དགོས་པ་ལ་བརྟེན་ནས་རྗེས་དཔག་ཏུ་བཏགས་པ་ཙམ་ཡིན་ཞིང་ཞེས་གསུངས།  གཞན་དོན་རྗེས་དཔག་རྗེས་དཔག་དངོས་མིན་ཞིང་རྗེས་དཔག་བཏགས་པ་བ་ཡིན་པས་བཏགས་པའི་ཆོས་གསུམ་ཚང་བ་སྟེ། རྒྱུ་མཚན། དགོས་པ། དངོས་ལ་གནོད་བྱེད་གསུམ་ལས། དང་བོ་ནི། སྡེ་བདུན་རྒྱན་༢༩༥ལས། འདོགས་པའི་རྒྱུ་མཚན་ནི་འབྲས་བུ་རྗེས་དཔག་གི་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ།།  ཞེས་གསུངས་པ་ལྟར། སྒྲུབ་ངག་ཡང་དག་གིས་རང་འབྲས་རྗེས་དཔག་གི་རྒྱུ་བྱེད་པས་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་སྟེ་དཔེར་ན་ནས་ཀྱི་མྱུ་གུ་ཟེར་བ་བཞིན་ནོ།། གཉིས་པ་ནི། དེ་ཉིད་༢༩༥ལས། བཏགས་པའི་དགོས་པ་ནི་ཚུལ་གསུམ་བརྗོད་པའི་ངག་ལ་རྗེས་དཔག་བསྐྱེད་པའི་ནུས་པ་ཡོད་པར་རྟོགས་པར་བྱ་བའི་ཕྱིར་ཡིན་ལ།  ཞེས་གསུངས་པ་ལྟར།  སྒྲུབ་ངག་ཡང་དག་དེ་ལ་རྗེས་དཔག་སྐྱེད་པའི་ནུས་པ་ཡོད་པར་ཕ་རོལ་པོས་རྟོགས་པའི་ཆེད་དུ་དེ་ལ་གཞན་དོན་རྗེས་དཔག་ཅེས་བཏགས་པ་ཡིན་ཞེས་པའོ།། གསུམ་པ། ཡང་དེ་ཉིད་༢༩༥ལས།  དངོས་ལ་གནོད་བྱེད་ནི། ངག་ཡིན་པས་བེམ་པོའི་རང་བཞིན་ཡིན་པའི་ཕྱིར་རོ།།  ཞེས་པ་ལྟར། རྗེས་དཔག་ནི་ཚད་མ་ཡིན་པས་ཤེས་པ་ཡིན་ལ།  སྒྲུབ་ངག་ཡང་དག་གི་རང་བཞིན་ནམ་ངོ་བོ་སྒྲ་ཡིན་པས་རྗེས་དཔག་དངོས་ཡིན་ན་གནོད་བྱེད་ཡོད་ཅེས་པའོ།།  ཅིའི་ཕྱིར་རྟགས་ཚིག་ཡང་དག་དང་སྒྲུབ་ངག་ཡང་དག་ཟེར་ཞེ་ན།  དེ་ཡང་གཏན་ཚིགས་སམ་རྒྱུ་མཚན་ཡང་དག་གི་ཚུལ་གསུམ་བརྗོད་པའི་ངག་གམ་ཚིག་ཡིན་པའི་ཕྱིར།  རྟགས་ཚིག་ཡང་དག་ཅེས་བྱའོ།།  སྒྲུབ་ངག་ཡང་དག་བརྗོད་པའི་ངག་གམ་ཚིག་ཡིན་པའི་ཕྱིར་སྒྲུབ་ངག་ཡང་དག་ཅེས་བྱའོ་ཞེས་པའི་དོན་ནོ།། 

སྡོམ་ལས། དབྱེ་ན་ཆོས་ནི་མཐུན་སྦྱོར་དང་།།

མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས།།

རྟགས་དེ་མཐུན་ཕྱོགས་ཁོ་ན་ལ།།

ཡོད་པར་དངོས་སུ་གོ་བྱེད་དང་།།

མི་མཐུན་ཕྱོགས་ལ་མེད་པ་ནི།།

ཁོ་ནར་དངོས་སུ་གོ་བྱེད་ངག།

རིམ་བཞིན་དེ་ཡི་མཚན་ཉིད་དེ།།

ཡན་ལག་གཉིས་སུ་ངེས་པ་ཡིན།

ཞེས་པའི་དོན། སྒྲུབ་ངག་ཡང་དག་དེ་ལ་དབྱེ་ན་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང་།  ཆོས་མཐུན་མི་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས་ལས།  དང་བོ་ནི། སྡེ་བདུན་རྒྱན་༣༠༠ལས།  དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་གོ་བར་བྱེད་པའི་ཡན་ལག་གཉིས་དང་ལྡན་པའི་ངག་ཡང་དག།  དཔེར་ན། གང་བྱས་པ་དེ་ཐམས་ཅད་མི་རྟག།  དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས།  ཞེས་གསུངས། གཉིས་པ་ནི། ཡང་དེ་༣༠༠ལས། དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་དངོས་སུ་གོ་བར་བྱེད་པའི་ཡན་ལག་གཉིས་ལྡན་གྱི་ངག་ཡང་དག།  དཔེར་ན། གང་རྟག་པ་དེ་ཐམས་ཅད་བྱས་པ་མིན།  དཔེར་ན་ནམ་མཁའ་བཞིན།  སྒྲ་ནི་བྱས་ཞེས་གསུངས་པ་ལྟར་རོ།།  ཡན་ལག་གཉིས་སུ་ངེས་པ་ཡིན་ཞེས་པའི་ཡན་ལག་གཉིས་ནི་ཕྱོགས་ཆོས་བརྗོད་པ་དང་ཁྱབ་པ་བརྗོད་པ་གཉིས་ཡིན་ནོ།།

སྡོམ་ལས། དམ་བཅའ་ཕྱོགས་ཆོས་དཔེ་དང་ནི།།

ཉེར་སྦྱོར་དང་ནི་མཇུག་སྡུད་དེ།།

ཡན་ལག་ལྔ་ལྡན་སྒྲུབ་ངག་ནི།།

དམ་བཅའ་བརྗོད་པ་མཇུག་སྡུད་དང་།།

ཉེར་སྦྱོར་ཕྱོགས་ཆོས་དང་ཟློས་ཤིང་།།

ཁྱབ་པ་བརྗོད་པ་མ་ཚང་བས།།

ལྷག་ཆད་སྐྱོན་དང་བཅས་པའི་ཕྱིར།།

སྐབས་འདིར་སྒྲུབ་ངག་ཡང་དག་མིན།།

ཞེས་པའི་དོན།  དམ་བཅའ་བརྗོད་པ།  དཔེ་བརྗོད་པ།  ཉེར་སྦྱོར་རམ་ཉེར་གཏོད་བརྗོད་པ།  མཇུག་སྡུད་བརྗོད་པ་སྟེ་ཡན་ལག་ལྔ་ནི་དཔེར་ན།  སྒྲ་ནི་མི་རྟག་སྟེ།  བྱས་པའི་ཕྱིར།  དཔེར་ན་བུམ་པ་བཞིན།  བུམ་པ་བྱས་པ་བཞིན་དུ་སྒྲ་ཡང་བྱས།  དེའི་ཕྱིར་སྒྲ་ནི་མི་རྟག་ཞེས་པ་ལྟ་བུ་ཡིན་ལ།  དེ་དག་ལྷག་ཆད་ཀྱི་སྐྱོན་དུ་འགྱུར་ཚུལ་ནི། དང་བོ་དམ་བཅའ་བརྗོད་པ་སྒྲ་ནི་མི་རྟག་སྟེ་ཞེས་པ་ལྔ་བ་མཇུག་སྡུད་བརྗོད་པ་དེའི་ཕྱིར་སྒྲ་ནི་མི་རྟག་གོ་ཞེས་པ་དང་ཟློས་པས་ལྷག་པའི་སྐྱོན་དང་།  གསུམ་པ་ཉེར་སྦྱོར་བུམ་པ་བྱས་པ་བཞིན་དུ་སྒྲ་ཡང་བྱས་ཞེས་པ་ཡང་གཉིས་པ་ཕྱོགས་ཆོས་བརྗོད་པ་བྱས་པའི་ཕྱིར།  ཞེས་པ་དང་ཟློས་པས་ལྷག་པའི་སྐྱོན་གཉིས་དང་།  དཔེ་སྨོས་ཀྱང་དེ་ལ་རྟགས་ཆོས་ཀྱི་འབྲེལ་བ་མ་བསྟན་པས་ཁྱབ་པ་བརྗོད་པ་མ་ཚང་བ་ཆད་པའི་སྐྱོན་དང་བཅས་པའི་ཕྱིར།  ཚད་མའི་སྐབས་འདིར་སྒྲུབ་ངག་ཡན་ལག་ལྔ་ལྡན་སྒྲུབ་ངག་ཡང་དག་མིན་ཞེས་པའོ།། སྐབས་འདིར་སྒྲུབ་ངག་ཡང་དག་མིན་ཞེས་པའི་ཚིག་གིས་གཞན་དབུ་མའི་སྐབས་སོགས་སུ་སྒྲུབ་ངག་ཡན་ལག་ལྔ་ལྡན་སྒྲུབ་ངག་ཡང་དག་ཏུ་འདོད་པ་ནི།  ཁོང་གིས་མཛད་པའི་དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མ་ལས།  སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི།། སྒོ་ནས་གཞན་གྲགས་གཏན་ཚིགས་བསྟན།། དམ་བཅའ་ཁྱབ་པ་དཔེ་བརྗོད་དང་།། ཉེར་གཏོད་མཇུག་སྡུད་ཡན་ལག་ལྔ།། ཞེས་གསུངས་པས་དེ་ལ་སྐབས་འདིར་བརྗོད་པའི་སྐྱོན་དེ་དག་མི་འཇུག་ཚུལ་གང་ཡིན་དཔྱད། 

སྡོམ་ལས། གཞན་དོན་རྗེས་སུ་དཔག་པ་ཡི།།

དངོས་ཀྱི་བསྟན་བྱ་གཏན་ཚིགས་དང་།།

ཤུགས་ཀྱི་བསྟན་བྱ་བསྒྲུབ་བྱ་སྟེ།།

ཚུལ་གསུམ་ཚང་བའི་གཏན་ཚིགས་ལ།།

བརྟེན་ནས་གོ་བྱའི་ཆོས་གང་ཞིག།

ལྡོག་པ་གཉིས་ལ་གནས་པ་དེ།།

རྟགས་ཡང་དག་གི་བསྒྲུབ་བྱ་འོ།།

ཞེས་པའི་དོན་གཞན་དོན་རྗེས་དཔག་གི་དངོས་ཀྱི་བསྟན་བྱ་གཏན་ཚིགས་ཡིན་ལ། དེ་ལ་དབྱེ་ན་གཏན་ཚིགས་ཡང་དག་དང་དེའི་ལྡོག་ཕྱོགས་གཏན་ཚིགས་ལྟར་སྣང་གཉིས་ཡོད། གཞན་དོན་རྗེས་དཔག་གི་ཤུགས་ཀྱི་བསྟན་བྱ་བསྒྲུབ་བྱ་ནི། སྡེ་བདུན་རྒྱན་༤༢༠ལས། རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་གོ་བར་བྱེད་པའི་ཆོས་གང་ཞིག་ལྡོག་པ་གཉིས་ལ་གནས་པ། ཞེས་གསུངས་པ་ལྟར། ཆོས་དང་ཆོས་ཅན་གྱི་ཚོགས་དོན་གང་ཞིག། རྟགས་ཡང་དག་གིས་དཔག་པར་བྱ་བའམ་ཡང་ན་དེས་གོ་བར་བྱ་བ་རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད་ཡིན་ཞེས་པའོ།།

སྡོམ་ལས། དབྱེ་ན་རང་དང་གཞན་དོན་གྱི།།

རྟགས་ཡང་དག་གི་བསྒྲུབ་བྱ་གཉིས།།

དང་བོ་གཞན་ལ་མི་ལྟོས་པར།།

ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན།།

ཕྱི་མའི་མཚན་ཉིད་ཀུན་བཏུས་དང་།།

རིགས་སྒོར་གསུངས་པ་གཉིས་སུ་ཡོད།།

ཅེས་པའི་དོན་རྟགས་ཡང་དག་གི་བསྒྲུབ་བྱ་དེ་ལ་དབྱེ་ན་རང་དོན་སྐབས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་དང་། གཞན་དོན་སྐབས་རྟགས་ཡང་དག་གི་བསྒྲུབ་བྱ་གཉིས། དང་བོའི་མཚན་ཉིད་སྡེ་བདུན་རྒྱན་༤༢༠ལས། གང་ཟག་གཞན་གྱི་བཀོད་པ་ལ་མ་བལྟོས་པའི་ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་ཉིད་ཀྱིས་གོ་བར་བྱ་བའི་ཆོས་གང་ཞིག་ལྡོག་པ་གཉིས་ལ་གནས་པ། ཞེས་གསུངས་པ་ལྟར། ཆོས་དང་ཆོས་ཅན་གྱི་ཚོགས་དོན་གང་ཞིག།  རང་དོན་རྟགས་ལས་སམ་གློ་བུར་བའི་རྟགས་ལས་དཔག་པར་བྱ་བ་རང་དོན་གྱི་རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད་ཡིན་ལ།  ཕྱི་མའི་མཚན་ཉིད་ནི།  སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་དང་ཚད་མ་རིགས་སྒོར་གསུངས་པ་གཉིས་སུ་ཡོད་ཅེས་པའི་ཀུན་བཏུས་ལས། ངོ་བོ་ཁོ་ན་རང་ཉིད་དང་།། འདོད་དང་མ་བསལ་བསྟན་པར་བྱ།། ཞེས་དང་། རིགས་སྒོ་ལས། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཡང་ཕྱོགས་ཡིན་ནོ།། ཞེས་སྡེ་བདུན་རྒྱན་༤༢༤ལས་གསུངས་སོ།། ཡང་སྡེ་བདུན་རྒྱན་༤༢༥ལས། འོ་ན། ཀུན་བཏུས་དང་རིགས་སྒོ་ནས་བསྟན་པ་འདི་གཉིས་ལ་ཁྱད་པར་དུ་བྱ་བ་ཅི་དང་ཅི་ཡོད། གང་གི་དགོས་པ་མཐོང་ནས་མཚན་ཉིད་གཉིས་བསྟན་ཞེ་ན། དོན་ལ་ནི་ཁྱད་པར་མེད་ཅིང་། གང་ཡང་རུང་བ་གཅིག་གིས་ཀྱང་མཚོན་ནུས་ལ། འོན་ཀྱང་། ལོག་རྟོག་སེལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་དང་བོ་དང་། རིགས་མི་མཐུན་སེལ་བ་ཙམ་གྱི་དབང་དུ་བྱས་ནས་ཕྱི་མ་བསྟན་པ་ཡིན་ནོ།། ཞེས་གསུངས། ཚད་མ་རིགས་རྒྱན་༢༩༧ལས། ཁ་ཅིག། ཀུན་བཏུས་ལས་བསྟན་པ་དེས་ལོག་རྟོག་སེལ་ལ་རིགས་སྒོ་ནས་བཤད་པ་དེས་རིགས་མི་མཐུན་སེལ་བས་ཟློས་པའི་སྐྱོན་མེད་དོ་ཞེ་ན། དེའི་ཁྱད་པར་མི་འཐད་དེ། དེ་གཉིས་ཀས་ཀྱང་ལོག་རྟོག་དང་རིགས་མི་མཐུན་གཉིས་ཀ་སེལ་ནུས་པའི་ཕྱིར། ཞེས་གསུངས་པས་དཔྱད།

སྡོམ་ལས། ལྡོག་ཕྱོགས་གཏན་ཚིགས་ལྟར་སྣང་ནི།།

སྦྱོར་སྐོར་གཅིག་ལ་མཚོན་གྱུར་ན།།

རྟགས་སུ་བཀོད་ཀྱང་ཚུལ་གསུམ་མིན།།

རྟགས་ལྟར་སྣང་གི་མཚན་ཉིད་ཡིན།།

མ་གྲུབ་འགལ་དང་མ་ངེས་གསུམ།།

ཞེས་པའི་དོན་སྤྱིར་བཏང་རྟགས་ཡང་དག་གི་ལྡོག་ཕྱོགས་རྟགས་ལྟར་སྣང་མེད་ལ་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་ཀྱང་། སྦྱོར་བ་སྐོར་གཅིག་ལ་མཚོན་ན། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག།  དེ་སྒྲུབ་ཚུལ་གསུམ་མ་ཚང་བའི་གཏན་ཚིགས་ཡིན་པ་དེ་སྒྲུབ་ཀྱི་རྟགས་ལྟར་སྣང་གི་མཚན་ཉིད། དེ་ལ་དབྱེ་ན། མ་གྲུབ་པའི་གཏན་ཚིགས། འགལ་བའི་གཏན་ཚིགས།  མ་ངེས་པའི་གཏན་ཚིགས་གསུམ་ཡོད་ཅེས་པའོ།།

སྡོམ་ལས། རྟགས་བཀོད་ཕྱོགས་ཆོས་མ་གྲུབ་པ།།

མ་གྲུབ་པ་ཡི་རྟགས་ཡིན་ལ།།

དེ་ལ་དབྱེ་ན་དོན་དང་བློ།།

རྒོལ་བ་ལ་ལྟོས་མ་གྲུབ་གསུམ།།

ཞེས་པའི་དོན་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག།  དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་ཡིན་པ་དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་། བློ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་།   རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་གསུམ་ཡོད་ཅེས་པའོ།།

སྡོམ་ལས། དང་བོ་ལ་ནི་རྟགས་ཀྱི་དང་།།

ཆོས་ཅན་གྱི་ནི་ངོ་བོ་དང་།།

གཞི་རྟགས་ཀྱི་ནི་འབྲེལ་བ་དང་།།

རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་དང་།།

ཆོས་ཅན་གྱི་ནི་ཕྱོགས་གཅིག་ལ།།

རྟགས་མི་སྲིད་ནས་མ་གྲུབ་ལྔ།།

ཞེས་པའི་དོན། དང་བོ་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན།  རྟགས་ཀྱི་ངོ་བོ་མེད་ནས་དང་། ཆོས་ཅན་གྱི་ངོ་བོ་མེད་ནས་དང་། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་དང་། རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་དང་། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་དང་ལྔ་ཡོད་པས་དཔེ་རིམ་བཞིན། སྐྱེས་བུ་ཆོས་ཅན། གང་ཟག་གི་བདག་དང་བཅས་ཏེ། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཆོས་ཅན། ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། བདེ་སོགས་ཡོན་ཏན་ཐམས་ཅད་ལ་དམིགས་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱི་རྒྱུ་རྐྱེན་དང་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་གསུམ་ཆོས་ཅན། བློ་ཡིན་ཏེ། གསལ་ཞིག་རིག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ།།

སྡོམ་ལས། གཉིས་པར་ཆོས་ཅན་དང་ནི་རྟགས།།

དེ་གཉིས་ཀྱི་ནི་འབྲེལ་བ་ལ།།

ཐེ་ཚོམ་ཟ་ནས་མ་གྲུབ་གསུམ།།

གཞི་རྟགས་གཞི་ཆོས་ཆོས་རྟགས་རྣམས།།

ཐ་དད་མེད་ནས་མ་གྲུབ་པ།།

ཤེས་འདོད་ལ་ལྟོས་གསུམ་དང་བཅས།།

བློ་ལ་ལྟོས་ནས་མ་གྲུབ་དྲུག།

ཞེས་པའི་དོན་གཉིས་པ་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང་ཐ་དད་མེད་ནས་མ་གྲུབ་པ་གཉིས་ཀྱི་དང་བོ་ལ་ཆོས་ཅན་ལ་ཐེ་ཚོམ་ཟ་ནས་དང་། རྟགས་ལ་ཐེ་ཚོམ་ཟ་ནས་དང་། གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་ཡོད་པས་སྦྱོར་བ་རིམ་བཞིན་བཀོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ལ། མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། མཚན་མོའི་རྒྱ་མཚོར་སྐྱ་རྫས་མཐོང་ནས་དུ་བ་ཡོད་མེད་ལ་ཐེ་ཚོམ་ཟ་བའི་གང་ཟག་ལ། མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། རི་སུལ་གསུམ་གང་རུང་ན་རྨ་བྱའི་སྒྲ་གྲགས་པར་ངེས་ཀྱང་ཁྱད་པར་མ་ངེས་པའི་གང་ཟག་ལ། རི་སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྐད་གྲགས་པའི་ཕྱིར་ལྟ་བུ་དང་། གཉིས་པ་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ལ་གཞི་རྟགས་ཐ་དད་མེད་ནས་དང་། གཞི་ཆོས་ཐ་དད་མེད་ནས་དང་། ཆོས་རྟགས་སམ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་གསུམ་གྱི་སྦྱོར་བ་རིམ་བཞིན་བཀོད་ན། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། སྒྲ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པ་ཡིན་པའི་ཕྱིར་ལྟ་བུ་ཤེས་འདོད་མེད་ནས་མ་གྲུབ་པ་གསུམ་དང་བཅས་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དྲུག་ཡོད་ཅེས་པའོ།།

སྡོམ་ལས། རྒོལ་བ་ལ་ལྟོས་གསུམ་ཡིན་ཏེ།།

སྔ་རྒོལ་དང་ནི་ཕྱི་རྒོལ་དང་།།

གཉིས་ཀ་ལ་ལྟོས་མ་གྲུབ་པའོ།།

ཞེས་པའི་དོན་སྦྱོར་བ་སྐོར་གཅིག་གི་རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་ལ་གསུམ་ཡོད་དེ། སྔ་རྒོལ་ལ་ལྟོས་ཏེ་མ་གྲུབ་པ་དང་། ཕྱི་རྒོལ་ལ་ལྟོས་ཏེ་མ་གྲུབ་པ་དང་། སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ཏེ་མ་གྲུབ་པ་དང་གསུམ་ཡོད་པའི་སྦྱོར་བ་རིམ་བཞིན་བཀོད་ན། སྔ་རྒོལ་གྲངས་ཅན་པས་ཕྱི་རྒོལ་སངས་རྒྱས་པ་ལ། བློ་བདེ་ཆོས་ཅན། སེམས་དང་བཅས་པ་ཡིན་ཏེ། སྐྱེ་འཇིག་བྱེད་པའི་ཕྱིར། སྔ་རྒོལ་གཅེར་བུ་བས་ཕྱི་རྒོལ་སངས་རྒྱས་པ་ལ། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། སྔ་རྒོལ་སྒྲ་བྱས་མ་བྱས་གང་དུ་ཡང་མ་ངེས་པའི་གང་ཟག་གིས་ཕྱི་རྒོལ་སྒྲ་བྱས་མ་བྱས་གང་དུ་ཡང་མ་ངེས་པའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུའོ།། འདི་དག་ནི་སྡེ་བདུན་རྒྱན་ལྟར་རོ།།

སྡོམ་ལས། སྤྱི་དོན་རིགས་རྒྱན་ལྟར་ན་ནི།།

ཐ་དད་མེད་པ་གསུམ་དང་བཅས།།

དོན་ལ་ལྟོས་ནས་མ་གྲུབ་བརྒྱད།།

ཤེས་འདོད་མེད་པ་གཅིག་ཏུ་བཤད།།

ཅེས་པའི་དོན་ཚད་མའི་སྤྱི་དོན་རིགས་རྒྱན་ལྟར་ན། ཐ་དད་མེད་ནས་མ་གྲུབ་པ་གསུམ་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་སུ་བཞག་པས་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་བརྒྱད་དང་། ཤེས་འདོད་མེད་ནས་མ་གྲུབ་པ་གཅིག་ཏུ་བཤད་ཅེས་པ་རིགས་རྒྱན་༢༦༡ལས། གཉིས་པ་ལ་གསུམ། དོན་ལ་ལྟོས་ནས་མ་གྲུབ་པ་དང་། བློ་ལ་ལྟོས་ནས་མ་གྲུབ་པ་དང་། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའོ།། དང་བོ་ལ། གཞི་མ་གྲུབ་ནས་མ་གྲུབ་དང་། ཐ་དད་མེད་ནས་མ་གྲུབ་པའོ།། དང་བོ་ལ་ལྔ་ཞེས་དང་། གཉིས་པ་ལ་ཐ་དད་མེད་ནས་མ་གྲུབ་པའི་རྟགས་ལ་གསུམ་ཞེས་དང་། གཉིས་པ་བློ་ལ་ལྟོས་ནས་མ་གྲུབ་པ་ལ་བཞི། ཤེས་འདོད་མེད་ནས་མ་གྲུབ་པ་དང་། ཞེས་པ་ནས། དཔེར་བརྗོད་རིམ་པ་བཞིན་སྒྲ་མི་རྟག་པར་གྲུབ་ཟིན་མ་བརྗེད་པའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་གསུངས་སོ།།

སྡོམ་ལས། འགལ་བའི་རྟགས་ཀྱི་མཚན་ཉིད་ནི།།

ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་ནི།།

ཕྱིན་ཅི་ལོག་ཏུ་ངེས་པ་འོ།།

དབྱེ་ན་རྣམ་པ་བཞི་ཡོད་དེ།།

ཆོས་དང་ཆོས་ཅན་ངོ་བོ་དང་།།

ཆོས་དང་ཆོས་ཅན་གྱི་ཁྱད་པར།།

སྒྲུབ་པའི་འགལ་རྟགས་བཞི་ཡིན་ནོ།།

ཞེས་དོན་འགལ་རྟགས་ཀྱི་མཚན་ཉིད་ནི། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་གང་ཞིག།  ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དངོས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་པ་དེ། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན་རྣམ་པ་བཞི་ཡོད་དེ་ཆོས་ཀྱི་ངོ་བོ་སྒྲུབ་པ་དང་། ཆོས་ཅན་གྱི་ངོ་བོ་སྒྲུབ་པ་དང་། ཆོས་ཀྱི་ཁྱད་པར་སྒྲུབ་པ་དང་། ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་བཞི་ཡིན་ཞེས་པའི་དང་བོའི་སྦྱོར་བ་བཀོད་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། གཉིས་པ་ལ་སྒྲས་ཟིན་གྱི་སྦྱོར་བ་དང་ཞེ་འདོད་ཀྱི་དེ་གཉིས་ཡོད་པའི་རིམ་བཞིན། བྱེ་བྲག་པས་སངས་རྒྱས་པ་ལ། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན།  རྟག་པ་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། དེའི་ཞེ་འདོད་ཀྱི་སྦྱོར་བ་ནི། ནམ་མཁའ་ཆོས་ཅན། དངོས་པོ་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། གསུམ་པ་ལ་ཡང་། སྒྲས་ཟིན་དང་ཞེ་འདོད་ཀྱི་སྦྱོར་བ་གཉིས་ལས། དང་བོ་ནི། གྲངས་ཅན་གྱིས་སངས་རྒྱས་པ་ལ། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར། དེའི་ཞེ་འདོད་ཀྱི་དེ་ནི། མིག་སོགས་ཆོས་ཅན། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་དགོས་པ་སྒྲུབ་ཏེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། བཞི་བ་ལ་ཡང་སྒྲས་ཟིན་དང་ཞེ་འདོད་ཀྱི་སྦྱོར་བ་གཉིས་ལས་དང་བོ་ནི། གྲངས་ཅན་གྱིས་སངས་རྒྱས་པ་ལ། མིག་སོགས་འདུས་པ་མ་ཡིན་པའི་དོན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། དེའི་ཞེ་འདོད་ཀྱི་སྦྱོར་བ་ནི། མིག་སོགས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་ཡུལ་ཆོས་ཅན། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་དགོས་པ་སྒྲུབ་པར་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ།།

སྡོམ་ལས། མ་ངེས་པ་ཡི་རྟགས་ཞེས་པ།།

ཕྱོགས་ཆོས་གྲུབ་ཅིང་ཁྱབ་འབྲེལ་ནི།།

ཕྱི་རྒོལ་གྱིས་ནི་མ་ངེས་པའོ།།

དབྱེ་ན་ཐུན་མོང་ཡིན་མིན་གཉིས།།

ཕྱོགས་ཆོས་སྐབས་ཀྱི་ཕྱི་རྒོལ་གྱིས།།

རྟགས་དེ་མཐུན་ཕྱོགས་མི་མཐུན་ཕྱོགས།།

གང་དུ་ཡང་ནི་མ་མཐོང་བ།།

ཐུན་མོང་མིན་པའི་རྟགས་ཡིན་ལ།།

དབྱེ་ན་མཐུན་ཕྱོགས་ཁོ་ན་དང་།།

དེ་བཞིན་ཕྱོགས་ནི་གཉིས་ཀ་དང་།།

མི་མཐུན་ཕྱོགས་ལ་ཡོད་གྱུར་ཀྱང་།།

གཉིས་ཀར་མ་མཐོང་རྣམ་གསུམ་ཡོད།།

ཅེས་པའི་དོན་མ་ངེས་པའི་རྟགས་ཞེས་པའི་མཚན་ཉིད་ནི། སྡེ་བདུན་རྒྱན་༤༡༢ལས། དེ་སྒྲུབ་ལ་ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ཀྱི་ཁྱབ་འབྲེལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་ངེས་པའི་རྟགས། གཉིས་པ་དབྱེ་བ་ལ། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་དང་། ཐུན་མོང་གི་མ་ངེས་པའི་རྟགས་གཉིས། དང་བོའི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བའི་ཕྱི་རྒོལ་གྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་ཡང་མ་མཐོང་བའི་རྟགས། ཞེས་གསུངས་པ་ལྟར་ལ་དང་བོ་ཐུན་མོང་མིན་པའི་མ་ངེས་པའི་རྟགས་དེ་ལ་དབྱེ་ན། ལེའུ་དང་བོའི་མཐའ་དཔྱོད་༡༡༤ལས། མཐུན་ཕྱོགས་ཁོ་ནར་ཡོད་ཀྱང་གཉིས་ཀར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པ་སྒྲ་མི་རྟག་སྒྲུབ་ལ་ཉན་བྱ་ལྟ་བུ་དང་། ཕྱོགས་གཉིས་ཀར་ཡོད་ཀྱང་གཉིས་ཀར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཕ་རོལ་བོ་ལྷ་ལས་ཚེ་འཕོས་པར་སྒྲུབ་པ་ལ་མིག་ལྡན་ལྟ་བུ་དང་། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཕྱོགས་གཉིས་ཀར་མ་མཐོང་བ་སྒྲ་རྟག་སྒྲུབ་ལ་ཉན་བྱ་ལྟ་བུ་གསུམ་ཡོད་པའི་ཕྱིར། ཞེས་གསུངས་པ་ལྟར་རོ།།

སྡོམ་ལས། གོང་ལྟར་ཕྱོགས་ནི་གང་རུང་ལ།།

མཐོང་བ་ཐུན་མོང་བ་ཡིན་ཏེ།།

དབྱེ་ན་གཉིས་ཀར་མཐོང་ཙམ་དང་།།

དེ་བཞིན་མཐུན་ཕྱོགས་ལ་མཐོང་ཞིང་།།

མི་མཐུན་ཕྱོགས་ལ་མ་མཐོང་དང་།།

དེ་ལས་བཟློག་པ་དང་བཅས་གསུམ།།

ཞེས་པའི་དོན་ཡང་སྡེ་བདུན་རྒྱན་༤༡༥ལས། གཉིས་པ་ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། མ་ངེས་པའི་རྟགས་གང་ཞིག་དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་བ། དེ་ལ་དབྱེ་ན། ཕྱོགས་གཉིས་ཀ་ལ་མཐོང་ཙམ་གྲུབ་པ་དང་། མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་བ། མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་བའི་མ་ངེས་པའི་རྟགས་གསུམ། དང་བོ་ནི། དཔེར་ན། སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པ་ལྟ་བུའོ།། གཉིས་པ་ནི། དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མིན་པར་སྒྲུབ་པ་ལ། ངག་སྨྲ་བ་རྟགས་སུ་བཀོད་པ་ལྟ་བུའོ།། གསུམ་པ་ནི། དེ་ཀུན་མཁྱེན་ཡིན་པར་སྒྲུབ་པ་ལ་ངག་སྨྲ་བ་རྟགས་སུ་བཀོད་པ་ལྟ་བུའོ།།  འདི་གཉིས་ཀྱི་རྟགས་ཀུན་མཁྱེན་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་མཐོང་བར་བཤད་པ་ནི།  ཀུན་མཁྱེན་ཚད་མས་མ་གྲུབ་ཅིང་། སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་ཡིན་མིན་ཤེས་འདོད་དང་ལྡན་པའི་རྒོལ་བའི་ངོར་རྟགས་སུ་བཀོད་པའི་དབང་དུ་བྱས་པ་ཡིན་གྱི། ཕྱི་རོལ་པས་སངས་རྒྱས་པ་ལ་བཀོད་པའི་དབང་དུ་བྱས་པ་མ་ཡིན་ཏེ།  སངས་རྒྱས་པས་སངས་རྒྱས་ཀྱི་གསུང་ཚད་མས་གྲུབ་པའི་ཕྱིར་རོ།། ཞེས་གསུངས་སོ།།

སྡོམ་ལས། ཡང་ན་བཞི་སྟེ་ཕྱོགས་གཉིས་ཀར།།

ཁྱབ་བྱེད་དང་ནི་རྣམ་གཉིས་དང་།།

དེ་བཞིན་མཐུན་ཕྱོགས་ལ་རྣམ་གཉིས།།

མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་།།

དེ་ལས་ལྡོག་པ་དང་བཅས་སོ།།

ཞེས་པའི་དོན་ཡང་སྡེ་བདུན་རྒྱན་༤༡༦ལས། ཡང་ན་མ་ངེས་པའི་རྟགས་ལ་དབྱེ་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པ་དང་། མཐུན་ཕྱོགས་ལ་རྣམ་གཉིས་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་རྣམ་པ་བཞིའོ།། དང་བོ། སྒྲ་རྟག་སྒྲུབ་ལ་གཞལ་བྱ་རྟགས་སུ་བཀོད་པ་ལྟ་བུའོ།། གཉིས་པ་ནི། བྱེ་བྲག་པའི་ངོར་སྒྲ་རྟག་པར་སྒྲུབ་པ་ལ་རེག་བྱ་ཅན་མ་ཡིན་པ་རྟགས་སུ་བཀོད་པ་ལྟ་བུའོ།། ཅིའི་ཕྱིར་འདི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཡིན། རྟག་པ་རེག་བྱ་ཅན་ནི་འགའ་ཡོད་པ་མ་ཡིན་ནོ།། ཞེ་ན། དོན་ལ་རྟག་པ་རེག་བྱ་ཅན་ཡིན་པ་མེད་ཀྱང་། བྱེ་བྲག་པ་འབྱུང་བཞིའི་རྡུལ་ཕྲན་རྟག་པར་འདོད་པས་བྱེ་བྲག་པས་རྟག་པ་འགའ་ཞིག་ལ་རེག་བྱ་ཅན་མ་ཡིན་པ་མཐོང་། འགའ་ཞིག་ལ་མཐོང་བས་དེའི་བློ་ངོ་ལ་བལྟོས་ཏེ་ཆ་གཉིས་སུ་འཇུག་པར་བྱེད་པ་ཡིན་ནོ།། གསུམ་པ་ནི། སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པ་ཡིན་པའི་ཕྱིར། བཞི་བ་ནི།  སྒྲ་ཆོས་ཅན།  རྩོལ་བ་ལས་བྱུང་སྟེ།  མི་རྟག་པ་ཡིན་པའི་ཕྱིར།  ཞེས་པ་ལྟ་བུའོ།། འདི་དག་གི་སྐབས་སུ་མཐུན་ཕྱོགས་ལ་མཐོང་མ་མཐོང་གི་དོན་གང་ཡིན་ཞེ་ན། མཐུན་ཕྱོགས་ལ་མཐོང་ཞེས་པ་ནི་ཚད་མས་མཐོང་བ་ཡིན་གྱི། རང་གི་འདོད་པས་མཐོང་བར་བཞག་པ་ཙམ་མ་ཡིན་ལ། དེ་ཡང་སྐབས་ཀྱི་ཕྱི་རྒོལ་ལ་བལྟོས་ནས་མཐོང་མ་མཐོང་གི་རྣམ་བཞག་བྱས་པ་ཡིན་གྱི། སྤྱིར་ཚད་མས་མཐོང་མ་མཐོང་གི་དབང་དུ་བྱས་པ་མ་ཡིན་ལ། མཐོང་ཚུལ་ནི། སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པའི་ཚེ། རྩོལ་བྱུང་ཡང་ཡིན་མི་རྟག་པ་ཡིན་པའི་གཞི་མཐུན་སྲིད་པར་ཚད་མས་ངེས་པ་ཙམ་མཐུན་ཕྱོགས་ལ་མཐོང་བའི་དོན་ཡིན་གྱི། མི་རྟག་པ་ཡིན་ན་རྩོལ་བྱུང་ཡིན་དགོས་པར་ཚད་མས་ངེས་དགོས་པ་ལྟ་བུ་ནི་མ་ཡིན་ནོ།། དེས་མ་ངེས་པའི་རྟགས་གཞན་ལའང་མཚོན་ཏེ་ཤེས་པར་བྱ། ཞེས་གསུངས་པ་ལྟར་རོ།།

སྡོམ་ལས། ཁྱབ་འབྲེལ་ལ་ནི་ཐེ་ཚོམ་གྱི།།

ལྷག་མ་ལྡན་ཕྱིར་ལྷག་ལྡན་ཏེ།།

མ་ངེས་རྟགས་དང་དོན་གཅིག་ཡིན།།

ཞེས་པའི་དོན་ཡང་སྡེ་བདུན་རྒྱན་༤༡༨ལས། གངས་ཅན་གྱི་རིགས་པ་སྨྲ་བ་དག་ལྷག་ལྡན་གྱི་མ་ངེས་པའི་རྟགས་ནི་ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་དབྱེ་བར་བྱེད་མོད།  རི་བོང་ཅལ་གྱི་རྗེས་འབྲང་འདི་དག་ལ་སྒྲུབ་བྱེད་ལུང་རིགས་གང་ཡང་མ་མཐོང་ངོ་།། དེ་བས་ན། ལྷག་ལྡན་ཞེས་པ་ནི། ཁྱབ་འབྲེལ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པར་བྱེད་ཀྱི། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་དང་། མི་མཐུན་ཕྱོགས་ལ་མེད་ངེས་གང་དུ་ཡང་གོ་བར་མི་བྱེད་པ་ལ་བརྗོད་པ་ཡིན་པས་ལྷག་ལྡན་གྱི་རྟགས་དང་མ་ངེས་པའི་རྟགས་མིང་གི་རྣམ་གྲངས་ཡིན་ལ། མཚན་ཉིད་ནི། དེ་སྒྲུབ་ལ་ཕྱོགས་ཆོས་སུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཐེ་ཚོམ་ཙམ་སྐྱེད་བྱེད་ཀྱི་རྟགས། དཔེར་ན། ལུས་ལས་འདོད་ཆགས་དཔག་པ་ལྟ་བུའོ།། ཞེས་གསུངས་པ་ལྟར་རོ།།

སྡོམ་ལས། རིགས་རྒྱན་ལྟར་ན་ཕྱོགས་གཉིས་ཀར།།

ངེས་པ་དངོས་ཀྱི་མ་ངེས་དང་།།

གང་རུང་ལ་ངེས་ལྷག་ལྡན་ཏེ།།

དེ་ཡང་མཐུན་ཕྱོགས་ལ་ངེས་ནས།།

མི་མཐུན་ཕྱོགས་ལ་ཐེ་ཚོམ་ཅན།།

ཡང་དག་ལྷག་ལྡན་ཞེས་པ་དང་།།

བཟློག་པ་འགལ་བ་ལྷག་ལྡན་ཡིན།།

ཞེས་པའི་དོན་རིགས་རྒྱན་༢༥༧ལས། གཉིས་པ་ཐུན་མོང་གི་མ་ངེས་པའི་རྟགས་ལ་གཉིས་མཚན་ཉིད་དང་། དབྱེ་བའོ།། དང་བོ་ནི། དེ་སྒྲུབ་ཀྱི་ཐུན་མོང་གི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག།  རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་པའམ་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་གང་རུང་ཡིན་པ། གཉིས་པ་ལ་གཉིས། དངོས་ཀྱི་མ་ངེས་པའི་རྟགས་དང་། ལྷག་ལྡན་གྱི་མ་ངེས་པའི་རྟགས་སོ།། དང་བོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ།། དང་བོ་ནི། དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག།  རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་ངེས་མི་མཐུན་ཕྱོགས་ལ་ཡང་ཡོད་པར་ངེས། གཉིས་པ་ལ་བཞི། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་དང་། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་དང་། མི་མཐུན་ཕྱོགས་ལ་ཁྱབ་བྱེད་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའོ།། དང་བོ་ནི། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ།། གཉིས་པ་ནི། སྒྲ་ཆོས་ཅན། རྟག་སྟེ་རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་དང་། གསུམ་པ་ནི། དཔེར་ན། དུང་སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུའོ།། བཞི་བ་ནི། དཔེར་ན། དུང་སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུའོ།། གཉིས་པ་ལ་ལྷག་ལྡན་གྱི་མ་ངེས་པའི་རྟགས་ལ་གཉིས་ཡང་དག་ལྷག་ལྡན་དང་། འགལ་བ་ལྷག་ལྡན་ནོ།། དང་བོ་ནི། དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་གང་ཞིག། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མི་མཐུན་ཕྱོགས་ལ་མ་མཐོང་ཡང་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་དང་བཅས་པ་དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆོས་ཅན། འདོད་ཆགས་དང་བཅས་པ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ།། གཉིས་པའི་མཚན་ཉིད། གང་ཞིག།  རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་།  མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་དང་བཅས་པ། དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་བོ་འདི་ཆོས་ཅན། འདོད་ཆགས་དང་བྲལ་བ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ།། ཞེས་གསུངས་པ་ལྟར་རོ།།

སྡོམ་ལས། ཕྱོགས་ཆོས་འཁོར་ལོ་ལས་བཤད་པའི།།

ཕྱོགས་ཆོས་ཅན་གྱི་གཏན་ཚིག་དགུ།།

རིམ་པ་བཞིན་དུ་ནི་འདི་ལྟ་སྟེ།།

སྒྲ་དང་སྒྲ་དང་དུང་སྒྲ་དང་།།

སྒྲ་དང་སྒྲ་དང་དུང་སྒྲ་དང་།།

དུང་སྒྲ་དུང་སྒྲ་སྒྲ་དང་བཅས།།

དགུ་བོ་ཤེས་འདོད་ཆོས་ཅན་ཡིན།།

རྟག་དང་མི་རྟག་རྩོལ་བྱུང་དང་།།

བར་དུ་རྟག་པ་རྣམ་གསུམ་དང་།།

རྩོལ་བྱུང་མིན་དང་མི་རྟག་རྟག།

དེ་དགུ་བསྒྲུབ་བྱའི་ཆོས་སུ་གཟུང་།།

གཞལ་བྱ་བྱས་དང་མི་རྟག་དང་།།

བྱས་དང་མཉན་བྱ་རྩོལ་ལས་བྱུང་།།

མི་རྟག་རྩོལ་བྱུང་རེག་བྱ་མིན།།

དེ་དགུ་རྟགས་སུ་བཀོད་པ་འོ།།

ཞེས་པའི་དོན་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཕྱོགས་ཆོས་འཁོར་ལོ་ཞེས་པའི་བསྟན་བཅོས་ལས་བཤད་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་རིམ་པ་བཞིན་ཤོ་ལོ་ཀ་གསུམ་གྱི་དང་བོས་ཤེས་འདོད་ཆོས་ཅན་དགུ་དང་། གཉིས་པས་བསྒྲུབ་བྱའི་ཆོས་དགུ་དང་། གསུམ་པས་དེ་སྒྲུབ་ཀྱི་རྟགས་དགུ་བསྟན་པའོ།།

སྡོམ་ལས། དང་བོ་གསུམ་པོ་མཐུན་ཕྱོགས་ལ།།

ཁྱབ་བྱེད་གཞིར་བཞག་མི་མཐུན་ལ།།

ཁྱབ་བྱེད་གཏན་མེད་རྣམ་གཉིས་འཇུག།

བར་བ་རྣམ་གསུམ་མཐུན་ཕྱོགས་ལ།།

གཏན་མེད་གཞིར་བྱས་མི་མཐུན་ལ།།

ཁྱབ་བྱེད་གཏན་མེད་རྣམ་པ་གཉིས།།

ཐ་མ་གསུམ་ནི་མཐུན་ཕྱོགས་ལ།།

རྣམ་གཉིས་འཇུག་པ་གཞིར་བཞག་ནས།།

མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་།།

གཏན་མེད་དང་ནི་རྣམ་གཉིས་སོ།།

ཞེས་པའི་དོན་རེའུ་མིག་དགུའི་དང་བོ་གསུམ་སྟེ། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་རྣམས་ནི། གསུམ་ག་མཐུན་ཕྱོགས་ལ་ཁྱབ་བྱེད་གཞིར་བཞག་དང་། མི་མཐུན་ཕྱོགས་ལ་རིམ་བཞིན་ཁྱབ་བྱེད་དང་།  གཏན་མེད་དང་། རྣམ་གཉིས་སུ་འཇུག་པ་ཡིན་ནོ།། རེའུ་མིག་དགུའི་སྦྱོར་བ་བར་བ་རྣམ་པ་གསུམ་སྟེ། སྒྲ་ཆོས་ཅན། རྟག་སྟེ། བྱས་པ་ཡིན་པའི་ཕྱིར། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་རྣམས་ནི་མཐུན་ཕྱོགས་ལ་ཐམས་ཅད་གཏན་མེད་དང་། མི་མཐུན་ཕྱོགས་ལ་རིམ་པ་བཞིན་དུ་ཁྱབ་བྱེད་དང་། གཏན་མེད་དང་། རྣམ་གཉིས་སུ་འཇུག་པ་བཅས་ཡིན་ནོ།། རེའུ་མིག་དགུའི་ཐ་མ་རྣམ་པ་གསུམ་སྟེ། དུང་སྒྲ་ཆོས་ཅན། རྩོལ་བྱུང་མ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར།  ཞེས་པའི་སྦྱོར་བ་གསུམ་ག་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་། གཏན་མེད་དང་། རྣམ་གཉིས་སུ་འཇུག་བཅས་པའོ།།

སྡོམ་ལས། དེ་ལྟར་ཚད་མ་ཀུན་བཏུས་ལས།།

ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་།།

རྣམ་གཉིས་རེ་རེ་དག་ལ་ཡང་།།

རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་།།

ཡོད་མེད་རྣམ་པ་གཉིས་ཕྱིར་རོ།།

ཞེས་གསུངས་འདི་རྣམས་རང་རང་གི།

ཕྱོགས་ཆོས་ཅན་དུ་སོང་བ་ཡི།།

རྒོལ་བའི་ངོ་ལ་ལྟོས་ཏེ་བཞག།

ཅེས་པའི་དོན་གོང་གི་དེ་ལྟར་དུ་ཚད་མ་ཀུན་བཏུས་ལས་ཀྱང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་རྣམ་པ་གསུམ་དང་། མི་མཐུན་ཕྱོགས་ལའང་ཡོད་པ་དང་། མེད་པ་དང་། རྣམ་གཉིས་སུ་འཇུག་པའི་ཕྱིར་རོ།། ཞེས་གསུངས་པ་འདི་རྣམས་རང་རང་གི་སྐབས་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེའི་ངོ་ལ་ལྟོས་ཏེ་བཞག་པ་ཡིན་ཞེས་པའི་དོན་ནོ།།

སྡོམ་ལས། དེ་ཡང་གཏན་ཚིགས་འཁོར་ལོ་ཡི།།

སྒྲས་ཟིན་རྟགས་སྦྱོར་འགའ་ཞིག་ལ།།

ཚིག་སྐྱོན་འཇུག་ཕྱིར་དོན་ཐོབ་ནི།།

རིགས་པས་དཔྱད་དེ་ཞིབ་ཆ་དགོས།།

ཞེས་པའི་དོན་དེ་ཡང་འདིར་གཏན་ཚིགས་འཁོར་ལོའམ་ཕྱོགས་ཆོས་འཁོར་ལོ་ལས་བཤད་པའི་སྒྲས་ཟིན་གྱི་རྟགས་སྦྱོར་འགའ་ཞིག་ལ་ཚིག་སྐྱོན་འཇུག་པ་དཔེར་ན། རེའུ་མིག་དགུ་བོའི་ནང་གི་དབུས་མའམ་མཐར་ཆགས་སུ་རྩིས་པའི་ལྔ་བ། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ལྟ་བུ་རྩ་བ་ལས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་མེད་དུ་བཤད་པ་ནི། བསྟན་དར་ལྷ་རམས་པའི་གསུང་འབུམ་༨༩ལས། ཡང་ཁ་ཅིག་གིས། མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་མེད་དུ་བཤད་པ་མི་འཐད་པར་ཐལ། དེ་དེ་གཉིས་ཀ་ལ་ཡོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཚད་མས་མ་མཐོང་བ་ལ་དགོངས་ཀྱི་སྤྱིར་མཉན་བྱ་ཡིན་ན་མི་རྟག་པར་ཚད་མས་གྲུབ་པས་སྐྱོན་མེད་དོ།། ཞེས་གསུངས་པ་ལྟར་དོན་ཐོབ་ནི་རིགས་པས་དཔྱད་དེ་ཞིབ་ཆ་བྱེད་དགོས་ཞེས་པའོ།།

སྡོམ་ལས། གཏན་ཚིགས་དགུ་བོ་བཞིར་འདུས་ཏེ།།

ཡང་དག་དང་ནི་འགལ་རྟགས་དང་།།

དངོས་དང་ཐུན་མོང་མིན་པ་སྟེ།།

སྟེང་འོག་གཉིས་ལ་ཡང་དག་དང་།།

ལོགས་གཉིས་འགལ་བའི་གཏན་ཚིགས་ཏེ།།

ཟུར་བཞི་དངོས་ཀྱི་མ་ངེས་པ།།

དབུས་ན་ཐུན་མོང་མ་ཡིན་པའོ།།

ཞེས་པའི་དོན་གོང་གི་གཏན་ཚིགས་དགུ་བོ་བསྡུ་ན་བཞི་རུ་འདུས་ཏེ། རེའུ་མིག་དགུའི་ནང་ནས་སྟེང་འོག་གཉིས་ལ་རྟགས་ཡང་དག་དང་། དེའི་ལོགས་གཉིས་ལ་འགལ་རྟགས་དང་། དེའི་ཟུར་བཞི་ལ་དངོས་ཀྱི་མ་ངེས་པ་དང་། དེ་དག་གི་དབུས་ན་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡོད་ཅེས་པའོ།།

སྡོམ་ལས། རྟགས་ཡང་དག་གི་གོལ་ས་རྣམས།།

ཤེས་ཕྱིར་གཏན་ཚིགས་ལྟར་སྣང་བསྟན།།

ཡང་དག་དང་ནི་ལྟར་སྣང་གི།

རྣམ་དབྱེ་ལེགས་པར་ཕྱེ་བའི་ཆེད།།

ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི།།

རྣམ་བཞག་གཏན་ལ་ཕབ་པ་ཡིན།།

ཞེས་པའི་དོན་སྤྱིར་བཏང་རྟགས་ཡང་དག་གི་གོལ་ས་སྟེ་ནོར་ས་རྣམས་ཤེས་པའི་ཆེད་དུ་གཏན་ཚིགས་ལྟར་སྣང་བསྟན་པ་ཡིན་ལ།  རྟགས་ཡང་དག་དང་ལྟར་སྣང་གི་ཁྱད་པར་རམ་རྣམ་དབྱེ་ལེགས་པར་ཕྱེ་བའི་ཆེད་དུ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་རྣམ་བཞག་གཏན་ལ་ཕབ་པ་ཡིན། ཞེས་པའོ།།

སྡོམ་ལས། དེས་ན་སྐལ་བཟང་ཐར་འདོད་རྣམས།།

ཡང་དག་རིགས་པའི་རྗེས་འབྲངས་ཏེ།།

བླང་དོར་ཚུལ་བཞིན་རབ་ཕྱེ་ནས།།

སྐུ་གསུམ་གླིང་དུ་བགྲོད་པར་མཛོད།།

དེ་ལྟར་གཏན་ཚིགས་རིག་པ་ཡི།།

སྡོམ་ཚིག་གསལ་བའི་མེ་ལོང་འདི།།

དབྱངས་ཅན་དགའ་བའི་བླ་གྲོས་ཀྱིས།།

སྦྱར་བ་ཀུན་ལ་ཕན་གྱུར་ཅིག།

ཅེས་པའི་དོན་རྒྱུ་མཚན་དེས་ན་སྐལ་བཟང་ཐར་བ་འདོད་པ་རྣམས་ཀྱིས་ཚད་མ་རིག་པའི་གཞུང་ནས་གསུངས་པའི་ཡང་དག་པའི་རིགས་ལམ་དྲི་མ་མེད་པའི་རྗེས་སུ་འབྲངས་ནས་བླང་དོར་གྱི་གནས་ཚུལ་བཞིན་དུ་ལེགས་པར་ཕྱེས་ནས། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་གླིང་དུ་བགྲོད་པ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛོད་ཅེས་སྨོན་པ་དང་། དེ་ལྟར་གཏན་ཚིགས་རིག་པའི་སྡོམ་ཚིག་རིགས་ལམ་གསལ་བའི་མེ་ལོང་འདི་ནི། ཨ་ཀྱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་ཀུན་བཤད་ཀྱི་མིང་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་སྦྱར་བ་འདིས་འགྲོ་བ་ཀུན་ལ་ཕན་ཐོག་པར་གྱུར་ཅིག་ཅེས་པའོ།།

རྟགས་རིགས་སྐབས་ཀྱི་དོགས་སློང་འགའ་རང་གི་བརྗེད་བྱང་དུ་འགོད་པ་ལ།

མཐའ་དཔྱོད་༡ལས། དེ་ལ་འདིར་ཆོས་ཐམས་ཅད་རིགས་པས་གཏན་ལ་འབེབས་པའི་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ། ཞེས་གསུངས་པས་བུམ་པ་ལྟ་བུ་རྒྱུ་མཚན་ནམ་རིགས་པས་གཏན་ལ་འབེབས་ཚུལ་ཇི་ལྟར་ཡིན།

མཐའ་དཔྱོད་༡ལས། རྟགས་སུ་བཀོད་པ། རྟགས་ཀྱི་མཚན་ཉིད། སྡོམ་ལས། དེ་ཡང་རྟགས་སུ་བཀོད་པ་ནི།། རྟགས་ཀྱི་མཚན་ཉིད་ཅེས་སོགས་གསུངས། འདོད་ན། རྟགས་སུ་བཀོད་པ་ཆོས་ཅན། ཁྱོད་རྟོགས་ནས་རྟགས་མ་རྟོགས་པ་ཡོད་པར་ཐལ། ཁྱོད་རྟགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ཕར་ཕྱིན་མཐའ་དཔྱོད་བདེན་བཞི་༢༡༠ལས། མཚན་ཉིད་ཀྱིས་མཚོན་པ་ལ་མཚན་ཉིད་ཐོག་མར་རྟོགས་པ་ལ་ལྟོས་པས་མཚན་ཉིད་རྫས་ཡོད་དང་། མཚོན་བྱ་དེ་ལ་ལྟོས་པས་བཏགས་ཡོད་དུ་བཤད་པའི་ཕྱིར། ཞེས་གསུངས། གོང་དུ་འདོད་ན། རྟགས་སུ་བཀོད་པ་རྟོགས་ནས་རྟགས་མ་རྟོགས་པའི་དོན་གང་ཡིན་དང་། དེ་བཞིན་དུ་གཟུགས་རུང་དང་གཟུགས་གཉིས་ལ་སྦྱར་ཏེ་དཔྱད།

སྡོམ་ལས། ཆོས་ཅན་དུ་ནི་བཟུང་བ་དེ།། རྩོད་གཞིའི་མཚན་ཉིད། ཅེས་གསུངས། འདོད་ན། ཆོས་ཡིན་ན་ཆོས་ཅན་དུ་བཟུང་བ་ཡིན་དགོས་པས་དེས་ན། མཐུན་དཔེ་ཆོས་ཅན་དང་མི་མཐུན་དཔེ་ཆོས་ཅན་གཉིས་ཀྱང་ཆོས་ཅན་ཡིན་པས་རྩོད་གཞི་ཡིན་མིན། དཔེར་ན། བུམ་པ་ཆོས་ཅན། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞི་ཡིན་པར་ཐལ། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲ་དང་གཅིག་ཡིན་པར་ཐལ། བྱས་རྟགས་ཀྱི་སྒྲ་མི་རྟགས་པར་སྒྲུབ་པར་བྱེད་པའི་རྩོད་གཞི་ཡིན་པའི་ཕྱིར། ཞེས་དཔྱད།

མཐའ་པྱོད་༢ལས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པ། བྱས་རྟགས་ཀྱིས་སྒྲ་མི་སྒྲ་མི་རྟགས་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་མཚན་ཉིད། བདག་མེད་ཡིན་ན། དེ་ཡིན་པས་མ་ཁྱབ་སྟེ། དེ་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས། འདོད་ན། བུམ་པ་ཆོས་ཅན། བྱས་པ་དང་གཅིག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟགས་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བུམ་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བའི་རྟགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། ཞེས་དཔྱད།

ཡང་ན། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་སྟེ། ཞེས་རྟགས་བཀོད་དུ་བཅུག་ལ། ཁོས་ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན། ཁྱོད་ཁྱོད་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱིས་འདོད་ལན་འདེབས་ཚུལ་འཐད་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་༡ལས། རི་བོང་རྭ་ཆོས་ཅན། ཁྱོད་རྟགས་སུ་བཀོད་པ་ཡིན་པར་ཐལ། ཁྱོད་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་སུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་གསུངས། གོང་དུ་འདོད་ན། རི་བོང་རྭ་ཆོས་ཅན། ཡོད་པར་ཐལ་ལོ།།

མཐའ་དཔྱོད་༤ལས། ཁ་ཅིག། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྐྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་པའི་མཚན་མཚོན་གཉིས་ཀ་མེད་པར་ཐལ། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར་། དེར་ཐལ། བྱས་པ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་རང་ལུགས་༨༣ལས། དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡོད་དེ། བྱས་བ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། བྱས་རྟགས་ཀྱི་སྒྲ་མི་རྟག་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚོན་བྱ་ཡང་ཡིན་པའི་གཞི་མཐུན་ཡོད་ལ། མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡང་ཡོད་པས་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། བྱས་པ་དེ་ཡིན་པའི་ཕྱིར། ཞེས་ཚིག་འཁྲི་སྤྲོའོ།།

མཐའ་དཔྱོད་༣ལས། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དགག་པ་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ན། སྒྲུབ་ཡིན་པས་ཁྱབ་པར་ཐལ། འདོད་ན། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་ན། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་ཡིན་པས་ཁྱབ་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་སྒྲ་དེ་སྦྱོར་བ་དེའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། དེར་ཐལ། བྱས་པ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། བྱས་པ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་འགལ་རྟགས་ཡིན་པའི་ཕྱིར། རྟགས་རིགས་རང་ལུགས་༡༠༤ལས། གཉིས་པ་སྦྱོར་བ་སྐོར་གཅིག་གི་འགལ་རྟགས་ཀྱི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་གང་ཞིག། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་པ་དེ། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་མཚན་ཉིད། དཔེར་ན་སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས་པས་དཔྱད།

མཐའ་དཔྱོད་༣ལས། འདོད་མི་ནུས་ཏེ། མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། མཚན་ཉིད་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། རིག་པ་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བློའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བློ་རིག་མཐའ་དཔྱོད་༡༥༧ལས། རིག་པ་དེ་བློའི་མཚན་ཉིད། ཅེས་གསུངས། འདོད་ན། རིག་པ་ཆོས་ཅན། མཚོན་བྱ་མ་ཡིན་པར་ཐལ། མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། དེར་ཐལ། སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་༢ལས། དངོས་པོ་ལ་ངོ་བོའི་སྒོ་ནས་དབྱེ་ན་བེམ་རིག་གཉིས། དང་བོའི་མཚན་ཉིད་རྡུལ་དུ་གྲུབ་པ། གཉིས་པའི་མཚན་ཉིད་ཡུལ་རིག་པ། ཞེས་གསུངས།

མཐའ་དཔྱོད་༥ལས། མི་རྟག་པ་དེ་དགག་པ་ཡིན་པའི་ཕྱིར། དེར་ཐལ། དེ་མ་ཡིན་དགག་ཡིན་པའི་ཕྱིར། དེར་ཐལ། སྟོང་བ་དང་མི་རྟག་པའི་སྒྲ་དགག་ཚིག་ཡིན་ཚུལ་འདྲ་བའི་ཕྱིར། ཞེས་གསུངས། འདོད་ན། སྟོང་བ་དང་མི་རྟག་པའི་སྒྲ་དགག་ཚིག་ཡིན་པ་འདྲ་ན་དེ་མ་ཡིན་དགག་ཡིན་པས་ཁྱབ་པར་ཐལ། འདོད་ན། རི་བོང་རྭ་ཆོས་ཅན། དེ་མ་ཡིན་དགག་ཡིན་པར་ཐལ། སྟོང་བ་དང་མི་རྟག་པའི་སྒྲ་དགག་ཚིག་ཡིན་པ་འདྲ་བའི་ཕྱིར། ཡང་ན། མི་རྟག་པ་ཆོས་ཅན། དགག་པ་ཡིན་པར་ཐལ། འདོད་མི་ནུས་ཏེ། སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། རིགས་རྒྱན་༣༩༢ལས། སྒྲུབ་པའི་མཚན་ཉིད། གཞི་གྲུབ་པ་གང་ཞིག། དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟགས་པར་བྱ་བ་མ་ཡིན་པ། དཔེར་ན་མི་རྟག་པ་ལྟ་བུའོ།། ཞེས་གསུངས་།

མཐའ་དཔྱོད་༦ལས། ཡང་ཁ་ཅིག། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད་པས་ཁྱབ་ཟེར་ན། འོ་ན། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡོད་པར་ཐལ། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། ཞེས་གསུངས། འདོད་ན། རྟགས་རིགས་རང་ལུགས་༩༩ལས། སྒྲ་ཆོས་ཅན། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ། སྒྲ་ཚད་མས་ངེས་ནས་དེའི་རྗེས་སུ་སྒྲ་ཁྱོད་ཡིན་པར་ཚད་མས་ངེས་དགོས་ཀྱི་གང་ཟག་ཅིག་མི་སྲིད་པ་ཡིན་པའི་ཕྱིར། ཞེས་དང་། སྡེ་བདུན་རྒྱན་༣༩༤ལས། ཕྱོས་ཆོས་ཡིན་ན་ཤེས་འདོད་ཆོས་དང་བོར་ངེས་ནས་དེའི་སྟེང་དུ་རྟགས་ཕྱིས་ངེས་ཏེ་ཆོས་ཅན་དང་རྟགས་ལ་ཁྱད་གཞི་ཁྱད་ཆོས་ལྟ་བུའི་སྤྱི་འཆར་རྒྱུ་དགོས་པ་ལ་སྒྲ་དང་སྒྲ་ལ་དེ་མེད་པའི་ཕྱིར། ཞེས་གསུངས། འདི་ལྟར་ཚང་མི་དགོས་ན་དེ་ལ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་གྱི་གང་མ་ཚང་བ་ཡིན་ཞེས་དཔྱད།

མཐའ་དཔྱོད་༨ལས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན་། མི་རྟག་པ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཆོས་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། རྗེས་ཁྱབ་གྲུབ་ན་དངོས་ཁྱབ་གྲུབ་པའི་ཁྱབ་པར་ཐལ། མཐའ་དཔྱོད་ཀྱིས་སྒྲུབ་ཚུལ་འཐད་པའི་ཕྱིར། འདོད་ན། མཐའ་དཔྱོད་༢༦ལས། ཁ་ཅིག། བྱས་ན་མི་རྟག་པས་ཁྱབ་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ཟེར་ན། དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་སྐོར་གཅིག་དངོས་ཁྱབ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཀ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གོང་དུ་འདོད་ན། རི་བོང་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་བྱས་པ་ཡིན་པའི་ཕྱིར། ཞེས་གསུངས་པས་དཔྱད།

མཐའ་དཔྱོད་༩ལས། དེ་སྒྲུབ་ཀྱི་བ་སྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་སྟོང་བ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མི་རྟག་པ་མ་ཡིན་པ་གཉིས་དོན་གཅིག། ཅེས་གསུངས། འདོད་ན། མི་རྟག་པ་མ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། མི་རྟག་པ་མ་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ཡིན་པའི་ཕྱིར། ལེའུ་དང་བོའི་མཐའ་དཔྱོད་༣༡༠ལས། བྱས་པའི་བྱེ་བྲག་ཆོས་ཅན། ཞེས་པ་ནས། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། འདོད་མི་ནུས་ཏེ། ལེའུ་དང་བོའི་མཐའ་དཔྱོད་༣༡༠ལས། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཁྱོད་མི་སྲིད་པའི་ཕྱིར། དེར་ཐལ། མི་རྟག་པ་མ་ཡིན་པ་ལ་བྱས་པའི་བྱེ་བྲག་མི་སྲིད་པའི་ཕྱིར། ཞེས་གསུངས།

ཡང་ན། མཐའ་དཔྱོད་༩ལས། རི་བོང་རྭ་ཆོས་ཅན། དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག། མེད་པ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། མེད་ངེས་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། མེད་ངེས་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། འདོད་ན། དངོས་པོ་ཁོ་ན་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། མེད་ངེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། བསེ་བསྡུས་རྩོམ་འཕྲོ་༤༦༡ལས། ཡང་ཁ་ཅིག་གིས། དངོས་པོ་ཁོ་ན་ཡོད་པར་ཐལ། དངོས་པོ་ཁོ་ན་དངོས་པོ་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པས་དཔྱད།

མཐའ་དཔྱོད་༡༣ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྐབས་ཀྱི་ཕྱོགས་ཀྱི་སྒྲའི་འཇུག་གཞི་དེ་ལ་ཡང་གསུམ་ཡོད་པ་གང་ཞིག། དེ་སྒྲུབ་ཀྱི་ཆོས་ཅན་དང་ཆོས་གཉིས་ཀྱི་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག། ཁྱབ་པ་གཉིས་ཀྱི་འབྲེལ་ཡུལ་གྱི་བསྒྲུབ་བྱའི་ཆོས་དང་། ཕྱོགས་ཆོས་ཀྱི་ཡུལ་ཤེས་འདོད་ཆོས་ཅན་གཉིས་ལ་ཕྱོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་ཡིན་པའི་ཕྱིར། ཞེས་གསུངས། འདོད་། མི་རྟག་པ་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པ་ཡིན་པར་ཐལ། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་དང་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་ལ་དེ་སྒྲུབ་ཀྱི་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། ཁྱོད་ལ་ཆོས་དེ་ཞེས་བརྗོད་པའི་སྒྲ་བཏགས་མིང་དུ་འཇུག་ན་ཁྱོད་དང་ཆོས་དེ་གཉིས་ཀྱི་གཞི་མཐུན་མེད་དགོས་པའི་ཕྱིར། དེར་ཐལ། ཁྱོད་ལ་ཤིང་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་ན་ཁྱོད་དང་ཤིང་གི་གཞི་མཐུན་མེད་དགོས་པའི་ཕྱིར། དེར་ཐལ། ཤིང་གསལ་རྣམས་ལ་ཤིང་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་ན་ཤིང་གསལ་དང་ཤིང་གི་གཞི་མཐུན་མེད་དགོས་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། དེ་ལྟར་ན་བཏགས་མིང་དུ་འགྱུར་ལ་དེ་ཡིན་ན་ཤིང་དང་ཤིང་གསལ་གྱི་གཞི་མཐུན་མི་སྲིད་པར་འགྱུར་རོ།། ཞེས་གསུངས། དེས་ན་ཙན་དན་ལྟ་བུ་ཤིང་དང་ཤིང་གསལ་གྱི་གཞི་མཐུན་ཡིན་པས་ཤིང་གསལ་ལ་ཤིང་ཞེས་པའི་སྒྲ་བཏགས་མིང་དུ་མི་འཇུག་པའི་ཕྱིར་དང་། སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོ་ལས་ཀྱང་། བཏགས་པའི་ཕྱིར་དང་མི་སྲིད་ཕྱིར།། འབངས་ལ་རྒྱལ་བོར་བཏགས་པ་བཞིན་།། ཞེས་གསུངས། འདོད་ན། ཁྱོད་ལ་ཆོས་དེ་ཞེས་བརྗོད་པའི་སྒྲ་བཏགས་མིང་དུ་འཇུག་ན་ཁྱོད་དང་ཆོས་དེ་གཉིས་ཀྱི་གཞི་མཐུན་མེད་དགོས་པར་ཐལ། འདོད་ན། ཁྱོད་ལ་ཕྱོགས་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་ན་ཁྱོད་དང་ཕྱོགས་གཉིས་ཀྱི་གཞི་མཐུན་མེད་དགོས་པར་ཐལ། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ལྟ་བུ་ལ། མི་རྟག་པ་ཆོས་ཅན། ཁྱོད་དང་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་ལ་དེ་སྒྲུབ་ཀྱི་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་དང་དེ་སྒྲུབ་ཀྱི་ཕྱོགས་གཉིས་ལྡོག་པ་ཐ་དད་དུ་གྲུབ་པ་གང་ཞིག། ཁྱོད་དེ་གཉིས་ཀ་རེ་རེ་ནས་ཡིན་པའི་ཕྱིར།

མཐའ་དཔྱོད་༡༦ལས། རྟགས་ཡང་དག་གི་མཚན་ཉིད་བཤད་པ་ལ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས། འདོད་ན། དེ་མ་ཡིན་པར་ཐལ། ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། སྡེ་བདུན་རྒྱན་༣༡༤ལས། རང་ལུགས་ནི་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ཚང་བའོ།། ཞེས་གསུངས་། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་ཡོད་ན་སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པས་ཕྱིར། ཁྱབ་སྟེ། ཁྱོད་གཉིས་མཚན་མཚོན་ཡིན་ན་ཁྱོད་གཉིས་ལ་ཡོད་ཁྱབ་མཉམ་ཚང་དགོས་པའི་ཕྱིར་ཏེ། ཕར་ཕྱིན་མཐའ་དཔྱོད་༨༠ལས། ཡང་ཁ་ཅིག་གིས། འཁོར་ལོས་བསྒྱུར་རྒྱལ་གྱི་འཁོར་ལོ་དང་བྱེད་ལས་ཆོས་མཚུངས་པའི་རྣམ་དཀར་གྱི་ཡོན་ཏན་དེ་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། དེ་ཆོས་ཅན། ཆོས་འཁོར་ཡོད་ན་ཁྱོད་ཡོད་པས་ཁྱབ་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། མཚན་མཚོན་ཡིན་ན་ཁྱོད་གཉིས་ལ་ཡོད་ཁྱབ་མཉམ་ཚང་དགོས་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་ཡོད་ན་སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པས་ཁྱབ་པར་ཐལ། འདོད་ན། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚང་བ་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད་པ་གང་ཞིག། རྗེས་ཁྱབ་ལྡོག་ཁྱབ་རེ་རེ་ནས་ཡོད་པའི་ཕྱིར། དང་བོ་གྲུབ་སྟེ། བྱས་པ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པའི་ཕྱིར། རྟགས་ཁྱབ་གྲུབ་སྟེ། རྟགས་རིགས་རང་ལུགས་༡༠༤ལས། འགལ་རྟགས་ཀྱི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་གང་ཞིག། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་པ་དེ། དེ་སྒྲུབ་ཀྱི་འགལ་རྟགས་ཀྱི་མཚན་ཉིད། དཔེར་ན་སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས། གོང་དུ་འདོད་མི་ནུས་ཏེ། ལེའུ་དང་བོའི་མཐའ་དཔྱོད་༨༢ལས། ཁ་ཅིག་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། འོ་ན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡོད། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡོད། སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡོད་པའི་ཕྱིར། ཞེས་གསུངས།

མཐའ་དཔྱོད་༡༦ལས། དེ་སྒྲུབ་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད། ཅེས་གསུངས། འདོད་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྡེ་བདུན་རྒྱན་༣༩༤ལས། ཕྱོགས་ཆོས་ཡིན་ན་ཤེས་འདོད་ཆོས་ཅན་དང་བོར་ངེས་ནས་དེའི་སྟེང་དུ་རྟགས་ཕྱིས་ངེས་ཏེ་ཆོས་ཅན་དང་རྟགས་ལ་ཁྱད་གཞི་ཁྱད་ཆོས་ལྟ་བུའི་སྤྱི་འཆར་རྒྱུ་དགོས་པ་ལ་སྒྲ་དང་སྒྲ་ལ་དེ་མེད་པའི་ཕྱིར། ཞེས་གསུངས། འདོདན། ཉན་བྱ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། ཤེས་འདོད་ཆོས་ཅན་སྒྲ་དང་བོར་ངེས་ནས་རྟགས་མཉན་བྱ་ཕྱིས་ངེས་དགོས་ཀྱི་གང་ཟག་ཅིག་མེད་པའི་ཕྱིར་ཏེ། སྒྲ་ངེས་ན་མཉན་བྱ་ངེས་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཕྱོགས་ཆོས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་མ་ངེས།། ཞེས་གསུངས་པའི་ཕྱིར།

མཐའ་དཔྱོད་༡༦ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད། ཅེས་གསུངས། འདོད་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། ལེའུ་དང་བོའི་མཐའ་དཔྱོད་༢༢༥ལས། གཉིས་པ་གྲུབ་སྟེ། ཁྱོད་ལ་མི་རྟག་པས་ཁྱབ་པ་ཁོ་ན་ཡིན་པའི་ཕྱིར། ཞེས་གསུངས།

ཡང་མི་རྟག་པ་དང་འབྲེལ་སྟོབས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད་ཟེར་ན། ལེའུ་དང་བོའི་མཐའ་དཔྱོད་༢༢༥ལས། ཡང་ཁ་ཅིག། མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཟེར་ན། མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ་ལོ།། མཚན་ཉིད་དེའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་དང་འབྲེལ་བ་གང་ཞིག། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། དང་བོ་སླ། གཉིས་པ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན་སྒྲུབ་ཚུལ་ཡིན་སྒྲུབ་གང་། ཁྱོད་མི་རྟག་པ་ཡིན་ཁྱོད་ཡིན་པ་ཡོད་ཁྱོད་ཡིན་ན་མི་རྟག་པས་ཁྱབ་པའི་ཕྱིར། ཞེས་གསུངས། འདོད་ན། མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། འདོད་མི་ནུས་ཏེ། བསྡུས་གྲྭའི་མཐའ་དཔྱོད་༦༥ལས། དངོས་པོ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར། ཞེས་གསུངས།

ཡང་ལེའུ་དང་བོའི་མཐའ་དཔྱོད་༢༢༦ལས། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཆ་གཉིས་སུ་འཇུག་པའི་རྟགས་ཡང་དག་མེད་པར་ཐལ་ལོ།། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཞེས་གཞན་ལྡན་རྣམ་གཅོད་དང་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཞེས་མི་ལྡན་རྣམ་གཅོད་གཉིས་ཀ་བྱེད་མི་རུང་བའི་ཕྱིར། ཞེས་དང་། མདོའི་དར་ཊིཀ་ལས། རྗེས་ཁྱབ་ལ་མི་ལྡན་རྣམ་གཅོད་ཀྱི་ཚུལ་དུ་ངེས་བཟུང་མི་སྦྱར་ཏེ་མཐུན་ཕྱོགས་ལ་ཆ་གཉིས་པ་ལ་རྗེས་ཁྱབ་མ་གྲུབ་པར་འགྱུར་རོ།། ཞེས་གསུངས། འདོད་ན། མཐའ་དཔྱོད་༡༦ལས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། ཅེས་གསུངས་པས་དཔྱད།

མཐའ་དཔྱོད་༡༧ལས། སྒྲ་ཁྱོད་ཡིན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་བོ་གཉིས་ཀ་གྲུབ་སྟེ། སྒྲ་ཁྱོད་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། སྒྲ་ཁྱོད་ཡིན་ན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པས་ཁྱབ་པར་ཐལ། འདོད་ན། མི་རྟག་པ་མི་རྟག་པ་དང་ཐ་དད་ཆོས་ཅན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པར་ཐལ། སྒྲ་ཁྱོད་ཡིན་པའི་ཕྱིར། དེར་ཐལ། དེ་ལ་འདོད་ལན་བཏབ་པས་སྒྲ་མི་རྟག་པ་མི་རྟག་པ་དང་ཐ་དད་ཡིན་པར་འདོད་ཅེས་རྩི་རིགས་པ་ལ། དེ་ལྟར་འདོད་ལན་ཐེབས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། སྒྲ་ཆོས་ཀྱི་སྟེང་དུ་མི་རྟག་པ་མི་རྟག་པ་དང་ཐ་དད་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན་གྱི་སྟེང་དུ་མི་རྟག་པ་མི་རྟག་པ་དང་གཅིག་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། མི་རྟག་པ་མི་རྟག་པ་དང་གཅིག་ཡིན་པར་ཐལ། ཅེས་པ་ལ་འདོད་ལན་བཏབ་པས་མི་རྟག་པ་མི་རྟག་པ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ལ་དེ་ལྟར་འདོད་ལན་ཐེབས་པའི་ཕྱིར། ཞེས་དཔྱད།

མཐའ་དཔྱོད་༢༡ལས། སྒྲ་ཆོས་ཅན། ཁྱོད་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་དུ་བཟུང་བ་གང་ཞིག། ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། ཞེས་གསུངས། འདོད་ན། བུམ་པ་ཆོས་ཅན། ཁྱོད་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་དུ་བཟུང་བ་གང་ཞིག། ཁྱོད་བྱས་པར་ཚད་མས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པའི་ཕྱིར། དང་བོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཐར་ལམ་གསལ་བྱེད་༡༧ལས། དེའི་སྒྲ་རྩོད་གཞི་དང་མཐུན་དཔེ་ཆོས་ཅན་དང་། མི་མཐུན་དཔེ་གསུམ་ལ་འཇུག་པས་རིམ་པ་བཞིན་། དཔེ་གཉིས་ཀྱི་ཆོས་སུ་གྱུར་པའི་མིག་ཤེས་ཀྱི་བཟུང་བྱས་སྒྲ་མི་རྟག་པ་དང་རྟག་པར་སྒྲུབ་པ་ལ་ཚུལ་དང་བོ་གྲུབ་པ་མི་ཁེགས་པའི་ཕྱིར། ཞེས་གསུངས། གཉིས་པ་གྲུབ་སྟེ། བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་པ་ཆོས་ཅན། སྒྲ་དང་གཅིག་ཡིན་པར་ཐལ། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་རེ་རེ་ནས་དེ་མ་ཡིན་ཚུལ་ཡོད་པའི་ཕྱིར། མཐའ་དཔྱོད་༢ལས། སྒྲ་དེ་དེའི་མཚན་གཞི། སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་རེ་རེ་ནས་དེ་མ་ཡིན། ཞེས་གསུངས་པས་དཔྱད།

མཐའ་དཔྱོད་༢༤ལས། ཁ་ཅིག། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ་དེའི་མཚན་ཉིད་ཟེར་ན། འོ་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཆོས་ཅན། ཞེས་པ་ནས། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཆོས་ཅན། ཁྱོད་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཆོས་ཅན་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་དོན་ལྗོན་ཤིང་ཡིན་ན་མཚན་མོ་ལོ་མ་འཁུམས་ནས་ཉལ་བས་མ་ཁྱབ་པས་ཡིན་ཟེར་ན། འོ་ན། བཏགས་ཡོད་ཆོས་གསུམ་ཚང་བ་ཡང་སྒྲ་མཚོན་བྱར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་ཡིན་ན་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། མཉན་བྱ་སྒྲ་ཡིན་པ་གང་ཞིག། བཏགས་ཡོད་ཆོས་གསུམ་ཚང་བ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་སྒྲ་མཚོན་བྱར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མཐའ་དཔྱོད་༣ལས། གཉིས་པ་དེར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས།

ཡང་ཁ་ཅིག། སྒྲ་རང་ལྡོག་ནས་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཡང་ལྗོན་ཤིང་རང་ལྡོག་ནས་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་མིན་པས་མི་འདྲ་ཟེར་ན། དེ་མི་འཐད་པར་ཐལ། ལྗོན་ཤིང་ཡང་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་འགོད་ཚུལ་དང་མཐུན་པའི་དོན་ཚང་བའི་ཕྱིར། མཐའ་དཔྱོད་༢༢ལས། འགོད་ཚུལ་དང་མཐུན་པའི་དོན་ཡང་ཡིན་འགོད་ཀྱི་དབང་དུ་བྱས་ན། དེ་སྒྲུབ་ཆོས་ཅན་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་དང་དེའི་སྟེང་དུ་རྟགས་དེ་ཡིན་པ་ལ་བྱེད། ཅེས་གསུངས་པའི་ཕྱིར། ལེའུ་དང་བོའི་མཐའ་དཔྱོད་༢༩༢ལས། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བ་དེ་ལྗོན་ཤིང་ལ་ཡོད་ཀྱང་དེ་ལྗོན་ཤིང་ལ་འགོད་ཚུལ་ལྟར་ཡོད་པ་ཁོ་ན་མ་ཡིན་པའི་ཕྱིར། དེར་ཐལ། ལྗོན་ཤིང་ཡིན་ན་ལོ་མ་འཁུམས་ནས་ཉལ་བས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པས་དཔྱད།

མཐའ་དཔྱོད་༢༥ལས། ཡང་ཁ་ཅིག། ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་ན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྟགས་མ་གྲུབ་པས་ཁྱབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་ན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། བྱས་པའི་རྒྱུ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་བྱས་པའི་རྒྱུར་གྱུར་པའི་སྔོན་པོ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་སྐོར་གཅིག་གི་རྟགས་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་དང་འབྲེལ་བ་མ་གྲུབ་པའི་ཕྱིར། ཞེས་གསུངས། འདོད་ན། སྔོན་པོ་མེད་པའི་ས་ཕྱོགས་མེད་པར་ཐལ། བྱས་པའི་རྒྱུར་གྱུར་པའི་སྔོན་པོ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ལེའུ་དང་བོའི་མཐའ་དཔྱོད་༡༣༩ལས། སྔོན་པོ་མེད་པས་ས་ཕྱོགས་ཀྱིས་གཤགས། ཞེས་གསུངས། མ་ཁྱབ། དེ་ནི་ཕལ་བ་རྣམས་ལ་མཐུན་སྣང་དུ་གྲུབ་པའི་སྔོན་པོ་མེད་པ་ལ་དགོངས། སྔོན་པོ་མེད་པའི་ས་ཕྱོགས་མེད་ཟེར་ན། བསྡུས་གྲྭའི་མཐའ་དཔྱོད་༨༦ལས། ཁ་ཅིག་ན་རེ། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཡོད་པར་ཐལ། དངོས་པོའི་སྔ་ལོགས་སུ་བྱུང་བའི་བུམ་པ་ཡོད་པའི་ཕྱིར་ཟེར་ན། མ་ཁྱབ། ཅེས་དང་། བུམ་པའི་དགག་གཞི་ཆོས་ཅན། དངོས་པོའི་རྒྱུར་གྱུར་པའི་བུམ་པ་མེད་པར་ཐལ། བུམ་པ་མེད་པའི་ཕྱིར། ཞེས་དངོས་པོའི་རྒྱུར་གྱུར་པའི་བུམ་པ་མེད་པར་གསུངས་པ་ཡང་ཕལ་བ་རྣམས་ལ་མཐུན་སྣང་དུ་གྲུབ་པའི་བུམ་པ་མེད་པའི་དོན་ཡིན་མིན་དཔྱད།

ཡང་ན། བྱས་པའི་རྒྱུར་གྱུར་པའི་སྔོན་པོ་ཆོས་ཅན། མི་རྟག་སྟེ། བྱས་པའི་རྒྱུ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེའི་ཕྱོགས་ཆོས་མ་གྲུབ་པར་ཐལ། དེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་༣༩༢ལས། མཚན་ཉིད་ནི། རྟགས་སུ་བཀོད་ཀྱང་ཕྱོགས་ཆོས་མ་གྲུབ་པ། ཞེས་དང་། རིགས་རྒྱན་༢༦༡ལས། དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པ། ཞེས་གསུངས། རྟགས་རིགས་མཆན་༡༣༣ལས། རང་རེའི་ཡིག་ཆར། བྱས་པའི་རྒྱུ་དེ་བྱས་པའི་རྒྱུར་གྱུར་པའི་སྔོན་པོ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་གསུངས་པ་ལ་བདག་ལ་དོགས་པ་འདི་འཆར་ཏེ། བྱས་པའི་རྒྱུ་དེ། མི་རྟག་པ་དང་འབྲེལ་བ་མ་གྲུབ་པའི་གནད་ཀྱིས་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་བཞག་པ་ཡིན་ན། བྱས་པ་ཡང་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ལ། དེ་ལས་གཞན་པའི་ཡིག་ཆའི་དགོངས་པ་དངོས་གང་ཡིན་དཔྱད་པར་བྱ་སྟེ། བྱས་པའི་རྒྱུ་དེ་བྱས་པའི་རྒྱུར་གྱུར་པའི་སྔོན་པོ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་སུ་ཁས་བླངས་ན་གནོད་བྱེད་ཅི་ཡོད། ཁོ་བོ་ལ་མི་འཆར་རོ།། ཞེས་གསུངས་པས་དཔྱད་ལ་འདིའི་གོང་འོག་ཏུ་རྗེ་གུང་ཐང་བློ་གྲོས་ཚང་སོགས་ཀྱིས་ཞིབ་ཆ་འབྱེད་ཚུལ་སོགས་ཡོད་ཀྱང་མང་དོགས་ནས་མ་བྲིས་སོ།།

མཐའ་དཔྱོད་༢༨ལས། རྟགས་ཡང་དག་ཆོས་ཅན། ཁྱོད་ལ་གསུམ་དུ་གྲངས་ངེས་ཏེ། འབྲས་བུ་རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པའི་ཕྱིར། ཞེས་གསུངས། འདོད་ན། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་རྟགས་ཡང་དག་གི་དབྱེ་བ་ཡིན་པར་ཐལ། འདོད་ན། གཞལ་བྱ་དང་། ཡོད་པ་དང་། དངོས་པོ་གསུམ་ཤེས་བྱའི་དབྱེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། ལེའུ་དང་བོའི་མཐའ་དཔྱོད་༡༠༨ལས། ཤེས་བྱ་ལ་གཞལ་བྱ་དང་ཡོད་པ་དང་དངོས་པོ་གསུམ་དུ་གྲངས་ངེས་པར་ཐལ། རྟགས་ཡང་དག་ལ་འབྲས་བུ་དང་རང་བཞིན་དང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པའི་ཕྱིར། ཞེས་གསུངས།

མཐའ་དཔྱོད་༤༥ལས། མེ་དེ་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་གཙོ་བོ་དང་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱིས་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་སོང་ཚོད་ཀྱི་དེ་གསུམ་ག་དང་། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན། མེ་ཡོད་པ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཕལ་བ་དང་། དེ་སྒྲུབ་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང་། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་ཆོས་གསུམ་ཀ་ཡིན་ཀྱང་། དེ་སྒྲུབ་སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན། ཞེས་གསུངས། འདོད་ན། མེ་མ་ཡིན་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དགག་བྱའི་ཆོས་ཡིན་པར་ཐལ། མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་༣༣༩ལས། ཤེས་བྱ་ཆོས་ཅན། མེ་མ་ཡིན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་ཐལ། མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཞེས་གསུངས། ལུང་དེའི་དོན་མེ་ཁོ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་གནོད་བྱེད་དེ་ཡོད་པའི་དོན་ཡིན་ཟེར་ན། དེ་མི་འཐད་པར་ཐལ། སྡེ་བདུན་༣༤༠ལས། རང་ལུགས་ལ། མེ་ཡོད་བསྒྲུབ་བྱའི་ཆོས་དང་དུ་ཡོད་རྟགས་སུ་སྨྲ་བའོ།། འོ་ན། འབྲས་རྟགས་ཞེས་ཇི་ལྟར་བརྗོད་ཅེ་ན། འོ་ན། གྲང་རེག་མེད་པར་སྒྲུབ་པའི་ཚེ་མེ་ཚད་མས་དམིགས་པ་རྟགས་སུ་བཀོད་ན་མ་དམིགས་པའི་རྟགས་ཞེས་ཇི་ལྟར་བརྗོད། འདི་ནི་དངོས་སུ་དམིགས་པ་བཀོད་ཀྱང་། མ་དམིགས་པའི་མཐར་ཐུག་པ་ཡིན་པས་དེ་སྐད་དུ་བརྗོད་ཅེན། འདི་ཡང་འབྲས་བུ་དང་རྒྱུའི་མཐར་ཐུག་པ་ཅན་ཡིན་པས་དེ་སྐད་བརྗོད་དེ། དུ་ཡོད་ཀྱིས་མེ་ཡོད་འགྲུབ་པ་མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ལ་རག་ལས་པའི་ཕྱིར་རོ།། ཞེས་གསུངས་པས་དཔྱད།

མཐའ་དཔྱོད་༥༢ལས། དང་བོ་གྲུབ་སྟེ། ཐར་ལམ་གསལ་བྱེད་ལས། སྤྱིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་བར་ངེས་པས་ཁྱབ་པ་འགྲུབ་བོ།། ཞེས་པའི་དོན། གཞི་དེ་སྤྱི་ཤིང་གིས་སྟོང་བར་ངེས་ན། གཞི་དེ་ཤིང་གི་མིང་གི་ལྡོག་པའི་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་བར་ངེས་ཞེས་པའི་དོན་ཡིན་ཟེར་ན། གཞི་དེས་སྟོང་བར་ངེས་ན་དེའི་མིང་གི་ལྡོག་པའི་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་བར་ངེས་དགོས་པར་ཐལ། འདོད་ན། གཞི་དེ་ཤིང་མ་ཡིན་པའི་སྟོང་བར་ངེས་ན། གཞི་དེ་ཤར་ཕྱོགས་ཀྱི་ཤིང་མ་ཡིན་པའི་སྟོང་བར་ངེས་པས་ཁྱབ་པར་ཐལ། འདོད་ན། ནུབ་ཕྱོགས་ཀྱི་ཤིང་ཆོས་ཅན། ཤར་ཕྱོགས་ཀྱི་ཤིང་མ་ཡིན་པའི་སྟོང་བ་ངེས་པར་ཐལ། ཤིང་མ་ཡིན་པའི་སྟོང་བ་ངེས་པའི་ཕྱིར། མ་ཁྱབ་ན། ཤར་ཕྱོགས་ཀྱི་ཤིང་མ་ཡིན་པ་ཆོས་ཅན། ཤིང་མ་ཡིན་པའི་སྟོང་བ་ངེས་ན་ཁྱོད་ཀྱི་སྟོང་བ་ངེས་པས་ཁྱབ་པར་ཐལ། ཁྱོད་ཤིང་མ་ཡིན་པའི་མིང་གི་ལྡོག་པའི་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་ཡིན་པའི་ཕྱིར། ཞེས་དཔྱད།

མཐའ་དཔྱོད་༥༧ལས། མི་རྟག་པ་ཆོས་ཅན། སྒྲ་དང་ཁྱོད་ཀྱི་ཚོགས་དོན་དང་། ཁྱོད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་དང་། སྒྲའི་ཁྱད་པར་དུ་བྱས་པའི་ཁྱོད་དང་གསུམ་རེ་རེ་ནས་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡང་དག་ཡིན་པར་ཐལ། སྒྲ་ཁྱོད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། ཞེས་གསུངས། བདག་མེད་ཆོས་ཅན། སྒྲ་དང་ཁྱོད་ཀྱི་ཚོགས་དོན་དང་། ཁྱོད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་དང་། སྒྲའི་ཁྱད་པར་དུ་བྱས་པའི་ཁྱོད་གསུམ་རེ་རེ་ནས་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། སྒྲ་ཁྱོད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། འདོད་ན། བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་ཆོས་ཅན། ཁྱོད་སྒྲ་བདག་མེད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་ན། སྒྲ་བདག་མེད་དུ་སྒྲུབ་པའི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་གིས་ཁྱོད་རྟོགས་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་བདག་མེད་ཆོས་ཅན། ཁྱོད་མེད་དགག་མ་ཡིན་པར་ཐལ། རང་དངོས་སུ་རྟོགས་པའི་བློས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་རྟོགས་པའི་ཕྱིར། དེར་ཐལ། མ་ཡིན་དགག་ཅིག་རྟོགས་པའི་ཕྱིར། དེར་ཐལ། བདག་མེད་ཀྱི་ཁྱད་པར་བྱས་པའི་སྒྲ་རྟོགས་པའི་ཕྱིར། ཁྱབ་སྟེ། བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་དངོས་པོ་ཡིན་པ་གང་ཞིག། མེད་དགག་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། དང་བོ་གྲུབ་སྟེ། སྒྲ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བསྡུས་གྲྭའི་མཐའ་དཔྱོད་༢༩༠ལས། སངས་རྒྱས་ཚེ་དཔག་མེད་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། མེད་དགག་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས། ཡང་ལེའུ་དང་བོའི་མཐའ་དཔྱོད་༤༥༩ ལས། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། སྒྲ་རྟོགས་པའི་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། སྒྲ་ལ་བཅད་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དངོས་རྟགས་ལ་སྒྲ་མི་འཇོག་པའི་ཕྱིར། དེར་ཐལ། སྒྲ་དེའི་དམིགས་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དམིགས་ཡུལ་ཡིན་པས་རྟོགས་གཞི་ཡིན་ཡང་རྟོགས་བྱ་དངོས་མ་ཡིན་པའི་ཕྱིར། མ་གྲུབ་ན། གཅིག་དུ་བྲལ་གྱི་རྟགས་ཀྱིས་སྒྲ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་གིས་ཀྱང་སྒྲ་རྟོགས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། སྒྲ་གང་ཟག་གི་བདག་མེད་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། ཁྱོད་དངོས་སུ་རྟོགས་པའི་རྗེས་དཔག་གིས་དངོས་ཤུགས་གང་རུང་ལ་ཆོས་གཞན་སྒྲུབ་པ་འཕེན་པའི་ཕྱིར་སོགས་སྐལ་བཟང་མིག་འབྱེད་ལྟར་སླ། ཞེས་དང་། སྒྲ་ལ་བཅད་ཤེས་སུ་སོང་ཡང་སྒྲ་མ་རྟོགས་པའི་ཞིབ་ཆ་མ་ཤེས་པས་ནོངས་སོ།། དེ་རྟོགས་ཟིན་ན་དེ་རྟོགས་པའི་བློ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། སངས་འཕགས་ཚོགས་ལམ་པར་འགྱུར་རོ།། ཞེས་དཔྱད།

རྟགས་རིགས་རང་ལུགས་༨༠ལས། མེ་སྟོབས་ཆེན་པོས་ཁྱབ་པར་མནན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར། ཞེས་གསུངས། འདོད་ན། མེ་སྟོབས་ཆེན་པོ་དམིགས་ན་གྲང་རེག་མེད་པས་ཁྱབ་པར་ཐལ། འདོད་ན། སྤྱིར་ཆོས་ཅན། གྲང་རེག་མེད་པར་ཐལ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར། ཞེས་གསུངས་པས་དཔྱད།

རྟགས་རིགས་རང་ལུགས་༨༦ལས། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡོད་པའི་ཕྱིར། ཞེས་པའི་སྦྱོར་བ་སྦྱོར་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དེའི་དངོས་ཁྱབ་མ་གྲུབ་པའི་ཕྱིར། དེར་ཐལ། བྱས་པ་ཡོད་ན་མི་རྟག་པ་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས། འདོད་ན། སྦྱོར་བ་དེའི་དངོས་ཁྱབ་མ་གྲུབ་ན་དེ་རྟགས་ཡང་དག་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེའི་དངོས་ཁྱབ་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། མཐའ་དཔྱོད་༢༦ ལས། ཁ་ཅིག། བྱས་ན་མི་རྟག་པས་ཁྱབ་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ཟེར་ན། དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པའི་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་སྐོར་གཅིག་གི་དངོས་ཁྱབ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཀ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གོང་དུ་འདོད་ན། རི་བོང་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་བྱས་པ་ཡིན་པའི་ཕྱིར། ཞེས་གསུངས།

རྟགས་རིགས་རང་ལུགས་༨༦ལས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སུ་མ་བཀོད་པའི་ཚེ་ན་ཡང་། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པའི་ཕྱིར། དེར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་མེད་པའི་ཚེ་ན་ཡང་། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སུ་མ་བཀོད་པའི་ཚེའམ་དུས་ཡོད་པར་ཐལ། དེའི་དུས་སུ་དེ་རྟགས་སུ་བཀོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་དུས་ཀུན་ཏུ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པའི་ཕྱིར། ལེའུ་དང་བོའི་མཐའ་དཔྱོད་༡༡༢ལས། ཡང་ཁ་ཅིག། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་། དེ་སྒྲུབ་ཀྱི་རྟགས་སུ་བཀོད་ཟེར་ན། འོ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་མ་བཀོད་པའི་ཚེའམ་དུས་ཡོད་པར་ཐལ། དེའི་ཚེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའིརྟགས་ཡང་དག་དང་རྟགས་སུ་བཀོད་པའི་ཕྱིར། རྟགས་ཁས། མ་ཁྱབ་ན་དང་འདོད་ན་གཉིས་ཀ་ལ་འོ་ན། རི་བོང་རྭའི་དུས་སུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་རྟགས་སུ་བཀོད་པར་ཐལ་ལོ།། དེ་ལ་མ་ཁྱབ་པའམ་འདོད་པ་དེའི་ཕྱིར། ཞེས་གསུངས།

ཡང་ན། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་མེད་པའི་དུས་སུ་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ། འདོད་ན། དེ་སངས་རྒྱས་པའི་དུས་སུ་དེ་ཡོད་མེད་དང་དེའི་དུས་སུ་དེ་བསྒྲུབ་བྱ་ལ་ཤེས་འདོད་ཡོད་མེད་སོགས་དཔྱད།

རྟགས་རིགས་རང་ལུགས༩༣ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་བཞག་ཏུ་ཡོད་དེ། མེད་པ་དེ་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། མེད་པ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་པ་ཁོ་ན་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་རང་ལུགས་༡༠༣ལས། ཁ་ཅིག་ན་རེ། བྱས་པ་ཁོ་ན་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག། ཁྱོད་མེད་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པས་དཔྱད།

རྟགས་རིགས་རང་ལུགས་༩༤ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མ་གྲུབ་པའི་གཏན་ཚིགས་བཞག་ཏུ་ཡོད་དེ། རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། སྒྲ་མཚོན་བྱར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་ཡིན་ན་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པས་མ་ཁྱབ་པའི་ཕྱིར།

རིགས་རྒྱན་༢༥༢ལས། རང་ལུགས་ལ། གདགས་གཞི་དང་བཅས་ན་མིག་གི་སོགས་ཁོངས་ནས། ཤེས་བྱ་ཉེར་གསུམ་བཏོན་ནས་ཉེར་བཞི་ཆོས་ཅན་དུ་འཛིན་པ་ཡིན་ནོ།། ཞེས་གསུངས། སྡེ་བདུན་རྒྱན་༤༡༡ལས། ཁ་ཅིག་གྲངས་ཅན་པས་འདོད་པའི་བེམ་པོ་ཤེས་བྱ་ཉེར་གསུམ་པོ་སོགས་ཁོངས་ནས་འདོན་པས། ཉེར་བཞི་ཆོས་ཅན་དུ་འཛིན་ནོ།། ཞེས་སྨྲ་བ་ནི། མིག་སོགས་གཞན་དོན་བྱེད་ཙམ་དུ་སངས་རྒྱས་པས་གྲུབ་ཟིན་པར་བཤད་པ་ལ་མིག་མ་བལྟས་པར་ཟད་དོ།། ཞེས་གསུངས་པས་དཔྱད།

རྟགས་རིགས་རང་ལུགས་༡༠༥ལས། སྔ་རྒོལ་གྱི་ཤེས་འདོད་དང་འགོད་ཚུལ་གྱིས་ཆོས་ཀྱི་ངོ་བོ་འགོག་པ་དང་། ཆོས་ཅན་གྱི་ངོ་བོ་འགོག་པ་དང་། ཆོས་ཀྱི་ཁྱད་པར་འགོག་པ་དང་། ཆོས་ཅན་གྱི་ཁྱད་པར་འགོག་པ་བཞི་སྦྱོར་བའི་ཁྱད་པར་ལ་ལྟོས་ནས་ཡོད་པའི་ཕྱིར། ཞེས་གསུངས། འདོད་ན། རིགས་རྒྱན་༢༤༧ལས། ཁ་ཅིག། ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་ལ་སོགས་པའི་ཐ་སྙད་མི་འཐད་དེ། ཇི་སྐད་བཤད་པའི་རིགས་པས་གནོད་པའི་ཕྱིར། དེས་ན་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང་། ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་། ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང་། ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་བཞི་ཡོད་ལ། ཞེས་གསུངས་པས་དཔྱད།

རྟགས་རིགས་རང་ལུགས་༡༡༣ལས། ལྷ་ནས་ཚེ་འཕོས་པ་བསྐལ་དོན་དུ་སོང་བའི་གང་ཟག་ལ། ལྷས་སྦྱིན་དེ་ཚེ་འདིའི་སྔ་མ་དེར་ལྷ་ནས་ཚེ་འཕོས་པ་ཡིན་པར་སྒྲུབ་པ་ལ། མིག་དང་ལྡན་པ་བཀོད་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། ལྷ་ནས་ཚེ་འཕོས་པ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན་མིག་དང་ལྡན་པ་དེ་ལྷ་ནས་ཚེ་འཕོས་མ་འཕོས་གང་ལ་ཡང་འཇུག་པར་མ་ངེས་པས་ཁྱབ་པར་ཐལ། འདོད་ན། ལྷ་ནས་ཚེ་འཕོས་པ་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན། ངག་སྨྲ་བ་དེ་ལྷ་ནས་ཚེ་འཕོས་མ་འཕོས་གང་ལ་ཡང་འཇུག་པར་མ་ངེས་པས་ཁྱབ་པར་ཐལ། འདོད་ན། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་ཡིན་ན་ངག་སྨྲ་བ་དེ་ཀུན་མཁྱེན་ཡིན་མིན་གང་ལ་ཡང་འཇུག་པར་མ་ངེས་པས་ཁྱབ་པར་ཐལ། འདོད་མི་ནུས་ཏེ། རྟགས་རིགས་རང་ལུགས་༡༡༦ལས། དབྱེ་ན། ཡང་དག་ལྷག་ལྡན་དང་། འགལ་བ་ལྷག་ལྡན་གཉིས་ཡོད་དེ། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཡིན་པ་གང་ཞིག། དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པར་ངེས་ལ། མི་མཐུན་ཕྱོགས་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ་བའི་གཏན་ཚིགས་དེ། ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། མཚན་གཞི་ནི་ཡོད་དེ། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲ་བའི་གང་ཟག་ལྷས་སྦྱིན་ཆོས་ཅན། ཀུན་མཁྱེན་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཞེས་བཀོད་པ་ལྟ་བུ་དེ་ཡིན་པའི་ཕྱིར། ཞེས་གསུངས། འདོད་ན། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཀུན་མཁྱེན་མ་ཡིན་པ་ལ་ངག་སྨྲ་བ་ཡོད་པར་རྟོགས་པར་ཐལ། འདོད་ན། དེས་ཀུན་མཁྱེན་མ་ཡིན་པ་རྟོགས་མ་རྟོགས་དང་ཀུན་མཁྱེན་མ་ཡིན་པ་རྟོགས་པ་ལ་ཀུན་མཁྱེན་རྟོགས་དགོས་མི་དགོས་སོགས་དཔྱད།

སྟོན་པ་མཆོག་དང་དེ་ཡི་བསྟན་པའི་གནད།།

ཚད་མར་སྒྲུབ་བྱེད་རིགས་པའི་དབང་ཕྱུག་གི།

རིགས་ལམ་དྲི་མ་མེད་པའི་གཞུང་མཆོག་དང་།།

ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་སྨོན།།

          ཞེས་ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་རྟགས་རིག་སྡོམ་ཚིག་གི་འགྲེལ་བ་འདི་ནི་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་བྲག་དཀར་གསང་སྔགས་སྨིན་རྒྱས་གླིང་གི་གྲྭ་རིགས་དགེ་སློང་བསམ་འགྲུབ་རྒྱ་མཚོས་རང་ཉིད་གཞུང་མཆོག་འདི་ལ་བག་ཆགས་ཤིག་འཇོག་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གིས་༼སྤྱི་ལོ་༢༠༡༥ཟླ་༡ཚེས་༡༨༽རབ་བྱུང་བཅུ་བདུན་པའི་ཤིང་རྟ་ཟླ་བ་༡༡ པའི་ཚེས་༢༡ ཉིན་མདོ་སྨད་ཀྱི་གནས་ཆེན་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་དུ་རང་གི་བརྗེད་བྱང་དུ་མཇུག་རྫོགས་པར་བྲིས་པ་དགེའོ།།           །།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།