བློ་རིགས་སྡོམ་འགྲེལ་རིག་པའི་མེ་ལོང་ཞེས་བྱ་བ།
︶︹﹀ ﹀ བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
སྣང་གྲགས་ཆོས་ཀུན་ཆགས་ཐོགས་མེད་གཟིགས་ཤིང་།།
རྒྱལ་སྲས་གཞན་གྱིས་གདུལ་མིན་མི་མཇེད་འགྲོ།།
འདྲེན་མཛད་རྒྱལ་ཀུན་པད་དཀར་ལྟར་བསྔགས་པའི།།
ཟླ་མེད་སྟོན་པ་དེ་ཡིས་བདག་སྐྱོངས་ཤིག།
རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོ་དང་།།
འཇམ་དཔལ་དབྱངས་སོགས་པཎ་གྲུབ་ལས་འོངས་པའི།།
ཆོས་ཚུལ་གསེར་གྱི་བང་མཛོད་བྱེ་བའི་སྒོ།།
འབྱེད་པའི་རིན་ཆེན་ལྡེ་མིག་ཚད་གཞུང་རྒྱལ།།
བློ་ཡི་བྱེད་པའི་གནད་བསྡུས་བློ་རིགས་སྡོམ།།
འགྲེལ་བ་བདག་ཡུལ་མིན་ཡང་མགོན་གང་གི།
དྲིན་ལས་རྙེད་འདི་གཞན་ལ་ཕན་མིན་ཡང་།།
རང་གི་ཡིད་ལ་ངེས་ཕྱིར་འདིར་བྲི་བྱ།།
དེ་ལ་འདིར་བློ་རིགས་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་གི་ཚིག་དོན་ཅུང་ཟད་འགྲེལ་བ་ལ། ན་མོ་མཉྫུ་ཤྲི་ཡེ། ཞེས་བྱུང་། ན་མོ་ནི་ཕྱག་འཚལ་བ། མཉྫུ་འཇམ། ཤྲཱི་དཔལ། ཡེ་ནི་ལ་དོན་ཏེ། འཇམ་དཔལ་ལ་ཕྱག་འཚལ་ལོ།། ཞེས་པའོ།། རྩོམ་པ་བོ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང་རྩོམ་པའི་བར་ཆད་ཞི་བ། གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་འཐོབ་པའི་ཕྱིར་དུ་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞིང་མཆོད་པར་བརྗོད་པའོ།།
རྩ་བར། བློ་རིགས་རྣམ་གཞག་བཤད་པ་ལ།།
ཡུལ་ཅན་བློ་དང་ཡུལ་གཉིས་ལས།།
སྤྱིར་ན་ཡུལ་ཅན་གྱི་མཚན་ཉིད།།
རང་ཡུལ་ཅི་རིགས་ལྡན་པ་ཡི།།
དངོས་པོ་དེ་ཡིན་དབྱེ་བ་ནི།།
གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ།།
རྗོད་བྱེད་སྒྲ་ཀུན་དང་བོ་དང་།།
ཤེས་པ་ཐམས་ཅད་གཉིས་པ་དང་།།
གང་ཟག་མཐའ་དག་གསུམ་པ་ཡིན།། ཞེས་བྱུང་། འདིར་བློ་རིགས་ཀྱི་རྣམ་གཞག་བཤད་པ་ལ། ཡུལ་ཅན་བློ་དང་། ཡུལ་གཉིས་ལས། དང་བོ་སྤྱིར་ཡུལ་ཅན་གྱི་མཚན་ཉིད་ནི། རང་ཡུལ་ཅི་རིགས་སམ་གང་ཡང་རུང་བ་ལྡན་པའི་དངོས་པོ་དེ་ཡིན་ཞིང་། ཡུལ་ཅན་ལ་དབྱེ་ན། གཟུགས་སུ་གྱུར་པའི་ཡུལ་ཅན་དང་། ཤེས་པར་གྱུར་པའི་ཡུལ་ཅན་དང་། ལྡན་མིན་འདུ་བྱེད་དུ་གྱུར་པའི་ཡུལ་ཅན་གསུམ་ཡོད། རྗོད་བྱེད་ཀྱི་སྒྲ་སྟེ་དཔེར་ན་བུམ་པ་ཞེས་བརྗོད་པའི་སྒྲ་དང་རི་བོང་རྭ་ཞེས་བརྗོད་པའི་སྒྲ་ལྟ་བུ་སོགས་རྗོད་བྱེད་ཀྱི་སྒྲ་ཀུན་ཏེ་ཐམས་ཅད་དང་བོ་སྟེ་གཟུགས་སུ་གྱུར་པའི་ཡུལ་ཅན་དང་། ཤེས་པ་ཐམས་ཅད་གཉིས་པ་སྟེ་ཤེས་པར་གྱུར་པའི་ཡུལ་ཅན་དང་། རང་ལྡོག་ནས་གང་ཟག་མཐའ་དག་སྟེ་མ་ལུས་པ་ལྡན་མིན་འདུ་བྱེད་དུ་གྱུར་པའི་ཡུལ་ཅན་ཡིན་ཞེས་པའོ།། འཕྲོས་དོན་རྩོད་ཚུལ་རགས་ཙམ་བཀོད་ན། སངས་རྒྱས་ཆོས་ཅན། རང་ཡུལ་ཅི་རིགས་ལྡན་པའི་དངོས་པོ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར་སོགས་དང་། གཞན་ཡང་སྐྲ་ཤད་འཛག་སྣང་གི་དབང་ཆོས་ཅན། རང་ཡུལ་ཅི་རིགས་ལྡན་པའི་དངོས་པོ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར་ཏེ་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་མེད་པའི་ཕྱིར་ཏེ། མཁས་གྲུབ་རྗེའི་སྡེ་བདུན་རྒྱན་ལྟར་རང་གི་ཡུལ་བཞི་བོ་གང་ཡང་མེད་པའི་ཕྱིར་ཞེས་སོགས་ཀྱིས་དཔྱད། བློའི་རིགས་སུ་གནས་པའི་བློ་རིག་བདུན་སོགས་བཤད་པས་ན་བློ་རིགས། འདིར་བློ་རིག་གི་རིགས་ལ་ཡང་འཇུག་ས་དྲག་བཞག་ཡོད་ཀྱང་ཀུན་མཁྱེན་བླ་མའི་བློ་རིག་དང་དབུ་མར་ས་དྲག་བཞག་མེད།
རྩ་བར། བློ་ལ་མཚན་ཉིད་རྣམ་གྲངས་དང་།།
དབྱེ་བ་གསུམ་ལས་དང་བོ་ནི།།
རིག་པ་བློ་ཡི་མཚན་ཉིད་ཡིན།།
བློ་དང་ཤེས་པ་རིག་པ་དང་།།
གསལ་བ་རྣམས་ནི་དོན་གཅིག་ཡིན།། ཞེས་བྱུང་། ཡུལ་ཅན་བློའི་རྣམ་གཞག་ལ་མཚན་ཉིད། དབྱེ་བ། མིང་གི་རྣམ་གྲངས་གསུམ་ལས། དང་བོ་ནི། རིག་པ་དེ་བློའི་མཚན་ཉིད་ཡིན་ནོ།། གཉིས་པ་ནི། བློ་དང་ཤེས་པ་དང་རིག་པ་དང་གསལ་བ་རྣམས་ནི་དོན་གཅིག་ཡིན། ཞེས་པའོ།། སྤྲོ་ཚུལ་ནི། རིག་པ་དང་བློ་གཉིས་མཚན་མཚོན་ཡིན་བྱས་པ་ལ། དེ་གཉིས་ལ་རྟོགས་དཀའ་སླ་ཡོད་པར་ཐལ། མཚན་མཚོན་ཡིན་པ་དེའི་ཕྱིར། འདོད་བྱས་པ་ལ། རིག་པ་རྟོགས་ནས་བློ་མ་རྟོགས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ་རིག་པ་རྟོགས་ན་བློ་རྟོགས་པའི་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། རིག་པ་རྟོགས་ནས་བློ་མ་རྟོགས་པའི་གང་ཟག་ཅིག་མེད་པའི་ཕྱིར་ཏེ། གང་ཟག་ཡིན་ན་རང་བློ་རྟོགས་པའི་ཁྱབ་པའི་ཕྱིར། དེར་ཐལ། གང་ཟག་ཡིན་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པའི་ཁྱབ་པའི་ཕྱིར་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། གཞན་ཡང་རང་བློ་རང་ལ་ལྐོག་ཏུ་གྱུར་པ་སྲིད་པ་ཙམ་ཡང་སློབ་དཔོན་གྱིས་ལན་དུ་མར་བཀག་ན། རང་བློ་རང་ལ་ཤིན་ལྐོག་ཏུ་གྱུར་པ་སྲིད་པ་ནི་དེ་བས་ཀྱང་ཐ་ཆད་དོ་སྙམ་དུ་སེམས་སོ།། ཞེས་སོགས་དང་། གཞན་ཡང་། རིག་པ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། བློའི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་བྱ་ཡིན་པའི་ཕྱིར་ཏེ་ཡུལ་རིག་པའི་མཚོན་བྱ་ཡིན་ཕྱིར། དེར་ཐལ། རྗེ་བླ་མའི་སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་ལས། བེམ་རིག་གཉིས། དང་བོའི་མཚན་ཉིད་རྡུལ་དུ་གྲུབ་པ། གཉིས་པའི་མཚན་ཉིད་ཡུལ་རིག་པའོ།། ཞེས་དང་། རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལས། རིག་པའི་མཚན་ཉིད། རང་ཡུལ་སྣང་བའི་བློ། ཞེས་གསུངས་པའི་ཕྱིར་སོགས་དང་། ཡང་བློ་དང་གསལ་བ་དོན་གཅིག་ཡིན་བྱས་པ་ལ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། དོན་གཅིག་ཡིན་པའི་ཕྱིར། འདོད་ན། གསལ་བ་ཡིན་ན་བློ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གསལ་བ་ཡིན་པར་ཐལ། གསལ་བར་བཀོད་པ་ཡིན་པའི་ཕྱིར། རྟགས་ཁྱབ་གྲུབ་སྟེ། རྟགས་སུ་བཀོད་པ་ཡིན་ན་རྟགས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར་སོགས་དང་། ཡང་སེམས་བྱུང་ཆོས་ཅན། སེམས་བྱུང་མ་ཡིན་པར་ཐལ། སེམས་ཡིན་པའི་ཕྱིར་ཏེ་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། སེམས་དང་ཤེས་པ་གཉིས་དོན་གཅིག་ཡིན་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། དེ་ཡང་བློ་དང་ཤེས་པ་དང་སེམས་དང་རིག་པ་ཞེས་བྱ་བ་རྣམས་དོན་གཅིག་ལ། བློའི་མཚན་ཉིད་མྱོང་བར་སྐྱེས་པའོ།། ཞེས་གསུངས་པ་སོགས་ཀྱིས་དཔྱད། རྩ་བར། དབྱེ་ན་རྣམ་པ་མང་ཡོད་དེ།།
རྟོགས་པའི་བློ་དང་མ་རྟོགས་བློ།།
བློ་རིག་བདུན་དུ་དབྱེ་བ་དང་།།
ཚད་མ་དང་ནི་ཚད་མིན་དང་།།
རྟོག་བཅས་རྟོག་མེད་བློ་གཉིས་དང་།།
མངོན་སུམ་དང་ནི་རྗེས་དཔག་དང་།།
སེམས་དང་སེམས་བྱུང་གཉིས་སོགས་མང་།། ཞེས་བྱུང་། བློ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་རྣམ་པ་མང་བོ་ཡོད་དེ། ཚད་མ་ལྟ་བུ་སོགས་རྟོགས་པའི་བློ་དང་། ལོག་རྟོག་ལྟ་བུའི་མ་རྟོགས་པའི་བློ་དང་གཉིས་དང་། ཡིད་དཔྱོད་སོགས་བློ་རིག་བདུན་དང་། རྗེས་དཔག་ལྟ་བུའི་ཚད་མ་དང་ཤེས་པ་སྐད་གཉིས་པ་ལྟ་བུའི་ཚད་མིན་གྱི་བློ་གཉིས་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་སོགས་རྟོག་བཅས་དང་སྒྲ་འཛིན་དབང་ཤེས་ལྟ་བུ་སོགས་རྟོག་མེད་ཀྱི་བློ་གཉིས་དང་། རྣམ་མཁྱེན་ལྟ་བུ་སོགས་མངོན་སུམ་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་སོགས་རྗེས་དཔག་གི་བློ་གཉིས་དང་། མིག་གི་རྣམ་པར་ཤེས་པ་ལྟ་བུའི་སེམས་དང་དེའི་འཁོར་དུ་གྱུར་པའི་ཚོར་བ་ལྟ་བུ་སོགས་སེམས་བྱུང་གི་བློ་གཉིས་སོགས་བློ་དེ་ལ་དབྱེ་ཚུལ་མང་བའི་ཕྱིར་རོ།། བློ་ལ་རྟོགས་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བ་དང་། རྟོག་བཅས་རྟོག་མེད་གཉིས་སུ་དབྱེ་བ་དང་། ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ་རྣམས་ཕུང་གསུམ་སེལ་བའི་གྲངས་ངེས་ཡིན་ལ། གཞན་རྣམས་ནི་དེ་མ་ཡིན། སྤྲོ་ཚུལ་ནི། བློ་ཡིན་ན་བློ་རིག་བདུན་པོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྙིང་རྗེ་དང་སེམས་བསྐྱེད་སོགས་ཆོས་ཅན། དེ་བདུན་པོ་གང་རུང་ཡིན་པར་ཐལ། རྫས་སྤྱི་ཆོད། བློ་ཡིན་པའི་ཕྱིར། འདོད་ན་གང་ཡིན་འཇོག་ཏུ་གཞུག། གོང་དུ་མ་ཁྱབ་ན། འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེའི་དྲང་ངེས་དཀའ་འགྲེལ་ལས། ངེས་པ་རྙེད་ཀྱང་ཞེས་པ་ཡིད་དཔྱོད་ལ་མི་སྦྱོར་ན་བློ་རིག་བདུན་པོ་གང་ལའང་མི་འགྲིག་པའི་ཕྱིར། ཞེས་དང་། ཕར་ཕྱིན་མཆན་ལས་ཀྱང་། སྙིང་རྗེ་སོགས་འཇོག་ན་བློ་རིག་གང་ཡིན་སོགས་དཔྱོད་དགོས། ཞེས་གསུངས་པས་བློ་ཡིན་ན་དེ་བདུན་པོ་གང་རུང་ཡིན་པས་མ་ཁྱབ་ན་དེ་ལྟར་གསུང་དོན་མེད་པའི་ཕྱིར། ཞེས་སོགས་ཀྱིས་དཔྱད།
རྩ་བར། རང་ཡུལ་རྟོགས་དང་མ་རྟོགས་ལ།།
རྟོགས་དང་མ་རྟོགས་བློ་ཞེས་བྱ།།
བློ་རིག་བདུན་ལས་སྔོན་རྗེས་དང་།།
བཅད་ཤེས་གསུམ་པོ་རྟོགས་པའི་བློ།།
གཞན་བཞི་མ་རྟོགས་བློ་ཡིན་ལ།། ཞེས་བྱུང་། ཤེས་པ་གང་ཞིག་རང་ཡུལ་རྟོགས་པའམ་ངེས་པ་ལ་རྟོགས་པའི་བློ་དང་དེ་ལས་ལྡོག་པ་ལ་མ་རྟོགས་པའི་བློ་ཞེས་བྱའོ།། བློ་རིག་བདུན་ལས་མངོན་སུམ་དང་རྗེས་དཔག་བཅད་ཤེས་གསུམ་ནི་རྟོགས་པའི་བློ་ཡིན་ཞིང་། གཞན་བཞི་སྟེ་ཡིད་དཔྱོད་དང་སྣང་ལ་མ་ངེས་པ། ལོག་ཤེས། ཐེ་ཚོམ་བཞི་ནི་མ་རྟོགས་པའི་བློ་ཡིན་ཞེས་པའོ།། སྤྲོ་ཚུལ། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་ཤེས་འདྲེན་ནུས་ན། བློ་དེས་ཆོས་དེ་རྟོགས་པའམ་ངེས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཀུན་མཁྱེན་བླ་མའི་བློ་རིག་མཐའ་དཔྱོད་ལས། བློ་དེའི་བྱེད་པ་ལ་བརྟེན་ཆོས་དེ་ལ་ངེས་པ་འདྲེན་ནུས་པ། བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད་ཡིན་ཏེ། བློ་དེས་ཆོས་དེ་ངེས་པ་ན་རང་གི་བཟློག་ཟླའི་སྒྲོ་འདོགས་གཅོད་པའི་ཕྱིར། ཞེས་གསུངས། འདོད་ན། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་ཚུལ་གསུམ་དུས་གཅིག་ཏུ་དྲན་པའི་དྲན་ཤེས་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པར་ཐལ། ཁྱོད་ཀྱི་བྱེད་པ་ལ་བརྟེན་ནས་དེ་ལ་ངེས་པ་འདྲེན་ནུས་པའི་ཕྱིར་སོགས་དང་། གཞན་ཡང། ཐར་ལམ་གསལ་བྱེད་ལས། སྔར་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པའི་མངོན་སུམ་དང་ཕྱིས་མིང་དོན་གྱི་འབྲེལ་བ་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་རྟོགས་པ་ཡིན་ནོ།། ཞེས་གསུངས་པས། དེ་འདྲའི་ཚད་མ་གཉིས་ཀྱིས་སྒྲ་མི་རྟག་པ་རྟོགས་མ་རྟོགས་སོགས་ཀྱིས་དཔྱད།
རྩ་བར། དེ་ཡང་མཁས་པ་ཁ་ཅིག་གིས།།
ཡིད་དཔྱོད་རྟོགས་བློར་གསུང་བ་ནི།།
ཡིད་དཔྱོད་ཙམ་གྱིས་རྟོགས་ལ་དགོངས།། ཞེས་བྱུང་། དེ་ལ་ཡང་མཁས་པ་ཁ་ཅིག་སྟེ། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་ཡིད་དཔྱོད་རྟོགས་བློར་གསུང་བ་ནི། དེ་ཉིད་ཀྱིས་མཛད་པའི་བློ་རིག་མཐའ་དཔྱོད་ལས། ཡང་ཁ་ཅིག བློ་དེས་ཡུལ་དེ་རྟོགས་ན་བློ་དེ་ལ་སྒྲོ་འདོགས་གཅོད་པའམ་བཅད་པའི་ཁྱབ་ཟེར་ན། བཅད་ཤེས་གཉིས་ཆོས་ཅན། ཞེས་པ་ནས། གཞན་ཡང་། ཡིད་དཔྱོད་ཆོས་ཅན། དེར་ཐལ། རང་གི་རྟོགས་བྱ་རྟོགས་པའི་ཕྱིར། ཞེས་པ་དང་། ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཡིད་དཔྱོད་སྐད་ཅིག་དང་བོ་ལྟ་བུས་སྒྲ་མི་རྟག་པ་རྟོགས་ཞེས་སོགས་ནི་ཡིད་དཔྱོད་ཙམ་གྱི་སྒོ་ནས་རྟོགས་པ་ལ་དགོངས་པ་ཡིན་ཞེས་པའོ།། དྲུང་ཆེན་ལེགས་པ་བཟང་བོའི་བློ་རིག་དང་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེའི་རིགས་ལམ་འཕྲུལ་ལྡེ་ལས་ཀྱང་རིམ་བཞིན་སྒྲ་མི་རྟག་པར་རྟོགས་པའི་ཡིད་དཔྱོད་དང་གང་ཟག་བདག་མེད་རྟོགས་པའི་ཡིད་དཔྱོད་བཞག་ཡོད།
སྤྲོ་ཚུལ། གཞི་དེ་ཡིད་དཔྱོད་ཙམ་གྱིས་རྟོགས་པས་རྟོགས་གོ་ཆོད་མི་ཆོད་དང་། ཡིད་དཔྱོད་ཀྱིས་རང་ཡུལ་མི་རྟོགས་ན། སྐྱེ་བོ་རང་ག་བའི་རྒྱུད་ན་མཆོག་གསུམ་དང་ལས་རྒྱུ་འབྲས་སོགས་རྟོགས་པའི་བློ་ཡོད་མེད་སོགས་ཀྱིས་དཔྱད།
རྩ་བར། རྟོགས་ལ་དངོས་རྟོགས་ཤུགས་རྟོགས་གཉིས།།
རྣམ་པ་ཤར་དང་མ་ཤར་བར།།
ཡུལ་དེ་རྟོགས་ལ་རིམ་བཞིན་འདོད།། ཅེས་བྱུང་། བློ་དེས་ཡུལ་དེ་རྟོགས་པ་ལ་ཡུལ་དེ་དངོས་སུ་རྟོགས་པ་དང་ཤུགས་ལ་རྟོགས་པ་གཉིས་ལས། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བ་དང་མ་ཤར་བའི་སྒོ་ནས་རྟོགས་པ་ནི་རིམ་པ་བཞིན་བློ་དེའི་དངོས་རྟོགས་དང་ཤུགས་རྟོགས་སུ་འདོད་པ་ཡིན་ཞིང་། དཔེར་ན་དམ་བཅའ་བའི་ཤག་ཏུ་བུམ་པ་མེད་ན་ཁོ་རང་གི་མིག་ཤེས་ལ་རང་ཤག་ཏུ་བུམ་མེད་ཀྱི་རྣམ་པ་མ་ཤར་ཡང་ཕྱིས་བུམ་པ་ཡོད་མེད་ལ་བློ་ཁ་ཕྱོགས་ཙམ་གྱིས་ཚད་མ་གཞན་ལ་ལྟོས་མེད་དུ་དེར་བུམ་པ་མེད་པར་ངེས་པ་ལྟ་བུ་ཤུགས་རྟོགས་དང་། བུམ་པ་སོགས་ཀྱི་རྣམ་པ་དངོས་སུ་མཐོང་ནས་ངེས་པ་དངོས་རྟོགས་ཡིན་ལ། དེས་དབང་ཤེས་གཞན་ལའང་རིགས་འགྲེ་བར་བྱའོ།། དེ་བཞིན་དུ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་སྒྲ་མི་རྟག་པ་དངོས་སུ་རྟོགས་ཀྱང་སྒྲ་མ་རྟོགས་པར་རང་རེའི་ཡིག་ཆར་བཞེད་ཀྱང་བློ་གླིང་བས་དེ་ལྟར་དུ་མི་འདོད་དོ།།
རྩ་བར། སྡེ་བདུན་ཡིད་ཀྱི་མུན་སེལ་ལས།།
སྤྱིར་བཏང་ཚད་མས་དངོས་ཤུགས་དང་།།
མངོན་སུམ་དང་ནི་རྗེས་དཔག་གི།
དངོས་རྟོགས་ཤུགས་རྟོགས་གསུང་བ་དེ།།
དང་བོ་གོ་ཐོབ་རགས་པ་དང་།།
གཉིས་པ་མདོ་སྡེ་བ་ཡི་ལུགས།།
ཡང་ན་ཕྱི་མ་བཞི་བོ་ནི།།
མངོན་རྗེས་བྱེ་བྲག་པ་ལ་དགོངས།། ཞེས་བྱུང་། མཁས་གྲུབ་རྗེའི་ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། སྤྱིར་བཏང་གི་ཚད་མ་ཙམ་གྱི་དངོས་སུ་རྟོགས་ཚུལ་དང་ཤུགས་ལ་རྟོགས་ཚུལ། མངོན་སུམ་ཚད་མས་དངོས་སུ་རྟོགས་ཚུལ་དང་ཤུགས་ལ་རྟོགས་ཚུལ། རྗེས་དཔག་ཚད་མས་དངོས་རྟོགས་དང་ཤུགས་རྟོགས་གསུང་བའི་དང་བོ། སྤྱིར་བཏང་ཚད་མས་དངོས་རྟོགས་ཤུགས་རྟོགས་གསུངས་པ་ནི་གོ་ཐོབ་རགས་པའི་དབང་དུ་བྱས་པ་ཡིན་ཏེ། སྤྱིར་བཏང་གཞི་གྲུབ་ན་ཚད་མས་དངོས་སུ་རྟོགས་པས་ཁྱབ་པའི་ཕྱིར་རོ།། གཉིས་པ། མངོན་རྗེས་ཚད་མས་དངོས་རྟོགས་ཤུགས་རྟོགས་གསུང་བ་ནི། མདོ་སྡེ་བའི་ལུགས་ཡིན་ཞེས་པའོ།། སྔོན་འཛིན་མངོན་སུམ་ཚད་མའི་དངོས་རྟོགས་སམ་དངོས་གཞལ་ལ་སྔོན་པོ་དང་དེའི་ཤུགས་རྟོགས་སམ་ཤུགས་གཞལ་ལ་སྔོན་པོ་ལ་སྔོན་པོ་མ་ཡིན་པ་མེད་པ་དེ་འཇོག། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་དངོས་གཞལ་ལ་སྒྲ་མི་རྟག་པ་དང་དེའི་ཤུགས་རྟོགས་ལ་སྒྲ་རྟག་པ་མེད་པ་དེ་འཇོག། ཡང་ན་མདོ་སྡེ་བའི་ལུགས་ལའང་གཞི་གྲུབ་ན་རྗེས་དཔག་ཚད་མའི་དངོས་ཀྱི་གཞལ་བྱ་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་ཕྱི་མ་བཞི་སྟེ་མངོན་རྗེས་གཉིས་ཀྱི་དངོས་རྟོགས་ཤུགས་རྟོགས་ནི་མངོན་སུམ་དང་རྗེས་དཔག་བྱེ་བྲག་པ་ལ་དགོངས་པ་ཡིན་ཞེས་པའོ།།
རྩ་བར། ཚད་མིན་བློ་ཡི་དངོས་ཤུགས་ཀྱིས།།
རྟོགས་ཚུལ་གསུངས་པའང་དེས་རིགས་འགྲེ།། ཞེས་བྱུང་། ཚད་མིན་གྱི་བློ་སྟེ་བཅད་ཤེས་ལྟ་བུའི་དངོས་སུ་དང་ཤུགས་ཀྱིས་རྟོགས་ཚུལ་གསུངས་པ་ནི་གོང་གི་རྣམ་པ་ཤར་དང་མ་ཤར་བའི་སྒོ་ནས་བཞག་པ་དེས་རིགས་འགྲེ་བར་བྱ་ཞེས་པའོ།། སྤྲོ་ཚུལ། མདོ་སྡེ་བའི་ལུགས་ལ། མངོན་སུམ་སྣང་ཡུལ་མི་རྟག་བདག་མེད་ཤུགས།། ཞེས་བཞེད་པས་བདག་མེད་རྣམ་མཁྱེན་གྱིས་ཤུགས་ལ་རྟོགས་པ་ཡིན་མིན་དང་རྣམ་མཁྱེན་ལ་ཤུགས་རྟོགས་འཇོག་མིན་གྱིས་དཔྱད།
རྩ་བར། བློ་རིག་བདུན་དུ་དབྱེ་བ་ནི།།
ཡིད་དཔྱོད་སྣང་ལ་མ་ངེས་པ།།
བཅད་ཤེས་ལོག་ཤེས་ཐེ་ཚོམ་དང་།།
མངོན་སུམ་རྗེས་དཔག་དང་བཅས་བདུན།།
དེ་ཡང་རང་ཡུལ་བདེན་པ་ལ།།
གསར་དུ་ཞེན་པའི་ཚད་མིན་བློ།།
ཡིད་དཔྱོད་ཀྱི་ནི་མཚན་ཉིད་ཡིན།། ཞེས་བྱུང་། ཤེས་པ་ལ་དྲུག་ཏུ་དབྱེ་བའི་གཉིས་པ་བློ་རིག་བདུན་དུ་དབྱེ་བ་ནི། ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ། རྗེས་དཔག་དང་བཅས་པ་བདུན་ཡིན་ཞིང་། དེ་བདུན་གྱི་དང་བོ་ཡིད་དཔྱོད་ལ་མཚན་ཉིད་དང་དབྱེ་བ། མཚན་གཞི་བཤད་པ་གསུམ་ལས། དང་བོ། རང་ཡུལ་བདེན་པ་ལ་གསར་དུ་ཞེན་པའི་ཚད་མིན་གྱི་བློ་ཡིད་དཔྱོད་ཀྱི་མཚན་ཉིད་ཡིན་ཞིང་། དེ་ཡང་རང་ཡུལ་བདེན་པ་ལ་ཞེས་པས་ལོག་ཤེས་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། གསར་དུ་ཞེས་པས་བཅད་ཤེས་དང་དེའི་གཞི་མཐུན་ཡོད་པ་གཅོད། ཚད་མིན་ཞེས་པས་ཚད་མ་དང་དེའི་གཞི་མཐུན་ཡོད་པ་གཅོད་པའོ།། སྤྲོ་ཚུལ་ནི། ཡིད་དཔྱོད་སྐད་ཅིག་གཉིས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་ཡུལ་ལ་གསར་དུ་ཞེན་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་སོགས་དང་། ཡང་ཡིད་དཔྱོད་སྐད་ཅིག་གཉིས་པ་ཚད་མ་ཡིན་པར་བློ་རིག་ཡིག་ཆར། ཁོ་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་དཔྱོད་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཞེས་པ་ནས། དེ་སྐད་ཅིག་དང་བོས་ཀྱང་ཁྱོད་རྟོགས་པ་གང་ཞིག། དེ་སྐད་ཅིག་གཉིས་པས་ཀྱང་ཁྱོད་རྟོགས་པའི་ཕྱིར་ཟེར་ན་མ་ཁྱབ། ཅེས་པས་བསྟན་པས། དེ་ཚད་མར་འགྱུར་ཚུལ་དང་དེ་སྐད་ཅིག་དང་བོས་རང་ཡུལ་རྟོགས་མི་རྟོགས་དང་དེ་སྐད་ཅིག་དང་བོ་དུས་ཡུན་ཇི་ཙམ་སྐྱེ་བ་སོགས་སྒོ་མང་བློ་རིག་མཐའ་དཔྱོད་ཀྱི་དཀའ་མཆན་དང་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་བློ་རིག་སོགས་ལ་གཟིགས་ཏེ་དཔྱད། །།
རྩ་བར། དབྱེ་ན་རྒྱུ་མཚན་མེད་པ་དང་།།
དེ་བཞིན་རྒྱུ་མཚན་འགལ་བ་དང་།།
མ་ངེས་པ་དང་མ་གྲུབ་དང་།།
ཡོད་ཀྱང་གཏན་ལ་མ་ཕབ་པའི།།
ཡིད་དཔྱོད་དང་བཅས་རྣམ་པ་ལྔ།། ཞེས་བྱུང་། གཉིས་པ་དབྱེ་བ་ནི། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་འགལ་བའི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད། རྒྱུ་མཚན་མ་གྲུབ་པའི་ཡིད་དཔྱོད། རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕབ་པའི་ཡིད་དཔྱོད་དང་ལྔ་ཡོད་ཅེས་པའོ།།
རྩ་བར། མཚན་བཞི་གོ་རིམ་བཞིན་དུ་སྒྲ།།
མི་རྟག་ཅེས་པའི་ངག་ཙམ་ལས།།
སྒྲ་མི་རྟག་པར་འཛིན་པའི་བློ།།
དེ་བཞིན་དུ་ནི་དེ་སྒྲུབ་ཀྱི།།
འགལ་དང་མ་ངེས་མ་གྲུབ་པའི།།
རྟགས་ལས་དེ་ལྟར་འཛིན་པ་དང་།།
བྱས་པའི་རྟགས་ལ་བརྟེན་ནས་སྒྲ།།
མི་རྟག་པ་རུ་འཛིན་པ་ཡི།།
ཡིད་དཔྱོད་ལྟ་བུ་ཡིན་ཞེས་གསུངས།། ཞེས་བྱུང་། གསུམ་པ་མཚན་གཞི་ནི། རྒྱུ་མཚན་མ་བཀོད་པར་སྒྲ་མི་རྟག་ཅེས་པའི་ངག་ཙམ་ལ་བརྟེན་ནས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ་དང་བོ་སྟེ་རྒྱུ་མཚན་མེད་པའི་ཡིད་དཔྱོད་ཀྱི་མཚན་གཞི་དང་། དེ་བཞིན་དུ་སྒྲ་མི་རྟག་སྒྲུབ་ལྟ་བུ་ལ་མཚོན་ན། སྒྲ་ཆོས་ཅན། མི་རྟག་སྟེ། ནམ་མཁའ་ཡིན་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ་གཉིས་པའི་མཚན་གཞི། སྒྲ་མི་རྟག་སྒྲུབ་ལྟ་བུ་ལ་མཚོན་ན། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར་ཞེས་པའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ་གསུམ་པའི་མཚན་གཞི། ཡང་སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ་བཞི་བའི་མཚན་གཞི། ཡང་བྱས་པ་མ་ངེས་པའི་གང་ཟག་ལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་རྟགས་སྐབས་ཀྱི་རྒོལ་བས་གཏན་ལ་མ་ཕབ་པའམ་ཚད་མས་མ་ངེས་པས་དེ་འདྲའི་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ་ལྔ་བའི་མཚན་གཞི་ཡིན་ཞེས་མཁས་པ་རྣམས་གསུངས། ཞེས་པའོ།།
རྩ་བར། བསྡུས་ན་གཉིས་ཏེ་དང་བོ་ནི།།
རྒྱུ་མཚན་མེད་པའི་ཡིད་དཔྱོད་དང་།།
ཡིད་དཔྱོད་ཕྱི་མ་བཞི་བོ་ནི།།
རྒྱུ་མཚན་ཅན་གྱི་ཡིད་དཔྱོད་དོ།།
ཐོས་བྱུང་ཙམ་གྱི་གོ་བ་ནི།།
ཕལ་ཆེར་ཡིད་དཔྱོད་ཡིན་པས་ན།།
དེ་རྒྱུན་བརྟན་པོ་མིན་ཞེས་གསུངས།། ཞེས་བྱུང་། ཡིད་དཔྱོད་དེ་ལྔ་བསྡུས་ན་དང་བོ་རྒྱུ་མཚན་མེད་པའི་ཡིད་དཔྱོད་དམ་རྟགས་དང་རྒྱུ་མཚན་མ་བཀོད་པའི་ཡིད་དཔྱོད་དང་། ཡིད་དཔྱོད་ཕྱི་མ་བཞི་ནི་རྒྱུ་མཚན་ཅན་ཏེ་རྟགས་དང་རྒྱུ་མཚན་བཀོད་པའི་ཡིད་དཔྱོད་ཡིན་ཞིང་། གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ལས་ཐོས་བྱུང་ཙམ་གྱི་གོ་བ་ཕལ་ཆེ་བ་ནི་ཡིད་དཔྱོད་ཡིན་པའི་རྒྱུ་མཚན་གྱིས་དེ་འདྲ་བའི་བློ་དེའི་རྒྱུན་བརྟན་པོ་མིན་ཏེ། རྗེ་བླ་མའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས།། ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས།། ཞེས་གསུངས་པའི་ཕྱིར་རོ།། རང་ཉིད་ཚུད་པའི་ཐ་མལ་བས་རྟགས་དང་རྒྱུ་མཚན་ལ་མ་བརྟེན་པར་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཡོད་པར་ཡིད་ཆེས་པའི་བློ་ལྟ་བུ་སོགས་ཡིད་དཔྱོད་ཡིན་པར་གསུངས། ཆོས་རྗེ་ས་པཎ་སོགས་ཀྱིས་ཡིད་དཔྱོད་མི་འདོད་དེ། རིགས་གཏེར་ལས། བློ་རིག་བཞིར་འདུས་ཡོད་དཔྱོད་མིན།། ཞེས་སོགས་གསུངས་པའི་ཕྱིར། སྤྲོ་ཚུལ། སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ལ་སྒྲ་མི་རྟག་པའི་དོན་སྤྱི་ཤར་མི་ཤར་དང་། དེ་མི་ཤར་བའི་རྒྱུ་མཚན་དེ་ལ་སྒྲོ་འདོགས་མ་ཆོད་པས་ཡིན་ཞིང་དེའི་དོན་སྤྱི་ཤར་བ་ལ་སྒྲོ་འདོགས་ཆོད་དགོས་ན། དོན་བྱེད་ནུས་པའི་དོན་སྤྱི་མ་ཤར་བར་དངོས་པོའི་དོན་སྤྱི་ཤར་བ་མེད་པར་ཐལ་མི་ཐལ་དང་། དེ་འདྲ་བ་ཡོད་པར་ལེའུ་དང་བོའི་མཐའ་དཔྱོད་ལས། དོན་བྱེད་ནུས་པའི་དོན་སྤྱི་མ་ཤར་བར་དངོས་པོའི་དོན་སྤྱི་ཤར་བ་ཡོད་པའི་ཕྱིར་། དེར་ཐལ། དངོས་པོའི་སྒྲ་སྤྱི་རྐྱང་བ་འཛིན་པའི་རྟོག་པ་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས་པ་སོགས་དཔྱད། ཡིད་དཔྱོད་ཡིན་ན་བློ་དོན་མཐུན་ཡིན་དགོས་པར་གསུངས།
རྩ་བར། སྣང་ལ་མ་ངེས་པ་ཡི་བློ།།
རང་གི་འཇུག་ཡུལ་རང་མཚན་ནི།།
གསལ་བར་སྣང་ཡང་མ་ངེས་པའོ།།
དབྱེ་ན་གསུམ་སྟེ་དེར་གྱུར་པའི།།
དབང་མངོན་ཡིད་མངོན་རང་རིག་གསུམ།།
དེ་ལ་རྣལ་འབྱོར་མངོན་སུམ་ནི།།
གང་སྣང་ཐམས་ཅད་ངེས་པས་ན།།
སྣང་ལ་མ་ངེས་པ་མེད་དོ།། ཞེས་བྱུང་། བློ་རིག་བདུན་གྱི་གཉིས་པ་སྣང་ལ་མ་ངེས་པའི་བློ་ལ་མཚན་ཉིད་དང་། དབྱེ་བ། སོ་སོའི་མཚན་གཞི་བཤད་པ་གསུམ་ལས། དང་བོ་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བ་ཡང་ཡིན། འཇུག་ཡུལ་རང་མཚན་ལ་ངེས་པ་འདྲེན་མི་ནུས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པའོ།། གཉིས་པ་ནི། དབྱེ་ན་གསུམ་སྟེ་དེར་གྱུར་པའི་དབང་མངོན་དང་ཡིད་མངོན། རང་རིག་མངོན་སུམ་གསུམ་ཡོད་ཅིང་། རྣལ་འབྱོར་མངོན་སུམ་དེ་ལ་ནི་གང་སྣང་བ་ཐམས་ཅད་ངེས་པའི་རྒྱུ་མཚན་གྱིས་རང་ཡུལ་སྣང་ནས་མ་ངེས་པ་མེད་ཅེས་པའོ།། ཇི་སྐད་དུ་རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ལས།། རྣམ་པ་ཐམས་ཅད་ངེས་པར་བྱེད།། ཅེས་གསུངས། སྤྲོ་ཚུལ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། སྣང་ལ་མ་ངེས་པའི་བློ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ལོག་ཤེས་ཡིན་པའི་ཕྱིར། ཞེས་སོགས་ཀྱིས་དཔྱད།
རྩ་བར། དེ་འདྲའི་དབང་མངོན་ལ་ཡང་ལྔ།།
ཡིད་ནི་གཞན་དུ་ཕྱོགས་དུས་ཀྱི།།
སོར་སྐྱེའི་གཟུགས་འཛིན་དབང་མངོན་ནས།།
རེག་འཛིན་དབང་མངོན་བར་ལྔ་འམ།།
སོ་སྐྱེའི་རྒྱུད་ཀྱི་དབང་མངོན་ལྔའི།།
སྐད་ཅིག་ཐ་མ་ལྟ་བུ་འོ།།
སོ་སྐྱེའི་དུས་མཐའི་སྐད་ཅིག་མའི།།
ཡིད་མངོན་དང་ནི་རང་རིག་ཀུན།།
སྣང་ལ་མ་ངེས་པ་ཡིན་ལ།།
འཕགས་པའི་འདིར་བསྟན་ཡིད་མངོན་ནི།།
ཚད་མར་རིགས་པའི་རྒྱན་ལས་གསུངས།། ཞེས་བྱུང་། དེ་འདྲ་བ་སྟེ་སྣང་ལ་མ་ངེས་པའི་དབང་བོའི་མངོན་སུམ་ལའང་ལྔ་ཡོད་དེ། ཡིད་གཞན་ལ་ཕྱོགས་དུས་ཀྱི་སོར་སྐྱེའི་གཟུགས་འཛིན་པའི་དབང་མངོན་ནས་རེག་བྱ་འཛིན་པའི་དབང་མངོན་གྱི་བར་ལྔའམ། ཡང་ན་སོ་སྐྱེའི་རྒྱུད་ཀྱི་དབང་མངོན་ལྔའི་སྐད་ཅིག་ཐ་མ་ལྟ་བུ་ཡོད་པའོ།། དང་བོ་ལྔ་ནི། དཔེར་ན་བློ་རིག་མཐའ་དཔྱོད་ལས་མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་དུས་ཀྱི་རྣ་བས་སྒྲ་ཆེན་པོ་ཐོས་པའི་སྒྲ་འཛིན་དབང་མངོན་ལྟ་བུ་ཡིན་ཞེས་གསུངས། དབང་ཤེས་ཕྱི་མ་བཞི་ལའང་དེས་རིགས་འགྲེས་ཀྱིས་ཤེས་པར་བྱ་ཞིང་། གཉིས་པ་ནི། སོ་སྐྱེའི་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ནི་སྐད་ཅིག་མའི་ཡུན་ཚད་ཅན་ཡིན་པས་རང་ཡུལ་སྣང་ཡང་ངེས་མི་ནུས་པའི་ཕྱིར་སྣང་ལ་མ་ངེས་པ་ཡིན། གསུམ་པ་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་ཡིད་མངོན་དང་རང་རིག་ཀུན་ཏེ་ཐམས་ཅད་སྣང་ལ་མ་ངེས་པའི་བློ་ཡིན་ལ། འཕགས་པའི་རྒྱུད་ཀྱི་འདིར་བསྟན་ཡིད་མངོན་ནི་ཚད་མ་ཡིན་པར་སྤྱི་དོན་རིགས་རྒྱན་ལས་གསུངས་ཞེས་པའོ།། ཇི་སྐད་དུ་རིགས་རྒྱན་ལས། སྐྱོན་མེད་དེ། འཕགས་པའི་རྒྱུད་ཀྱི་འདིར་བསྟན་ཡིད་མངོན་ཚད་མ་ཡོད་པའི་ཕྱིར། ཞེས་འབྱུང་། སྤྲོ་ཚུལ། ཡུལ་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་དུས་ཀྱི་རྣ་བས་སྒྲ་ཆེན་པོ་ཐོས་པའི་སྒྲ་འཛིན་རྣ་ཤེས་དེ་སྣང་ལ་མ་ངེས་པའི་བློ་ཡིན་བྱས་པ་ལ། དེ་ཆོས་ཅན། སྣང་ལ་མ་ངེས་པའི་བློ་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཏེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། བློ་རིག་མཐའ་དཔྱོད་ལས། གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་མངོན་སུམ་ཡིད་མ་གཏད་ལྟ་བུ་གཉིས་པ་ཡིན། ཞེས་དང་། ཡང་དེས་སྒྲ་མ་རྟོགས་པར་ཐལ། སྣང་ལ་མ་ངེས་པ་ཡིན་པ་དེའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཐོས་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། སྒྲ་ཐོས་པར་ངེས་ནས་སྒྲ་མ་ངེས་པ་ག་ལ་སྲིད། ཅེས་སོགས་ཀྱིས་རྩོད། ཞིབ་ཆ་རིགས་རྒྱན་སོགས་ལས་ཤེས་པར་བྱ།
རྩ་བར། དེ་འདྲའི་རང་རིག་མངོན་སུམ་ནི།།
རྒྱང་འཕེན་པ་དང་གཅེར་བུ་བའི།།
རྒྱུད་ཀྱི་རྗེས་དཔག་ཚད་མ་དང་།།
ལོག་པའི་ཤེས་པ་ལ་སོགས་པ།།
ཉམས་སུ་མྱོང་བའི་རང་རིག་དང་།།
རང་སྡེ་བྱེ་བྲག་སྨྲ་བ་ཡི།།
རྒྱུད་ཀྱི་རང་རིག་ལྟ་བུ་དང་།།
སོ་སྐྱེའི་རྒྱུད་ཀྱི་རང་རིག་གི།
སྐད་ཅིག་ཐ་མ་ལྟ་བུ་མང་།། ཞེས་བྱུང་། དེ་འདྲ་བའི་རང་རིག་མངོན་སུམ་དུ་གྱུར་པའི་སྣང་ལ་མ་ངེས་པ་ནི། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་མེད་པར་ལྟ་བའི་ཕྱི་རོལ་ཆད་སྨྲ་བའམ་རྒྱང་འཕེན་པ་དང་། རྒྱལ་བ་དམ་པ་སྟོན་པར་འཛིན་པའི་ལུས་གཅེར་བུ་གནས་ཤིང་ངག་མི་སྨྲ་བ་དང་མེ་ལྔ་བརྟེན་པ་སོགས་ཐར་ལམ་དུ་ཁས་ལེན་པའི་རྟག་སྨྲའི་ནང་ཚན་གཅེར་བུས་རྗེས་དཔག་ཚད་མ་ཁས་མི་ལེན་པས་དེ་དག་གི་རྒྱུད་ཀྱི་རྗེས་དཔག་ཚད་མ་དང་། ལོག་ཤེས་ཏེ་གངས་རི་སྔོན་པོ་ལྟ་བུའི་དབང་ཤེས་ལ་སོགས་པ་ཉམས་སུ་མྱོང་བའི་རང་རིག་དང་། ཡང་རང་སྡེ་བྱེ་བྲག་སྨྲ་བའི་རྒྱུད་ཀྱི་རང་རིག་དང་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་རང་རིག་སྐད་ཅིག་ཐ་མ་ལྟ་བུ་སོགས་མང་ཞེས་པའོ།། སྤྲོ་ཚུལ། རྒྱང་འཕེན་པས་རྗེས་དཔག་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྗེས་དཔག་འཁྲུལ་ཤེས་སུ་ཁས་ལེན་པའི་ཕྱིར་ཏེ། གྲུབ་མཐའ་རྩ་བ་ལས། མངོན་སུམ་ཚད་མ་རྗེས་དཔག་ཚད་མིན་འཁྲུལ།། ཞེས་སོགས་དང་། ཡང་། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་མྱོང་གི་རང་རིག་དེ་སྣང་ལ་མ་ངེས་པ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་ཚད་མ་ཡིན་པའི་ཕྱིར་ཏེ། ཤེས་པ་ཡིན་ན་ཁྱོད་སྣང་ཡུལ་བྱེད་པའི་མངོན་སུམ་གྱི་ཚད་མ་ཡོད་པའི་ཁྱབ་པས་ཕྱིར་ཏེ། བསེ་བསྡུས་མཐའ་དཔྱོད་༢༦༦ལས། ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་གྱི་ཚད་མ་ཡོད་པར་ཐལ། ཁྱོད་ཉམས་མྱོང་གི་རང་རིག་དེ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཞེས་དང་། བློ་རིག་མཐའ་དཔྱོད་ལས་ཀྱང་། རྒྱུན་ལྡན་གྱི་ཤེས་པ་དང་ཚད་མ་ལ་རང་རིག་མངོན་སུམ་གྱི་གྲུབ་པས་ཁྱབ་ཀྱང་། ཞེས་གསུངས་པའི་ཕྱིར། ཞེས་སོགས་ཀྱིས་དཔྱད།
རྩ་བར། རྟོགས་ཟིན་རྟོགས་པའི་ཚད་མིན་གྱི།།
རིག་པ་བཅད་ཤེས་ཀྱི་མཚན་ཉིད།།
དབྱེ་ན་མངོན་སུམ་རྗེས་དཔག་གི།
རྒྱུན་དུ་གྱུར་པའི་བཅད་ཤེས་དང་།།
དེ་གཉིས་གང་རུང་མ་ཡིན་པའི།།
བཅད་ཤེས་དང་བཅས་གསུམ་དུ་ཡོད།།
དང་བོ་ལ་ཡང་དབང་ཡིད་དང་།།
རང་རིག་རྣལ་འབྱོར་མངོན་སུམ་གྱི།།
བཅད་ཤེས་ལ་སོགས་དུ་མ་ཡོད།། ཅེས་བྱུང་། བཅད་ཤེས་ལ་མཚན་ཉིད། དབྱེ་བ། སོ་སོའི་མཚན་གཞི་བཤད་པ་གསུམ་ལས། དང་བོ་ནི། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་རང་ཉིད་ཀྱིས་སླར་ཡང་རྟོགས་པའི་ཚད་མིན་གྱི་རིག་པ་དེ་བཅད་ཤེས་ཀྱི་མཚན་ཉིད། གཉིས་པ་དབྱེ་ན། མངོན་སུམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་དང་རྗེས་དཔག་གི་རྒྱུན་དུ་གྱུར་པའི་བཅད་ཤེས་དང་། དེ་གཉིས་ཏེ་མངོན་སུམ་དང་རྗེས་དཔག་གང་རུང་མ་ཡིན་པའི་བཅད་ཤེས་དང་གསུམ་ཡོད་ཅིང་། དང་བོ་ལ་ཡང་དབང་བོའི་མངོན་སུམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་དང་། རང་རིག་མངོན་སུམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་དང་། རྣལ་འབྱོར་མངོན་སུམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་སོགས་དུ་མ་ཡོད་ཅེས་པའོ།།
རྩ་བར། རིམ་བཞིན་དབང་བོ་ལྔ་བོ་དང་།།
རྒྱུན་དང་ལྡན་པའི་རང་རིག་དང་།།
སློབ་པའི་རྣལ་འབྱོར་མངོན་སུམ་གྱི།།
སྐད་ཅིག་གཉིས་པ་ལྟ་བུའོ།།
མངོན་སུམ་སྐད་ཅིག་གཉིས་པ་ནི།།
དེ་བཞི་གང་ཡང་མ་ཡིན་པའི།།
བཅད་ཤེས་སུ་ནི་འཇོག་ཀྱང་རུང་།། ཞེས་བྱུང་། མཚན་གཞི་རིམ་པ་བཞིན་དབང་བོ་ལྔ་སྟེ། མིག་སྣ་རྣ་ལྕེ་ལུས་ཀྱི་དབང་བོའི་མངོན་སུམ་ལྔའི་སྐད་ཅིག་གཉིས་པ་དང་། རྒྱུན་དང་ལྡན་པའི་རང་རིག་སྐད་ཅིག་གཉིས་པ་དང་། སློབ་པ་འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་སྐད་ཅིག་གཉིས་པ་ལྟ་བུ་ཡིན་ཞིང་། དབང་བོ་སོགས་ཀྱིས་ཁྱད་པར་དུ་མ་བྱས་པའི་མངོན་སུམ་སྐད་ཅིག་གཉིས་པ་ནི། དེ་བཞི་སྟེ་མངོན་སུམ་བཞི་བོ་གང་ཡང་མ་ཡིན་པའི་བཅད་ཤེས་སུ་འཇོག་རུང་སྟེ་བཞག་ཆོག་པའི་ཕྱིར། ཞེས་པའོ།།
རྩ་བར། གཉིས་པ་རྗེས་དཔག་ཚད་མ་ཡི།།
སྐད་ཅིག་གཉིས་པ་ལྟ་བུ་ཡིན།། ཞེས་བྱུང་། གཉིས་པ་རྗེས་དཔག་གི་རྒྱུན་དུ་གྱུར་བའི་བཅད་ཤེས་ནི། རྗེས་སུ་དཔག་པའི་ཚད་མ་སྐད་ཅིག་གཉིས་པ་ལྟ་བུ་ཡིན། ཞེས་པའོ།།
རྩ་བར། གསུམ་པ་མངོན་རྗེས་སོ་སོ་ཡིས།།
དྲངས་པའི་ངེས་ཤེས་ལྟ་བུ་དང་།།
ཚད་མ་སྐད་ཅིག་གཉིས་པ་བཞིན།། ཞེས་བྱུང་། གསུམ་པ་མངོན་རྗེས་གང་ཡང་མ་ཡིན་པའི་བཅད་ཤེས་ནི། མངོན་སུམ་དང་རྗེས་དཔག་སོ་སོས་དྲངས་པའི་ངེས་ཤེས་དང་། མངོན་རྗེས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཚད་མ་སྐད་ཅིག་གཉིས་པ་བཞིན་ཡིན་པའི་ཕྱིར། ཞེས་པའོ།།
རྩ་བར། བསྡུ་ན་རྟོག་པ་བཅད་ཤེས་དང་།།
རྟོག་མེད་བཅད་ཤེས་གཉིས་སུ་འདུས།། ཞེས་བྱུང་། དེ་དག་བསྡུ་ན་རྟོག་པ་བཅད་ཤེས་དང་རྟོག་མེད་བཅད་ཤེས་གཉིས་སུ་འདུས་པ་ཡིན་ཞེས་པའོ།། སྤྲོ་ཚུལ། མངོན་སུམ་སྐད་ཅིག་གཉིས་པ་མངོན་སུམ་དུ་གྱུར་པའི་བཅད་ཤེས་ཡིན་བྱས་པ་ལ། དེ་མི་འཐད་པར་ཐལ། བཅད་ཤེས་ཡིན་ན་དྲན་པ་ཡིན་དགོས་པའི་ཕྱིར། རྟགས་ཁྱབ་གྲུབ་སྟེ། སྡེ་བདུན་གྱི་རྒྱན་ཡིད་གྱི་མུན་སེལ་ལས། ཁ་ཅིག་མངོན་སུམ་སྐད་ཅིག་ཕྱི་མ་རྣམས་ཀྱང་བཅད་ཤེས་སུ་འདོད་པ་ནི་མ་བརྟགས་པ་སྟེ། བཅད་ཤེས་ནི་སྔར་ངེས་ཟིན་པའི་ཡུལ་དྲན་པའི་བློ་ཡིན་ལ། དྲན་པའི་བློ་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར། གཞན་ཡང་། རྒྱལ་ཚབ་རྗེའི་རྣམ་ངེས་ཊཱིཀ་ཆེན་ལས། སློབ་དཔོན་ཆོས་མཆོག་ཅེས་པ་ནས་མངོན་སུམ་བཅད་ཤེས་མེད་པར་འདོད་པ་ནི་ཕྱིན་ཅི་ལོག་ཏུ་ཤེས་པར་བྱའོ།། ཞེས་པ་དང་བཅད་ཤེས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཚད་མིན་སྦྱར་དགོས་མིན་སོགས་ཀྱིས་དཔྱད།
རྩ་བར། ལོག་ཤེས་མཚན་ཉིད་རང་གི་ཡུལ།།
ཕྱིན་ཅི་ལོག་ཏུ་འཛིན་པའི་བློའོ།།
དབྱེ་ན་རྟོག་པ་ལོག་ཤེས་དང་།།
རྟོག་མེད་ལོག་ཤེས་གཉིས་སུ་ཡོད།། ཅེས་བྱུང་། བཞི་བ་ལོག་ཤེས་ལ་མཚན་ཉིད་དང་། དབྱེ་བ། རྣམ་གྲངས་བཤད་པ་གསུམ་ལས། དང་བོ་ནི། རང་གི་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི། གངས་རི་སྔོན་པོར་འཛིན་པའི་བློ་ལྟ་བུ། གཉིས་པ་ནི། ལོག་ཤེས་ལ་དབྱེ་ན་རྟོག་པར་གྱུར་པའི་ལོག་ཤེས་དང་། རྟོག་མེད་ལོག་ཤེས་གཉིས་ཡོད་ཅེས་པའོ།། སྤྲོ་ཚུལ། སྐད་ཅིག་དཀྲོང་བསྐྱེད་སོགས་ཀྱི་སྐབས། རང་ཉིད་རྡོ་རྗེ་འཇིགས་བྱེད་སོགས་སུ་ང་རྒྱལ་འཛིན་པའི་བློ་དེ་ནི་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། དེ་མ་ཡིན་པ་ལ་དེར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ་རྗེ་བླ་མའི་སྡེ་བདུན་ཐུང་ངུ་ལས། ལོག་ཤེས་ཀྱི་མཚན་ཉིད། དེ་མ་ཡིན་པ་ལ་དེར་འཛིན་ཀྱི་ཤེས་པ། ཞེས་གསུངས་པ་སོགས་དང་། ཡང་། ས་གཞི་ཐམས་ཅད་ཆུས་གང་བར་མོས་པའི་ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར་སོགས་ཀྱིས་དཔྱད་ལ། ཞིབ་ཆ་ཀུན་མཁྱེན་རྣམ་ཐར་དང་སྐབས་བརྒྱད་པ་སོགས་སུ་ཅུང་ཟད་གསལ།
རྩ་བར། རང་གི་ཞེན་ཡུལ་ལ་འཁྲུལ་བའི།།
ཞེན་རིག་དང་བོའི་མཚན་ཉིད་དང་།།
རང་གི་འཛིན་སྟངས་ལ་འཁྲུལ་བའི།།
གསལ་སྣང་ཅན་གྱི་རིག་པ་དེ།།
རྟོག་མེད་ལོག་ཤེས་ཀྱི་མཚན་ཉིད།།
དང་བོ་ཆོས་དང་གང་ཟག་གི།
བདག་འཛིན་རྣམ་གཉིས་ལྟ་བུ་དང་།།
གངས་རི་སྔོན་པོར་སྣང་བ་ཡི།།
དབང་ཤེས་ལྟ་བུ་གཉིས་པ་ཡིན།། ཞེས་བྱུང་། དང་བོ་རྟོག་པ་ལོག་ཤེས་ཀྱི་མཚན་ཉིད་ནི། རང་གི་ཞེན་ཡུལ་ལ་འཁྲུལ་བའི་ཞེན་རིག་དེ་ཡིན་ཞིང་། ཞེན་རིག་ཅེས་པ་རང་ཡུལ་ནན་ཏན་དུ་འཛིན་པའི་བློ་ལ་བྱའོ།། གཉིས་པ་རྟོག་མེད་ལོག་ཤེས་ཀྱི་མཚན་ཉིད། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་རིག་པ་དེ་ཡིན་པའི་ཕྱིར་རོ།། དང་བོ་རྟོག་པར་གྱུར་པའི་ལོག་ཤེས་ཀྱི་མཚན་གཞི་ནི། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་དུ་གྲུབ་པར་འཛིན་པའི་འཛིན་པ་ལྟ་བུའི་ཆོས་ཀྱི་བདག་འཛིན་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་འཛིན་པ་ལྟ་བུའི་གང་ཟག་གི་བདག་འཛིན་རྣམ་གཉིས་ལྟ་བུ་དང་། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལྟ་བུ་གཉིས་པ་རྟོག་མེད་ལོག་ཤེས་ཀྱི་མཚན་གཞི་ཡིན། ཞེས་པའོ།། བྱེ་མདོ་གཉིས་ཀྱིས་གཞི་གྲུབ་ན་ཆོས་བདག་ཏུ་གྲུབ་པས་ཁྱབ་པར་ཁས་ལེན་པས་ཆོས་ཀྱི་བདག་འཛིན་ལོག་ཤེས་སུ་བཞག་པ་སྐབས་འདིར་སེམས་ཙམ་པའི་ལུགས་སོ།།
རྩ་བར། ཚད་མ་ཡིད་ཀྱི་མུན་སེལ་ལས།།
ལོག་རྟོག་རྟོག་པ་ལོག་ཤེས་དང་།།
སྒྲོ་འདོགས་གསུམ་པོ་དོན་གཅིག་དང་།།
དོན་མི་འགྱུར་གྱི་ཐེ་ཚོམ་ཡང་།།
རྟོག་པ་ལོག་ཤེས་ཡིན་པར་གསུངས།། ཞེས་བྱུང་། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། ལོག་རྟོག་དང་རྟོག་པ་ལོག་ཤེས། སྒྲོ་འདོགས་གསུམ་པོ་དོན་གཅིག་ཡིན་པ་དང་། དོན་མི་འགྱུར་གྱི་ཐེ་ཚོམ་དེ་ཡང་རྟོག་པ་ལོག་ཤེས་ཡིན་པར་གསུངས། ཞེས་པའོ།། ཇི་སྐད་དུ། སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། ལོག་རྟོག་དང་ཐེ་ཚོམ་གཉིས། དང་བོ་དང་། རྟོག་པ་ལོག་ཤེས་དོན་གཅིག་ཅིང་། ཞེས་པ་ནས། འདི་དང་སྒྲོ་འདོགས་ཀྱང་དོན་གཅིག་ཅིང་། ཞེས་པ་ནས། སྒྲ་ཕལ་ཆེར་རྟག་ལས་ཆེ་སྙམ་དུ་འཛིན་པའི་རྟོག་པའང་ལོག་རྟོག་མ་ཡིན་པར་ཐལ་བའི་ཕྱིར་རོ།། འདོད་མི་ནུས་ཏེ། སྒྲོ་འདོགས་ཡིན་པའི་ཕྱིར་རོ།། ཞེས་འབྱུང་། སྤྲོ་ཚུལ། ས་གཞི་ཐམས་ཅད་ཆུས་གང་བ་མེད་ཅེས་པ་ལ། དེ་ཡོད་པའི་ཕྱིར་ཏེ། བསྐལ་བ་ཆུས་འཇིག་དུས་གང་བའི་ཕྱིར། འདོད་མི་ནུས་ཏེ། བློ་རིག་ཡིག་ཆར་མ་ཁྱབ་ན་ས་གཞི་ཐམས་ཅད་ཆུས་གང་བ་ཡོད་པར་ཐལ་ལོ།། ཞེས་གསུངས་པ་སོགས་ཀྱིས་དཔྱད།
རྩ་བར། རང་གི་ཡུལ་ལ་མཐའ་གཉིས་སུ།།
དོགས་པའི་སེམས་བྱུང་ཐེ་ཚོམ་སྟེ།།
དོན་འགྱུར་མི་འགྱུར་ཆ་མཉམ་པའི།།
ཐེ་ཚོམ་གསུམ་ཡོད་རིམ་པ་བཞིན།།
སྒྲ་མི་རྟག་གམ་སྙམ་པ་དང་།།
དེ་བཞིན་རྟག་གམ་སྙམ་པ་དང་།།
རྟག་གམ་མི་རྟག་སྙམ་པའི་བློའོ།། ཞེས་བྱུང་། ལྔ་བ་ཐེ་ཚོམ་གྱི་རྣམ་གཞག་བཤད་པ་ལ། མཚན་ཉིད་དབྱེ་བ་མཚན་གཞི་བཤད་པ་གསུམ། དང་བོ་ནི། རང་གི་ཡུལ་ལ་མཐའ་གཉིས་སུ་དོགས་པའི་སེམས་བྱུང་དེ་ཡིན་ཞིང་། གཉིས་པ་སྒྲས་བརྗོད་ཀྱི་སྒོ་ནས་དབྱེ་ན། དོན་འགྱུར་གྱི་ཐེ་ཚོམ་དང་། དོན་མི་འགྱུར་གྱི་ཐེ་ཚོམ་དང་། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་ཡོད། གསུམ་པ་ནི། མཚན་གཞི་རིམ་པ་བཞིན་དུ་སྒྲ་མི་རྟག་སྙམ་པ་དང་། དེ་བཞིན་དུ་རྟག་གམ་སྙམ་པ་དང་། རྟག་གམ་མི་རྟག་ཅི་ཡིན་ན་སྙམ་པའི་བློ་རྣམས་ཡིན། ཞེས་པའོ།། སྤྲོ་ཚུལ། ཐེ་ཚོམ་དང་མཚུངས་ལྡན་གྱི་ཚོར་བ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ་དེ་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། ཞེས་སོགས་དང་། དེ་དག་ཐེ་ཚོམ་གྱི་དབྱེ་བ་མཚན་ཉིད་པ་ཡིན་ན་དགྲ་བཅོམ་པའི་རྒྱུད་ཀྱི་གཟུགས་ཕྱི་རོལ་དོན་དུ་གྲུབ་བམ་མ་གྲུབ་ཕལ་ཆེར་མ་གྲུབ་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་ཡང་ཐེ་ཚོམ་དུ་འགྱུར་བས་དེས་ན་དེའི་རྒྱུད་ན་རྩ་ཉོན་ཡོད་ཟེར་དགོས་པར་འགྱུར་ཞེས་གསུངས། ཡིག་ཆར་མཚན་ཉིད་ཀྱི་ཟུར་ལ་རང་སྟོབས་དང་ཆ་བཞག་གཉིས་ཀ་སྦྱར་བའི་དགོས་པ་སོགས་དཔྱད།
རྩ་བར། ཐེ་ཚོམ་ལ་ནི་རྩ་ཉོན་གྱི།།
ཁྱབ་པར་བཞེད་དང་ཉོན་མོངས་ཅན།།
ཡིན་མིན་གཉིས་སུ་ཕྱེ་བའང་ཡོད།། ཅེས་བྱུང་། ཐེ་ཚོམ་ལ་རྩ་ཉོན་གྱིས་ཁྱབ་ཅེས་བཞེད་མཁན་གཅིག་དང་ཉོན་མོངས་ཅན་ཡིན་མིན་གཉིས་སུ་ཕྱེ་མཁན་གཅིག་དང་གཉིས་ཡོད། ཅེས་པའོ།། རང་རེའི་ཡིག་ཆས་ཐེ་ཚོམ་ཡིན་ན་རྩ་ཉོན་ཡིན་པས་ཁྱབ་པར་བཞེད་པར་རྒྱ་གཞུང་གི་ཁུངས་ཡོད་དམ་ཞེ་ན། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་འགྲེལ་བ་པདྨ་ཅན་ཞེས་པ་སྟེ་སྡེ་བསྟན་རྒྱུད་ཀ་བའི་༡༤༡བ་༢ལས། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས།། གྲི་གུག་གཅོད་པར་བྱེད་པས་གནས།། ཞེས་པ་ནི་ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་ལྟ་བ་སྟེ། རྩ་བའི་ཉོན་མོངས་པ་དྲུག་པོ་ང་རྒྱལ་ལ་སོགས་པ་གནས་ངན་ལེན་དང་བཅས་པའོ།། ཞེས་པ་ལྟ་བུའོ།།
རྩ་བར། རང་མཚན་དང་ནི་སྤྱི་མཚན་གཉིས།།
རིམ་བཞིན་སྣང་ཡུལ་བྱེད་པའི་བློ།།
མངོན་སུམ་དང་ནི་རྟོག་པའོ།། ཞེས་བྱུང་། གཞལ་བྱ་རང་མཚན་དང་སྤྱི་མཚན་གཉིས་སྣང་ཡུལ་ལམ་གཟུང་ཡུལ་དུ་བྱེད་པ་ནི་རིམ་པ་བཞིན་མངོན་སུམ་དང་རྟོག་པ་ཡིན་ཞེས་པའོ།། སྤྲོ་ཚུལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་བློ་ཡིན་ན་རྟོག་པ་ཡིན་པས་ཁྱབ་ཅེས་པ་ལ། རྣམ་མཁྱེན་ཆོས་ཅན། རྟོག་པ་ཡིན་པར་ཐལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་ལ་དེའི་ཕྱིར། ཞེས་སོགས་ཀྱིས་དཔྱད།
རྩ་བར། དེ་ཡང་རྟོག་བྲལ་མ་འཁྲུལ་བའི།།
རིག་པ་མངོན་སུམ་གྱི་མཚན་ཉིད།།
དབྱེ་ན་དབང་མངོན་ཡིད་མངོན་དང་།།
རང་རིག་རྣལ་འབྱོར་མངོན་སུམ་བཞི།།
འཁྲུལ་རྒྱུ་བཞི་སྟེ་རྟེན་དང་ཡུལ།།
གནས་དང་དེ་མ་ཐག་རྐྱེན་ལའོ།། ཞེས་བྱུང་། དེ་ལ་ཡང་མདོ་སེམས་ཐུན་མོང་བའི་ལུགས་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་ཞིང་། མདོ་སེམས་གཉིས་ལ་ཁྱབ་པའི་མངོན་སུམ་ཚད་མའི་མཚན་ཉིད། སྡེ་བདུན་རྒྱན་ལས། མངོན་སུམ་གྱི་ཚད་མའི་མཚན་ཉིད། རྟོག་པ་དང་བྲལ་ཞིང་བློ་བུར་གྱི་འཁྲུལ་རྒྱུས་འཁྲུལ་བར་མ་བསྐྱེད་པའི་ཤེས་པ། ནས། འདི་ལྟར་བྱས་ན་མཚན་ཉིད་འདིས་མདོ་སེམས་གཉིས་ཀའི་ལུགས་ལ་ཁྱབ་པ་ཡིན་ཏེ། ཞེས་གསུངས། དབྱེ་ན་དབང་བོ་དང་ཡིད་དང་རང་རིག་དང་རྣལ་འབྱོར་མངོན་སུམ་དང་བཞི་ཡོད། འཁྲུལ་རྒྱུ་བཞི་སྟེ། རྟེན་ལ་ཡོད་པ་དང་ཡུལ་ལ་ཡོད་པ། གནས་ལ་ཡོད་པ། དེ་མ་ཐག་རྐྱེན་ལ་ཡོད་པ་དང་བཞི་ཡོད་ཅིང་། རྟེན་མིག་དབང་སོགས་ལྷད་པའི་རྐྱེན་གྱིས་འདྲ་མི་འདྲ་མཐོང་བ་སོགས་འཁྲུལ་རྒྱུ་རྟེན་ལ་ཡོད་པ། འགལ་མེ་མགྱོགས་པར་འཁོར་བའི་ཚེ་གོར་གོར་དུ་སྣང་བ་སོགས་འཁྲུལ་རྒྱུ་ཡུལ་ལ་ཡོད་པ། འགྲོ་བཞིན་པའི་རླངས་འཁོར་སོགས་སུ་བསྡད་སྐབས་ལམ་ཁའི་ལྗོན་ཤིང་ལ་སོགས་པ་འགྲོ་བར་སྣང་བ་ལྟ་བུ་འཁྲུལ་རྒྱུ་གནས་ཏེ་རླངས་འཁོར་ལ་ཡོད་པ། སྲེད་པ་དང་ཞེ་སྡང་སོགས་མངོན་དུ་གྱུར་པའི་ཚེ་ཡུལ་དེ་དང་དེ་ཡང་རིམ་པ་བཞིན་ཡིད་དུ་འོང་བ་དང་མི་འོང་བར་སྣང་བ་ལྟ་བུ་སོགས་འཁྲུལ་རྒྱུ་དེ་མ་ཐག་རྐྱེན་ལ་ཡོད་པ་ཡིན་ཞེས་པའོ། ། སྤྲོ་ཚུལ། སྡེ་བདུན་རྒྱན་ལས། མངོན་སུམ་དང་མངོན་སུམ་ཚད་མ་གཉིས་དོན་གཅིག་ཏུ་གསུངས་པ་སོགས་ཀྱིས་དཔྱད།
རྩ་བར། དང་བོ་དབང་བོའི་མངོན་སུམ་ནི།།
བདག་རྐྱེན་དབང་བོ་གཟུགས་ཅན་ལས།།
བྱུང་བའི་མངོན་སུམ་དབང་མངོན་དང་།།
དེ་ལ་གཟུགས་འཛིན་དབང་མངོན་ནས།།
རེག་བྱ་འཛིན་པའི་དབང་མངོན་བར།།
ལྔ་ཡོད་དེ་རྣམས་རེ་རེ་ལའང་།།
ཚད་མ་དང་ནི་བཅད་ཤེས་དང་།།
སྣང་ལ་མ་ངེས་པ་གསུམ་ཡོད།། ཅེས་བྱུང་། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་བོ་གཟུགས་ཅན་པ་ལས་བྱུང་ཞིང་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ་དབང་མངོན་གྱི་མཚན་ཉིད། དབང་མངོན་དེ་ལ་དབྱེ་ན་གཟུགས་འཛིན་པའི་དབང་མངོན་ནས་རེག་བྱ་འཛིན་པའི་དབང་མངོན་གྱི་བར་ལྔ་ཡོད་ཅིང་། དེ་རྣམས་རེ་རེ་ལའང་ཚད་མ་དང་བཅད་ཤེས་དང་སྣང་ལ་མ་ངེས་པ་གསུམ་གསུམ་ཡོད་པ་སྟེ། གཟུགས་འཛིན་དབང་མངོན་ལ་རང་ཡིན་པར་གྱུར་པའི་ཚད་མ་དང་བཅད་ཤེས། སྣང་ལ་མ་ངེས་པ་གསུམ་ཡོད་པ་བཞིན་དུ་ལྷག་མ་རྣམས་ལ་ཡང་དེ་ལྟར་ཡོད་དོ།། དཔེར་ན་གཟུགས་འཛིན་དབང་མངོན་སྐད་ཅིག་དང་བོ་ནི་ཚད་མ་དང་དེའི་སྐད་ཅིག་གཉིས་པ་ཕན་ཆད་བཅད་ཤེས། སྒྲ་ཡིད་འོང་ཐོས་པ་ལ་ལྷག་པར་ཆགས་དུས་ཀྱི་གཟུགས་འཛིན་དབང་མངོན་ལྟ་བུ་སྣང་ལ་མ་ངེས་པ་ཡིན་ཞིང་སྒྲ་འཛིན་དབང་མངོན་སོགས་ལའང་དེས་རིགས་འགྲེ། ཞེས་པའོ།།
རྩ་བར། བདག་རྐྱེན་ཡིད་དབང་ལ་བརྟེན་ནས།།
བྱུང་བའི་མངོན་སུམ་ཡིད་མངོན་ཏེ།།
གཟུགས་འཛིན་ཡིད་མངོན་སོགས་ལྔ་ཡོད།། ཅེས་བྱུང་། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་བྱུང་བའི་མངོན་སུམ་དེ་ཡིད་མངོན་གྱི་མཚན་ཉིད་ཡིན་ཞིང་། དེ་ལ་དབྱེ་ན་གཟུགས་འཛིན་པའི་ཡིད་མངོན་ནས་རེག་བྱ་འཛིན་པའི་ཡིད་མངོན་བར་ལྔ་ཡོད་ཅེས་པའོ།། འདིར་བསྟན་ཡིད་མངོན་ལ་སྐད་ཅིག་མས་ཁྱབ་པས་སོ་སྐྱེས་རྒྱུད་ཀྱི་ཡིད་མངོན་ལ་སྣང་ལ་མ་ངེས་པའི་ཁྱབ་པར་བཞེད། རིགས་རྒྱན་ལས། འདིར་བསྟན་ཡིད་མངོན་དེ་སྐད་ཅིག་མ་གཅིག་སྐྱེ་བ་ཡིན་གྱི་རྒྱུན་དུ་སྐྱེ་བ་མིན་ཏེ། ཞེས་གསུངས། སྤྲོ་ཚུལ། སོ་སྐྱེའི་འདིར་བསྟན་ཡིད་མངོན་དེ་རྒྱུན་ལྡན་གྱི་ཤེས་པ་ཡིན་པའི་ཕྱིར་ཏེ། དེ་ཐོག་མེད་ནས་ད་ལྟའི་བར་དུ་རྒྱུན་ཆད་མ་མྱོང་པའི་ཕྱིར་ཞེས་སོགས་དང་། དེ་བློ་ཡིན་པས་རང་རྒྱུད་ལྡན་གྱི་གང་ཟག་ལ་ལྐོག་ཏུ་གྱུར་མ་གྱུར་སྡེ་བདུན་རྒྱན་ལ་དང་། ཤེས་པ་ལ་རང་མྱོང་རང་རིག་མངོན་སུམ་གྱིས་གྲུབ་པས་ཁྱབ་པར་བསེ་བསྡུས་མཐའ་དཔྱོད་ལས་གསུངས་པ་སོགས་ཀྱིས་དཔྱད།
རྩ་བར། རྟོག་པ་དང་བྲལ་མ་འཁྲུལ་བའི།།
འཛིན་རྣམ་རང་རིག་མངོན་སུམ་སྟེ།།
དེ་གཉིས་ལ་ཡང་གོང་ལྟར་དུ།།
ཚད་མ་ལ་སོགས་གསུམ་གསུམ་བཤད།། ཅེས་པའོ།། རྟོག་པ་དང་བྲལ་ཞིང་མ་མཁྲུལ་བའི་འཛིན་རྣམ་སྟེ་འཛིན་པ་རྣམ་ཤེས་ཀྱི་རྣམ་པ་ཅན་དེ་རང་རིག་གམ་རང་རིག་མངོན་སུམ་གྱི་དོན་ཡིན་ཞིང་། ཡིད་མངོན་དང་རང་རིག་མངོན་སུམ་གཉིས་ལའང་གོང་གི་དབང་ཤེས་ལྟར་རེ་རེ་ནས་ཚད་མ་དང་བཅད་ཤེས་སྣང་ལ་མ་ངེས་པའི་བློ་གསུམ་གསུམ་ཡོད་པར་བཤད་ཅེས་པའོ།། སྤྲོ་ཚུལ། རང་རིག་དེ་འདུ་བྱེད་གང་ཞིག་རང་དང་མཚུངས་ལྡན་མེད་པ་ཡིན་པས་ལྡན་མིན་འདུ་བྱེད་ཡིན་མིན་མཆིམས་མཛོད་དང་སྦྱར་ཏེ་དཔྱད་གསུངས། མཆིམས་མཛོད་ལས། ཅིའི་ཕྱིར་མི་ལྡན་པའི་འདུ་བྱེད་ཅེས་བྱ་ཞེ་ན། གཟུགས་ཀྱང་མ་ཡིན་ལ་སེམས་དང་སེམས་བྱུང་དང་མཚུངས་པར་ལྡན་པའང་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་རོ།། ཞེས་འབྱུང་།
རྩ་བར། དེ་ལ་རྣལ་འབྱོར་མངོན་སུམ་ནི།།
བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི།།
ཏིང་འཛིན་སྒོམ་སྟོབས་ལས་བྱུང་བའི།།
འཕགས་པའི་རྒྱུད་ཀྱི་མངོན་སུམ་ཡིན།།
རྟེན་གྱི་སྒོ་ནས་དབྱེ་ན་ནི།།
ཉན་རང་ཐེག་ཆེན་འཕགས་པའི་གསུམ།།
ངོ་བོའི་སྒོ་ནས་རེ་རེ་ལའང་།།
མཐོང་སྒོམ་མི་སློབ་ལམ་དང་གསུམ།།
ཡུལ་གྱི་སྒོ་ནས་གཉིས་ཡིན་ཏེ།།
ཇི་ལྟ་ཇི་སྙེད་མཁྱེན་པ་འོ།། ཞེས་བྱུང་། རྣལ་འབྱོར་མངོན་སུམ་གྱི་དོན་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སྒོམ་པའི་སྟོབས་ལས་བྱུང་བའི་འཕགས་པའི་རྒྱུད་ཀྱི་མངོན་སུམ་དེ་ཡིན་ཞིང་། དབུ་མ་ཐལ་འགྱུར་བ་མན་གྱི་རང་སྡེ་རྣམས་ཀྱིས་རྣལ་འབྱོར་མངོན་སུམ་ནི་འཕགས་པའི་རྒྱུད་ཀྱིས་བསྡུས་པར་འདོད། རང་ལ་ལྡན་པའི་རྟེན་གང་ཟག་གི་སྒོ་ནས་ཉན་ཐོས་འཕགས་པ་དང་རང་རྒྱུད་འཕགས་པ། ཐེག་ཆེན་འཕགས་པ་གསུམ་གྱི་རྣལ་འབྱོར་མངོན་སུམ་གསུམ་དང་། ངོ་བོའི་སྒོ་ནས་ཉན་ཐོས་དང་རང་རྒྱུད་ཐེག་ཆེན་འཕགས་པ་རེ་རེ་ལའང་མཐོང་ལམ་དུ་གྱུར་པའི་རྣལ་འབྱོར་མངོན་སུམ་དང་། དེ་བཞིན་དུ་སྒོམ་ལམ་དུ་གྱུར་པའི་དེ། མི་སློབ་ལམ་དུ་གྱུར་པའི་དེ་གསུམ་རེ་ཡོད། ཡུལ་རྟོགས་ཚུལ་གྱི་སྒོ་ནས་གཉིས་ཡོད་པ་ཡིན་ཏེ། ཇི་ལྟ་བ་སྟེ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་། ཇི་སྙེད་པ་སྟེ་སྟོང་ཉིད་ལས་གཞན་པའི་ཆོས་རྟོགས་པའི་རྣལ་འབྱོར་མངོན་སུམ་གཉིས་ཡོད་ཅེས་པའོ།། སྤྲོ་ཚུལ། རྣམ་མཁྱེན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཡོད་མེད་སོགས་ཀྱིས་དཔྱད།
རྩ་བར། ལྡོག་ཕྱོགས་མངོན་སུམ་ལྟར་སྣང་ནི།།
འཁྲུལ་དང་ཀུན་རྫོབ་ཤེས་པ་དང་།།
རྗེས་དཔག་རྗེས་སུ་དཔག་ལས་བྱུང་།།
དྲན་དང་མངོན་འདོད་ཅེས་བྱ་འོ།།
མངོན་སུམ་ལྟར་སྣང་རབ་རིབ་བཅས།།
ཞེས་གསུངས་དང་བོ་དྲུག་པོ་ནི།།
རྟོག་པ་མངོན་སུམ་ལྟར་སྣང་དང་།།
ཐ་མ་རབ་རིབ་ཅན་གྱི་བློ།།
རྟོག་མེད་མངོན་སུམ་ལྟར་སྣང་སྟེ།།
གོ་དོན་རིགས་རྒྱན་སོགས་སུ་ལྟོས།།
རྟོག་མེད་མངོན་སུམ་ལྟར་སྣང་དང་།།
མེད་པ་གསལ་སྣང་ཅན་གྱི་བློ།།
རྟོག་མེད་མངོན་སུམ་དོན་གཅིག་གོ། ཞེས་བྱུང་། མངོན་སུམ་གྱི་ལྡོག་ཕྱོགས་ཏེ་གོལ་ས་མངོན་སུམ་ལྟར་སྣང་ལ་བདུན་ཡོད་དེ། འཁྲུལ་ཤེས་ཏེ་སྨིག་རྒྱུ་ཆུར་འཛིན་གྱི་རྟོག་པ་ལྟ་བུ་སོགས་དང་། ཀུན་རྫོབ་ཤེས་པ་སྟེ་རགས་པ་དང་རྒྱུན་འཛིན་པའི་རྟོག་པ་ལྟ་བུ། རྗེས་དཔག་སྟེ་རང་འབྲས་རྟགས་ཅན་རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་ཀྱི་ཚུལ་འཇལ་བའི་བློ་སྟེ་རྟགས་འཛིན་སེམས། དེ་ནི་རང་འབྲས་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་པས་འབྲས་མིང་རྒྱུ་ལ་བཏགས་ཏེ་རྗེས་དཔག་ཅེས་བྱ། རྗེས་སུ་དཔག་ལས་བྱུང་བ་སྟེ་རྟགས་ཅན་རྗེས་དཔག་གམ་རྗེས་དཔག། འདས་དོན་དྲན་པའི་དྲན་པ། ཕུགས་བསམ་སོགས་མངོན་གྱུར་ཡོང་བར་འདོད་པའི་མངོན་འདོད་ཅེས་བྱ་བ་རྣམས་མངོན་སུམ་ལྟར་སྣང་ཡིན་པར་མ་ཟད་རབ་རིབ་ཅན་ཏེ་ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་ཀྱང་མངོན་སུམ་ལྟར་སྣང་ཡིན། ཞེས་ཚད་མ་ཀུན་བཏུས་ཏེ་སྡེ་བསྟན་ཅེ་བའི་༢ན༢་ལས་གསུངས་ཤིང་། དེ་དག་ལས་དང་བོ་དྲུག་ནི་རྟོག་པ་མངོན་སུམ་ལྟར་སྣང་དང་། ཐ་མ་རབ་རིབ་ཅན་གྱི་བློ་ནི་རྟོག་མེད་མངོན་སུམ་ལྟར་སྣང་ཡིན་ཏེ། གོ་དོན་མཚན་གཞི་དང་བཅས་པ་རིགས་རྒྱན་དང་སྡེ་བདུན་རྒྱན་ལ་སོགས་པའི་གཞུང་དག་ལ་བལྟོས་ཏེ་ཤེས་པར་བྱ་ལ། རྣམ་གྲངས་ནི། རྟོག་མེད་མངོན་སུམ་ལྟར་སྣང་དང་། མེད་པ་གསལ་སྣང་ཅན་གྱི་བློ། རྟོག་མེད་མངོན་སུམ་ཞེས་པ་རྣམས་དོན་གཅིག་ཡིན་ཞེས་པའོ།།
རྩ་བར། དེ་ཡང་སྒྲ་དོན་འདྲེས་རུང་དུ།།
འཛིན་པའི་ཞེན་རིག་རྟོག་པ་སྟེ།།
དབྱེ་ན་རྟོག་པ་དོན་མཐུན་དང་།།
རྟོག་པ་དོན་མི་མཐུན་དང་གཉིས།།
མིང་སྦྱོར་དོན་སྦྱོར་རྟོག་པ་གཉིས།།
བརྡ་རྟེན་ཅན་གྱི་རྟོག་པ་དང་།།
དོན་གཞན་ལ་ནི་སྒྲོ་འདོགས་དང་།།
ལྐོག་ཏུ་གྱུར་པའི་དོན་ཅན་གྱི།།
རྟོག་པ་གསུམ་སོགས་དབྱེ་ཚུལ་མང་།། ཞེས་བྱུང་། དེ་ཡང་སྒྲ་སྤྱི་དང་དོན་སྤྱི་འདྲེས་རུང་དུ་འཛིན་པའི་ཞེན་རིག་དེ་རྟོག་པའི་མཚན་ཉིད་ཡིན་ཞིང་། རྟོག་པ་ལ་དབྱེ་ན། རྟོག་པ་དོན་མཐུན་ནམ་རང་གི་ཞེན་ཡུལ་ཡོད་པའི་རྟོག་པ་སྟེ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་དང་། རྟོག་པ་དོན་མི་མཐུན་ནམ་རང་གི་ཞེན་ཡུལ་མེད་པའི་རྟོག་པ་སྟེ་སྒྲ་རྟག་འཛིན་རྟོག་པ་ལྟ་བུའི་རྟོག་པ་གཉིས་དང་། ཡང་མིང་སྦྱོར་རྟོག་པ་སྟེ་བརྡ་དུས་ཀྱི་དོན་དང་ཐ་སྙད་སྦྱར་ནས་འཛིན་པའི་རྟོག་པ་སྟེ་སྐད་ཅིག་མ་ལ་མི་རྟག་པའོ་སྙམ་པའི་རྟོག་པ་ལྟ་བུ་དང་། དོན་སྦྱོར་རྟོག་པ་སྟེ་ཁྱད་གཞིའི་དོན་དང་ཁྱད་ཆོས་ཀྱི་དོན་སྦྱར་ནས་འཛིན་པའི་རྟོག་པ་སྟེ་སྒྲ་འདི་མི་རྟག་པའོ་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུ་གཉིས་དང་། བརྡ་རྟེན་ཅན་གྱི་རྟོག་པ་སྟེ་བརྡ་དུས་དོན་དེ་ནི་ཐ་སྙད་དེའོ་སྙམ་དུ་འཛིན་པའི་རྟོག་པ་སྟེ་ལྟོ་ལྡིར་བ་ལ་བུམ་པའོ་སྙམ་དུ་འཛིན་པ་ལྟ་བུ། སྨིག་རྒྱུ་ལ་ཆུར་འཛིན་པ་ལྟ་བུ་དོན་གཞན་ལ་སྒྲོ་འདོགས་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་སོགས་ལྐོག་ཏུ་གྱུར་པའི་དོན་ཅན་ནོ།། ཞེས་པའོ།།
རྩ་བར། གཞན་ཡང་ཐོས་བསམ་སྒོམ་གསུམ་གྱི།།
རྟོག་པ་གསུམ་ཡོད་དོན་རིམ་བཞིན།།
སྒྲ་སྤྱི་ཙམ་གྱིས་འཛིན་པ་དང་།།
དོན་ལ་བསམས་ནས་ངེས་རྙེད་དང་།།
བསམ་བྱུང་དོན་ལ་ཡང་ཡང་དུ།།
འདྲིས་པའི་གོང་སའི་ཞེན་རིག་གོ། ཞེས་བྱུང་། གཞན་ཡང་ཐོས་བྱུང་དུ་གྱུར་པའི་རྟོག་པ་སྟེ་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པ་དང་། བསམ་བྱུང་དུ་གྱུར་པའི་རྟོག་པ་སྟེ་དོན་ལ་བསམ་ནས་ངེས་པ་རྙེད་པའི་ཞེན་རིག་དང་། སྒོམ་བྱུང་དུ་གྱུར་པའི་རྟོག་པ་སྟེ་བསམ་བྱུང་གི་དོན་ལ་ཡང་དང་ཡང་དུ་འདྲིས་པའི་ཁམས་གོང་མའི་སས་བསྡུས་ཀྱི་ཞེན་རིག་གསུམ་ཡོད་ཅིང་། མཚན་གཞི་རིམ་པ་བཞིན་སྒྲ་མི་རྟག་པར་རྟོགས་པའི་སྔ་རྒོལ་གྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་དང་། རང་ཉིད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དུ་མ་བསམ་ནས་རང་དོན་སྐབས་ཀྱི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུ་དང་། ཁམས་གོང་མའི་སས་བསྡུས་ཀྱི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུའོ།། ཐོས་བྱུང་ལ་རྗེས་དཔག་ཡོད་མེད་དཔྱད་བྱ་སྣང་ཡང་། རེ་ཞིག་དབུ་མའི་མཐའ་དཔྱོད་བཀྲས་འཁྱིལ་ཤིང་དཔར་༤༠༠བ༥ལས། རྗེས་དཔག་ལ་ཐོས་བྱུང་བསམ་བྱུང་གཉིས་ཀྱང་ཡོད་དེ། ཞེས་འབྱུང་བ་གཞིར་བྱས་ལ། སྒྲ་དོན་འདྲེས་རུང་ཞེས་པས་མའི་བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པ་ལྟ་བུ་སོགས་སྒྲ་དོན་འདྲེས་པར་འཛིན་པ་ཡིན་པ་བཅད་ནས་རྟོག་པ་ཡིན་པ་སྡུད། སྤྲོ་ཚུལ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད་ཡིན་བྱས་པ་ལ། དེ་མི་འཐད་པར་ཐལ། སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། ཁ་ཅིག་རྟོག་པའི་མཚན་ཉིད། སྒྲ་དོན་འདྲེས་འཛིན་གྱི་བློ་ཞེས་ཟེར་ཞིང་། ཁ་ཅིག་འདྲེས་པའམ་འདྲེར་རུང་བ་འཛིན་པའོ།། ཞེས་པ་ནས། རྟོག་པའི་མཚན་ཉིད་སྒྲ་སྤྱི་དང་དོན་སྤྱི་འདྲེས་པའམ། འདྲེར་རུང་བར་འཛིན་པ་སོགས་ཡིན་ན། སྒྲ་སྤྱི་རྐྱང་བ་འཛིན་པའི་རྟོག་པ་ཡོད་པ་འབུད། ཅེས་གསུངས་པའི་ཕྱིར། ཞེས་སོགས་ཀྱིས་དཔྱད།
རྩ་བར། ཚད་མའི་གྲངས་ལ་མང་ཉུང་གི།
ལོག་རྟོག་བྱུང་ཚུལ་འདི་ལྟ་སྟེ།།
རྒྱང་འཕེན་པ་དང་གཅེར་བུ་བས།།
མངོན་སུམ་ཚད་མ་གཅིག་ཙམ་འདོད།།
གྲངས་ཅན་པ་ནི་མངོན་རྗེས་དང་།།
སྒྲ་བྱུང་ཚད་མ་གསུམ་ཡིན་ཟེར།།
རིགས་པ་ཅན་པས་དེ་གསུམ་སྟེང་།།
དཔེ་ཉེར་འཇལ་དང་བཞི་རུ་འདོད།།
རྒྱལ་དཔོག་པ་ནི་དེ་བཞི་དང་།།
དོན་གྱི་གོ་བའི་ཚད་མ་དང་།།
དངོས་པོ་མེད་པའི་ཚད་མ་བཅས།།
དྲུག་པོ་ཁོ་ནར་གྲངས་ངེས་ཟེར།།
ཙ་ར་ཀ་བས་དེ་དྲུག་སྟེང་།།
རིགས་པ་དང་ནི་མི་དམིགས་དང་།།
ཞེས་གྲགས་པ་དང་སྲིད་པ་དང་།།
སྙམ་བསམ་པ་ཡི་ཚད་མ་བཅས།།
བཅུ་གཅིག་ཏུ་ནི་གྲངས་ངེས་ཟེར།། ཞེས་བྱུང་། གཞན་སྡེ་དག་གིས་ཚད་མའི་གྲངས་ངེས་ལ་མང་ཉུང་གི་ལོག་རྟོག་བྱུང་ཚུལ་ནི་འདི་ལྟ་སྟེ། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་མེད་པར་སྨྲ་བའི་ཆད་སྨྲ་བ་རྒྱང་འཕེན་པ་དང་། ལས་འབྲས་སོགས་ཡོད་པར་འདོད་ཀྱང་ལས་འབྲས་ཀྱི་འབྲེལ་བའི་རྟེན་གྱི་རྣམ་སྨིན་མྱོང་བ་བོའི་བདག་རྟག་པ་དང་ཆ་མེད་པའི་གཅིག་པུ་དང་ལྟོས་མེད་ཀྱི་རང་དབང་བར་འདོད་པའི་རྟག་སྨྲ་གཅེར་བུ་བས་ཚད་མ་ལ་མངོན་སུམ་ཚད་མ་ཙམ་མམ་གཅིག་པུས་ཁྱབ་པར་འདོད་ཅིང་། རྟག་སྨྲ་གྲངས་ཅན་པས་དེ་ལ་མངོན་སུམ་དང་རྗེས་དཔག་སྒྲ་བྱུང་ཚད་མ་གསུམ་ཡིན་ཟེར་ཞིང་། ལུང་ཚད་མ་ལྟ་བུ་སྒྲ་བྱུང་ཚད་མར་འདོད། རྟག་སྨྲ་རིགས་པ་ཅན་པས་གོང་གི་དེ་གསུམ་གྱི་སྟེང་དུ་བ་ལང་དང་འདྲ་བས་བ་མིན་དུ་སྒྲུབ་པ་ལྟ་བུ་སོགས་དཔེ་ཉེར་འཇལ་གྱི་ཚད་མ་དང་བཞི། རྟག་སྨྲ་རྒྱལ་དཔོག་པས་ནི་གོང་གི་དེ་བཞིའི་སྟེང་དུ་བཀྲ་ཤིས་གསོན་པོ་ཁྱིམ་ན་མེད་པས་ཕྱི་རོལ་ན་ཡོད་པར་རྟོགས་པ་ལྟ་བུ་དོན་གྱིས་གོ་བའི་ཚད་མ་དང་། ཞོ་ལ་འོ་མ་མེད་པར་རྟོགས་པའི་བློ་ལྟ་བུ་དངོས་པོ་མེད་པའི་ཚད་མ་དང་བཅས་དྲུག་པོ་ཁོ་ནར་གྲངས་ངེས་ཟེར། ཙ་ར་ཀ་བས་ཚད་མ་ལ་གོང་སྨྲས་དེ་དྲུག་གི་སྟེང་དུ་རྒྱུ་ཡོད་པས་འབྲས་བུ་འབྱུང་བར་རྟོགས་པ་ལྟ་བུ་རིགས་པ་དང་། ཆགས་བྲལ་རང་གིས་མ་དམིགས་པས་མེད་པར་འཛིན་པ་ལྟ་བུ་མི་དམིགས་པ་དང་། གཏམ་རྒྱུད་རྙིང་བ་ལས་དོན་རྟོགས་པ་ལྟ་བུ་ཞེས་གྲགས་པ་དང་། སྟོང་ཡོད་སར་བརྒྱ་ཡོད་པར་རྟོགས་པ་ལྟ་བུ་སྲིད་པ་དང་། གཞི་དེར་སླེབས་སོ་སྙམ་པས་སླེབས་པར་རྟོགས་པ་ལྟ་བུ་སྙམ་སེམས་པ་ཡི་ཚད་མ་དང་བཅས་པ་བཅུ་གཅིག་ཏུ་ནི་གྲངས་ངེས་ཟེར་བའོ།། ཚད་མ་ལ་གཅིག་ཏུ་འདོད་པ་དང་བཅུ་གཅིག་ཏུ་འདོད་མཁན་རིམ་བཞིན་རྒྱང་འཕེན་པ་དང་ཙ་ར་ཀ་བ་བཞག་པ་ལ། སློབ་དཔོན་ཐར་འབྱུང་སྦས་པའི་རྟོག་གེ་སྐད་དེ་སྡེ་བསྟན་ཚད་མ་ཞེ་བའི་༣༣༨བ༡ལས། དེ་ལྟར་ན་མངོན་སུམ་གཅིག་པུ་ཁོ་ན་ཚད་མའོ།། ཞེས་ཙཱརྤཱ་ཀའོ།། ཞེས་དང་། ཛེ་ཏ་རིའི་བྱིས་འཇུག་སྟེ་སྡེ་བསྟན་ཚད་མ་ཞེ་བའི་༣༢༦ན༥ལས། དེ་ལྟར་ཙར་པ་ཀ་བ་རྣམས་ནི་ཚད་མའི་མངོན་སུམ་ཁོ་ནའོ་སྙམ་མོ།། ཞེས་ཚད་མ་གཅིག་པུ་འདོད་མཁན་ལ་བཞག་པའི་ཕྱིར་ཟེར་ན་ཞིབ་ཆ་སླ། ཡིག་ཆར་ལྔ་འདོད་པ་ཅིག་གསུང་ཡོད་པ་རྟོག་གེ་སྐད་ལས་འོད་བྱེད་པའམ་བྱིས་པ་འཇུག་པའི་རྟོག་གེའི་སྐད་ཀྱི་འགྱུར་ལས་ཉི་མ་བ་ཞེས་འབྱུང་བ་དེ་ཡིན་པར་སྡེ་བསྟན་ཚད་མ་ཞེ་བའི་༣༣༨བ༢དང་༣༢༦ན༥ལས་འབྱུང་ངོ་།། འདི་དང་གྲུབ་མཐའ་རིན་ཕྲེང་ལས་རྒྱང་འཕེན་ཞེས་འབྱུང་ཡང་ཀུན་མཁྱེན་བླ་མའི་གྲུབ་མཐའ་ཆེན་མོར་རྒྱང་ཕན་ཞེས་འབྱུང་།
རྩ་བར། རང་ལུགས་མངོན་རྗེས་གཉིས་སུ་ངེས།།
དེ་ལ་གསར་དུ་མི་སླུ་བའི།།
རིག་པ་ཚད་མའི་མཚན་ཉིད་ཡིན།།
དབྱེ་ན་མངོན་རྗེས་ཚད་མ་གཉིས།།
གཞན་ཡང་རང་ལས་ངེས་པ་དང་།།
གཞན་ལས་ངེས་ཀྱི་མཚན་མ་གཉིས།།
སྒྲས་བརྗོད་སྒོ་ནས་སྐྱེས་བུ་དང་།།
ངག་དང་ཤེས་པ་ཚད་མ་གསུམ།། ཞེས་བྱུང་། རང་ལུགས་ལ་ཚད་མར་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཅིག་དང་གཉིས་ལ་སོགས་པའི་ལོག་རྟོག་དགག་པའི་ཕྱིར་མངོན་སུམ་རྗེས་དཔག་གཉིས་སུ་ངེས་པའི་ཕྱིར། དེ་ལ་ཚད་མའི་མཚན་ཉིད་ཡོད་དེ། གསར་དུ་མི་སླུ་བའི་རིག་པ་དེ་ཡིན་པའི་ཕྱིར། དེ་ལ་གསར་དུ་ཞེས་པས་བཅད་ཤེས་སོགས་ཚད་མ་ཡིན་པ་གཅོད། མི་བསླུ་བ་ཞེས་པས་ལོག་ཤེས་དང་ཡིད་དཔྱོད་སོགས་ཚད་མ་ཡིན་པ་གཅོད། རིག་པ་ཞེས་པས་བྱེ་བྲག་སྨྲ་བས་དབང་བོ་གཟུགས་ཅན་པ་ཚད་མར་འདོད་པ་དང་རིག་བྱེད་པས་རིག་བྱེད་རྟག་པ་དང་རང་བྱུང་གི་ཚད་མར་འདོད་པ་སོགས་ཚད་མ་ཡིན་པ་གཅོད་པར་གསུངས། དེས་ཀྱང་མ་ཁྱབ་པ་དང་། ཁྱབ་ཆེ་བ། མི་སྲིད་པ་གསུམ་ཀྱི་སྐྱོན་སྤོང་མཛད་ཚུལ་རྗེ་འབའ་ལང་ཚང་གི་བློ་མཆན་ན་གསལ། ཚད་མ་ལ་དབྱེ་ན་མངོན་རྗེས་གཉིས་དང་། གཞན་ཡང་རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས་ཡོད་ཅིང་། ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་སྐྱེས་བུ་ཚད་མ། ངག་ཚད་མ། ཤེས་པ་ཚད་མ་དང་གསུམ་ཡོད་ཅེས་པའོ།། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཅིག་ཚད་མའི་སྐྱེས་བུ་ཡིན་ཞིང་བདག་ཅག་གི་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར་དང་། དེའི་གསུང་ངག་ཚད་མ་དང་། རྣམ་མཁྱེན་ལྟ་བུ་ཤེས་པ་ཚད་མའོ།། སྤྲོ་ཚུལ། བློ་རིག་མཐའ་དཔྱོད་ལས། རང་འདྲེན་བྱེད་ཀྱི་བློ་སྔ་མས་མ་རྟོགས་པའི་དོན་གསར་དུ་རྟོགས་པའི་བློ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཞེས་གསུངས་པས་རྣམ་མཁྱེན་སྐད་ཅིག་ཅིག་གཉིས་པ་ཆོས་ཅན། དེར་ཐལ། ཚད་མ་ཡིན་པའི་ཕྱིར་ཏེ། རྒྱལ་ཚབ་རྗེའི་ཐར་ལམ་གསལ་བྱེད་ལས། ཁོ་བོ་ནི་ཁ་ནང་དུ་ཕྱོགས་ཏེ་ཇི་ཙམ་བསམ་ཀྱང་། ཚད་མ་མ་ཡིན་པའི་ཀུན་མཁྱེན་དང་ཚད་མ་ལ་གསར་རྟོགས་ཀྱིས་མ་ཁྱབ་པ་མ་ཚོར་རོ།། ཞེས་གསུངས་པ་སོགས་ཀྱིས་དཔྱད།
རྩ་བར། རྟེན་རྟགས་ཡང་དག་ལ་བརྟེན་ནས།།
ལྐོག་གྱུར་དོན་འཇལ་རྗེས་དཔག་སྟེ།།
དབྱེ་ན་དངོས་སྟོབས་གྲགས་པའི་དང་།།
ཡིད་ཆེས་རྗེས་དཔག་གསུམ་དུ་བཤད།།
རྗེས་དཔག་རྗེས་དཔག་ཚད་མ་གཉིས།།
དོན་གཅིག་ཏུ་ནི་ཤེས་པར་བྱ།། ཞེས་བྱུང་། རྗེས་དཔག་གི་མཚན་ཉིད་ཡོད་དེ། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་འཇལ་བའི་ཚད་མ་དེ་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཆོས་མཆོག་གི་རྣམ་ངེས་འགྲེལ་བ་སྟེ་སྡེ་བསྟན་ཛེ་༡༧ན༢ལས། གང་གི་ཕྱིར་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ལ་བརྟེན་པ་ཡིན་ལ། ཞེས་འབྱུང་བ་ལྟར་ལ། མཚན་གཞི་ནི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུ། རྗེས་དཔག་ལ་དབྱེ་ན་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་དང་། གྲགས་པའི་དེ་དང་། ཡིད་ཆེས་ཀྱི་དེ་གསུམ་ཡོད། མཚན་གཞི་རིམ་པ་བཞིན། ལ་ཕར་རྒྱབ་ཀྱི་དུ་བ་མཐོང་བ་ལ་བརྟེན་ནས་ལ་ཕར་རྒྱབ་ན་མེ་ཡོད་པར་དཔག་པའི་རྗེས་དཔག་ལྟ་བུ་དང་། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་གང་ཟག་ཕ་རོལ་པོ་སངས་རྒྱས་ཞེས་པའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ལྟ་བུ་དང་། དཔྱད་གསུམ་གྱི་ལུང་གི་རྟགས་ཀྱིས་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་སོགས་ཀྱི་ལུང་། རང་གི་བསྟན་བྱའི་དོན་ལ་མི་སླུ་བར་དཔག་པའི་རྗེས་དཔག་ལྟ་བུའོ།། རྗེས་དཔག་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དོན་གཅིག་ཏུ་ཤེས་པར་བྱ་ཞེས་པའོ།། འདི་གཉིས་དོན་གཅིག་ཏུ་རང་རེའི་ཡིག་ཆས་འདོད་ཀྱང་བློ་གླིང་གིས་མི་འདོད་པ་རྣམ་འགྲེལ་དགོངས་པ་རབ་གསལ་དུ་གསལ་ལོ།།
རྩ་བར། རང་གི་གཞལ་བྱའི་ཡུལ་སྟེང་དོན།།
གྲུབ་པ་མེད་ན་མི་འབྱུང་བའི།།
ངེས་པ་རང་དང་གཞན་སྟོབས་ཀྱིས།།
འདྲེན་པའི་ཚད་མ་རང་ལས་དང་།།
གཞན་ལས་ངེས་ཀྱི་ཚད་མ་ཡིན།།
རང་རིག་རྣལ་འབྱོར་མངོན་སུམ་གྱི།།
ཚད་མ་གཉིས་དང་རྗེས་དཔག་དང་།།
དོན་བྱེད་སྣང་ཅན་གོམས་པ་ཅན།།
གང་རུང་གྱུར་པའི་ཚད་མ་ལྔ།།
རང་ལས་ངེས་ཀྱི་ཚད་མ་ཡིན།། ཞེས་བྱུང་། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པའམ་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཚད་མ་དང་། རང་གི་གཞལ་བྱའི་ཡུལ་སྟེང་ན་དོན་མ་གྲུབ་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་གཉིས་རིམ་པ་བཞིན་རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མའི་དོན་ཡིན་ཞིང་། རང་རིག་ཏུ་གྱུར་པའི་ཚད་མ་དང་རྣལ་འབྱོར་མངོན་སུམ་གྱི་ཚད་མ་གཉིས་དང་། རྗེས་དཔག་ཚད་མ། དོན་བྱེད་སྣང་ཅན་གྱི་མངོན་སུམ་ཚད་མ་དང་། མངོན་སུམ་གོམས་པ་ཅན་གང་རུང་དུ་གྱུར་པའི་ཚད་མ་ལྔ་ནི་རང་ལས་ངེས་ཀྱི་ཚད་མ་ཡིན་ཞིང་། དང་བོ་ནི། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཚད་མ་ལྟ་བུ་དང་། གཉིས་པ། འཕགས་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱི་ཚད་མ་ལྟ་བུ། གསུམ་པ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སོགས་རྗེས་དཔག་ཐམས་ཅད་དང་། བཞི་བ། སྔོན་འཛིན་དབང་སྔོན་ཚད་མ་ལྟ་བུ། ལྔ་བ། ཕའི་རྒྱུད་ཀྱི་བུའི་གཟུགས་འཛིན་པའི་དབང་མངོན་ཚད་མ་ལྟ་བུའོ།། སྤྲོ་ཚུལ། སེམས་ཅན་གྱི་རྣལ་འབྱོར་མངོན་སུམ་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ་རྣལ་འབྱོར་མངོན་སུམ་དུ་གྱུར་པའི་བཅད་ཤེས་གཞི་གྲུབ་པའི་ཕྱིར། ཞེས་སོགས་དང་། རྣལ་འབྱོར་མངོན་སུམ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཁྱབ་པར་ཐལ། བློ་རིག་མཐའ་དཔྱོད་ལས། རྣལ་འབྱོར་མངོན་སུམ་ཐམས་ཅད་དང་། ཞེས་གསུངས་པའི་ཕྱིར། ཚད་མར་གྱུར་པའི་རྣལ་འབྱོར་མངོན་སུམ་ལ་དགོངས་ཟེར་ན། འོ་ན། མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རྣལ་འབྱོར་མངོན་སུམ་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར་ཏེ། བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་མཁྱེན་བླ་མའི་བསམ་གཟུགས་ཆེན་མོ་ལས། རྣལ་འབྱོར་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར་ཏེ། བར་ཆད་མེད་ལམ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བློ་རིག་མཐའ་དཔྱོད་ལས། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན་དེའི་འབྲེལ་བ་ལ་ངེས་པ་འདྲེན་ནུས་པར་ཐལ། རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འདོད་ན། དེའི་འབྲེལ་བ་རྟོགས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ་དེས་ཆོས་དེ་རྟོགས་པའི་དོན་ཡིན་པའི་ཕྱིར། བློ་རིག་མཐའ་དཔྱོད་ལས། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ་བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཀུན་རྫོབ་པའི་ཆོས་མི་རྟོགས་པའི་ཕྱིར་ཏེ་སློབ་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར་སོགས་ཀྱིས་དཔྱད།
རྩ་བར། གཞན་ལས་ངེས་ཀྱི་ཚད་མ་ལ།།
སྒྲས་བརྗོད་སྒོ་ནས་དབྱེ་ན་ནི།།
དང་བོ་བ་དང་ཡིད་མ་གཏད།།
མངོན་སུམ་འཁྲུལ་རྒྱུ་ཅན་དང་གསུམ།།
སྣང་བ་རང་དང་བདེན་པ་གཞན།།
སྤྱི་ནི་རང་དང་ཁྱད་པར་གཞན།།
སྣང་བ་ཉིད་ཀྱང་གཞན་ངེས་ཀྱི།།
ཚད་མ་གསུམ་སོགས་བཤད་མོད་ཀྱི།།
དངོས་བཏགས་ཁྱད་པར་ཕྱེ་བ་གཅེས།། ཞེས་བྱུང་། གཞན་ལས་ངེས་ཀྱི་ཚད་མ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། མངོན་སུམ་དང་བོ་བ་དང་། མངོན་སུམ་ཡིད་མ་གཏད། མངོན་སུམ་འཁྲུལ་རྒྱུ་ཅན་དང་གསུམ་ཡོད་པའི་ཕྱིར། དང་བོ་ནི། ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་འཛིན་པའི་མངོན་སུམ་ལྟ་བུ། གཉིས་པ་ནི། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་སྒྲ་འཛིན་དབང་མངོན་ལྟ་བུ། གསུམ་པ་ནི། རྒྱང་རིང་བོ་ནས་མེའི་ཁ་དོག་མཐོང་བ་ལ་དེ་ཡིན་མིན་གྱི་ཐེ་ཚོམ་འདྲེན་པའི་མངོན་སུམ་ལྟ་བུ། དེ་ལ་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པ་དང་། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པ། ཡོད་པའམ་སྣང་བ་རང་ལས་ངེས་ཤིང་བདག་ཉིད་ཀྱི་སྤྱི་དང་ཁྱད་པར་ཐམས་ཅད་གཞན་ལས་ངེས་པ་སྟེ་གསུམ་ཡོད་ཅིང་། དང་བོ་ནི། ཨུཏྤལའི་ཁ་དོག་ཡིན་པའི་རྒྱང་རིང་བོའི་སྔོན་པོ་ཙམ་ངེས་ནས་ཅི་ཨུཏྤལའམ་སྔོན་པོ་གཞན་སྙམ་པའི་ཐེ་ཚོམ་འདྲེན་པའི་སྔོ་འཛིན་དབང་མངོན་ཚད་མ་ལྟ་བུ། གཉིས་པ་ནི། དོན་ལ་ཤ་བའམ་ཨ་ཀ་ར་ཡིན་པ་ལ་ཡལ་ག་ལོ་འདབ་ལྡན་པའི་ཤིང་དུ་ངེས་ཀྱང་ཤ་བའམ་སེང་ལྡེང་ངམ་སྙམ་པའི་ཐེ་ཚོམ་འདྲེན་པའི་ཤིང་འཛིན་དབང་མངོན་ལྟ་བུ། གསུམ་པ་ནི། དོན་ལ་མེ་ཡིན་པ་ལ་རྒྱང་རིང་བོ་ནས་མདོག་དམར་བོ་གཅིག་ཡོད་པར་ངེས་ཤིང་ཅི་མེའམ་མེ་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་འདྲེན་པའི་རྒྱང་རིང་བོའི་དམར་བོ་འཛིན་པའི་དབང་མངོན་ཚད་མ་ལྟ་བུ་སོགས་ཚད་མར་བཤད་མོད་ཀྱང་། མངོན་སུམ་དང་བོ་བ་ལྟ་བུ་ཚད་མ་དངོས་གནས་པ་དང་གཞན་གཉིས་བཏགས་པ་བ་ཡིན་པ་སོགས་ཀྱི་ཁྱད་པར་ཕྱེ་བ་གཅེས་ཞེས་པའོ།། སངས་འཕགས་རྒྱུད་ན་གཞན་ལས་ངེས་ཀྱི་ཚད་མ་མེད་པ་ལེའུ་གཉིས་པའི་ཡིག་ཆ་ལས་སོ།།
རྩ་བར། གཞན་ལས་ངེས་ཀྱི་ཚད་མ་ལ།།
ཚད་མས་ཁྱབ་ཅིང་ཆོས་དེ་ལ།།
གཞན་ལས་ངེས་ཀྱི་ཚད་མ་ལ།།
དེ་ལ་ཚད་མ་མ་ཡིན་པས།།
ཁྱབ་པ་ལ་སོགས་ཞིབ་ཆ་དགོས།། ཞེས་བྱུང་། དེ་ལ་གཞན་ལས་ངེས་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་ཀྱང་། ཆོས་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ན་ཆོས་དེ་ལ་ཚད་མ་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་ཆོས་དེ་མ་རྟོགས་པས་ཁྱབ་པའི་ཕྱིར། ཞེས་སོགས་ཀྱི་ཞིབ་ཆ་དགོས་ཞེས་པའོ།།
ཡུལ་ལ་སྣང་གཟུང་ཞེན་འཇུག་བཞི།།
སྣང་ཡུལ་གཟུང་ཡུལ་དོན་གཅིག་ཅིང་།།
ཕྱི་རོལ་ཡུལ་ལ་མི་བལྟོས་པའི།།
སྐྲ་ཤད་འཛག་སྣང་སོགས་མ་གཏོགས།།
ཤེས་པ་ཀུན་ལ་སྣང་ཡུལ་ཡོད།།
ཞེན་ཡུལ་རྟོག་པའི་སྒོས་ཆོས་ཏེ།།
རྟོག་པ་དོན་མཐུན་ཀུན་ལ་ཡོད།། ཅེས་བྱུང་། ཡུལ་ལ་དབྱེ་ན་བཞི་ཡོད་དེ། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞི་ཡོད་པའི་ཕྱིར། སྣང་ཡུལ་དང་གཟུང་ཡུལ་གཉིས་དོན་གཅིག་ཡིན་ཞིང་། ཕྱི་རོལ་ཀྱི་ཡུལ་ཡོད་མེད་ལ་མི་ལྟོས་པའི་སྐྲ་ཤད་འཛག་པར་སྣང་བའི་དབང་ཤེས་སོགས་མ་གཏོགས་པའི་ཤེས་པ་ཀུན་ལ་སྣང་ཡུལ་ཡོད་ཅིང་། ཞེན་ཡུལ་ནི་རྟོག་པའི་སྒོས་ཆོས་ཏེ་རྟོག་པ་ཁོ་ན་ལས་རྟོག་མེད་ལ་མེད་ཅིང་། རྟོག་པ་དོན་མཐུན་ཏེ་རང་གི་ཞེན་ཡུལ་ཡོད་པའི་རྟོག་པ་ཀུན་ལ་ཞེན་ཡུལ་ཡོད་ཅེས་པའོ།། རི་བོང་རྭ་འཛིན་རྟོག་པའི་ཞེན་ཡུལ་མེད་ཀྱང་རི་བོང་རྭ་རི་བོང་རྭ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པའི་ཁྱད་པར་འཐད། བུམ་འཛིན་རྟོག་པའི་སྣང་ཡུལ་དང་གཟུང་ཡུལ་བཞག་ཏུ་ཡོད་དེ། བུམ་པའི་དོན་སྤྱི་སྟེ་བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་ལས་ལོག་པར་སྣང་བ་དེ་ཡིན་པའི་ཕྱིར། བུམ་འཛིན་རྟོག་པའི་ཞེན་ཡུལ་བཞག་ཏུ་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། བུམ་འཛིན་རྟོག་པའི་འཇུག་ཡུལ་བཞག་ཏུ་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། སྤྲོ་ཚུལ། ཁྱོད་ལ་ཞེན་ཡུལ་ཡོད་ན་ཁྱོད་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་ན་དམ་བཅའ་བ་ཆོས་ཅན། ཁྱོད་རྟོག་པ་ཡིན་པར་ཐལ། ཁྱོད་ལ་ཞེན་ཡུལ་ཡོད་པའི་ཕྱིར་ཞེས་སོགས་དང་། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་ཡུལ་མེད་ན་དེ་ཡུལ་ཅན་ཡིན་པས་དེའི་ཡུལ་ལ་གང་འཇོག་སོགས་དཔྱད།
རྩ་བར། འཇུག་ཡུལ་ཚད་མས་བཅད་དོན་ཏེ།།
ཚད་མ་དང་ནི་དེ་ལྡན་གྱི།།
སྐྱེས་བུ་ཀུན་ལ་ཡོད་པ་ཡིན།།
རྟོག་པའི་ཞེན་ཡུལ་རྟོག་པ་ལ།།
སྣང་ཡང་དེ་ཡི་སྣང་ཡུལ་མིན།།
དེ་བཞིན་དེ་ཡི་སྣང་ཡུལ་ནི།།
ཞེན་ས་ཡིན་ཡང་ཞེན་ཡུལ་མིན།། ཞེས་བྱུང་། འཇུག་ཡུལ་ནི་ཚད་མས་སྒྲོ་འདོགས་བཅད་པར་བྱ་བའི་ཡུལ་ཏེ། དེ་ནི་ཚད་མ་དང་ཚད་མ་དང་ལྡན་པའི་སྐྱེས་བུ་ཀུན་ལ་ཡོད་པ་ཡིན་ཞིང་། སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ལྟ་བུའི་ཞེན་ཡུལ་ལ་སྒྲ་མི་རྟག་པ་འཇོག་པས། དེ་དེ་འདྲའི་རྟོག་པ་ལ་སྣང་ཡང་དེའི་སྣང་ཡུལ་མིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་དེ་འདྲའི་རྟོག་པའི་སྣང་ཡུལ་ནི་དེའི་ཞེན་ས་ཡིན་ཡང་ཞེན་ཡུལ་མིན་པའི་ཕྱིར་ཏེ། དེ་འདྲའི་རྟོག་པའི་ཞེན་ས་ལ་སྣང་བ་དོན་དུ་མེད་པ་སྟེ་ཆོས་དེའི་དོན་སྤྱི་འཇོག་པར་རྗེ་བླ་མའི་ཚད་མའི་ལམ་སྒྲིག་ལས་གསུངས་པ་ལྟར་ཡིན་ཞིང་། དེའི་ཞེན་ཡུལ་ལ་སྒྲ་མི་རྟག་པ་འཇོག་དགོས་པའི་ཕྱིར། ཞེས་པའོ།།
རྩ་བར། དབང་མངོན་རྣམས་ལ་དམིགས་རྐྱེན་དང་།།
བདག་རྐྱེན་དེ་མ་ཐག་རྐྱེན་གསུམ།།
གཟུགས་འཛིན་དབང་བོའི་མངོན་སུམ་ལ།།
རང་གི་རྣམ་པ་གཏོད་བྱེད་ཀྱི།།
རྐྱེན་དེ་དེ་ཡི་དམིགས་རྐྱེན་ཏེ།།
མཚན་གཞི་དཔེར་ན་གཟུགས་ལྟ་བུ།། ཞེས་བྱུང་། དབང་བོའི་མངོན་སུམ་རྣམས་ལ་རང་རང་གི་དམིགས་རྐྱེན་དང་བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་གསུམ་ཡོད་ཅིང་། གཟུགས་འཛིན་དབང་བོའི་མངོན་སུམ་ལ་རང་གི་རྣམ་པ་གཏོད་བྱེད་ཀྱི་རྐྱེན་དེ་གཟུགས་འཛིན་དབང་མངོན་གྱི་དམིགས་རྐྱེན་གྱི་མཚན་ཉིད། མཚན་གཞི་ནི་ཡོད་དེ། གཟུགས་ལྟ་བུ་དེ་ཡིན་པའི་ཕྱིར་ཞེས་པའོ།།
རྩ་བར། དེ་འདྲའི་དབང་མངོན་རང་དབང་དུ།།
སྐྱེད་བྱེད་རྐྱེན་དེ་བདག་རྐྱེན་ཏེ།།
ཐུན་མོང་ཐུན་མོང་མ་ཡིན་པའི།།
བདག་རྐྱེན་གཉིས་ཡོད་དང་བོ་ནི།།
དེ་ཡི་བདག་རྐྱེན་ཡིད་དང་ནི།།
གཉིས་པ་མིག་དབང་ལྟ་བུའོ།། ཞེས་བྱུང་། དེ་འདྲའི་གཟུགས་འཛིན་དབང་མངོན་རང་དབང་དུ་སྐྱེད་པར་བྱེད་པའི་རྐྱེན་དེ་དེའི་བདག་རྐྱེན་གྱི་མཚན་ཉིད་ཡིན་ཏེ། དེ་ལ་ཐུན་མོང་བའི་བདག་རྐྱེན་དང་ཐུན་མོང་མ་ཡིན་པའི་བདག་རྐྱེན་གཉིས་ཡོད་ཅིང་། ཆོས་དེའི་རྐྱེན་ཡིན་ན་ཆོས་དེའི་བདག་རྐྱེན་ཡིན་པས་ཁྱབ།
དང་བོ་གཟུགས་འཛིན་དབང་སྔོན་གྱི་ཐུན་མོང་བའི་བདག་རྐྱེན་ནི་དེའི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་ཡིད་དབང་ལྟ་བུ་དང་། གཉིས་པ་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ནི་གཟུགས་འཛིན་དབང་མངོན་གཟུགས་ཁོ་ན་འཛིན་ནུས་སུ་སྐྱེད་པའི་མིག་དབང་དེ་ཡིན་ཞེས་པའོ།།
རྩ་བར། དེ་འདྲའི་དབང་མངོན་གསལ་རིག་ཏུ།།
སྐྱེད་པའི་རྐྱེན་ནི་གསུམ་པ་སྟེ།།
དེ་ཡི་སྔ་ལོགས་དེ་མ་ཐག།
བྱུང་བའི་ཡིད་ཤེས་ལྟ་བུ་འོ།།
དེ་ཡིས་སྒྲ་འཛིན་སོགས་ལའང་འདྲ།། ཞེས་བྱུང་། དེ་འདྲའི་དབང་བོའི་མངོན་སུམ་གསལ་རིག་ཏུ་སྟེ་ཤེས་པའི་ངོ་བོར་སྐྱེད་པའི་རྐྱེན་ནི་གསུམ་པ་སྟེ་དབང་མངོན་གྱི་དེ་མ་ཐག་རྐྱེན་གྱི་དོན་ཡིན་ཞིང་། མཚན་གཞི། དབང་མངོན་དེའི་སྔ་ལོག་དེ་མ་ཐག་ཏུ་བྱུང་བའི་ཡིད་ཤེས་ལྟ་བུ། དེ་ཡིས་སྒྲ་འཛིན་དབང་མངོན་སོགས་ཀྱི་རྐྱེན་གསུམ་འཇོག་ཚུལ་ཡང་འདྲ་བས་རིགས་བསྒྲེ་ཞེས་པའོ།།
རྩ་བར། སེམས་ཙམ་ལུགས་ལ་བདག་རྐྱེན་དང་།།
དེ་མ་ཐག་རྐྱེན་ཕལ་ཆེར་འདྲ།།
དམིགས་རྐྱེན་ལ་ནི་དངོས་བཏགས་ཀྱི།།
འཇོག་ཚུལ་མི་འདྲའི་ཁྱད་པར་ཡོད།། ཅེས་བྱུང་། སེམས་ཙམ་པའི་ལུགས་ལ་དབང་མངོན་རྣམས་གྱི་བདག་རྐྱེན་དང་དེ་མ་ཐག་རྐྱེན་འཇོག་ཚུལ་མདོ་སྡེ་བ་དང་ཕལ་ཆེར་འདྲ་ཡང་། དམིགས་རྐྱེན་ནི་གཟུང་དོན་མིན་པས་གཏན་མི་འདྲ་ཞིང་། དེ་དག་གི་དམིགས་རྐྱེན་ལ་དམིགས་རྐྱེན་དངོས་དང་བཏགས་པ་བའི་འཇོག་ཚུལ་མི་འདྲ་བའི་ཁྱད་པར་ཡོད་དེ། སྣང་བའི་དམིགས་རྐྱེན་ཏེ། སྒྲ་འཛིན་མངོན་སུམ་ལ་སྣང་བའི་སྒྲ་ལྟ་བུ་དེ་དེ་འདྲའི་མངོན་སུམ་དང་དུས་མཉམ་ཡིན་པས་སྒྲ་འཛིན་མངོན་སུམ་གྱི་དམིགས་རྐྱེན་བཏགས་པ་བ་དང་། སྒྲ་འཛིན་མངོན་སུམ་སྔ་མའི་སྟེང་གི་སྒྲ་འཛིན་མངོན་སུམ་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་དེ་དེའི་དམིགས་རྐྱེན་དངོས་གནས་པའོ།།
རྩ་བར། འདིར་བསྟན་ཡིད་མངོན་སྐྱེ་ཚུལ་ལ།།
དབང་མངོན་སྐད་ཅིག་གཉིས་པ་ཕན།།
ཡིད་མངོན་དང་ནི་དབང་ཡིད་གཉིས།།
སྤེལ་མར་སྐྱེ་དང་འགྲོས་གསུམ་དང་།།
རྒྱན་གྱིས་ཡིད་མངོན་འདོད་ཚུལ་རྣམས།།
མི་འདོད་རང་ལུགས་དབང་མངོན་གྱི།།
རྒྱུན་མཐའ་ཁོ་ནར་སྐྱེ་བར་བཞེད།། ཅེས་བྱུང་། འདིར་བསྟན་ཡིད་མངོན་ནམ་བཞིར་ཕྱེའི་ཡིད་མངོན་སྐྱེ་ཚུལ་ལ། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ནས་ཡིད་མངོན་ཡིན་ཞེས་བཞེད་པ་གཅིག་དང་། དང་བོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ། དེ་ནས་ཡིད་མངོན་དང་དབང་མངོན་གཉིས་རེ་མོས་ཀྱིས་ཏེ་སྤེལ་མར་སྐྱེ་བ་དང་། ཁ་ཕྱི་ལྟའི་མངོན་སུམ་གཉིས་དང་ནང་ལྟའི་རང་རིག་མངོན་སུམ་སྟེ་ཡིད་མངོན་འགྲོས་གསུམ་པ་དང་། ཚད་མ་རྒྱན་གྱིས་ཡིད་མངོན་རྟོག་བཅས་སུ་འདོད་ཚུལ་རྣམས་མི་འདོད་ཅིང་། རང་ལུགས་ལ་སློབ་དཔོན་ཆོས་མཆོག་གི་ལུགས་ལྟར་དབང་མངོན་གྱི་རྒྱུན་མཐའ་སྟེ་རྒྱུན་འགག་ཁ་མ་ཁོ་ནར་སྐྱེ་བར་བཞེད་ཅེས་པའོ།། སྤྲོ་ཚུལ། རྒྱལ་བ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལས། དེས་ན་ཡིད་མངོན་རྒྱུན་མཐར་སྐྱེ་ཚུལ་ནི་མཐའ་གཞན་འགོག་པའི་རིགས་པས་གནོད་པ་མེད་པའི་ཕྱིར་རོ།། ཞེས་གསུངས་པ་བཞིན་འཐད་བྱས་པ་ལ། དེ་མི་འཐད་པར་ཐལ། མཁས་གྲུབ་རྗེའི་སྡེ་བདུན་རྒྱན་ལས། རྒྱུན་མཐར་སྐྱེ་བ་དང་སྤེལ་མར་སྐྱེ་བ་གཉིས་གོང་དུ་བཤད་པའི་ཚུལ་གྱིས་རིགས་པས་ཁེགས་པའི་ཕྱིར་དང་། དུས་མཉམ་དུ་སྐྱེ་བའི་ཚུལ་འདི་ལ་གནོད་བྱེད་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་སོགས་ཀྱིས་དཔྱད།
རྩ་བར། རྟོག་བཅས་རྟོག་མེད་ཁྱད་པར་ཡང་།།
ཕལ་ཆེར་གོང་སྨོས་ཤེས་པར་ནུས།།
དབང་ཤེས་དང་ནི་མངོན་སུམ་གཉིས།།
རྟོག་མེད་ཤེས་པ་ཁོ་ན་ཡིན།།
ཡིད་ཤེས་ལ་ནི་རྟོག་བཅས་དང་།།
རྟོག་མེད་ཤེས་པ་གཉིས་སུ་ཡོད།། ཅེས་བྱུང་། རྟོག་བཅས་དང་རྟོག་མེད་ཀྱི་ཁྱད་པར་ཡང་། ཕལ་ཆེར་ཏེ་ཧ་ལམ་གོང་དུ་རྟོག་པ་སོགས་སྨོས་པ་དེས་ཤེས་པར་ནུས་ཤིང་། དེ་ཡང་དབང་ཤེས་དང་ཡིད་ཤེས་ལ་རྟོག་བཅས་རྟོག་མེད་ཀྱི་ཁྱད་པར་ཕྱེ་ན། དབང་ཤེས་དང་མངོན་སུམ་གཉིས་ནི་རྟོག་མེད་ཤེས་པ་ཁོ་ན་ཡིན་ཞིང་། ཡིད་ཤེས་ལ་རྟོག་བཅས་དང་རྟོག་མེད་ཀྱི་ཤེས་པ་གཉིས་སུ་སྟེ་གཉིས་ཀ་ཡོད་ཅེས་པའོ།། ཡིད་ཤེས་སུ་གྱུར་པའི་རྟོག་པ་ནི་རྗེས་དཔག་ལྟ་བུ་དང་། དེར་གྱུར་པའི་རྟོག་མེད་ནི་རྣལ་འབྱོར་མངོན་སུམ་ལྟ་བུ་སོགས་སོ།།
སེམས་དང་སེམས་ལས་བྱུང་བ་ནི།།
སེམས་དང་ཡིད་དང་རྣམ་ཤེས་རྣམས།།
དོན་གཅིག་མིང་གི་རྣམ་གྲངས་ཡིན།།
དབྱེ་ན་མིག་གི་རྣམ་ཤེས་ནས།།
ཡིད་ཀྱི་རྣམ་ཤེས་བར་དྲུག་ཡོད།། ཅེས་བྱུང་། རང་གི་འཁོར་དུ་གྱུར་པའི་སེམས་བྱུང་དུ་མ་ཡོད་པའི་གཞན་རིག་དེ་སེམས་དང་། རང་འཁོར་དུ་འགྲོ་ཡུལ་གྱི་སེམས་ཡོད་པའི་གཞན་རིག་དེ་སེམས་ལས་བྱུང་བ་ཡིན་ཞིང་། ནི་ཞེས་པ་ཚིག་གི་ཁ་སྐོང་ངོ་།། དེ་ལ་ཡང་སེམས་དང་། ཡིད། རྣམ་པར་ཤེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། རིགས་རྒྱན་ལས། དགེ་མི་དགེའི་བག་ཆགས་གསོག་པའི་དོན་གྱིས་ན་སེམས་དང་། ཡུལ་ཤེས་པས་ནས་ཡིད། ཡུལ་སོ་སོར་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ།། ཞེས་གསུངས། སེམས་ལ་དབྱེ་ན། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་ཡོད་ཅེས་པའོ།།
རྩ་བར། སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ།།
ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ།།
དགེ་བ་བཅུ་གཅིག་རྩ་ཉོན་དྲུག།
ཉེ་ཉོན་ཉི་ཤུ་གཞན་འགྱུར་བཞིའོ།། ཞེས་བྱུང་། སེམས་བྱུང་ལ་དབྱེ་ན་ལྔ་བཅུ་རྩ་གཅིག་ཡོད་དེ། ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ། དགེ་བ་བཅུ་གཅིག། རྩ་ཉོན་དྲུག། ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་རྣམས་ཡོད་ཅེས་པའོ།།
ཚོར་བ་འདུ་ཤེས་སེམས་པ་དང་།།
ཡིད་ལ་བྱེད་དང་རེག་པ་ལྔ།།
གཙོ་སེམས་ཀུན་ཀྱི་འཁོར་དུ་ནི།།
འགྲོ་ཕྱིར་ཀུན་འགྲོ་ཞེས་བྱའོ།། འདི་དག་དོན་ཐོབ་དང་སྦྱར་ཏེ་སོ་སོར་སྨོས་ན། དང་བོ་ཀུན་འགྲོ་ལྔ་ཡོད་དེ།
༡ རང་ཡུལ་རང་སྟོབས་ཀྱིས་མྱོང་བའི་ཚོར་བ་དང་།
མངོན་པ་ཀུན་བཏུས་ཏེ་སྡེ་བསྟན་སེམས་ཙམ་རི་བའི་༤༧ན༤ལས། ཚོར་བའི་ཕུང་བོའི་རྣམ་པར་གཞག་པ་གང་ཞེ་ན། ཚོར་བའི་ཚོགས་ལྔ་སྟེ། ཞེས་པ་ནས། སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མངོན་པར་འབྱུང་བ་རྟེན་པ་ཡང་རུང་བའོ།། ཞེས་གསུངས།
༢ རང་ཡུལ་རང་སྟོབས་ཀྱིས་མཚན་མར་འཛིན་པའི་འདུ་ཤེས་དང་།
མངོན་པ་ཀུན་བཏུས་ལས། འདུ་ཤེས་ཀྱི་ཕུང་བོའི་རྣམ་པར་གཞག་པ་གང་ཞེ་ན། འདུ་ཤེས་ཀྱི་ཚོགས་དྲུག་སྟེ། ཞེས་པ་ནས། གང་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པའོ།། ཞེས་གསུངས།
༣ རང་དང་མཚུངས་ལྡན་གྱི་སེམས་རང་དབང་མེད་པར་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པ་སྟེ་རྣོ་ཁབ་ལེན་གྱིས་ལྕགས་ལེན་པ་ལྟ་བའི་སེམས་པ་དང་།
མངོན་པ་ཀུན་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པའི་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༤ རང་ཡུལ་ལ་རང་སྟོབས་ཀྱིས་འཇུག་ཅིང་གཏོད་པར་བྱེད་པའི་ཡིད་ལ་བྱེད་པ་སྟེ་ཡིད་བྱེད་དང་། མངོན་པ་ཀུན་བཏུས་ལས། ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པ་སྟེ། དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ནོ།། ཞེས་གསུངས། དམིགས་པ་ལ་སེམས་འཛིན་པ་ཞེས་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པའི་ཀུན་བཏུས་འགྲེལ་བ་སྟེ་སྡེ་བསྟན་སེམས་ཙམ་ལི་བའི་༥ན༡ལས། དམིགས་པ་ལ་སེམས་འཛིན་པ་ནི་དེ་ཉིད་ལ་ཡང་དང་ཡང་དུ་སེམས་གཏོད་པར་རིག་པར་བྱའོ།། ཞེས་གསུངས།
༥ ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པར་བྱེད་པའམ་དང་དུ་ལེན་པའི་རེག་པ་དང་ལྔ་བོ་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། རེག་པ་གང་ཞེ་ན།། གསུམ་འདུས་ནས་དབང་བོའི་འགྱུར་བ་ཡོངས་སུ་གཅོད་པ་སྟེ། ཚོར་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
དེ་དག་གི་མཚན་གཞི་རིམ་པ་བཞིན། སྒྲ་ཡིད་འོང་ཐོས་པ་ལ་བརྟེན་ནས་སྐྱེས་པའི་ཚོར་བ་བདེ་བ་ལྟ་བུ་དང་། དཀར་བོ་དང་དམར་བོ་ལ་སོགས་པའི་སྤུ་རིས་སོ་སོར་འཛིན་པ་ལྟ་བུ། དགེ་སེམས་ལྟ་བུ། དམིགས་ཡུལ་སྒྲ་ལྟ་བུ་ལ་ཡིད་གཏོད་པའམ་སེམས་འཛིན་པ་ལྟ་བུ། ཡུལ་སྒྲ་དང་དབང་བོ་དེ་འཛིན་པའི་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་སྒྲ་དེ་ཉིད་ཡིད་འོང་སོགས་སུ་དང་དུ་ལེན་པ་ལྟ་བུ་རྣམས་སོ།། འདིས་ཚོར་བའི་རྒྱུ་བྱེད། སྒྲ་བཤད་ནི། གཙོ་སེམས་ཀུན་ཀྱི་འཁོར་དུ་འགྲོ་བའི་ཕྱིར་ཀུན་འགྲོ་ཞེས་བྱ་བའོ།།
རྩ་བར། འདུན་པ་མོས་པ་དྲན་པ་དང་།།
ཏིང་འཛིན་ཤེས་རབ་ལྔ་བོ་ཡུལ།།
བྱེ་བྲག་པ་ལ་འཇུག་ངེས་ཕྱིར།།
ཡུལ་ངེས་ཞེས་པར་བཤད་པ་ཡིན།། ཞེས་བྱུང་། གཉིས་པ་ཡུལ་ངེས་ལྔ་ཡོད་དེ།
༡ རང་ཡུལ་དགེ་བ་སོགས་དོན་དུ་གཉེར་བའི་འདུན་པ།
མངོན་པ་ཀུན་བཏུས་ལས། འདུན་པ་གང་ཞེ་ན། འདོད་པའི་དངོས་པོ་ལ། དེ་དང་ལྡན་པར་བྱེད་འདོད་པ་ཉིད་དེ། བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༢ རང་ཡུལ་གཞུང་དོན་སོགས་ངེས་པའི་དོན་ཇི་ལྟ་བ་བཞིན་འཛིན་ཅིང་གཞན་གྱིས་དེ་ལས་མི་འཕྲོག་པའམ་སྒྱུར་དུ་མེད་པའི་མོས་པ།
མངོན་པ་ཀུན་བཏུས་ལས། མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ། མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ནོ།། ཞེས་གསུངས། མི་འཕྲོགས་པ་ནི་འགྲེལ་བ་དེ་ཉིད་ལས། དེའི་ཕྱིར་དེ་གཅེས་སུ་བྱེད་པ་ནི་གཞན་དག་གིས་འཕྲོགས་པར་མི་ནུས་སོ།། ཞེས་གསུངས།
༣ རང་ཡུལ་འདྲིས་པའི་དོན་མི་བརྗེད་པར་འཛིན་པའི་དྲན་པ།
མངོན་པ་ཀུན་བཏུས་ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ།། ཞེས་གསུངས། འདྲིས་པའི་དངོས་པོ་ཞེས་པ། འགྲེལ་བ་དེ་ཉིད་ལས། འདྲིས་པའི་དངོས་པོ་ནི་སྔོན་མྱོང་བར་རིག་པར་བྱའོ།། ཞེས་སོ།།
༤ རང་ཡུལ་དགེ་བ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན།
མངོན་པ་ཀུན་བཏུས་ལས། ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་སེམས་རྩེ་གཅིག་པ་ཉིད་དེ། ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས། སེམས་རྩེ་གཅིག་པ་ཞེས་པ། འགྲེལ་བ་དེ་ཉིད་ལས། སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་རྣམ་པར་གཡེང་བ་མེད་པའོ།། ཞེས་འབྱུང་།
༥ རང་ཡུལ་རྣམ་པར་འབྱེད་པའི་ཤེས་རབ་དང་ལྔ་བོ་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། ཤེས་རབ་གང་ཞེ་ན། བརྟག་པ་ཉིད་ཀྱི་དངོས་པོའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། སོམ་ཉི་བཟློག་པའི་ལས་ཅན་ནོ།། ཞེས་གསུངས།
མཚན་གཞི་རིམ་པ་བཞིན། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་འདུན་པ་ལྟ་བུ་དང་། འདིས་བརྩོན་འགྲུས་ཀྱི་རྟེན་བྱེད། མཆོག་གསུམ་གྱི་ཡོན་ཏན་ལ་མོས་པའི་མོས་པ་ལྟ་བུ། འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བར་སྤྱོད་འཇུག་ལས་སོ།། རང་རྒྱུད་ཀྱི་ལུང་རྟོགས་ཀྱི་དངོས་པོ་ཡང་ཡང་དྲན་པའི་བློ་ལྟ་བུ། ཞི་ལྷག་གིས་བསྡུས་པའི་ཡོན་ཏན་ཐམས་ཅད་དྲན་ཤེས་བག་ཡོད་གསུམ་གྱི་རྗེས་སུ་འགྲོ་ལྡོག་བྱེད། དམིགས་རྟེན་སྟོན་པའི་སྐུ་གཟུགས་སོགས་ལ་དམིགས་ནས་རྩེ་གཅིག་པའི་བློ་ལྟ་བུ་དང་། གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པ་བཟློག་པའི་བདག་མེད་པ་རྟོགས་པའི་བློ་ལྟ་བུ་རྣམས་སོ།། སྒྲ་བཤད་ནི། ཡུལ་བྱེ་བྲག་པ་དགེ་སེམས་ཁོ་ནའི་རྗེས་སུ་འཇུག་པར་ངེས་པའི་ཕྱིར་ཡུལ་ངེས་ཞེས་བྱ་བར་བཤད་པ་ཡིན་ཞེས་པའོ།།
རྩ་བར། དད་དང་ངོ་ཚ་ཤེས་ཁྲེལ་ཡོད།།
འདོད་ཆགས་དང་ནི་ཞེ་སྡང་དང་།།
གཏི་མུག་མེད་པའི་དགེ་རྩ་གསུམ།།
བརྩོན་འགྲུས་ཤིན་སྦྱངས་བག་ཡོད་དང་།།
བཏང་སྙོམས་རྣམ་པར་མི་འཚེ་རྣམས།།
གཉེན་པོ་ངོ་བོ་མཚུངས་ལྡན་སོགས།།
ཅི་རིགས་སྒོ་ནས་དགེ་བ་འོ།། ཞེས་བྱུང་། གསུམ་པ་དགེ་བ་བཅུ་གཅིག་ཡོད་དེ།
༡ དད་པའི་ཡུལ་ཏེ་བདེན་པ་ཡོད་པ་མི་བསླུ་བ་གསུམ་རིམ་པ་བཞིན་བདེན་བཞི་དང་དཀོན་མཆོག་གསུམ་དང་སྐྱེ་བ་སྔ་ཕྱིའམ་ལས་རྒྱུ་འབྲས་གསུམ་གང་རུང་ལ་དམིགས་ཏེ་ཡིད་ཆེས་པ་དང་མངོན་འདོད་དང་དང་བའི་རྣམ་ཅན་གྱི་དད་པ།
མངོན་པ་ཀུན་བཏུས་ལས། དད་པ་གང་ཞེ་ན། ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་། དང་བ་དང་འདོད་པ་སྟེ། འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༢ རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ།
མངོན་པ་ཀུན་བཏུས་ལས། བདག་ཉིད་ལས་ཁ་ན་མ་ཐོ་བས་འཛེམ་པ་སྟེ། ཉེས་པར་སྤྱོད་པ་ལེགས་པར་སྡོམ་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༣ གཞན་ནམ་ལེགས་སྤྱོད་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་ཁྲེལ་ཡོད་པ།
མངོན་པ་ཀུན་བཏུས་ལས། ཁྲེལ་ཡོད་པ་གང་ཞེ་ན། གཞན་ལས་ཁ་ན་མ་ཐོ་བས་འཛེམ་པ་སྟེ། དེའི་ལས་ཅན་ཉིད་དོ།། ཞེས་གསུངས།
༤ འདོད་ཡོན་སོགས་ལ་ཆགས་པ་མེད་པའི་འདོད་ཆགས་མེད་པའི་དགེ་རྩ།
མངོན་པ་ཀུན་བཏུས་ལས། མ་ཆགས་པ་གང་ཞེ་ན། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་མེད་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༥ རང་ཡུལ་སེམས་ཅན་སོགས་ལ་དམིགས་ནས་ཀུན་ནས་མནར་སེམས་མེད་པའི་ཞེ་སྡང་མེད་པའི་དགེ་རྩ།
མངོན་པ་ཀུན་བཏུས་ལས། ཞེ་སྡང་མེད་པ་གང་ཞེ་ན། སེམས་ཅན་རྣམས་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་མེད་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༦ རང་ཡུལ་ལ་མ་རྨོངས་པའི་གཏི་མུག་མེད་པའི་དགེ་རྩ།
མངོན་པ་ཀུན་བཏུས་ལས། གཏི་མུག་མེད་པ་གང་ཞེ་ན། རྣམ་པར་སྨོན་པ་ལས་སམ། ལུང་ལས་སམ། བསམ་པ་ལས་སམ། རྟོགས་པ་ལས་ཤེས་ཤིང་སོ་སོར་བརྟགས་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༧ དགེ་བའི་བྱ་བ་ལ་སྤྲོ་བའི་བརྩོན་འགྲུས།
མངོན་པ་ཀུན་བཏུས་ལས། བརྩོན་འགྲུས་གང་ཞེ་ན། གོ་ཆ་དང་། སྦྱོར་བ་དང་། མི་འགོད་པ་དང་། མི་ལྡོག་པ་དང་། ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ་སྟེ། དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་བསྒྲུབ་པའི་ལས་ཅན་ནོ།། ཞེས་གསུངས། ཡོངས་སུ་རྫོགས་པར་བྱེད་པ་དང་བསྒྲུབ་པ་པ་ཞེས་པ་ནི། འགྲེལ་བ་དེ་ཉིད་ལས། ཡོངས་སུ་རྫོགས་པར་བྱེད་པ་ནི། ཇི་ལྟར་དངོས་གཞི་ལ་འཇུག་པ་ལྟ་བུའོ།། ཡོངས་སུ་བསྒྲུབ་པ་ནི་དེ་ཉིད་ཡོངས་སུ་སྦྱོང་བ་བྱས་པའོ།། ཞེས་འབྱུང་།
༨ ལུས་སེམས་གང་རུང་ལས་སུ་རུང་བ་སྟེ་དགེ་བའི་ཕྱོགས་སུ་ཅི་འདོད་དུ་འཇུག་ནུས་པའི་ཤིན་སྦྱངས།
མངོན་པ་ཀུན་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར། ལུས་དང་སེམས་ལས་སུ་རུང་བ་ཉིད་དེ། སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ།། ཞེས་གསུངས། སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ཞེས་པ་ནི། འགྲེལ་བ་དེ་ཉིད་ལས། སྒྲིབ་པ་ཐམས་ཅད་སེལ་བ་ནི་དེའི་དབང་གིས་གནས་འགྱུར་བ་ལྟ་བུའོ།། ཞེས་འབྱུང་།
༩ མི་དགེ་བའི་ལས་སོགས་ལས་སེམས་བསྲུང་བའི་བག་ཡོད།
མངོན་པ་ཀུན་བཏུས་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས། གང་དགེ་བའི་ཆོས་རྣམས་བསྒོམ་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཡོངས་སུ་བསྒྲུབ་པའི་ལས་ཅན་ནོ།། ཞེས་གསུངས།
༡༠ བྱིང་རྒོད་མེད་ཅིང་སེམས་རྣལ་དུ་གནས་པའི་བཏང་སྙོམས།
མངོན་པ་ཀུན་བཏུས་ལས། བཏང་སྙོམས་གང་ཞེ་ན། མ་ཆགས་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས། ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་མི་མཐུན་པ། སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འཇུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་དེ། ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༡༡ གཞན་ལ་ཐོ་མི་འཚམས་པའི་རྣམ་པར་མི་འཚེ་བ་དང་བཅས་པ་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། རྣམ་པར་འཚེ་བ་གང་ཞེ་ན། ཞེ་སྡང་མེད་པའི་ཆར་གཏོགས་པ། སྙིང་རྗེ་བའི་སེམས་ཉིད་དེ། ཐོ་མི་འཚམ་པའི་ལས་ཅན་ནོ།། ཞེས་གསུངས། དེ་དག་ནི་རང་གི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་ཚུལ་དང་རང་གི་ངོ་བོ་དང་མཚུངས་ལྡན་ཅི་རིགས་ཀྱི་སྒོ་ནས་དགེ་བ་ཡིན་ཞེས་པའོ།།
མཚན་གཞི་རིམ་པ་བཞིན། མཆོག་གསུམ་དང་ལས་འབྲས་ལ་ཡིད་ཆེས་པའི་དད་པ་ལྟ་བུ་དང་། རང་ཉིད་མི་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཉམ་ཆུང་བའི་སེམས་ཅན་དུད་འགྲོ་སོགས་ལ་གནོད་འཚེ་སོགས་བྱེད་པར་འཛེམ་པའི་བློ་ལྟ་བུ་དང་། རང་ལ་ཕན་བཏགས་པའི་སེམས་ཅན་ལ་དྲིན་ཅན་བཟུང་སྟེ་དེ་དག་ལ་གནོད་འཚེ་སོགས་བྱེད་པར་འཛེམ་པའི་བློ་ལྟ་བུ་དང་། གཅེས་པའི་ལུས་སོགས་ཡིད་དུ་འོང་བའི་དངོས་པོ་ལ་ཞེན་ཆགས་མེད་པའི་བློ་ལྟ་བུ་དང་། དགྲར་བཏགས་པའི་སེམས་ཅན་སོགས་ལ་དམིགས་ནས་ཀུན་ནས་མནར་སེམས་མེད་པའི་བློ་ལྟ་བུ་དང་། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ལ་མ་རྨོངས་པའི་བློ་ལྟ་བུ་དང་། རང་དོན་ཡལ་བར་དོར་ནས་གཞན་དོན་ཁུར་དུ་འཁྱེར་བ་སོགས་ལ་སྤྲོ་བའི་བློ་ལྟ་བུ་དང་། སེམས་གནས་དགུ་བའི་ལུས་སེམས་དགེ་བ་ལ་ཅི་འདོད་དུ་འཇུག་ནུས་པའི་བློ་ལྟ་བུ་དང་། སྒོ་གསུམ་གང་བྱུང་དུ་མི་འཇུག་པར་ཆོས་ལྡན་གྱི་བྱ་བར་འཇུག་པའི་བློ་ལྟ་བུ་དང་། སེམས་གནས་འགུའི་གནས་སྐབས་ཀྱི་འདུ་བྱེད་བཏང་སྙོམས་ལྟ་བུ་དང་། སེམས་ཅན་རྣམས་སྡུག་བསྔལ་ཕྲ་རགས་དང་བྲལ་འདོད་ཀྱི་སྙིང་རྗེ་དང་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ལྟ་བུ་རྣམས་སོ།།
རྩ་བར། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་།།
མ་རིག་ཐེ་ཚོམ་ལྟ་བ་དྲུག།
རྩ་ཉོན་ཡིན་ཏེ་སེམས་རྒྱུད་ནི།།
ཉོན་མོངས་བྱེད་པའི་གཙོ་བོ་འོ།། ཞེས་བྱུང་། བཞི་བ་རྩ་ཉོན་དྲུག་ཡོད་དེ།
༡ རང་ཡུལ་ཟག་བཅས་ཀྱི་དངོས་པོ་ལ་ཆགས་པའི་འདོད་ཆགས།
མངོན་པ་ཀུན་བཏུས་ལས། འདོད་ཆགས་གང་ཞེ་ན། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྡུག་བསྔལ་བསྐྱེད་པའི་ལས་ཅན་ནོ།། ཞེས་གསུངས། སྡུག་བསྔལ་བསྐྱེད་པའི་ལས་ཅན་ཞེས་པ། འགྲེལ་བ་དེ་ཉིད་ལས། སྡུག་བསྔལ་བསྐྱེད་པའི་ལས་ཅན་ཞེས་བྱ་བ་ནི་སྲེད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་བོ་ལྔ་གྲུབ་པའི་ཕྱིར་རོ།། ཞེས་འབྱུང་།
༢ སྡུག་བསྔལ་དང་དེའི་གནས་དང་སེམས་ཅན་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ།
མངོན་པ་ཀུན་བཏུས་ལས། ཁོང་ཁྲོ་གང་ཞེ་ན། སེམས་ཅན་རྣམས་དང་། སྡུག་བསྔུལ་དང་། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས། རེག་པར་མི་གནས་པ་ཞེས་པ་ནི། འགྲེལ་བ་དེ་ཉིད་ལས། རེག་པར་མི་གནས་པ་ནི་ཀུན་ནས་མནར་བའི་སེམས་ཡོད་པ་སྡུག་བསྔལ་བར་གནས་པའི་ཕྱིར་རོ།། ཞེས་འབྱུང་།
༣ ཕྱི་ནང་གི་ཆོས་གང་རུང་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་ང་རྒྱལ།
མངོན་པ་ཀུན་བཏུས་ལས། ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ་མི་གུས་པ་དང་། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས། སྡུག་བསྔལ་འབྱུང་བ་ཞེས་པ། འགྲེལ་བ་དེ་ཉིད་ལས། སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་འབྱུང་བར་རིག་པར་བྱའོ།། ཞེས་འབྱུང་།
༤ རང་ཡུལ་ལ་རྨོངས་པའི་མ་རིག་པ།
མངོན་པ་ཀུན་བཏུས་ལས། མ་རིག་པ་གང་ཞེ་ན། ཁམས་གསུམ་པའི་མི་ཤེས་པ་སྟེ། ཆོས་རྣམས་ལ་ལོག་པར་ངེས་པ་དང་། ཐེ་ཚོམ་དང་། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༥ རང་ཡུལ་ལ་རང་སྟོབས་ཀྱིས་བློ་རྩེ་གཉིས་པ་བྱེད་པའི་ཐེ་ཚོམ།
མངོན་པ་ཀུན་བཏུས་ལས། ཐེ་ཚོམ་གང་ཞེ་ན། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༦ ཕུང་སོགས་ལ་དམིགས་ནས་བདག་དང་བདག་གིར་འཛིན་པའི་འཇིག་ལྟ་ལ་སོགས་པའི་ལྟ་བ་དང་བཅས་པ་རྣམས་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཞེས་པ་ནས། ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ།། ཞེས་གསུངས།
མཚན་གཞི་རིམ་པ་བཞིན། འཇིག་རྟེན་པའི་ཟག་བཅས་ཀྱི་ཚོར་བ་སིམ་པ་དང་ལང་ཚོ་དང་སྙན་གྲགས་སོགས་ལ་ཆགས་པའི་བློ་ལྟ་བུ་དང་། དགྲར་བཏགས་པའི་སྐྱེ་བོ་ཕ་རོལ་པོ་སོགས་མཐོང་ཚེ་མི་བཟོད་ཅིང་ཞེ་སྡང་བའི་བློ་ལྟ་བུ་དང་། རང་ལ་དཔལ་འབྱོར་དང་ཡོན་ཏན་སོགས་ཕྲན་ཚགས་ཡོད་པ་རྒྱུ་མཚན་དུ་བྱས་ནས་གཞན་མིག་ནང་དུ་མི་འཇོག་ཅིང་ང་ཉིད་ཡ་མཚན་དུ་འཛིན་པའི་བློ་ལྟ་བུ་དང་། ཆོས་རྣམས་ཀྱི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མ་ངེས་ཤིང་མི་ཤེས་པའི་བློ་ལྟ་བུ་དང་། ཕུང་བོ་དང་ཆོས་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་བློ་ལྟ་བུ་དང་། ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་དམ་མེད་ཕལ་ཆེར་མེད་ལས་ཆེ་སྙམ་དུ་འཛིན་པའི་བློ་ལྟ་རྣམས་སོ།། དེ་དྲུག་ཆོས་ཅན། རྩ་ཉོན་ཞེས་བྱ་སྟེ། རང་གང་ལ་ལྡན་པའི་གང་ཟག་གི་སེམས་རྒྱུད་ཉོན་མོངས་པའམ་ཉོག་ཉོག་པོར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར། ཞེས་པའོ།།
རྩ་བར། ཁྲོ་དང་ཁོན་འཛིན་འཆབ་དང་འཚིག།
ཕྲག་དོག་སེར་སྣ་སྒྱུ་དང་གཡོ།།
རྒྱགས་དང་རྣམ་འཚེ་ངོ་ཚ་མེད།།
ཁྲེལ་མེད་རྨུགས་རྒོད་མ་དད་དང་།།
ལེ་ལོ་བག་མེད་བརྗེད་ངེས་དང་།།
ཤེས་བཞིན་མ་ཡིན་རྣམ་གཡེང་བཅས།།
ཉི་ཤུ་རྩ་ཉོན་འཕེལ་སྐྱེ་དང་།།
ཉེ་ཕྱིར་ཉེ་བའི་ཉོན་མོངས་སོ།། ཞེས་བྱུང་། ལྔ་བ་ཉེ་ཉོན་ལ་བཅུ་ཚན་གཉིས་ལས་དང་བོ་ཡོད་དེ།
༡ ཉེ་བར་གནས་པ་ལ་གནོད་པའམ་མནར་སེམས་པའི་ཁྲོ་བ།
མངོན་པ་ཀུན་བཏུས་ལས། ཁྲོ་བ་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ཉེ་བར་གནས་ན། ཁོང་ཁྲོ་བའི་ཆར་གཏོགས་པའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ། མཚོན་ཆ་ལེན་པ་དང་། ཆད་པས་གཅོད་པ་ལ་སོགས་པ་དང་། གནོད་པ་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༢ གནོད་ལན་བྱེད་འདོད་མི་གཏོང་བའི་ཁོན་འཛིན།
མངོན་པ་ཀུན་བཏུས་ལས། ཁོན་དུ་འཛིན་པ་གང་ཞེ་ན། དེའི་འོག་ཏུ་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས། ཤར་གཉེར་བའི་བསམ་པ་མི་གཏོང་བ་སྟེ། མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༣ རང་གཞན་གྱི་ཁ་ན་མ་ཐོ་བ་གསང་ཞིང་སྦེད་པའི་འཆབ་པ།
མངོན་པ་ཀུན་བཏུས་ལས། འཆབ་པ་གང་ཞེ་ན། ལེགས་པར་བསྐུལ་བ་ལ་གཏི་མུག་གི་ཆར་གཏོགས་པའི་ཁ་ན་མ་ཐོ་བ་མཁྱུད་པ་སྟེ། འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༤ ཁྲོ་བའི་གཞི་ལ་དམིགས་ནས་ཀུན་ནས་མནར་སེམས་ཀྱི་འཚིག་པ།
མངོན་པ་ཀུན་བཏུས་ལས། འཚིག་པ་གང་ཞེ་ན། ཁོང་ཁྲོ་བའི་ཆར་གཏོགས་པ་ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ། ཚིག་རྩུབ་པོ་བརླང་ཞིང་དྲག་པོའི་རྟེན་བྱེད་པའི་ལས་ཅན་དང་། བསོད་ནམས་མ་ཡིན་པ་འཕེལ་བའི་ལས་ཅན་དང་། རེག་པར་མི་གནས་པའི་ལས་ཅན་ནོ།། ཞེས་གསུངས།
༥ གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག།
མངོན་པ་ཀུན་བཏུས་ལས། རྙེད་པ་བཀུར་སྟི་ལ་ལྷག་པར་ཆགས་ནས་གཞན་གྱི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་མི་བཟོད་པར་གྱུར་པ་སེམས་ཁོང་ནས་འཁྲུག་པ་ཞེ་སྡང་གི་ཆར་གཏོགས་པ་སྟེ། ཡིད་མི་བདེ་བ་དང་། རེག་པར་གམི་གནས་པའི་ལས་ཅན་ནོ།། ཞེས་གསུངས།
༦ ཡོ་བྱད་སོགས་གཏོང་མི་འདོད་ཅིང་དམ་དུ་འཛིན་པའི་སེར་སྣ།
མངོན་པ་ཀུན་བཏུས་ལས། སེར་སྣ་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། ཡོ་བྱད་ལ་སེམས་ཀྱིས་ཀུན་ཏུ་འཛིན་པ་འདོད་ཆགས་ཀྱི་ཆར་གཏོགས་པ་སྟེ། ཡོ་བྱད་མ་བསྙུངས་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས། ཡོ་བྱད་མ་བསྙུང་ཞེས་པ། འགྲེལ་བ་ལས། ཡོ་བྱད་མ་བསྙུངས་པ་ཞེས་བྱ་བ་ནི་སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་བསགས་པ་ལས་གྱུར་པར་རིག་པར་བྱའོ།། ཞེས་འབྱུང་།
༧ གཞན་བསླུ་སེམས་ཀྱིས་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་སྟོན་པའི་སྒྱུ།
མངོན་པ་ཀུན་བཏུས་ལས། སྒྱུ་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཡོན་ཏན་མ་ཡིན་པ་ཀུན་ཏུ་སྟོན་པ་སྟེ། ལོག་པའི་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༨ རང་གི་ཉེས་པ་སྦ་བའི་ཐབས་འཚོལ་བའི་གཡོ།
མངོན་པ་ཀུན་བཏུས་ལས། གཡོ་གང་ཞེ་ན། རྙེད་པ་བཀུར་སྟི་ལ་ལྷག་པར་ཆགས་ནས། འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཉེས་པ་ཡང་དག་པར་སྐྱོང་བ་སྟེ། ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ།། ཞེས་གསུངས། ཉེ་རབས་ཀྱི་སེམས་སེམས་བྱུང་གི་འགྲེལ་བ་ཞིག་ལས། ཀུན་བཏུས་ལུང་འདྲེན་པའི་ཚེ་ན་ཉེས་པ་ཡང་དག་པར་སྤྱོད་ཞེས་དྲངས་ཀྱང་། ཉེས་པ་ཡང་དག་པར་སྐྱོང་ཟེར་དགོས་པ་འདྲ་སྟེ། སྡེ་བསྟན་གྲས་ཀྱི་ཀུན་བཏུས་རང་དང་འགྲེལ་བ་འདི་ཉིད་ལས་ཀྱང་སྐྱོང་ཞེས་འབྱུང་བའི་ཕྱིར་ཏེ། འགྲེལ་བ་དེ་ཉིད་ལས། ངེས་པ་ཡང་དག་པར་སྐྱོང་བ་ཞེས་པ་ནི། གཞན་ནས་གཞན་དུ་སྒྱུར་བར་རིག་པར་བྱའོ།། ཞེས་འབྱུང་བའི་ཕྱིར་རོ།།
༩ ཕྱི་ནང་གི་ཡོན་ཏན་གང་རུང་ལ་དམིགས་ནས་སེམས་ཁེངས་པའི་རྒྱགས་པ།
མངོན་པ་ཀུན་བཏུས་ལས། ནད་མེད་པ་དང་ལང་ཚོ་ལ་བབ་པ་ལ་བརྟེན་ཅིང་ཚེ་རིང་བའི་མཚན་མ་དང་། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་མཐོང་ནས། འདོད་ཆགས་ཀྱི་ཆར་གཏོགས་པའི་དགའ་བ་དང་། ཡིད་བདེ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༡༠ རང་གཞན་གང་རུང་ལ་གཅེས་སྤྲས་དང་བྱམས་བརྩེ་མེད་པར་ཐོ་འཚམས་པའི་རྣམ་པར་འཚེ་བ་དང་བཅུ་བོ་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། རྣམ་པར་འཚེ་བ་གང་ཞེ་ན། ཁོང་ཁྲོའི་ཆར་གཏོགས་པ། སྙིང་བརྩེ་བ་མེད་དང་། སྙིང་རྗེ་བ་མེད་པ་སྟེ། བརྩེ་བ་མེད་པ་སྟེ། རྣམ་པར་ཐོ་འཚམ་པའི་ལས་ཅན་ནོ།། ཞེས་གསུངས།
མཚན་གཞི་རིམ་པ་བཞིན། གམ་ན་གནས་པའི་མིས་མཚང་བྲུས་པ་སོགས་ལ་བཞིན་མདངས་འགྱུར་ཞིང་སེམས་ཁོང་ནས་འཁྲུགས་པའི་བློ་ལྟ་བུ་དང་།། མཚང་བྲུས་པ་སོགས་ལ་མི་བཟོད་ཅིང་སེམས་སུ་ཉར་ནས་འཁོན་ལན་བྱེད་འདོད་མི་འདོར་བའི་བློ་ལྟ་བུ་དང་། སྲོག་བཅད་པ་སོགས་བྱ་ངན་བསྒྲུབས་པ་གཞན་ལ་ཤེས་སུ་མི་འཇུག་སྙམ་སྟེ་གསང་བའི་བློ་ལྟ་བུ་དང་། མཚང་བྲུས་པ་སོགས་ལ་མནར་སེམས་བསྐྱེད་པའི་བློ་ལྟ་བུ་དང་། རང་ལས་གཞན་པའི་སྐྱེ་བོའི་ལེགས་ཆ་མཐོང་ན་ཡིད་མི་བདེ་ཞིང་གློ་སྙིང་འཕར་བའི་བློ་ལྟ་བུ་དང་། རྒྱུ་ནོར་སོགས་ལོངས་སུ་སྤྱོད་མི་ཐུབ་ཅིང་བརྒྱ་ལ་ཕྲན་བུ་རེ་ཤོར་བ་ལའང་ཡིད་མི་བདེ་ཞིང་དེ་དག་དམ་དུ་འཛིན་པའི་བློ་ལྟ་བུ་དང་། འཁོར་སོགས་བསྡུ་བའི་ཕྱིར་དུ་ལུས་ངག་གིས་ཚུལ་འཆོས་པའི་བློ་ལྟ་བུ་དང་། རང་གིས་བྱས་པའི་ཉེས་པ་གཞན་ལ་མི་མངོན་པའི་ཐབས་འཚོལ་བའི་བློ་ལྟ་བུ་དང་། ཡོན་ཏན་ལྟར་སྣང་ཙམ་ལྡན་པ་ལ་ཁྱད་པར་ཅན་དུ་རློམ་ནས་སེམས་ཁེངས་ཤིང་ཆོག་པར་འཛིན་པའི་བློ་ལྟ་བུ་དང་། རང་གཞན་གྱི་ལུས་ངག་ཡིད་གསུམ་ལ་གནོད་འཚེ་བྱེད་པའི་བློ་ལྟ་བུ་རྣམས་སོ།།
བཅུ་ཚན་གཉིས་པ་ཡོད་དེ།
༡ རང་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་མེད་པའི་ངོ་ཚ་མེད་པ།
མངོན་པ་ཀུན་བཏུས་ལས། ངོ་ཚ་མེད་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༢ གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་མེད་པའི་ཁྲེལ་མེད་པ།
མངོན་པ་ཀུན་བཏུས་ལས། ཁྲེལ་མེད་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་གཞན་ལས་མི་འཛེམ་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༣ གང་ལ་དམིགས་ཀྱང་དོན་དེ་ཇི་ལྟ་བ་བཞིན་མི་འཆར་ཞིང་སེམས་ཉོག་པར་བྱེད་པའི་རྨུགས་པ།
མངོན་པ་ཀུན་བཏུས་ལས། རྨུགས་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་པ་སེམས་ལས་སུ་མི་རུང་བ་ཉིད་དེ། ཉོན་མོངས་དང་ཉེ་བའི་ཉོན་མོངས་ཐམས་ཆད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༤ འདོད་ཡོན་སོགས་ཡུལ་སྡུག་པ་ལ་ཆགས་སེམས་ཀྱིས་སེམས་འཕྲོ་ཞིང་མ་ཞི་བའི་རྒོད་པ།
མངོན་པ་ཀུན་བཏུས་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེ་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ།། ཞེས་གསུངས།
༥ ལས་དགེ་སྡུག་ལས་འབྲས་བུ་བདེ་སྡུག་སྐྱེ་བ་དང་མཆོག་གསུམ་གྱི་ཡོན་ཏན་སོགས་ལ་དམིགས་ནས་ཡིད་མི་འཆེ་ཞིང་མི་འདོད་པའི་མ་དད་པ།
མངོན་པ་ཀུན་བཏུས་ལས། མ་དད་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ལ་སེམས་ཀྱི་ཡིད་མི་ཆེས་པ་དང་། མ་དད་པ་དང་། མི་འདོད་པ་སྟེ། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༦ དགེ་བ་ལ་སེམས་མི་སྤྲོ་ཞིང་དོན་མ་ཡིན་པ་ལ་སྤྲོ་བའི་ལེ་ལོ།
མངོན་པ་ཀུན་བཏུས་ལས། ལེ་ལོ་གང་ཞེ་ན། ཉལ་བ་དང་། སྙེས་པ་དང་འཕྲོས་པའི་བདེ་བ་ལ་བརྟེན་ནས། གཏི་མུག་གི་ཆར་གཏོགས་པའི་སེམས་མི་སྤྲོ་བ་སྟེ། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ།། ཞེས་གསུངས།
༧ བླང་དོར་ལ་སེམས་བསྲུང་བ་དང་བླང་བྱ་ལ་མི་འབད་པའི་བག་མེད་པ།
མངོན་པ་ཀུན་བཏུས་ལས། བག་མེད་པ་གང་ཞེ་ན། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་ལེ་ལོ་དང་བཅས་པ་ལ་གནས་ནས། དགེ་བའི་ཆོས་རྣམས་མི་བསྒོམ་ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་མི་སྲུང་བ་སྟེ། མི་དགེ་བ་འཕེལ་བ་དང་། དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༨ དོན་མ་ཡིན་པའི་བྱ་བ་དྲན་ཞིང་དོན་ལྡན་དགེ་སོགས་ལ་སེམས་མི་གསལ་བའི་བརྗེད་ངེས།
མངོན་པ་ཀུན་བཏུས་ལས། བརྗེད་ངས་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་སྟེ། གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༩ བྱ་དངོས་གང་ལའང་མི་ཤེས་བཞིན་དུ་འཇུག་པའི་ཤེས་བཞིན་མ་ཡིན་པ།
མངོན་པ་ཀུན་བཏུས་ལས། ཤེས་བཞིན་མ་ཡིན་གང་ཞེ་ན། ཉོན་མོངས་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང་། ངག་དང་སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ། ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས།
༡༠ གང་ལ་དམིགས་ཀྱང་སེམས་འཕྲོ་ཞིང་གཡེང་བའི་རྣམ་གཡེང་དང་བཅས་པ་བཅུ་བོ་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཆར་གཏོགས་པའི་སེམས་ཀྱི་རྣམ་པར་འཕྲོ་བ་སྟེ། དེ་ཡང་ངོ་བོ་ཉིད་ཀྱིས་གཡེང་བ་དང་། ཕྱི་རོལ་ཏུ་གཡེང་བ་དང་། ནང་གི་གཡེང་བ་དང་། མཚན་མའི་གཡེང་བ་དང་། གནས་ངན་ལེན་གྱི་གཡེང་བ་དང་། ཡིད་ལ་བྱེད་པའི་གཡེང་བའོ།། ཞེས་པ་ནས། འདོད་ཆགས་འབྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ།། ཞེས་གསུངས།
མཚན་གཞི་རིམ་པ་བཞིན། ལུས་ཀྱིས་གཞན་གྱི་དངོས་པོ་རྐུ་འཕྲོག་དང་ངག་གིས་ཚོགས་དབུས་སུ་འཁྲིག་ཚིག་སྨྲ་བ་སོགས་བྱེད་པའི་བློ་ལྟ་བུ་དང་། རང་ལ་དྲིན་ཆེ་བའི་མི་སོགས་ལ་དྲིན་ཅན་དུ་མི་ལྟ་བའི་བློ་ལྟ་བུ་དང་། ཐོས་དོན་སོགས་ལ་དཔྱོད་སྐབས་ཡིད་ནག་ཐོམ་དུ་སོང་བའི་བློ་ལྟ་བུ་དང་། དམིགས་པ་གཅིག་ལ་སེམས་འཛིན་པའི་དུས་སུ་དམིགས་རྟེན་གྱི་སྟེང་དུ་སེམས་སྡོད་མི་ཚུགས་པར་ཡུལ་ཡིད་འོང་བ་ལ་ཕྱིར་འཕྲོ་བའི་བློ་ལྟ་བུ་དང་། མཆོག་གསུམ་གྱི་ཡོན་ཏན་སོགས་ལ་མི་མོས་པའི་བློ་ལྟ་བུ་དང་། སྒྲུབ་ནུས་ཀྱི་བྱ་དངོས་སོགས་ལ་བདག་གིས་དེ་ལྟ་བུ་དག་སྒྲུབ་མི་ནུས་སོ་སྙམ་པའི་བློ་ལྟ་བུ་དང་། འཇིག་རྟེན་གྱི་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་སོགས་ལ་སེམས་རྣམ་པར་གཡེང་སྟེ་དོན་ལྡན་བླང་བྱའི་རིགས་ལ་མི་བརྩོན་པའི་བློ་ལྟ་བུ་དང་། ངེས་ཟིན་པའི་ཐོས་བསམ་སྒོམ་གསུམ་སོགས་ལས་བྱུང་བའི་དོན་བརྗེད་པའི་བློ་ལྟ་བུ་དང་། བྱ་དངོས་དེ་དང་དེ་ལ་མི་ཤེས་བཞིན་དུ་འཇུག་པའི་ཉོན་མོངས་པའི་སེམས་དང་མཚུངས་ལྡན་གྱི་ཤེས་རབ་ལྟ་བུ་དང་། དོན་མ་ཡིན་པ་ལ་སེམས་འཕྲོ་བའི་བློ་ལྟ་བུ་རྣམས་སོ།། དེ་ཉི་ཤུ་བོ་ཆོས་ཅན། ཉེ་བའི་ཉོན་མོངས་ཞེས་བྱ་སྟེ། རང་གང་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་རྩ་ཉོན་འཕེལ་བ་དང་སྐྱེ་བ་ལ་ཉེ་བའི་ཕྱིར། ཞེས་པའོ།།
རྩ་བར། གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་ཏེ།།
ཀུན་སློང་མཚུངས་ལྡན་ཅི་རིགས་ཀྱིས།།
དགེ་དང་མི་དགེ་ལུང་མ་བསྟན།།
གཞན་དང་གཞན་དུ་འགྱུར་བའོ།། ཞེས་བྱུང་། དྲུག་པ་གཞན་འགྱུར་བཞི་ཡོད་དེ།
༡ སེམས་ཀྱི་འཇུག་པ་རང་དབང་མེད་པར་ནང་དུ་སྡུད་པའི་གཉིད།
མངོན་པ་ཀུན་བཏུས་ལས། གཉིད་གང་ཞེ་ན། གཉིད་ཀྱི་རྒྱུ་ལ་བརྟེན་ནས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དུས་དང་དུས་མ་ཡིན་དང་། རིགས་པ་དང་། མི་རིགས་པ་ལ་སེམས་སྡུད་པ་གཏི་མུག་གི་ཆར་གཏོགས་པ་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ།། ཞེས་གསུངས། གཉིད་ཀྱི་རྒྱུ་ཞེས་སོགས་ནི། འགྲེལ་བ་དེ་ལས། གཉིད་ཀྱི་རྒྱུ་ཞེས་བྱ་བ་ནི་འདི་ལྟར་ཉམ་ཆུང་བ་དང་། ངལ་བ་དང་ལུས་ལྕི་བ་དང་མུན་པའི་མཚན་མ་ཡིད་ལ་བྱེད་པ་དང་། རྩོམ་པ་ཐམས་ཅད་ཡལ་བར་འདོར་བ་དང་། དེའི་དུས་ན་ཡང་དང་ཡང་གོམས་པ་དང་། གཞན་དག་སྔགས་ཀྱི་སྟོབས་ཀྱིས་གཉིད་བྲོ་བར་བྱེད་པ་དང་། དེ་བཞིན་དུ་ལུས་མཉེད་པ་ལ་སོགས་པའོ།། ཞེས་དང་། དུས་ཞེས་བྱ་བ་ནི་ནམ་གྱི་གུང་ཐུན་ནོ།། དུས་མ་ཡིན་པ་ནི་དེ་ལས་གཞན་པའོ།། རིགས་པ་ནི་དུས་སུ་ཇི་ལྟར་གནང་བ་དང་། དུས་ཡིན་ན་ཡང་ན་བ་དང་། ལས་སུ་རུང་བར་བྱ་བའི་ཕྱིར་རོ།། མི་རིགས་པ་ནི་དེ་ལས་གཞན་པའོ།། ཞེས་འབྱུང་།
༢ བྱ་བ་དང་བྱ་བ་མ་ཡིན་པ་སོགས་གང་རུང་ལ་དམིགས་ནས་མི་འདོད་བཞིན་དུ་ཡིད་ལ་བཅགས་པའི་འགྱོད་པ།
མངོན་པ་ཀུན་བཏུས་ལས། འགྱོད་པ་གང་ཞེ་ན། བསམས་པ་དང་། མ་བསམས་པའི་བྱ་བ་དང་བྱ་བ་མ་ཡིན་གང་ཡིན་པ་ལ་བརྟེན་ནས། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དུས་དང་། དུས་མ་ཡིན་པ་དང་། རིགས་པ་དང་། མི་རིགས་པ་ལ་སེམས་ཀྱིས་ཡིད་ལ་བཅགས་པ་གཏི་མུག་གི་ཆར་གཏོགས་པ་སྟེ། སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ།། ཞེས་གསུངས། དུས་དང་དུས་མ་ཡིན་སོགས་ནི། འགྲེལ་བ་དེ་ཉིད་ལས། དུས་ནི་ཇི་སྲིད་མི་སྤོང་གི་བར་དུའོ།། དེའི་མ་ཡིན་པ་ནི་དེའི་འོག་ཏུའོ།། རིགས་པ་ནི་གནས་པའོ།། མི་རིགས་པ་ནི་གནས་མ་ཡིན་པའོ།། ཞེས་འབྱུང་།
༣ ཤེར་ཕྱོགས་ཀྱི་བྱ་བ་ལ་འཇུག་པའི་ཚེ་སེམས་རྩིང་བར་བྱེད་པའི་རྟོག་པ།
མངོན་པ་ཀུན་བཏུས་ལས། རྟོག་པ་གང་ཞེ་ན། སེམས་པའམ། ཤེས་རབ་ལ་བརྟེན་ནས། ཀུན་ཏུ་འཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། དེ་ནི་སེམས་རྩིང་བའོ།། ཞེས་གསུངས། ཡིད་ཀྱིས་བརྗོད་པ་ཞེས་པ། འགྲེལ་བ་དེ་ཉིད་ལས། ཀུན་ཏུ་འཚོལ་བའི་རྣམ་པ་ཡིད་ཀྱིས་མངོན་པར་བརྗོད་པ་ནི་རྟོག་པའོ།། ཞེས་འབྱུང་།
༤ དེའི་ཚེ་ན་སེམས་ཞིབ་པར་བྱེད་པའི་དཔྱོད་པ་དང་བཅས་པ་བཞི་བོ་དེ་ཡིན་པའི་ཕྱིར།
མངོན་པ་ཀུན་བཏུས་ལས། དཔྱོད་པ་གང་ཞེ་ན། སེམས་པའམ། ཤེས་རབ་ལ་བརྟེན་ནས། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ། དེ་ནི་སེམས་ཞི་བའོ།། ཞེས་གསུངས།
མཚན་གཞི་རིམ་པ་བཞིན། ཉལ་ཁར་དགེ་སེམས་སོགས་མངོན་དུ་གྱུར་ནས་དེའི་ངང་དུ་གཉིད་པའི་བློ་ལྟ་བུ་དང་། སྔར་བྱས་ཀྱི་སྡིག་ལྟུང་ལ་དུག་ཁོང་དུ་སོང་བ་ལྟ་བུའི་བློ་དང་། མི་རྟག་པ་སོགས་ལ་དཔྱོད་སྐབས་རྩིང་བའི་རྣམ་པའི་སེམས་བྱུང་དང་། མི་རྟག་པ་སོགས་ལ་དཔྱོད་སྐབས་ཞིབ་པའི་རྣམ་ཅན་གྱི་སེམས་བྱུང་རྣམས་སོ། ། དེ་བཞི་ཆོས་ཅན། གཞན་འགྱུར་ཞེས་བྱ་སྟེ། རང་གང་ལ་ལྡན་པའི་གང་ཟག་གི་ཀུན་སློང་དང་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་དང་མཚུངས་ལྡན་ཅི་རིགས་ཀྱི་སྒོ་ནས་དགེ་བ་དང་མི་དགེ་བ་ལུང་མ་བསྟན་སོགས་གཞན་དང་གཞན་དུ་འགྱུར་བ་ཡིན་པའི་ཕྱིར། ཞེས་པའོ།།
རྩ་བར། མདོ་སྡེ་སྤྱོད་པའི་དབུ་མ་བ།།
ཐལ་འགྱུར་བ་དང་བྱེ་སྨྲ་གསུམ།།
མངོན་སུམ་ལ་ནི་དབང་ཡིད་དང་།།
རྣལ་འབྱོར་མངོན་སུམ་གསུམ་འདོད་དེ།།
རང་རིག་མངོན་སུམ་ཁས་མི་ལེན།། ཞེས་བྱུང་། རང་སྡེ་གྲུབ་མཐའ་སྨྲ་བའི་ནང་ཚན་གང་ཞིག། ཕྱི་དོན་དང་རང་མཚན་བཞེད་ཅིང་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མི་བཞེད་པའི་མདོ་སྡེ་སྤྱོད་པའི་དབུ་མ་སྟེ་མདོ་སྡེ་བ་དང་མཐུན་པའི་དབུ་མ་བ་དང་། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པའི་ཐལ་འགྱུར་བ་སྟེ་ཕྱི་དོན་བཞེད་ཅིང་རང་མཚན་ཀྱི་ཆོས་རྡུལ་ཙམ་ཡང་མི་བཞེད་པའི་དབུ་མ་བ་དང་། དུས་གསུམ་རྫས་སུ་སྨྲ་ཞིང་ཕྱི་དོན་བདེན་གྲུབ་ཏུ་སྨྲ་བའི་བྱེ་བྲག་སྨྲ་བ་གསུམ་གྱིས་མངོན་སུམ་ལ་དབང་མངོན་ཡིད་མངོན་རྣལ་འབྱོར་མངོན་སུམ་གསུམ་འདོད་ཅིང་། རང་རིག་མངོན་སུམ་ཁས་མི་ལེན། ཞེས་པའོ།། ཐལ་འགྱུར་བས་རང་རིག་མི་འདོད་པ། དབུ་མ་འཇུག་པའི་གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང་། ། ཞེས་སོགས་ཀྱི་རྩ་འགྲེལ་དུ་གསལ་ལོ།།
རྩ་བར། མདོ་སྡེ་བ་དང་སེམས་ཙམ་པ།།
རྣལ་འབྱོར་སྤྱོད་པའི་དབུ་མ་བས།།
དབང་མངོན་ཡིད་མངོན་རང་རིག་དང་།།
རྣལ་འབྱོར་མངོན་སུམ་བཞིར་བཞེད་དོ།། ཞེས་བྱུང་། དུས་གསུམ་རྫས་སུ་མི་འདོད་ཅིང་ཕྱི་དོན་འདུས་བྱས་བདེན་གྲུབ་ཏུ་འདོད་པའི་མདོ་སྡེ་བ་དང་། ཕྱི་དོན་མི་བཞེད་ཅིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་འདོད་པའི་སེམས་ཙམ་པ་དང་། ཕྱི་དོན་དང་བདེན་གྲུབ་མི་བཞེད་ཅིང་གཞི་གྲུབ་ན་རང་མཚན་གྱིས་གྲུབ་པས་ཁྱབ་པ་ཁས་ལེན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་བ་རྣམས་ཀྱིས་མངོན་སུམ་ལ་དབང་མངོན་དང་ཡིད་མངོན། རང་རིག་དང་རྣལ་འབྱོར་མངོན་སུམ་བཞིར་བཞེད་ཅེས་པའོ།། མདོ་སྡེ་བ་ཡིན་ན་རང་རིག་འདོད་པས་མ་ཁྱབ་སྟེ། ཀུན་མཁྱེན་བླ་མའི་དབུ་མ་ཆེན་མོ་ལས། འོ་ན་མདོ་སྡེ་བ་ཡིན་ན་རང་རིག་འདོད་པས་ཁྱབ་པར་ཐལ། ཞེས་པ་ནས། མངོན་པ་མཛོད་ལྟར་འདོད་པའི་ལུང་གི་རྗེས་འབྲང་གི་མདོ་སྡེ་བས་རང་རིག་འདོད་པར་འགྲེལ་བ་འགྲེལ་བཤད་སུས་ཀྱང་མ་བཤད་པའི་ཕྱིར། ཞེས་གསུངས། དེ་བཞིན་དུ་ལུང་གི་རྗེས་འབྲང་གི་སེམས་ཙམ་པས་ཀྱང་རང་རིག་མི་འདོད་པ་དབུ་ཆེན་མོར་གསལ།
རྩ་བར། འདིར་ནི་མང་དུ་དོགས་པའི་ཕྱིར།།
ཕལ་ཆེར་རྐང་གྲངས་ཙམ་ཞིག་བསྟན།།
སོ་སོའི་མཚན་གཞི་གོ་དོན་སོགས།།
སྤྱི་དོན་རིགས་རྒྱན་སོགས་ལ་ལྟོས།། ཞེས་བྱུང་། སྡོམ་ཚིག་འདིར་ནི་ཚིག་མང་དུ་དོགས་པའི་ཕྱིར་ཏེ། དེའི་རྒྱུ་མཚན་གྱིས་ཕལ་ཆེར་རྐང་གྲངས་ཙམ་ཞིག་སྟེ་གཙོ་བོ་དག་མདོར་བསྡུས་ཙམ་ལས་མ་བསྟན་པས་བློ་སོ་སོའི་མཚན་ཉིད་དང་མཚན་གཞི་གོ་དོན་སོགས་རྒྱས་པར་ཤེས་འདོད་ན། ཚད་མའི་སྤྱི་དོན་རིགས་རྒྱན་དང་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་སོགས་ལ་ལྟོས་ཞེས་པའོ།།
རྩ་བར། སྨྲས་པ། བློ་གྲོས་ཞིབ་མོས་བླང་དོར་གྱི།།
བློ་ཡི་སྤུ་རིས་འབྱེད་པའི་ཕྱིར།།
བློ་རིགས་སྡོམ་ཚིག་མདོར་བསྡུས་འདི།།
བློ་བཟང་མིང་ཅན་ཞིག་གིས་བཀོད།།
འདིར་འབད་དགེ་བས་འགྲོ་བ་ཀུན།།
ལེགས་ཉེས་ལྟ་བའི་མིག་ཕྱེ་ནས།།
མ་ནོར་ལམ་བཟང་མཐར་ཕྱིན་ཏེ།།
སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག། ཅེས་བྱུང་། བློ་གྲོས་ཞིབ་མོས་བློ་དོན་མཐུན་ལྟ་བུའི་བླང་བྱ་དང་བློ་དོན་མི་མཐུན་ལྟ་བུའི་དོར་བྱའི་བློ་ལ་སོགས་པའི་སྤུ་རིས་སྟེ་ཁྱད་པར་འབྱེད་པའི་ཕྱིར་དུ་བློ་རིགས་སྡོམ་ཚིག་མདོར་བསྡུས་འདི་ནི། བློ་བཟང་མིང་ཅན་(རྗེ་འདི་ནི། མཚོ་སྔོན་མེན་ཧོ་རྫོང་ཕྱག་རྡོར་ཐང་ལ་གྱ་སྡེ་བར་དུས་རབས་བཅོ་བརྒྱད་པར་སྐུ་འཁྲུངས། སྐུ་འབུམ་དུ་སྨོན་ལམ་རབ་འབྱམས་པའི་དམ་བཅའ་བཞག། ༡༨༠༩ལོར་དབུས་སུ་རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས་ལས་བླ་མཆོད་སོགས་གསན། ༡༨༡༣ལོར་ཤིང་བཟའ་བློ་བཟང་དར་རྒྱས་ལས་འགྲེལ་བ་བཞི་སྦྲག་གསན། ༡༨༢༣ལོར་ཨ་ཀྱཱ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་གནང་། ༡༨༢༧ལོར་སྐུ་འབུམ་དུ་རྗེ་ཡབ་སྲས་ཀྱི་གསུང་འབུམ་པར་བསྐྲུན་གྱི་དབུ་ཚུགས་སྐབས་ཞུས་ཆེན་གྱི་འགན་བཞེས། ༡༨༢༩ལོར་རི་བོ་རྩེ་ལྔར་བྱོན་ནས་གནས་བསྟོད་མཛད། ༡༨༣༠ལོར་སྙན་ངག་དཔེར་བརྗོད་མཛད། ༡༨༤༣ལོར་སོག་པོ་དཔལ་ལྡན་ཆོས་རྗེར་བཀའ་ཆོས་གནང་། སྐུ་འབུམ་ཉེ་འཁོར་གྱི་རི་ཁྲོད་དགའ་ལྡན་ཆོས་སྡིངས་སམ་ས་བཟང་ལ་ཁར་གཏན་བཞུགས་གནང་སྟེ་ཚེ་དང་སྒྲུབ་པ་བསྙམས། གསུང་འབུམ་པོད་གཉིས་བཞུགས་ཤིང་། སྔགས་ཀྱི་ས་ལམ་དང་། བློ་རྟགས་ཀྱི་སྡོམ་སོགས་ད་ལྟའི་དུས་འདིར་འཕགས་ཡུལ་དུ་གོང་ས་མཆོག་གི་བཀའ་དགོངས་བཞིན་སློབ་གྲྭ་དང་གྲྭ་ཚང་དུ་མའི་བསླབ་གཞིར་གཏན་འབེབས་གནང་འདུག་ཅིང་། རྗེ་འདིའི་ལམ་རིམ་བརྡ་སྤྲོད་དང་། སུམ་རྟགས་སོགས་ཀྱང་འཕྲིན་ལས་ཁྱབ་བརྡལ་ཆེ་བར་སྣང་། དུང་དཀར་ཚིག་མཛོད་དང་གསུང་འབུམ་དཀར་ཆག་སོགས་སུ་མཚན་འདྲ་བ་ལ་ནོར་ནས་རྐ་ཕུག་པཎྜི་ཏ་བློ་བཟང་དར་རྒྱས་ཀྱི་འཁྲུངས་འདས་དང་ཡབ་ཡུམ་བླ་མ་བཅས་ཨ་ཀྱཱ་ཡོངས་འཛིན་འདི་ཉིད་ལ་སྦྱར་ཏེ་ཕན་ཚུན་བསྲེས་པའི་འཁྲུག་སེལ་སོགས་ཞིབ་པར་ཐོན་མིའི་ཞལ་ལུང་གི་ཟུར་རྒྱན་ཐོར་བུར་གསལ་ལོ།། )
ཞིག་སྟེ་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་བྱ་བས་བཀོད་པ་ཡིན་ཞིང་། འདིས་མཚོན་པའི་དུས་གསུམ་ཀུན་ཏུ་འབད་ཅིང་བསགས་པའི་དགེ་ཚོགས་ཀྱིས་འགྲོ་བ་ཀུན་ལེགས་ཉེས་ལྟ་བའི་མིག་ཕྱེ་ནས། ངོ་བོ་དང་གྲངས་མ་ནོར་བའི་ཡང་དག་པའི་ས་དང་ལམ་བཟང་གི་རྟོགས་པ་མཐར་ཕྱིན་ཏེ། ཆོས་ལོངས་སྤྲུལ་གསུམ་སྟེ་སྐུ་གསུམ་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པར་ཤོག། ཅེས་པའོ།།
རྩ་བར། ཚུལ་འདི་ལྷག་བསམ་དགེ་བ་ཅན།།
དགེ་སློང་ངག་དབང་བཟོད་པ་ཡིས།།
མཐུན་རྐྱེན་སྦྱར་ཏེ་པར་དུ་བསྒྲུབས།།
འདིས་མཚོན་དུས་གསུམ་དགེ་བའི་མཐུས།།
ཚེ་འདིའི་ཕ་མའི་ཐོག་དྲངས་པའི།།
མཁའ་མཉམ་འགྲོ་བ་མ་ལུས་པ།།
དལ་འབྱོར་རྟེན་བཟང་རིམ་བརྒྱུད་ནས།།
སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག། ཅེས་བྱུང་། ཚུལ་འདི་སྟེ་བློ་རིགས་སྡོམ་ཚིག་འདི་ནི་དགེ་སློང་ངག་དབང་བཟོད་པ་ཡིས་བསྐུལ་ཞིང་རྒྱུ་དངོས་ཀྱི་མཐུན་རྐྱེན་སྦྱར་ཏེ་པར་དུ་བསྒྲུབས། འདིས་མཚོན་པའི་དུས་གསུམ་གང་དུ་བསགས་དང་གསག་འགྱུར་གྱི་དགེ་བའི་མཐུ་ལ་བརྟེན་ནས། ཚེ་འདིའི་དྲིན་ཅན་ཕ་མའི་ཐོག་དྲངས་པའི་མ་ནམ་མཁའ་དང་མཉམ་པའི་འགྲོ་བ་གཅིག་ཀྱང་མ་ལུས་པ་མི་ཁོམ་པ་བརྒྱད་དང་བྲལ་ཅིང་འབྱོར་བ་བཅུ་དང་ལྡན་པའི་རྟེན་བཟང་རིམ་པར་བརྒྱུད་ནས་སྐུ་གསུམ་གྱི་གོ་འཕང་རིང་མིན་མྱུར་དུ་འཐོབ་པར་ཤོག། ཅེས་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱར་ཏེ་མཇུག་དྲིལ་བའོ།།
སྨྲས་པ།
བློ་བཟང་རྒྱལ་བའི་ལེགས་བཤད་འོད་སྟོང་ཅན།།
བློ་སྡོམ་འདབ་བརྒྱའི་ཚལ་ལ་རབ་འཕྲོས་པས།།
བློ་གསལ་གྲོགས་རིག་ཆུ་སྐྱེས་བཞད་པར་བརྟེན།།
བློ་དམན་གང་གི་འགྲེལ་བའི་བུང་བ་ལྡིར།།
དམ་པའི་གསུང་དང་རིགས་གཞུང་ལ་བརྟེན་ནས།།
བློ་རིགས་སྡོམ་ཚིག་བླང་དོར་གསལ་མེ་ལ།།
རང་བློས་དཔག་ཚོད་འགྲེལ་ཙམ་བགྱིས་པ་འདིས།།
བློ་ཡི་རང་གཤིས་མཐར་ཐུག་རྟོགས་པར་ཤོག། ཅེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་སོ་གཅིག་པ་མེ་མོ་བྱ་ཡི་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པ། ནང་ལོ༢༥༦༠ཟླ་བ་༡༠ཚེས་༢༥ཉིན་དགེ་སློང་འཇམ་དབྱངས་དཔལ་ལྡན་དུ་འབོད་པས་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་རྒན་གྱའི་བྲག་དཀར་གསང་སྔགས་སྨིན་རྒྱས་གླིང་དུ་མཇུག་རྫོགས་པར་སྦྱར་བའོ།། །།
2017 12 12
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn