རྫས་རིགས་གཅིག་པའི་རྣམ་ཤེས་ལ་ཅུང་ཟད་དཔྱད་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ     སྤེལ་དུས།  2020-07-17 12:31:57     རྩོམ་པ་པོ།   འཚམས་བློ་བཟང་།     ཀློག་ཐེངས།  


微信图片_20200707190719.jpg

      བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།འདིར་ཉོན་ཡིད་གནས་འགྱུར་དང་དེ་ལས་འཕྲོས་ཏེ་རྫས་རིགས་གཅིག་པའི་རྣམ་ཤེས་ལ་ཅུང་ཟད་དཔྱད་ན་དེ་ཡང་ཀུན་གཞིའི་རྒྱ་ཆེར་འགྲེལ་ལས་བདུན་ཡིད་ནི་ཉོན་མོངས་པ་བཞིའི་གཞན་སྟོབས་ཀྱིས་ཉོན་མོངས་ཅན་དུ་གྱུར་བ་ཡིན་ལ་རང་གི་ངོ་བོ་ཉིད་ཀྱིས་མ་ཡིན་པས་འཁོར་ཉོན་མོངས་ཅན་དེ་དག་ཉོན་སྒྲུབ་སྤངས་ན་ལྡོག་པ་རིགས་ལ་ཡིད་རང་གི་ངོ་བོ་ཡེ་མེད་དུ་ལྡོག་པ་ནི་མི་རིགས་པའི་ཕྱིར་ཏེ། གནས་འགྱུར་གྱི་དོན་གློ་བུར་གྱི་ཉེས་བ་རྣམས་ལམ་གྱི་མཐུས་ཟད་པར་བྱས་ནས་རང་གི་རང་བཞིན་གསལ་བར་འགྱུར་བ་ལ་འདོད་པའི་ཕྱིར་རོ། །

          ཞེས་བ་འདི་ལྟར་ན་ཉོན་ཡིད་གནས་འགྱུར་ཤེས་བ་ཡིན་པ་ལྟ་བུ་ཞིག་གསུང་ཡོད་ལ་འོན་ཀྱང་རང་རེའི་ཡིག་ཆར་ཉོན་ཡིད་གནས་འགྱུར་ལོངས་སྐུ་ཡིན་པ་གསུང་ཡོད་པས་གང་ཡིན་དཔྱད་པར་བྱ་ལ་གལ་ཏེ་ཀུན་གཞིའི་རྒྱ་ཆེར་འགྲེལ་ལྟར་ཤེས་བ་ཡིན་པ་ཁས་ལེན་ན་ཕལ་ཆེར་གཙོ་སེམས་དུ་གྱུར་བའི་ལམ་ལས་འོས་མེད་ལ་གཙོ་སེམས་དུ་གྱུར་བའི་ལམ་ཡིན་ན་དགེ་བ་ཡིན་དགོས་པས་དེ་དང་མཚུངས་ལྡན་གྱི་ཡུལ་ངེས་ལྔ་ཡོད་དགོས་ལ་དེ་ལྟར་ན་གནས་འགྱུར་དེ་དང་མཚུངས་ལྡན་གྱི་དད་པའི་རྫས་རྒྱུན་སྔ་མ་ལ་གང་འཇོག

        སྔར་གྱི་ཉོན་ཡིད་མཚུངས་ལྡན་ཞིག་འཇོག་གམ་བག་ཆགས་ཞིག་འཇོག  དང་པོ་མི་འཐད་པ་ནི་སྐབས་བཞི་བའི་སྡོམ་ལས་མི་རུང་བརྩོན་དང་ཤེས་རབ་རྫས་གཞན་ཕྱིར་ཞེས་བ་འདིས་འགྲུབ་ལ་གཉིས་བ་ལྟར་ན་བག་ཆགས་གསར་བ་ཞིག་འཇོག་གམ་ཆོས་ཉིད་ཀྱི་བག་ཆགས་ཞིག་འཇོག་དང་པོ་ལྟར་ན་ཕལ་ཆེར་ཉོན་མོངས་ཅན་གྱི་ཤེས་བ་ཞིག་གིས་བཞགས་པའི་བག་ཆགས་ཞིག་ལས་མ་འདས་པ་ཁས་ལེན་དགོས་དེ་མི་འཐད་པ་ནི་གོང་དུ་དྲང་བའི་སྐབས་སྡོམ་ལྟར་ཡིན་ནོ། །

       གཉིས་བ་ལྟར་ན་རང་བཞིན་གནས་རིགས་ལས་མ་འདས་པས་ཉོན་ཡིད་གནས་འགྱུར་དང་མཚུངས་ལྡན་གྱི་སེམས་བྱུང་ཐམས་ཅད་ཀྱི་རྫས་རྒྱུན་སྔ་མ་ལ་རང་བཞིན་གནས་རེ་འཇོག་པར་ཐལ་ལོ། །གོང་གི་རྟགས་གཉིས་པ་ཡིག་ཆའི་ཚིག་ཟིན་ལྟར་ལོངས་སྐུ་ཡིན་པར་ཁས་ལེན་ན་ཉོན་ཡིད་སངས་རྒྱ་ངེས་ཡིན་པར་ཁས་ལེན་དགོས་ལ་དེ་མི་འཐད་པ་ནི་རང་གི་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་ཡོད་ན་རང་གི་རྒྱུན་ཕྱི་མ་ཟད་པ་ཡོད་པས་ཁྱབ་བས་ཉོན་ཡིད་ཀྱང་རང་རྒྱུའི་རིགས་ལ་གནོད་བྱེད་སྟོབས་ལྡན་ཡོད་པས་ལོངས་སྐུར་འགྱུར་ངེས་སུ་ཇི་ལྟར་འཇོག་འདི་ལའང་གོ་ས་གནས་འགྱུར་ཞེས་བ་ཞིག་ཀུན་ལ་གྲགས་ཀྱང་ཁོ་བོས་དེ་འདྲ་གསུངས་པའི་ཚད་ལྡན་གྱི་ཁུངས་མཐོང་།

       ད་དུང་གོང་དུ་སྐབས་བཞི་བའི་སྡོམ་ལས་གསུངས་པ་ལྟར་ཤེས་རབ་ལྟ་བུ་སེམས་བྱུང་གཅིག་གི་དངོས་འབྲས་ལ་སེམས་བྱུང་རྫས་ཐ་དད་པ་དུ་མ་མེད་ན་སེམས་བྱུང་གཞན་དང་སེམས་ཐམས་ཅད་ལ་དེ་ལྟར་མེད་པ་ཁས་ལེན་དགོས་བ་འདྲ་བས། དེ་ལྟར་ན་དངོས་ཀྱི་ཉེར་ལེན་ཤེས་བ་གཅིག་ལས་སྐྱེས་བའི་ཤེས་བ་རྫས་ཐ་དད་པ་གཉིས་མེད་པར་ཁས་ལེན་དགོས་ལ་དེ་ལྟར་ན་རྫས་རིགས་གཅིག་པའི་ཤེས་བ་འཇོག་དཀའ་སྟེ་ཤེས་བ་གཅིག་གི་དངོས་འབྲ་ལ་ཤེས་བ་ཐ་དད་པ་གཉིས་མེད་ན་གཟུགས་ལ་དེ་བས་ཀྱང་མི་འཇོག་ལ་ལྡན་མིན་གཅིག་གི་དངོས་ཀྱི་ཉེར་འབྲས་ལའང་ཤེས་བ་ཐ་དད་གཉིས་འཇོག་དཀའ་ཞིང་།

      བསྡུས་གྲྭའི་མཐའ་དཔྱོད་སོགས་ལས་ཀྱང་ཤེས་པར་གྱུར་བའི་རྫས་རིགས་གཅིག་པ་བཞག་དུ་ཡོད་དེ་རང་གི་དངོས་ཀྱི་ཉེར་ལེན་གཅིག་ལས་རྣམ་ཤེས་ཐ་དད་པ་གཉིས་པོ་དེ་ཡིན་པའི་ཕྱིར་ཞེས་བ་ཙམ་ལས་རྣམ་ཤེས་ཐ་དད་པ་གཉིས་པོ་དེ་སྐྱེ་སའི་དངོས་ཀྱི་ཉེར་ལེན་ཏེ་གཟུགས་ཤེས་སོགས་གང་ཡིན་དངོས་མ་བཟུང་ཞིང་གསལ་ཁ་མེད་པས་གང་ཡིན་དཔྱད་པར་བྱའོ། །

ཞེས་གཞུང་བཟང་ལ་དཔྱད་མིག་དོགས་ཙམ་ཆུང་བའི་འཚམས་རིང་བློ་བཟང་དུ་འབོད་པས་སྤྱི་ལོ་2019.ཟླ་བ་7.ཚེས་13བྲིས་པ་དགེའོ། །      ། །

མཇུག་གཏམ།

  རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་ཞིང་གཞུང་ཆེན་བཀའ་པོད་ལྔ་ཡི་སྐྱེད་ཚལ་ན་དོགས་སློང་གི་སྙིང་སྟོབས་འབར་བའི་ཀློག་པ་རྣམ་པ། དེང་སང་འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་འཇོན་གསུམ་གྱི་རླབས་རྒྱུན་དྲག་ཏུ་སྐྱོམ་བཞིན་པའི་སྐབས་འདིར། མདོ་སྔགས་རིག་གནས་ཀྱི་གཞུང་ལ་ཡུལ་སྲོལ་དང་དུང་ག་ཙམ་གྱིས་འཇུག་པའི་གོམ་མཚམས་རྦད་ཀྱིས་བཞག་སྟེ། རང་ཉིད་ཀྱི་ལས་སུ་བྱ་བའི་ཐོས་བསམ་དེ་ཉིད་རང་གི་འཕྲལ་ཡུན་གྱི་འདུན་ལམ་དང་། ཇི་ལྟར་འབྲེལ་བ་ཡོད་པའི་ཐད་ལ་བསམ་གཞིག་ནན་ཏན་གནང་རྒྱུ་ནི་ཤིན་ཏུ་གལ་བོ་ཆེར་མཐོང་ལ།

     ཁྱད་པར་དུ་སྤྱི་ཚོགས་ཀྱི་ལྟ་བ་སྣ་མང་དང་བསམ་ཚུལ་འདྲ་མིན་གྱི་རླབས་རྒྱུན་དྲག་པོས་གནའ་བོའི་ཞི་དུལ་ལྷིང་འཇགས་ཀྱི་དགོན་སྡེའི་འཚོ་བ་ལ་ཡང་། འཕོ་འགྱུར་བློར་མི་ཤོང་བ་ལྟ་བུ་བྱུང་དང་འབྱུང་བཞིན་པ་ཟུར་ལྟས་ལེབ་མཐོང་རེད། དེས་ན་རང་ཅག་སྔར་བཞིན་བརྟན་བརླིང་གིས་འཚོ་དགོས་ན་ཆེས་གལ་ཆེ་བ་ནི་དམ་ཆོས་འདུལ་བ་དང་མཐུན་པ་གཞིར་བཞག་གི་སྟེང་ནས་དུས་རབས་འདིའི་མངོན་འདོད་དང་འཚམ་པའི་སྒོ་ནས་ཆོས་དང་རིག་གནས་ཀྱི་བློ་མིག་གསལ་བོ་ཞིག་ཡོད་དགོས་རྒྱུ་གནད་ཀྱི་དོན་པོ་རེད།

     དེས་ན་དགེ་མཚན་ཁྲི་སྟོང་གི་མཁའ་དབུགས་དེས་དགོན་སྡེ་ཧྲིལ་བོ་ཁྱབ་དགོས་ན་སོ་སོའི་འཇོན་ནུས་ཁོག་ལ་སྦས་ཏེ་ཅི་སྒར་སྡོད་པའི་ལུགས་དེ་གནས་མ་ཡིན་པས། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འཇུག་རྒྱུ་ཤིན་ཏུ་གལ་ཆེ། ལྷག་དོན་དུ་ས་པཎ་གྱིས། མཁས་པ་ལེགས་བཤད་རྩོམ་ན་ཤེས། །ཞེས་གསུངས་པ་ལྟར་རྩོམ་རིག་གི་ལམ་ཁ་ནས་སོ་སོའི་བསམ་བློ་བརྗེ་རེས་བྱ་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་ཞིག་ཏུ་མཐོང་ནས་ཡོད།

      མཇུག་མཐར་བོད་བརྒྱུད་ནང་བསྟན་རིག་པའི་དོགས་དཔྱོད་ལོ་དེབ་ཤེས་རབ་ཅེས་པའི་དེབ་ཆུང་འདིའི་དོན་དུ་རྒྱུ་ཚེག་གཉིས་ཀྱི་ཆ་ནས་རྔུལ་ཆུ་གཏོར་མཁན་ཚང་མ་ལ་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་བཀའ་དྲིན་ལན་བརྒྱར་དང་ཐུགས་རྗེ་གྲངས་མེད་ཞུ་བ་ལགས་སོ། །

       སྤྱི་ལོ་2019.ཧོར་ཟླ་9.ཚེས་22.ཉིན་བདག་ཅག་གི་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཉིན་རྩོམ་སྒྲིག་པས་རང་ཤག་ནས་བྲིས་སོ། ། རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                          དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།