བོད་དུ་བསྡུས་གྲྭ་ཇི་ལྟར་དར་ཚུལ་དང་རྭ་སྟོད་བསྡུས་གྲྭ་རྩོམ་མཁན་སུ་ཡིན་ལ་དཔྱད་པ་ཉུང་ངུ་རྣམ་གསལ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-13 11:05:41         ཀློག་ཐེངས།  


微信图片_20200707190719.jpg

སྐྱེས་སྦྱངས་རྣམ་དཔྱོད་རལ་བ་མཁའ་ལ་གསིག།

ལོག་སྨྲ་ཝ་སྐྱེས་བྱེ་བ་ཟིལ་གྱིས་གནོན།།

འཇིགས་བྲལ་སྙེམས་པའི་ང་རོ་གཟེངས་སུ་མཐོ།།

ཆོས་ཀྱི་གྲགས་པ་མི་ཡི་སེང་གེ་ཉིད།།

སྙིང་ལ་གབ་པའི་རྨོངས་ཆེན་ནང་གི་དགྲ།།

འཇོམས་བྱེད་ཤེས་རབ་འོད་སྣང་འབྱུང་བའི་སྒོ།།

ངོ་མཚར་བསྡུས་སྦྱོར་རིགས་ལམ་ཉིན་བྱེད་མཆོག།

བསིལ་ལྗོངས་མཁའ་ལ་ཤར་བའི་གཏམ་འདི་གླེང་།།

       སྔོན་རྒྱ་གར་དུ་ནང་བའི་བསྟན་པ་རྒྱ་ཆེར་དར་བའི་སྐབས་སུ་པཎྜིཏ་ཆེན་པོ་དག་གིས་རྩོད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་གཏམ་ངོ་མཚར་བ་ཇི་སྙེད་ཅིག་མཆིས་ལ། སྲོལ་དེའི་རྗེས་སུ་འབྲངས་ཏེ་བོད་གངས་ཅན་གྱི་ལྗོངས་འདིར་ཡང་སྔོན་བྱོན་མཁས་པ་མང་བོས་སངས་རྒྱས་བཅོམ་ལྡན་འདས་དང་དེའི་རྗེས་འབྲང་གི་མཁས་གྲུབ་ཆེན་པོ་རྣམས་ཀྱི་གསུང་རབ་ཀྱི་དགོངས་པ་འགྲེལ་སྐབས་བརྒལ་བརྟག་གི་རྩོད་པའི་ལམ་ནས་གཞུང་དོན་ལ་དཔྱད་གསུམ་གྱིས་བརྡར་ཤ་གཅོད་པའི་སྲོལ་རྒྱ་ཆེར་བྱུང་ཞིང་། དེའི་སྟབས་ཀྱིས་འཕགས་བོད་ཀྱི་མཁས་པ་དག་གིས་ཞིབ་ཅིང་ཕྲ་ལ་ཟབ་ཅིང་རྣོ་བའི་རིགས་ལམ་ནི་གཞུང་ལུགས་ཀྱི་དགོངས་དོན་འབྱེད་པའི་བློ་གྲོས་ཀྱི་མིག་ལྟ་བུར་རྩིས་སུ་བྱེད་པ་ཡིན་ཏེ།   རྗེ་བདག་ཉིད་ཆེན་པོས། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་རིགས་ལམ་ཕྲ་མོ་ཚུལ་བཞིན་དུ་རྟོགས་པའི་རྣམ་དཔྱོད་ནི་ས་སྟེང་གི་ངོ་མཚར་བའི་རིན་པོ་ཆེའི་གྲས་སུ་བགྲང་བ་ལྟར་རོ། །དེ་ལྟ་བུའི་རྣམ་པར་དག་པའི་རིགས་ལམ་ནི་ཚད་མ་རྣམ་འགྲེལ་གྱིས་མཚོན་པའི་ཚད་མའི་བསྟན་བཅོས་ཆེན་པོ་དག་གི་དགོངས་པ་ཚུལ་བཞིན་དུ་རྟོགས་པ་ལ་རག་ལས་པས། སྔོན་གྱི་ལོ་ཙཱ་བ་དག་གིས་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་བོ་དང་། ཆོས་ཀྱི་གྲགས་པ་རྣམ་གཉིས་ཀྱི་ཚད་མའི་སྐོར་རྣམས་བོད་སྐད་དུ་བསྒྱུར་ཏེ་དེ་ལ་འཆད་ཉན་རྒྱ་ཆེར་བྱེད་པའི་སྒོ་འཕར་ཡངས་པོར་ཕྱེས་པའི་སྐབས་སུ། བོད་ཀྱི་བཤད་གྲྭ་ཐམས་ཅད་ཀྱི་ཕྱི་མོ་གསང་ཕུ་ནེའུ་ཏོག་གི་གདན་ས་བ་ཕྱྭ་བ་ཆོས་ཀྱི་སེང་གེས་ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་རྒྱས་བསྡུས་གཉིས་མཛད་ཅིང་། ཚད་མའི་གཞུང་གི་གནད་འགག་དང་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྡུས་གྲྭའི་སྲོལ་གསར་དུ་ཕྱེས། དེ་དུས་གསང་ཕུར་གྲྭ་བ་དང་བཙུན་མ་འདྲེས་མར་ཡོད་པ་རྩོད་པ་སུ་ཕམ་ན་ཡུལ་ཐོན་རྒྱུ་བྱས་སྐབས་སློབ་དཔོན་ཕྱྭ་བས་རྫས་ལྡོག་གི་རྣམ་བཞག་ཁྱད་པར་བ་གྲྭ་བ་རྣམས་ལ་ལྐོག་ནས་བསླབས་པས་རྩོད་པ་རྒྱལ་ཏེ་བཙུན་མ་རྣམས་ཡུལ་བཏོན་པར་གྲགས། རྫས་ལྡོག་གི་རྣམ་བཞག་དེ་ནི་དེང་དུས་ཕྱྭ་བའི་ལུགས་ཀྱི་རྫས་ལྡོག་ཏུ་གྲགས་པ་འདི་ཉིད་ཡིན་ནོ། །ཁོང་གི་སློབ་མ་གཙང་ནག་བརྩོན་འགྲུས་སེང་གེ་སོགས་སེང་ཆེན་བརྒྱད་དུ་གྲགས་པ་རྣམས་དང་། ཡང་གསང་ཕུའི་གཉལ་ཞིག་འཇམ་དཔལ་རྡོ་རྗེ་དང་། དེའི་སློབ་མ་གཉལ་ཞིག་བུ་དགུ་སོགས་ཀྱི་སྐུ་དྲིན་ལས་མཚན་ཉིད་ཀྱི་སྲོལ་རྒྱ་ཆེར་དར་ཞིང་། བཤད་གྲྭ་དུ་མ་རིམ་པར་བྱུང་བས་དེ་དག་ཏུ་བསྡུས་གྲྭའི་འཆད་ཉན་ཡང་དར་བར་གོར་མ་ཆག་ཀྱང་ལོ་རྒྱུས་དང་ཆོས་འབྱུང་རྣམས་སུ་གསལ་ཁ་ཅན་བཀོད་པ་མ་མཐོང་བས་གྱ་ཚོམ་དུ་འབྲི་མ་སྤོབས་སོ། །

       ཕྱིས་སུ་བསྡུས་གྲྭར་རྩལ་དུ་བཏོན་ནས་འཆད་ཉན་བྱེད་མཁན་ནི་རི་བོ་དགེ་ལྡན་པའི་མཚན་ཉིད་ཀྱི་བཤད་གྲྭ་ཆེན་པོ་རྣམས་ཡིན་ལ། བསྡུས་གྲྭར་ཅི་ཙམ་བྱང་བ་ཙམ་གྱིས་བློ་གྲོས་ཀྱི་རྩལ་མྱུར་ཞིང་། ཁས་ལེན་ལ་ཞིབ་ཆ་ཆེ་བ། གཞུང་དོན་གྱི་དགོངས་པའི་གནད་འཁྲོལ་བ་སོགས་ཀྱིས་དགེ་ལྡན་པའི་བཤད་གྲྭ་རྣམས་སུ་བཀའ་པོད་ལྔ་ལ་སྦྱོང་བའི་ཐོག་མར་རིགས་ལམ་གྱི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུའི་བསྡུས་གྲྭར་སློབ་གཉེར་བྱེད་པའི་སྲོལ་ཁྱབ་གདལ་དུ་ཚུགས་སོ། །ཁྱད་པར་སྟག་ཚང་ར་བ་སྟོད་པ་བསྡུས་ཚད་ལ་མཁས་པའི་ཚད་དུ་བརྩི་བས་སེར་འབྲས་སོགས་ནས་ཀྱང་སློབ་གཉེར་བ་མང་བོ་དེར་བསྡུས་ཚད་སྦྱོང་དུ་ཕེབས་པའི་ལོ་རྒྱུས་སྣང་ལ། རྒྱལ་དབང་ལྔ་བ་ཆེན་པོས་ཀྱང་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་བསྡུས་གྲྭའི་གསན་སྦྱོང་གི་སྐོར་གསུང་སྐབས། ར་བ་སྟོད་དེ་མཚན་ཉིད་ཀྱི་གྲྭ་སའི་ཁྱུ་རྒྱན་དུ་སྣང་བས་འགྲིམ་རྒྱུ་བྱུང་ན་སྙམ་པ་དུངས་དུངས་བྱུང་། ཞེས་བསྔགས་བརྗོད་མཛད་ཡོད་དོ། །ཧོར་སྨིན་གྲོལ་ངག་དབང་འཕྲིན་ལས་ལྷུན་གྲུབ་འབྲས་སྤུངས་སྒོ་མང་དུ་སློབ་གཉེར་གནང་སྐབས་ར་བ་སྟོད་དུ་ཕེབས་ཏེ། པཎ་ཆེན་མཆོག་ལྷ་འོད་ཟེར་ནས་བརྩིས་པའི་བླ་རབས་བཅུ་བཞི་བ་སྲས་ཁང་དམ་ཆོས་རྣམ་རྒྱལ་གྱི་དྲུང་ནས་བསྡུས་ཚད་ལ་སྦྱངས་ཤིང་སྒོ་མང་མཁན་པོ་སོགས་མཐར་ཕྱིན་ཏེ། ཕྱིས་མདོ་སྨད་དུ་ཕེབས་ནས་གསེར་ཁོག་བཙན་པོ་དགོན་འཛིན་སྐྱོང་གནང་སྐབས་ཡོངས་གྲགས་ལ་བཙན་པོའི་བསྡུས་གྲྭར་འབོད་པ་རིགས་གནས་ལེགས་བཤད་བང་མཛོད་བརྩམས།  དེའི་རྗེས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པས་བསྡུས་གྲྭའི་སྐོར་ཚན་པ་ཁ་ཤས་མཛད་ཅིང་།  ཁོང་གི་སློབ་མའི་ཁྲོད་ནས་མཁན་ཆེན་དགེ་འདུན་རྒྱ་མཚོས་མཁན་ཆེན་བསྡུས་གྲྭ་དང་། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་བསྡུས་གྲྭ་རྩོམ་འཕྲོ་ཅན་དང་བསེ་བསྡུས་མཛད། ཐུགས་སྲས་ངག་དབང་བཀྲ་ཤིས་དབུས་ནས་མདོ་སྨད་དུ་ཕེབས་ཏེ་བཀྲ་ཤིས་འཁྱིལ་གྱི་ཁྲི་བ་མཛད་སྐབས་བསྡུས་གྲྭ་མི་འདྲ་བ་སུམ་ཅུ་ཐུགས་ཐོག་ནས་བརྩི་བཞག་ལ་བཏང་བར་སྐྱོར་དཔོན་སོ་སོས་ཟིན་བྲིས་བྱས་པ་མཇུག་མ་ཚང་བ་གསུམ་དང་། ཆ་ཚང་བ་ཉེར་བདུན་ཡོད་པའི་གྲས་ཀྱི་གཅིག་ད་ལྟའི་བསེ་བསྡུས་འདི་ཉིད་ཡིན་ལ།  སོག་པོའི་དཔོན་མོ་ཨེར་ཁེ་ཤ་རས་སྦྱིན་བདག་དང་རྔ་བ་གོ་ཐོབ་ཀྱིས་ཞུས་དག་བྱས་ཏེ་དཔར་དུ་བསྐོས། ད་ལྟའི་བླ་བྲང་དཔར་མའི་མཇུག་བྱང་དུ་གསལ་བ་ལྟར་འདི་ཟིན་བྲིས་འདེབས་མཁན་སྐྱོར་དཔོན་ཁྲ་རིས་སམ་བློ་བཟང་མཁས་མཆོག་ཡིན་པར་གྲགས་ཀྱང་། དབལ་མང་པཎྜི་ཏའི་བླ་བྲང་གདན་རབས་སུ་རྭ་བསོད་ནམས་དབང་རྒྱལ་གྱི་གསུང་སྒྲོས་བཞིན་དབལ་མང་ཆུང་བ་སྐུ་ཕྲེང་དང་བོ་སྐྱོར་དཔོན་བཀྲ་ཤིས་རྒྱ་མཚོ་ཡིན་པར་གསུངས་སོ། །ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་བསྡུས་གྲྭའི་རྨང་གཞི་བརྟན་པོར་བཙུགས་པའི་བཀའ་དྲིན་ལ་བརྟེན་ནས་བསྡུས་གྲྭའི་འཆད་ཉན་ཤིན་ཏུ་འཕེལ་ཞིང་། རྭ་བསོད་ནམས་དབང་རྒྱལ་གྱིས་རྭ་བསྡུས། རྗེ་བསྟན་པའི་སྒྲོན་མེས་རིགས་ལམ་འཕྲུལ་ལྡེ། དབལ་མང་པཎྜི་ཏས་རིགས་ལམ་འོད་འཕྲེང་། འབའ་ལིང་དཀོན་མཆོག་ཆོས་འཕེལ་གྱིས་འབའ་ལིང་བསྡུས་གྲྭ་སོགས་བསྡུས་གྲྭའི་ཡིག་འཇོག་རྒྱས་བསྡུས་སྣ་ཚོགས་མཛད་མཁན་དུས་ཕྱིས་བར་དུ་རིམ་པར་བྱུང་ངོ་། །

      ད་ལྟ་ཞིབ་ཏུ་བསམ་ཚེ་དགེ་ལྡན་པའི་བསྡུས་གྲྭའི་སྐོར་གྱི་གསུང་རྩོམ་མཛད་མཁན་ཕལ་ཆེར་དཔལ་ལྡན་བཀྲ་ཤིས་སྒོ་མང་དང་། དེའི་བུ་དགོན་བཀྲ་ཤིས་འཁྱིལ་གྱི་མཁས་དབང་རིམ་པར་བྱོན་པ་རྣམས་ཡིན་པར་གསལ་ལ། གཞན་ཡང་རྒྱལ་བ་དགེ་འདུན་གྲུབ་ཀྱི་བསྡུས་གྲྭའི་རྩ་ཚིག་ཡོད་པར་བཤད་ཅིང་། མཁས་པ་ཆེན་པོ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་བསྡུས་གྲྭ་ཤེས་བྱ་ཀུན་གསལ་དང་། སྟག་ཚང་ར་བ་སྟོད་ཀྱི་རྭ་སྟོད་བསྡུས་གྲྭ། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བསྡུས་གྲྭར་གསན་སྦྱོང་གི་ཞབས་འདེགས་སུ་ཡོངས་འཛིན་ཕུར་ལྕོག་པས་རིགས་ལམ་འཕྲུལ་ལྡེ་བརྩམས་པ་སོགས་ཀྱིས་མཐའ་དབུས་ཀུན་ཏུ་བསྡུས་གྲྭའི་འཆད་ཉན་རྒྱ་ཆེར་དར་བར་གྱུར་ཏོ། །འོ་ན་སྔོན་གྱི་མཁས་པ་དག་གི་བསྡུས་གཞུང་རྣམས་སུ་བསྡུས་ཚན་གྱི་དབྱེ་བ་ཅི་ཙམ་སྣང་ཞེ་ན།  མཁས་པ་སོ་སོའི་བཞེད་པ་མི་འདྲ་བའི་དབང་གིས་མཐའ་གཅིག་ཏུ་མ་ངེས་ཏེ། བཙན་པོའི་བསྡུས་གྲྭ་ལྟར་ན་བསྡུས་ཚན་འགའ་ཞིག་སོ་སོར་ཕྲལ་བས་བཅོ་བརྒྱད་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྡུས་གྲྭའི་རྩ་ཚིག་ཏུ་བློ་རྟགས་གཉིས་མ་བརྩིས་པའི་བསྡུས་ཚན་ཉེར་ལྔ་དྲངས་ཤིང་། ཕྱྭ་བའི་ལུགས་ཀྱི་རྫས་ལྡོག་དང་རང་ལུགས་རྫས་ལྡོག་གཉིས་གཅིག་ཏུ་བགྲང་ན་བསེ་བསྡུས་ཀྱང་གྲངས་དེ་དང་མཐུན་ལ། རྭ་བསོད་ནམས་དབང་རྒྱལ་གྱིས་མཛད་པའི་རྭ་བསྡུས་ཀྱང་དབྱེ་བསྡུའི་ཁྱད་པར་ཙམ་མ་གཏོགས་བསྡུས་ཚན་ཉེར་ལྔ་ཅན་ཡིན་ནོ། །འོན་ཀྱང་བསྡུས་གྲྭ་འདི་གཉིས་དང་གོང་གི་རྩ་ཚིག་གསུམ་གྱི་བསྡུས་ཚན་སྒྲིག་སྟངས་ཀྱི་གོ་རིམ་ཅུང་མི་འདྲའོ། །མཁན་ཆེན་བསྡུས་གྲྭའི་དབུར་། བསྡུས་ཚད་ལུང་རིགས་སྨྲ་ལ་ཟླ་བྲལ་དུ། །ཡོངས་གྲགས་མཁས་མང་བསྡུས་གྲྭའི་ལུགས་ལྟར་ན། །ཞེས་པ་ནས་། དགུ་བཅས་བསྡོམས་གྲངས་བསྡུས་ཚན་ཉེར་གཅིག་བཞེད། །ཅེས་རྭ་སྟོད་བསྡུས་གྲྭ་ལྟར་ན་བསྡུས་ཚན་ཉེར་གཅིག་བཞེད་པར་གསུངས་ལ། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་བསྡུས་སྦྱོར་སྙིང་བོའི་འགྲེལ་བར། གོང་གི་མཁན་ཆེན་བསྡུས་གྲྭའི་ལུང་འདི་ཆ་ཚང་བར་དྲངས་ཏེ། བསྡུས་ཚན་ཉེར་གཅིག་གི་སྟེང་། རྭ་སྟོད་བསྡུས་གྲྭར་ཞར་བྱུང་དུ་བཀོད་པའི། ཡིན་གྱུར་མིན་གྱུར་དང་། བར་ཤུན། དགག་གཤགས་སྒྲུབ་གཤགས། ཁས་ལེན་སོང་ཚུལ་བཞི་བསྣན་ན་བསྡུས་ཚན་ཉེར་ལྔ་འདོད་པར་གསུངས་སོ། །མཁན་ཆེན་བསྡུས་གྲྭ་རང་དུ་བསྡུས་ཚན་སུམ་ཅུར་ཕྱེ་འདུག་ཅིང་། འདིས་མཚོན་པས་བསྡུས་གཞུང་རྣམས་སུ་བསྡུས་ཚན་གྱི་གྲངས་དང་རྒྱས་བསྡུས་མི་འདྲ་བ་སྣ་ཚོགས་སྣང་ངོ་། །གང་ལྟར་བསྡུས་ཚན་ཉེར་ལྔའམ་དང་སུམ་ཅུར་ཕྱེ་བ་དག་བསྡུས་གྲྭ་ཆ་ཚང་ཞིང་རིགས་པའི་འཕྲུལ་འཛོམས་ཆེ་བས་གལ་ཏེ་བསྡུས་གྲྭར་སྦྱོང་འདོད་མཁན་ཞིག་ཡིན་ན་དེ་ལྟ་བུའི་བསྡུས་གྲྭ་རྒྱས་པ་དག་ལ་སྦྱང་ན་བློ་གྲོས་ཀྱི་འཇུག་པ་མཆོག་ཏུ་རྒྱས་པར་འགྱུར་རོ། །

 དེ་བཞིན་དུ་བཤད་གྲྭ་རྣམས་སུ་བསྡུས་གྲྭར་སློབ་གཉེར་བྱེད་པའི་ལོ་ཚད་ཀྱང་མི་འདྲ་བ་མང་བོ་འདུག་ཀྱང་། དཔལ་ལྡན་བཀྲ་ཤིས་འཁྱིལ་ལྟ་བུར་མཚོན་ན་ལོ་བཞིར་སློབ་གཉེར་བྱེད་པའི་སྲོལ་བསྟར་ཆགས་སུ་གནས་སོ། །མདོར་ན་བསིལ་ལྡན་གངས་རིའི་ལྗོངས་འདིར་བསྡུས་གྲྭའི་སྲོལ་གསར་དུ་དར། ལེགས་བཤད་མང་བོ་སྔ་ཕྱིར་བརྩམས། མཁས་པ་མང་བོས་ཤེས་རབ་དང་བརྩོན་འགྲུས་སྐྱ་བསྒྲིལ་ཏེ་ལུགས་བཟང་འདི་ཉིད་རྒྱ་ཆེར་སྤེལ་བའི་བཀའ་དྲིན་གྱིས། མཐའ་དབུས་ཀྱི་བློ་གསལ་བགྲང་ཡས་པའི་རྣམ་དཔྱོད་ཀྱི་མིག་ཕྱེ་ཞིང་། ཟབ་གསལ་མྱུར་བའི་ཤེས་རབ་དང་རིགས་ལམ་དྲི་མ་མེད་པས་གཞུང་ལུགས་ཀྱི་དགོངས་དོན་འཚོལ་བའི་ལམ་པོ་ཆེར་ཞུགས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ད་ནི་རྭ་སྟོད་བསྡུས་གྲྭ་རྩོམ་མཁན་སུ་ཡིན་ལ་དཔྱད་པར་བྱ་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སེར་དུ་ར་བ་སྟོད་པའི་བྱུང་རབས་འཆད་སྐབས། འཆད་ཉན་བསྡུས་གཞུང་ངག་རྒྱུན་སྣ་ཚོགས་དང་རྣམ་འགྲེལ་མཐའ་དཔྱོད་དྲུང་ལེགས་བཟང་དང་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་མཛད་པ།  ཞེས་དང་།

      འདི་ལོ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་སྤྱི་དོན་རིགས་རྒྱན། ཚད་མ་རྣམ་འགྲེལ་ལེགས་པར་བཤད་པའི་ཊཱིཀ་ཆེན། བསྡུས་གཞུང་གསར་རྩོམ་རྣམས་གཏོང་གསུངས། བཻ་སེར་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ།(སྤྱི་ལོ་༡༦༩༢)ལོར་འགོ་བརྩམས་ཏེ་ལོ་དྲུག་པ་ས་སྟག(སྤྱི་ལོ་༡༦༩༨)ལོར་མཇུག་གྲུབ་པ་ཡིན་པས་འདི་ལོ་ནས་བསྡུས་གཞུང་གསར་རྩོམ་གཏོང་གསུངས་པའི་ལོ་ཡང་ས་སྟག་འདི་ཡིན་པ་བཻ་སེར་རང་གི་གཞུང་གོང་འོག་བསྒྲིགས་ཏེ་དཔྱད་ན་ཤེས་ནུས་སོ། །དེའི་ཡར་སྔོན་དུ་བསྡུས་གཞུང་ངག་རྒྱུན་སྣ་ཚོགས་ཙམ་ལས་མེད་པས་ལོ་དེར་བསྡུས་གཞུང་གསར་རྩོམ་བརྩི་བཞག་ལ་བཏང་བར་གསལ་ལ། བསྡུས་གཞུང་གསར་རྩོམ་དེ་ནི་ད་ལྟའི་རྭ་སྟོད་བསྡུས་གྲྭ་འདི་ཉིད་ཡིན་ཏེ། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མར། སྐབས་དེར་ར་བ་སྟོད་པའི་དགེ་བཤེས་རབ་འབྱམས་པ་བསྟན་འཛིན་དང་། ཕུན་ཚོགས་སོགས་དགེ་བཤེས་འགས་བསྡུས་གྲྭ་ཤོག་ལྡེབ་བརྒྱ་ལྷག་ཡོད་པ་གཅིག་བརྩམས། སྡེ་བས་བསྡུས་གྲྭ་ཉུང་ངུ་ཞིག་བརྩམས། ཁོ་རང་ཚོས་བསྡུས་ཚན་ཉེར་ལྔ་འདྲེན་མ་ཤེས། དེ་ནས་སྡེ་བས་ར་བ་སྟོད་པ་སོགས་ལ་དྲིས་པས་ཤོད་མཁན་མ་བྱུང་། བྱམས་པ་བསྟན་འཛིན་དང་བཅས་འདྲེན་རྒྱུའི་ཁུལ་བྱས་ནས་དྲུག་སྒྲའི་བར་ཤུན་ཟེར་བ་གཅིག་དྲངས། དེ་ནི་སྔར་སུ་ལ་མ་གྲགས་པའི་ཆོས་སྐད་རེད། ལ་ལས་བསྡུས་ཚན་ཉེར་ལྔ་ཟེར་བ་གཅིག་གྲགས་པ་ཙམ་ལས་གྲངས་འདྲེན་རྒྱུ་མེད་ཟེར། རྗེ་འདི་ལ་སྡེ་བས་འདྲི་མཁན་བཏང་བས།  རྗེ་འདིས་ཐོགས་པ་མེད་པར་དྲངས་ནས།  རྩ་ཚིག་གཅིག་བརྩམས། ཞེས་དང་། ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་ལས། སྐབས་དེར་སྐུ་ཞབས་ཀྱི་ཐུགས་གཉེར་གྱི་ཆེད། སྡེ་སྲིད་དང་། ར་བ་སྟོད་བླ་མ་ཚུལ་ཁྲིམས་རིན་ཆེན་དང་། ར་བ་སྟོད་པའི་དགེ་བཤེས་ཚངས་དབྱངས་ཆོས་གྲགས་དང་། དམ་ཆོས་རིན་ཆེན་བཞིས་ཐུན་མོང་ནས་བསྡུས་གྲྭ་རྒྱས་པ་ཞིག་བརྩམས་པར། བསྡུས་ཚན་ཉེར་ལྔ་འདྲེན་མ་ཤེས་པར།

       སྡེ་སྲིད་ཀྱིས་ར་བ་སྟོད་པ་འགའ་ཞིག་ལ་དྲིས་པས་ཚང་མ་འདྲེན་རྒྱུ་མ་རྙེད་པར། ལག་འཐོགས་ནས་བར་ཤུན་ཟེར་བ་ཞིག་དྲངས་པ་ནི་མཁས་པ་རྣམས་ལ་མ་གྲགས་པའི་ཆོས་སྐད་དུ་སྣང་།  ཞེས་དང་། ལ་ལས་བསྡུས་ཚན་ཉེར་ལྔ་ཟེར་བ་ཙམ་ལས་གྲངས་འདྲེན་རྒྱུ་མེད་ཅེས་མ་འཆམ་པར། སྡེ་སྲིད་སྐུ་ཞབས་ནས། རྗེ་འདི་ལ་འདྲི་མཁན་བྱུང་བར། ལན་དུ་བསྡུས་གྲྭའི་རྩ་ཚིག་གསར་དུ་བརྩམས་ནས་ཕུལ། ཞེས་འབྱུང་ངོ་། །བསྡུས་གྲྭའི་རྩ་ཚིག་དེ་ནི་ཀུན་མཁྱེན་གསུང་འབུམ་དུ་བཞུགས་པའི་བསྡུས་ཚན་ཉེར་ལྔའམ་ཉེར་བདུན་གྱི་གྲངས་འདྲེན། མཇུག་བྱང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུས་ངོར་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ། །ཞེས་ཡོད་པ་འདི་ཉིད་ཡིན་ནོ། །གོང་གི་ས་སྟག་ལོ་དེར་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་མཚན་ཉིད་གསན་སྦྱོང་གི་དབུ་ཚུགས་པས། འབྲས་སྤུངས་སྒོ་མང་དང་། བློ་གསལ་གླིང་། བདེ་ཡངས། སེ་ར་བྱེས་སྨད་གཉིས། དགའ་ལྡན་བྱང་རྩེ་བཅས་གྲྭ་ཚང་དྲུག་ནས་བྱ་བྲལ་བློ་བཟང་རིན་ཆེན་སོགས་མཚན་ཉིད་ཞབས་ཞུ་བ་དྲུག་གི་སྟེང་། ར་བ་སྟོད་ནས་ན་ཚོད་ཀྱང་ཕལ་ཆེར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་མཉམ་པའི་གྲྭ་ཕྲུག་ཁ་ཤས་ཀྱི་སྟེང་སྡེ་སྲིད་རང་གི་སྲས་ངག་དབང་རིན་ཆེན་དང་བཅས་མཚན་ཞབས་པ་བརྒྱད་ཀྱང་བསྡུས།  བསྡུས་གྲྭའི་དགེ་རྒན་ལ་ར་བ་སྟོད་ནས་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ་དང་། བྱམས་པ་བསྟན་འཛིན་གཉིས་གདན་དྲངས་ཏེ་བསྡུས་གྲྭའི་གསན་སྦྱོང་གི་དབུ་ཚུགས།

        དེ་དུས་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོར་ཚངས་དབྱངས་ཆོས་གྲགས་དང་། བྱམས་པ་བསྟན་འཛིན་ལ་དམ་ཆོས་རིན་ཆེན། གྲྭ་ཕྲུག་མཚན་ཞབས་པ་བརྒྱད་ལ་ཡང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཚན་ཟུར་མ་ཚང་བ་རྣམས་ལ་མཚན་ཟུར་བསྣན་པའི་མིང་གསར་དུ་བཏགས་ཚུལ་སོགས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཚངས་རྣམ་གསེར་གྱི་སྙེ་མར་གསལ་ལོ། །དེས་ན་གོང་གི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་གཉིས་ཀྱི་ནང་གི་ར་བ་སྟོད་པའི་དགེ་བཤེས་གཉིས་ཀྱི་མཚན་མི་འདྲ་ཡང་། ཕུན་ཚོགས་ནི་ཕུན་ཚོགས་རྒྱ་མཚོ་དང་། བསྟན་འཛིན་ནི་བྱམས་པ་བསྟན་འཛིན་གྱི་བསྡུས་མིང་ཡིན་ལ། ཕུན་ཚོགས་རྒྱ་མཚོ་ལ་ཚངས་དབྱངས་ཆོས་གྲགས་དང་། བྱམས་པ་བསྟན་འཛིན་ལ་དམ་ཆོས་རིན་ཆེན་དུ་མཚན་སྤོས་པས་འགལ་བ་མེད་དོ། །དགེ་རྒན་འདི་གཉིས་ལས་ཚངས་དབྱངས་ཆོས་གྲགས་ཕྱིས་སུ་དཔལ་འཁོར་ཆོས་སྡེ་དང་།  དམ་ཆོས་རིན་ཆེན་གཉལ་སྡེ་དྲུག་གི་མཁན་པོར་བསྐོས་འདུག

          ཀུན་མཁྱེན་འཇམ་དབྱངས་བཞད་པ་དགུང་ལོ་ང་གཉིས་པ་ས་ཡོས་ལོར་རྒྱལ་བ་ཚངས་དབྱངས་པ་འབྲས་སྤུངས་སུ་ཕེབས་སྐབས་བདེ་ཡངས་ཆོས་གྲྭར་རྭ་སྟོད་དགེ་བཤེས་གདོང་དམར་དང་ལྷན་དུ་ཚོགས་གླེང་མཛད་པར་རྣམ་ཐར་ལས་གསུངས་པའི་དགེ་བཤེས་གདོང་དམར་ཀྱང་དམ་ཆོས་རིན་ཆེན་འདི་ཉིད་ཡིན་པར་སྣང་ངོ་། །དེ་དུས་ར་བ་སྟོད་པར་བསྡུས་གྲྭའི་ཡིག་ཆ་གཞན་མེད་སྟབས་བཙན་པོའི་བསྡུས་གྲྭའི་སྟེང་ནས་འབུལ་ལམ་ཇི་ལྟར་བྱེད་སྡེ་སྲིད་ལ་དྲིས་པར། སྡེ་སྲིད་ཀྱིས་ཚིག་བཀྲ་ལེགས་པས་ཐོག་མར་ལས་བཞི་ལྷུན་གྱིས་འགྲུབ་པའི་དོན་ཡོད་གྲུབ་པ་ལྗང་གུའི་ཁ་དོག་རྩོད་གཞིར་བཟུང་སྟེ་བརྩི་བཞག་གཏོང་དུ་བཅུག་པས་ད་ལྟའི་རྭ་སྟོད་བསྡུས་གྲྭའི་དབུར་ཡང་དེ་ཐོག་མར་བཀོད་པའི་རྒྱུ་མཚན་དེ་ཡིན་ནོ། །ཡིག་ཆ་ཅུང་ཆ་ཚང་བ་བཙན་པོའི་དེ་ལས་གཞན་མེད་ཚུལ་ར་བ་སྟོད་པ་ཚོས་སྡེ་སྲིད་ལ་ཞུས་པ་ཚངས་རྣམ་གསེར་གྱི་སྙེ་མར་གསལ་བས། དེའི་གོང་དུ་ར་བ་སྟོད་པར་བསྡུས་གྲྭའི་ཡིག་ཆ་གཞན་མེད་ཚུལ་ཤིན་ཏུ་གསལ་ལོ། །དེས་ན་རྭ་སྟོད་བསྡུས་གྲྭ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་དུ་གསལ་བ་ལྟར། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཚན་ཉིད་གསན་སྦྱོང་གི་ཆེད་དུ་རྭ་སྟོད་བླ་མ་ཚུལ་ཁྲིམས་རིན་ཆེན་དང་། རྭ་སྟོད་དགེ་བཤེས་ཚངས་དབྱངས་ཆོས་གྲགས། དམ་ཆོས་རིན་ཆེན་སོགས་ཀྱིས་བརྩམས་པ་ཡིན་ལ།  རབ་བྱུང་བཅུ་གཉིས་པའི་ས་སྟག་ལོའི་ཟླ་ལྔ་བའི་ཚེས་བཞིར་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསྡུས་གྲྭ་གསན་སྦྱོང་གི་དབུ་ཚུགས་ཤིང་། ལོ་དེའི་བཅུ་བའི་ཉེར་ལྔ་ལ་སྡེ་སྲིད་ཀྱིས་བཻ་སེར་བརྩམས་གྲུབ་པས་རྭ་སྟོད་བསྡུས་གྲྭ་ཡང་བར་སྐབས་དེར་བྱུང་བར་ཚད་མས་རྗེས་སུ་དཔོག་གོ།  །རྭ་སྟོད་བསྡུས་གྲྭ་རང་གི་དབུར། ཕྱོགས་བཅུའི་རྒྱལ་ཀུན་འདུས་པའི་ངོ་བོ་ནི། །རྩ་བའི་བླ་མ་ང༵ག་དབ༵ང་བློ༵་ཡི་གཏེར། །བསྐལ་བཟ༵ང་རྒྱ༵་མཚོ༵འི་མ་མ་རིགས་བརྒྱའི་བདག །དེང་ནས་བྱང་ཆུབ་བར་དུ་མི་འབྲལ་སྐྱོངས། །ཞེས་རྒྱལ་དབང་ལྔ་བར་མཆོད་བརྗོད་མཛད་པས་ཀྱང་བསྟན་བཅོས་འདི་ལྔ་བ་ཆེན་པོའི་རྗེས་སུ་བྱུང་བ་ཤེས་ནུས་སོ། །བསྡུས་གྲྭ་འདི་ཐོག་མར་བྲིས་མ་ཁོ་ན་ལས་མེད་ཀྱང་། རྗེས་སུ་ཧལ་ཧ་དགེ་བཤེས་བློ་བཟང་སྙན་གྲགས་ཀྱིས་དཔར་དུ་བསྐོས་པ་ཡིན་ཏེ། དབལ་མང་པཎྜི་ཏའི་རིགས་ལམ་འོད་འཕྲེང་ལས། རྭ་སྟོད་བསྡུས་གྲྭ་ཞེས་ཡོངས་སུ་གྲགས་པ་དགེ་བཤེས་མང་བོས་བསྒྲིགས་པ་འདི་སྔ་སོར་བྲིས་མ་ཁོ་ན་ལས་མེད་ཀྱང་། ཕྱིས་སུ་དཔེ་མི་འདྲ་བ་མང་བོ་བྱུང་བའི་སྟབས་ཀྱིས། ར་བ་སྟོད་དུ་ལེགས་པར་སྦྱངས་པའི་རིགས་པ་སྨྲ་བའི་ཁྱུ་མཆོག་འབྲས་སྤུངས་དགེ་བཤེས་ཧལ་ཧ་བློ་བཟང་སྙན་གྲགས་ཀྱིས་པར་དུ་བསྐོས་ནས་ར་བ་སྟོད་དུ་ཕུལ། ཞེས་གསུངས་པ་ལྟར་རོ། །རྗེ་འཇིགས་མེད་དབང་བོས་མཛད་པའི་ཀུན་མཁྱེན་རྣམ་ཐར་དུ་བསྡུས་ཚན་ཉེར་ལྔ་འདྲེན་སྐབས་བར་ཤུན་ཟེར་བ་དྲངས་པར་བཀའ་བཀྱོན་མཛད་འདུག་ཅིང་། རྣམ་ཐར་བཙན་པོ་མར་རྭ་སྟོད་པ་བྱམས་པ་བསྟན་འཛིན་གྱིས་དྲུག་སྒྲའི་བར་ཤུན་ཟེར་བ་དྲངས་པར་གསུངས་ལ། ད་ལྟའི་རྭ་སྟོད་བསྡུས་གྲྭར་བར་ཤུན་དེ་ཡོད་རྟོགས་མེད་རྟོགས་ཀྱི་ཞར་བྱུང་ལ་བཀོད་འདུག་གོ །

         བཻ་སེར་དང་། ཚངས་རྣམ་གསེར་གྱི་སྙེ་མ། ཀུན་མཁྱེན་རྣམ་ཐར་བཙན་པོ་མར་བཀོད་པའི་གོང་གི་ལོ་རྒྱུས་འདི་རྣམས་ཚད་ཐུབ་ཏུ་འོས་པ་ཡིན་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་རྭ་སྟོད་བསྡུས་གྲྭ་རྩོམ་པའི་ཁྲོད་དངོས་སུ་ཞུགས་པ་དང་།  ཐུགས་སྲས་ངག་དབང་བཀྲ་ཤིས་རྭ་སྟོད་བསྡུས་གྲྭ་བརྩམས་པའི་ས་སྟག་ནས་གྱེན་དུ་བགྲང་བའི་ལོ་བཞི་བ་ཤིང་ཁྱི་(སྤྱི་ལོ༡༦༩༤)་ལོར་ར་བ་སྟོད་དུ་ཕེབས་ཏེ་ལོ་གཅིག་དང་ཕྱེད་ཀའི་རིང་བསྡུས་གྲྭར་སྦྱངས་ནས་བཞུགས་པ་ཡིན་པས་འདིའི་སྐོར་ལ་རྒྱུས་མངའ་ཆེ་བར་གདོན་མི་ཟའོ། །དེས་ན་རྭ་སྟོད་བསྡུས་གྲྭ་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བསྡུས་གྲྭའི་གསན་སྦྱོང་གི་ཞབས་འདེགས་སུ་རབ་བྱུང་བཅུ་གཉིས་པའི་ས་སྟག་ལོར་བརྩམས་པའི་ཚུལ་འདི་ཤེས་པར་བྱས་ཏེ། བསྡུས་གྲྭ་འདི་རྒྱལ་བ་དགེ་འདུན་གྲུབ་ཀྱི་དངོས་སློབ་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་མཛད་པ་ཡིན་ནོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་བ་དག་ཅུང་ཟད་བག་ཚ་བ་མཛད་དུ་གསོལ་ལོ། །

སྨྲས་པ།

ཕྱོགས་གླང་གྲགས་པས་ཚད་མའི་འོད་སྣང་འཕགས་ཡུལ་ཆོས་ཀྱི་ཞིང་ནས་བཀྱེས། །

ཕྱྭ་གཙང་རྣོ་མྱུར་རྩོད་པའི་མེ་ཏོག་གསང་ཕུའི་ཆོས་ཀྱི་ར་བར་བཞད། །

བློ་བཟང་རྒྱལ་བའི་ཕྲ་ཞིབ་རིགས་ལམ་བློ་གསལ་བརྒྱུད་པའི་སྙིང་ལ་གནས། །

དེ་ཡིས་ཡངས་པའི་ས་ཆེན་ཁྱོན་འདིར་རྩོད་ངག་ཉི་མའི་རླབས་བཞིན་མཆེད། །

མཁའ་དབྱིངས་སྤྲིན་གྱི་བ་གམ་གཡོ་བའི་རྩེར། །

རབ་གསལ་འོད་ཀྱིས་འཛུམ་པའི་ཟླ་བ་བཞིན། །

ཡིད་འོང་རིགས་ལམ་མེ་ཏོག་ཆུན་འཕྱང་ཅན། །

བློ་ལྡན་སྐྱེ་བོ་འཇིག་རྟེན་དགའ་བའི་དཔྱིད། །

སྙིང་ལ་འཇམ་པའི་རྡོ་རྗེའི་བྱིན་རླབས་འཁྱིལ། །

ངག་ལ་དབྱངས་ཅན་ལྷ་ཡི་རྩལ་རྫོགས་ཏེ། །

ལྔ་རིག་ཆོས་ཀྱི་པི་ཝང་འཁྲོལ་བཞིན་དུ། །

ངེས་ལེགས་ཐར་བའི་དགའ་ཚལ་འགྲིམ་གྱུར་ཅིག །

       ཅེས་པ་འདི་ཡང་རྔ་ཡུལ་སྒོ་མང་དགོན་ནས་རྡོ་རམས་པ་འབུམ་ཐང་དར་རྒྱས་རྒྱ་མཚོའམ་དབྱངས་ཅན་བཞད་པའི་བཤེས་གཉེན་དུ་འབོད་པས་རབ་གནས་ས་ཕག་ལོའི་དབོ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པར་མཇུག་རྫོགས་པར་བྲིས་པའོ།།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།