རྗེ་༧རྔ་བ་གྲགས་པ་རྒྱ་མཚོ་མཆོག་གི་ཀུན་མཁྱེན་རྟགས་རིགས་མཐའ་དཔྱོད་ཀྱི་དཔེ་ཁྲིད་ཟིན་བྲིས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-11 21:38:16     རྩོམ་པ་པོ།   རྗེ་རྔ་བ་གྲགས་པ་རྒྱ་མཚོ།     ཀློག་ཐེངས།  

微信图片_20200707190752.jpg

           འཁྲིད་མཁན།  རྗེ་རྔ་བ་གྲགས་པ་རྒྱ་མཚོ།

  ཟིན་བྲིས་པ།   སྐྱོར་དཔོན་ངག་དབང་གྲགས་པ།        

                            མཆོད་བརྗོད།

 ༡ ཐོག་མར་མཆོད་པར་བརྗོད་པ་ནི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་ནི། བསྟན་བཅོས་རྩོམ་པ་བོ་ཁོང་གིས་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་དུ་བྱས་ནས་དེ་ལ་གསོལ་བ་བཏབ་པ་རེད། འདིའི་དོན་ཇི་ལྟར་འཆད་ཅེ་ན། བླ་མ་ཞེས་པ་ནི། ཡོན་ཏན་གྱི་ཆ་ནས་ལྕི་བས་ན་བླ་མའམ་གོང་མ་ཞེས་ཟེར་དགོས་པ་རེད། མགོན་པོ་ཞེས་པའི་དོན་ནི། སེམས་ཅན་གྱི་མགོན་དང་སྐྱབས་མཛད་པའམ་ཡང་ན་མགོན་ཟེར་བ་དེས་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་ཆ་ནས་སམ་གདུལ་བྱ་མཐའ་དག་རྗེས་སུ་འཛིན་པའི་ཆ་ནས་མགོན་ཟེར་ན་ཡང་ཆོག  བཤད་ཚུལ་གཞན་བྱས་ན་ལེགས་ཉེས་སོགས་མཐའ་དག་བསྐྱེད་པར་བྱེད་པས་ན་སྐྱབས་ཟེར་རམ་སྐྱོབས་ཞེས་བཤད་ན་ཆོག་ནི་རེད། གྲོགས་མཛད་པས་ན་དཔུང་གཉེན་སོགས་ཟེར་ན་ཆོག  མགོན་དང་སྐྱོབས་དང་དཔུང་གཉེན་སོགས་ཟེར་ན་ཆོག་ཅེས་གསུངས། འཇམ་ཞེས་པའི་དོན་ནི། བླ་མ་དེ་ཡང་དོན་ལ་རྗེ་བཙུན་འཇམ་པའི་དབྱངས་ཡིན་ཟེར་དགོས་ནི་རེད། རྗེ་བཙུན་འཇམ་པའི་དབྱངས་དེ་ཉིད་ཐུགས་རྒྱུད་སྒྲིབ་གཉིས་ཀྱི་བག་ཆགས་དང་བཅས་པའི་རྩུབ་རེག་དང་བྲལ་བས་ན་འཇམ་དང་། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པས་ན་དབྱངས་ཅེས་གསུངས། དེའི་རྒྱུ་མཚན་གྱིས་རྗེ་བཙུན་འཇམ་པའི་དབྱངས་ཟེར་བ་དེས་ཐུགས་རྒྱུད་ཀྱི་སྤངས་པ་ཁྱད་པར་ཅན་དང་གསུང་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་དང་གསུང་གི་ཁྱད་པར་གཉིས་ཀྱི་སྒོ་ནས་འཇམ་པའི་དབྱངས་ཞེས་གསུངས་ནི་རེད། འདི་གང་བྱས་ནའང་ཐུགས་རྒྱུད་འཇམ་ཞིང་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆ་ནས་གསུང་དོན་ནི། གཙོ་བོ་རྗེ་བཙུན་འཇམ་པའི་དབྱངས་རང་གི་ངོ་བོ་སོགས་ནི་ཐུགས་ནི་ལྷ་རེད། སངས་རྒྱས་ཐམས་ཅད་ཀྱི་ཞི་ལྷག་གཅིག་ཏུ་བསྡུས་པ་གཟུགས་སྐུ་བཞིན་ལག་གི་རྣམ་པར་ཤར་བ་དེ་འཇམ་པའི་དབྱངས་ཡིན་པའི་རྒྱུ་མཚན་གྱིས་དང་། གསུང་གི་ཆ་ནས་བཤད་ན་རྗེ་བཙུན་འཇམ་པའི་དབྱངས་དེ་ཉིད་ངག་གི་ལྷ་རེད། ངག་གི་ལྷ་ཡིན་པའི་རྒྱུ་མཚན་ནི་སུས་འདི་ལ་སྒྲུབ་པ་བརྩོན་པ་དང་ལྡན་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་ན་ཤེས་རབ་ཀྱི་དངོས་གྲུབ་དང་གཙོ་བོར་གསུང་གི་དངོས་གྲུབ་གཞུང་ལུགས་ལ་ཐོགས་པ་མེད་པའི་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་སྟེར་བར་མཛད་པའི་དེ་ལྟ་བུའི་འཕྲིན་ལས་དང་ལྡན་པའི་ཆ་ནས་རྗེ་བཙུན་འཇམ་པའི་དབྱངས་ཞེས་ཟེར། འདི་ལ་ཕྱག་འཚལ་ཞེས་པའི་དོན་ནི། སྒོ་གསུམ་གྱིས་ཕྱག་འཚལ་བ་རེད། སྒོ་གསུམ་ནི།སེམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཡོན་ཏན་དྲན་པ་དང། དེ་ལ་ཡིད་ཆེས་པའི་དད་པ་སོགས་ནི་ཡིད་ཀྱི་ཕྱག་རེད། ངག་གི་གསོལ་བ་འདེབས་པ་དང་སྔགས་བཟླ་བ་སོགས་ངག་གི་ཕྱག་ཡིན། ལུས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཐལ་མོར་སྦྱར་བ་མགོ་བོར་བཏུད་པ་ཡན་ལག་ལྔ་སོགས་ཀྱིས་ཕྱག་འཚལ་བ་ནི་ལུས་ཀྱི་ཕྱག་རེད། འཚལ་བ་ནི། འབུལ་བའི་དོན་ནོ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་མདོར་བསྡུས་ཙམ་ཞིག་བརྗོད་ན། གཙོ་བོར་གཞུང་འདི་དག་གི་དོན་འབྱེད་པའི་བསྟན་བཅོས་རྩོམ་པ་བོ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་འཕྲིན་ལས་ལ་བརྟེན་ནས་གཞུང་འདི་དག་གི་དོན་ཐུགས་སུ་ཆུད་པ་རེད། གཞུང་འདི་དག་ལ་སློབ་གཉེར་བྱེད་པ་རྣམས་ཀྱིས་ཀྱང་གཞུང་འདི་དག་གི་དོན་རྟོགས་དགོས་ན་ངེས་ཅན་དུ་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟེན་དགོས་པ་ཤེས་པའི་ཆེད་དང་། གཞུང་འདི་དག་གཙོ་བོར་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་རིགས་པའི་སྒོ་ནས་གཏན་ལ་འབེབས་པའི་གཞུང་ཡིན་པའི་རྒྱུ་མཚན་གྱིས་བརྗོད་བྱའི་དོན་གྱི་གཙོ་བོ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་རེད། ཤེས་རབ་རེད་མོད། བརྗོད་བྱ་དང་རྗེས་སུ་མཐུན་པའི་སྒོ་ནས་ཕྱག་འཚལ་བ་རེད། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་ཡིན་པའི་རྒྱུ་མཚན་གྱིས་ཡིན་གསུངས། སྤྱིར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་འཕྲིན་ལས་གང་དང་གང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒོ་ནས་སྒྲུབ་རྒྱུ་དང་འགྲུབ་རྒྱུ་ཡང་ལོས་ཡོད། འགྲུབ་ལ་འགྲུབ་ནི་རེད། འོན་ཀྱང་འདིའི་སྒོ་ནས་དངོས་གྲུབ་གང་བསྒྲུབ་ན་ཡང་གཙོ་བོ་ཤེས་རབ་བསྒྲུབ་དགོས་པ་རེད། རྗེ་བཙུན་འཇམ་པའི་དབྱངས་ཀྱང་སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་ཐུགས་བསྐྱེད་ཚུལ་ལ་སོགས་པའི་དབང་གིས་གདུལ་བྱའམ་རང་ལ་ཤེས་རབ་ཀྱི་དངོས་གྲུབ་སྩོལ་བའི་ལྷ་ཡིན་པའི་རྒྱུ་མཚན་གྱིས་སྐབས་འདིར་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་ཡིན། དེ་ཡིན་ན་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷ་གཟུགས་སྐུ་བཞིན་ལག་གི་རྣམ་པ་ཤར་བའི་དེ་ལྟ་བུའི་ལོངས་སྐུའི་རྣམ་པ་ཅན་རེད། དེ་ཡིན་ན་གདུལ་བྱ་ལས་དང་བོ་བ་ལ་དེ་ལྟ་བུ་མཐོང་བའི་སྐལ་བ་མེད་པའི་རྒྱུ་མཚན་གྱིས་བླ་མ་ཐ་མལ་བའི་རྣམ་པ་ཤར་བ་རེད། བླ་མ་ཐ་མལ་བ་དེའི་རྣམ་པར་ཤར་བ་མེད་ཀྱང་རང་གི་སྐལ་བ་དང་མཉམ་པའི་བླ་མ་དེའི་སྒོ་གསུམ་ལ་ཞུགས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གདུལ་བྱ་དེ་དག་རྗེས་སུ་འཛིན་པ་ནི་ལྷག་པའི་ལྷ་རྣམས་ཀྱིས་གདུལ་བྱ་རྗེས་སུ་བཟུང་ཚུལ་རེད། དེའི་རྒྱུ་མཚན་གྱིས་བླ་མ་དང་ངོ་བོར་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་དགོས་གསུངས་དོན་ཡང་དེ་ཡིན། སྐབས་འདིར་ཡང་བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའི་བླ་མ་དང་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་ཚུལ་གསུངས་པ་རེད། དེ་དག་གི་རྒྱུ་མཚན་དེ་མོད་ཟིག་ཡིན་གསུངས། དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བའི་སྒོ་ནས་བྱ་བ་གང་ལ་འཇུག་ཅེ་ན། དེ་ལ་འདིར་ཆོས་ཐམས་ཅད་རིགས་པས་གཏན་ལ་འབེབས་པའི་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ་འཇུག་པའམ་གཏན་ཚིགས་བཤད་པ་ལ་འཇུག་རྒྱུ་ཡིན་ཞེས་ཅེས་འཆད། འོ་ན་གཏན་ཚིགས་བཤད་པ་ལ་འཇུག་ན་གཏན་ཚིགས་བཤད་པ་ལ་དགོས་པ་ཅི་ཞིག་ཡོད་དམ་ཞེ་ན། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་ནི་རེད། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་ན་གསུང་རབ་རྣམས་ཀྱི་ཚིག་དོན་གྱི་ཆ་གང་ལའང་མི་རྨོངས། དེར་མ་རྨོངས་ན་མ་རིག་པའི་དབང་དུ་མི་འགྲོ། མ་རིག་པའི་དབང་དུ་མ་སོང་ན་ཉེས་པ་དང་དགག་པ་མི་འབྱུང་གི། དེའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་རིགས་པས་གཏན་ལ་ཕབ་པའི་དགོས་པའི་གཙོ་བ་དེ་མོད་ཟིག་ཡིན་ནི་རེད། དེ་དག་གི་ནང་ནས་ཀྱང་གཙོ་བོར་འོག་ཏུ་འཆད་འགྱུར་ལྟར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཟེར་ན་ཡང་ཆོག

               བསྟན་བཅོས་ཀྱི་ལུས་མདོར་བས

༣ཐོག་མར་བསྟན་བཅོས་རྩོམ་པ་བོ་ལ་ལྷག་པའི་ལྷ་ཤིན་ཏུ་མང་ན་ཡང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་བའི་དགོས་པ་ནི། རྟགས་རིགས་མཐའ་དཔྱོད་ཀྱི་གཞུང་ལྟ་བུ་དེའི་ཚད་མ་རྣམ་འགྲེལ་གྱི་དོན་ཤེས་པ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་གཙོ་བོ་དེ་ཤེས་དགོས་པའམ་ཡང་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་ཚད་མ་རྣམ་འགྲེལ་གྱི་བསྟན་བྱའི་གཙོ་བོ་ཡིན་པས་ན་བརྗོད་བྱ་དང་མཐུན་པའི་སྒོ་ནས་ཕྱག་འཚལ་བའམ། ཡང་ན་དེའི་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་རྗེ་བཙུན་འཇམ་པའི་དབྱངས་ལ་རག་ལས་པ་དེས། གཙོ་བོར་རྗེ་བཙུན་འཇམ་པའི་དབྱངས་དེ་ཉིད་ལྷག་པ་ཤེས་རབ་ཀྱི་ལྷ་ཡིན་པའི་ཕྱིར་ན། ཚད་མ་རྣམ་འགྲེལ་གྱི་དོན་གཏན་ལ་འབེབས་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟེན་དགོས་པ་དང་། ཚད་མ་རྣམ་འགྲེལ་དང་དབུ་མ་སོགས་ཀྱིས་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གཏན་ལ་ཕབ་པ་ཡིན། དེ་བས་ལྷག་པར་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་ཤེས་རབ་ཀྱི་དངོས་གྲུབ་དང་གསུང་གི་དངོས་གྲུབ་སོགས་ཐོབ་པ་ཡིན། དེ་ཐོབ་ན་རང་གི་འདོད་པའི་དོན་གཞུང་དོན་ལ་མཁས་པར་འགྱུར་བ་རེད། དེའི་སྟབས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ལ་ཐོག་མར་ཕྱག་འཚལ་ནི་རེད་ཅེས་གསུངས། དེར་མ་ཟད་གཞུང་འདི་ལ་ཐོས་བསམ་བྱེད་པ་རྣམས་ཀྱིས་ཀྱང་གཙོ་བོ་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཐོས་བསམ་བྱེད་ན་གཞུང་འདིའི་དོན་དཀའ་ཚེགས་མེད་པར་ཚད་མ་རྣམ་འགྲེལ་གྱི་དོན་རྟོགས་ཐུབ། བློ་གསར་བ་ཆུང་ཆུང་རྣམས་ཀྱིས་ཐོག་མར་དཔེ་ཆ་ལ་བལྟ་ན་བསྡུས་གྲྭ་དང་རྟགས་རིགས་ནས་བལྟ་དགོས། དེ་ཡིན་དུས་གཙོ་བོར་ལྷག་པའི་ལྷ་ཁྱད་པར་ཅན་ཞིག་བསྟེན་རྒྱུ་ནི་གལ་ཆེན་ཡིན། ལྷག་པའི་ལྷ་ཁྱད་པར་ཅན་ཞིག་བསྟེན་ནའང་གཙོ་བོར་ཐམས་ཅད་ཀྱི་སྤྱི་མཐུན་གྱིས་རྗེ་བཙུན་འཇམ་པའི་དབྱངས་བསྟེན་པ་གཙོ་ཆེ་བ་རེད། དཔེར་ན། རྒྱ་གར་གྱི་པཎ་གྲུབ་རྣམས་མཁས་པ་ཆེན་པོ་དག་གིས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟེན་ནས་མཁས་པའི་གོ་འཕང་ཐོབ་པ་ལྟ་བུ་རེད། བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་རྗེ་བཙུན་འཇམ་དབྱངས་དམར་སེར་དང་འཇམ་དབྱངས་དཀར་པོ་ལ་བསྟེན་ནས་མཁས་པར་གྱུར་བ་ཤ་སྟག་ཡིན། ཀུན་མཁྱེན་འཇམ་དབྱངས་བཞད་པས་རྗེ་བཙུན་འཇམ་པའི་དབྱངས་དམར་སེར་ལ་བསྟེན་ཅིང་། གཙོ་བོ་རྗེ་བཙུན་འཇམ་པའི་དབྱངས་དཀར་བོ་ལ་བསྟེན་ནས་མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པ་དེ་འདྲ་རེད། དེ་ཡིན་དུས་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་ཀྱང་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟེན་དགོས་པ་རེད། བསྟེན་དགོས་དུས་རབ་ཡིན་ན་རྗེས་གནང་དང་དབང་སོགས་ཐོབ་པར་བྱས་ནས་བསྙེན་པ་བཏོན་ནས་བསྙེན་ཐུང་སོགས་བསགས་ན་ལྷག་པར་བཟང་རྒྱུ་རེད། གལ་ཏེ་དེ་དག་བྱེད་མ་ཐུབ་ན་འཇམ་དབྱངས་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ་ཁ་བཏོན་བྱས་ནས་ཨ་ར་པ་ཙ་སོགས་རྒྱུན་དུ་བཏོན་ན་ལྷག་པར་ཤེས་རབ་འཕེལ་ནས་གཞུང་ལུགས་ལ་ཞུགས་ན་ཤིན་ཏུ་ཞུགས་སླ་བ་དང་ཕན་པ་ཆེན་མོ་ཡོད་ནི་རེད། འོན་ཀྱང་བསྟོད་སྤྲིན་རྒྱ་མཚོ་འདོན་མ་ཐུབ་ན།འཇམ་དབྱངས་གང་བློ་མ་རེ་གསུངས་ནས་ཨ་ར་པ་ཙ་མང་བོ་བཟླ་རྒྱུ་ནི་འདིའི་སྐབས་དོན་གཙོ་བོ་ཡིན་པས་གཞུང་ལུགས་འདི་ལ་ཐོས་བསམ་སྒོམ་གསུམ་བྱེད་འདོད་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་ལེན་ཅི་ཐུབ་གནང་རྒྱུ་གལ་ཆེན་པོ་རེད། སྤྱིར་ན་ཚད་མ་རྣམ་འགྲེལ་གྱི་དོན་བཤད་པ་ལ། མཚན་དོན་དང་འགྱུར་ཕྱག་མཆོད་བརྗོད་དང་དགོས་སོགས་ཆོས་བཞི། རྩོམ་པར་དམ་བཅའ་སོགས་སྤྱིའི་འགྲོ་སྟངས་རེད། ཚད་མ་རྣམ་འགྲེལ་ནི་པོ་ཏི་ལྔའི་ནང་གསེས་གཅིག་རེད། སྤྱིར་ན་རྒྱ་ཆེ་བས་ཟུར་དུ་མ་སྦྱངས་ན་བློ་རྟགས་བསྡུས་གསུམ་ལ་སྦྱངས་ཁུལ་བྱེད་པ་ཙམ་གྱིས་ཚད་མ་རྣམ་འགྲེལ་གྱི་དགོངས་དོན་བདེ་ལེགས་ཏུ་རྟོགས་མི་ཐུབ། དེས་ན་ཐོག་མར་བློ་རྟགས་བསྡུས་གསུམ་གྱི་འགྲོ་ཚུལ་མ་ཤེས་ན་ཚད་མ་རྣམ་འགྲེལ་གྱི་འགྲོ་ཚུལ་མི་ཤེས་པས་ཡིག་ཆའི་རྗེས་འབྲང་རྣམས་ཀྱིས་བློ་རྟགས་གཉིས་ཀར་ཟུར་དུ་ཕྱེ་ནས་སྦྱངས་རྒྱུ་ནི་མཁས་པ་སྔ་མ་དག་གིས་དེ་ལྟ་བུའི་སྲོལ་བཟང་གཙུགས་ཡོད་པ་རེད། དེ་བས་ཐོག་མར་བསྡུས་གྲྭ་ལ་སྦྱངས།དེ་ནས་རྟགས་རིགས་ལ་སྦྱངས། དེ་ནས་བློ་རིག་ལ་སྦྱངས་དགོས་པ་དེ་འདྲ་རེད། དེས་ན་སྐབས་སུ་བབས་པ་རྟགས་རིགས་རེད།དེ་ཡིན་ན་དེ་ལ་འདིར་ཞེས་པའི་དེ་སྒྲ་ཚད་མ་སྡེ་བདུན་མདོ་དང་བཅས་པ་འཇུག  འདིའི་སྐབས་ཀྱི་བཤད་བྱ་ནི་ཚད་མ་སྡེ་བདུན་དང་ཚད་མ་མདོ་རེད། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་ནི། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས། ལུས་ཤིན་ཏུ་བསྡུས་པ་ཚད་མ་རིགས་ཐིགས་དང་གསུམ་གྱིས་རྟོག་གེའི་ཚིག་དོན་བརྒྱད་ཀ་ཚང་བར་སྟོན་པས་ན། གཙོ་བོ་ལུས་ལྟ་བུ་བསྟན་བཅོས་དང་། གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ་དང་། རྒྱུད་གཞན་སྒྲུབ་པ་དང་། རྩོད་པའི་རིགས་པ་དང་བཞིས་དེ་ལས་འཕྲོས་པའི་དོན་ཙམ་སྟོན་གྱི་རྟོག་གེའི་ཚིག་དོན་བརྒྱད་ཀ་ཚང་བར་མི་སྟོན་པས་ན། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཞེས་བྱའོ། །

                  གཏན་ཚིགས་སྤྱི་བཤད།

 གཏན་ཚིགས་ཀྱི་རྣམ་བཞག་ཟུར་དུ་གཏན་ལ་ཕབ་པ་སྟེ། གཞན་སྡེའི་འདོད་པའི་གཏན་ཚིགས་ཚུལ་དྲུག་ལ་སོགས་པ་འདོད་པ་བཀག་ནས། གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་ངེས་པར་བསྟན་པའི་ཕྱིར་དུ་གཏན་ཚིགས་ཐིགས་པས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་པ་འདི་རྒྱས་པར་འཆད་པའི་ཕྱིར་ན་གཏན་ཚིགས་ཐིགས་པ་འདི་རང་དོན་ལེའུ་ལས་འཕྲོས་པ་ཡིན། མེད་ན་མི་འབྱུང་བའི་འབྲེལ་བ་ལ་གཞན་སྡེའི་འདོད་པའི་འབྲེལ་བ་ལ་ལྡན་འདུའི་འབྲེལ་བ་དང་། འབྲེལ་བ་རྫས་གྲུབ་འདོད་པ་ལ་སོགས་པ་བཀག་ནས། འབྲེལ་བ་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གཉིས་སུ་གྲངས་ངེས་པར་བསྒྲུབ་པའི་ཕྱིར་དུ། འབྲེལ་བརྟག་པས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་གཞུང་འདི་རྒྱས་པར་འཆད་པའི་ཕྱིར་ན་འབྲེལ་བ་བརྟག་པ་འདི་ཡང་ལེའུ་དང་བོ་རང་དོན་ལེའུ་ལས་འཕྲོས་པ་ཡིན། ལེའུ་གསུམ་པ་མངོན་སུམ་གྱི་ལེའུར་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་ན། གཞན་རྒྱུད་མེད་པར་ཐལ་བའི་སྐྱོན་འཕངས་པ་ལ། དེར་སྐྱོན་མེད་དེ། ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་ཡིན་ཡང་ལུས་ངག་གི་བྱ་བ་ལས་ཀུན་སློང་དཔགས་ནས། དེ་རང་གི་རྒྱུད་དང་འབྲེལ་བ་བཀག་ནས་རྒྱུད་གཞན་བསྒྲུབ་པའི་ཕྱིར་དུ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཚུལ་འདི་སེམས་ཙམ་ལ་ཡང་མཚུངས། །ཞེས་རྒྱུད་གཞན་སྒྲུབ་པ་མཛད་པ་ཡིན་པས་ན། རྒྱུད་གཞན་སྒྲུབ་པ་འདི་ལེའུ་བཞི་བ་ལས་འཕྲོས་པ་ཡིན། ལེའུ་བཞི་བ་ལས་འཕྲོས་ཏེ་རྒོལ་ཕྱི་རྒོལ་དཔང་བོ་གསུམ་གྱི་མཚན་ཉིད་རྩོད་ཚུལ་གྱི་རྣམ་བཞག་སོགས་རྒྱས་པར་གཏན་ལ་ཕབ་པའི་ཕྱིར་ན་རྩོད་པའི་རིགས་པ་འདི་ཡང་ལེའུ་བཞི་བ་ལས་འཕྲོས་པ་ཡིན་ནོ། །ཚད་མ་སྡེ་བདུན་པོ་དེ་དག་གཏན་ལ་དབབ་བྱའི་གཙོ་བོ་ནི་སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པའི་ཚད་མ་མདོའམ་ཚད་མ་ཀུན་བཏུས་ཡིན། དེའི་སྟབས་ཀྱིས་ཚད་མ་སྡེ་བདུན་མདོ་དང་བཅས་པ་དེ་དེ་ལ་འདིར་ཞེས་པའི་དེ་སྒྲའི་དོན་ལ་འཇོག་དགོས། དེ་ལ་འདིར་ཞེས་པའི་དོན་ནི་དེ་དག་གི་བརྗོད་བྱའི་གཙོ་བོ་ནི་རྟགས་རིགས་མཐའ་དཔྱོད་འདིར་གཏན་ལ་དབབ་པའི་དོན་ཡིན། དེས་ན་སྐབས་འདིར་གཏན་ཚིགས་ཀྱི་རྣམ་བཞག་འཆད་ཅེས་པའི་དོན་ཡིན། གཏན་ཚིགས་ཀྱི་རྣམ་བཞག་དེ་ཇི་ལྟར་འཆད་ཅེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལྟོས་པའི་རིགས་པ་དང། འཐད་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་དང་བཞིའི་སྒོ་ནས་གཏན་ལ་འབེབས་པའི་དོན་ཡིན་ནོ། །གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ། གཏན་ཚིགས་ཡང་དག་བཤད་པ་དང་གཏན་ཚིགས་ལྟར་སྣང་བཤད་པ་གཉིས། དང་བོ་གཏན་ཚིགས་ཡང་དག་བཤད་པ་ལ་གཏན་ཚིགས་ཡང་དག་འདི་གང་ནས་འབྱུང་བའི་ཁུངས་འགོད་པ་དང་། དེ་དག་གི་དོན་བཤད་པ་དང་གཉིས། དང་བོ་ལ། ཚད་མ་རིགས་སྒོ་ལས། གཏན་ཚིགས་ནི་ཚུལ་གསུམ་མོ། །ཞེས་པ་ནས། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་པའི་བར་གྱི་གཞུང་འདི་བྱུང་། ཚད་མ་རིགས་སྒོ་རྩ་བ་ལྟ་བུ་དང་རྣམ་འགྲེལ་དང་རྣམ་ངེས་དེའི་འགྲེལ་བ་ལྟ་བུར་བྱས་ནས་འགྲེལ་དགོས། དེས་ན་ཚད་མ་རྣམ་འགྲེལ་དང་རྣམ་ངེས་ཀྱི་དོན་འཆད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་དང་ཞེས་པས་ཕྱོགས་ཆོས་བསྟན་པ་ཙམ་ལས་ཟུར་དུ་གཞན་མ་བཤད། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པར་ཡང་ངོ་། །ཞེས་པས།མཐུན་ཕྱོགས་ལ་ཡོད་པས་རྗེས་ཁྱབ་དང་། མི་མཐུན་ཕྱོགས་ལ་མེད་པས་ལྡོག་ཁྱབ་སྟེ་ཁྱབ་པའི་ཐ་སྙད་གསལ་བར་མཛད་པའི་སྒོ་ནས་རྣམ་པར་འགྲེལ་བ་རེད། སྤྱིར་ན་ཚད་མ་རྣམ་འགྲེལ་ཞེས་པའི་རྣམ་པར་འགྲེལ་ཚུལ་ཡང་མི་གསལ་བ་རྣམས་གསལ་བ་དང་མ་ཚང་བ་རྣམས་ཁ་བསྐང་བའི་ཚུལ་གྱིས་རྣམ་པར་འགྲེལ་བ་སྟེ། རྣམ་པར་འགྲེལ་ཞེས་པའི་དོན་ནི་ཕྱེས་ཏེ་འགྲེལ་བའི་དོན་རེད། དེས་ན་མ་ཚང་བ་རྣམས་ཁ་བསྐང་བ་དང་མི་རྒྱས་པ་རྣམས་རྒྱས་པ། མི་གསལ་བ་རྣམས་གསལ་བར་བྱས་པའི་ཚུལ་གྱིས་ཚད་མ་མདོའི་དོན་འགྲེལ་བཞིན་ཡོད་པའི་རྒྱུ་མཚན་གྱིས་རྣམ་པར་འགྲེལ་བ་ཞེས་གསུངས་པ་རེད། རིགས་སྒོ་ལ་སོགས་པའི་ཚད་མའི་བསྟན་བཅོས་མང་བོ་ཞིག་ཕྱོགས་གཅིག་ཏུ་བསྡུས་པ་ནི་ཚད་མ་མདོ་རེད། ཚད་མ་མདོའི་དོན་ཚད་མ་རྣམ་འགྲེལ་གྱིས་འཆད་པ་ལ། དེ་ཆས་ཁྱབ་པ་ཡི། །ཞེས་པས་ཁྱབ་པའི་གཏན་ཚིགས་སྨོས་པའི་སྒོ་ནས་སྔ་མའི་དོན་བཤད་པ་རེད། སྔ་མ་རིགས་སྒོ་སོགས་ཀྱི་སྐབས་སུ་འདི་ལ་ཁྱབ་པའི་ཐ་སྙད་མེད་པའི་རྒྱུ་མཚན་གྱིས། རྣམ་འགྲེལ་འདིར་ཐ་སྙད་ཀྱི་ཆ་ནས་གསུངས་པ་དེ་འདྲ་རེད། རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་པའི་དོན་ནི་འདིར་གསལ་བས་མི་བཤད། ཕྱོགས་ཆོས་ཞེས་པའི་དོན་ནི་ཅི་ཡིན་ཞེ་ན། རྗེས་སུ་དཔག་པར་བྱ་བ་སྟེ།ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་དོན་གསུངས་པའི་སྒོ་ནས་འདིའི་སྔ་མའི་དོན་དེ་ལྟར་འགྲེལ་བ་རེད། དེས་ན་རྣམ་འགྲེལ་དང་རྣམ་ངེས་དང་གོང་གི་ཚད་མ་རིགས་སྒོའི་དོན་འགྲེལ་ཚུལ་སོགས་ནི་གང་བྱས་ན་རྣམ་པར་འགྲེལ་བ་ཞེས་པའི་དོན་དང་མཐུན་པ་ཞིག་ཡོང་ཡོད་པ་ཡིན། རིགས་ཐིགས་ལས།ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི།ཞེས་སོགས་ཀྱི་དོན་ནི། རྟགས་ཡང་དག་གི་མཚན་མཚོན་སྦྱར་ནས་གསུངས་པ་སྟེ་གོ་སླའོ། །གཉིས་པ། འདི་དག་གི་དོན་བསྡུས་ནས་བཤད་ན་འདིར་གཙོ་བོར་བཤད་པའི་རྟགས་ནི། ཚུལ་གསུམ་ཚང་བའི་གཏན་ཚིགས་རྟགས་ཡང་དག་ཡིན་ལ། འོན་ཀྱང་ཚུལ་གསུམ་ཚང་བའི་གཏན་ཚིགས་བཤད་པ་ལ་གཏན་ཚིགས་ལྟར་སྣང་མ་བཤད་ན་ཚུལ་གསུམ་ཚང་བའི་གཏན་ཚིགས་དེ་མི་གོ་བའི་རྒྱུ་མཚན་གྱིས་ལྡོག་ཕྱོགས་ནས་གཏན་ལ་ཕབ་པ་སྟེ་སྤྱིར་རྟགས་ཀྱི་ཚུལ་སྤྱིའི་ཆ་ནས་བཤད་པ་རེད། འདི་དག་གི་དོན་འགྲེལ་ཚུལ་རྒྱས་པར་ཤེས་འདོད་ན། ཨ་ཁུ་དཔའ་རིས་རབ་གསལ་ཚང་གི་རྟགས་རིགས་ཟུར་རྒྱན་ཀུ་མུ་དའི་ཕྲེང་མཛེས་དང་རྗེ་བཙུན་གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་རྟགས་རིགས་མཐའ་དཔྱོད་སོགས་ཀྱི་དཀའ་གནད་གཉིས་ཀྱི་དབུ་ལ་གཟིགས། རྟགས་སྤྱིའི་ཆ་ནས་བཤད་པ་དེ་ལ། རྟགས་ཀྱི་མཚན་ཉིད་བཤད་པ། དབྱེ་བ་བཤད་པ། རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོན་བཤད་པ་དང་ས་བཅད་གསུམ་གྱི་སྒོ་ནས་བཤད་པ་ལས་རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོན་བཤད་པ་དེ་རྟགས་རིགས་འདིར་ས་བཅད་ཀྱི་སྒོ་ནས་འོག་ཏུ་གསུངས་མེད་པས་རྒྱུ་མཚན་ཅི་ཡིན་ནམ་དཔྱད་དགོས་ལ། འོན་ཀྱང་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་དཔའ་རིས་རབ་གསལ་ཚང་གིས་མཛད་པའི་རྟགས་རིགས་མཐའ་དཔྱོད་ཀྱི་ཁ་སྐོང་རིན་ཆེན་མཛེས་པའི་དོ་ཤལ་དང་། རྗེ་བཙུན་འབའ་ལང་དཀོན་མཆོག་ཆོས་འཕེལ་གྱིས་མཛད་པའི་རྟགས་རིགས་ཀྱི་མཆན་འགྲེལ་གཉིས་སུ་དོགས་དཔྱོད་དང་བཅས་པ་མཛད་ཡོད་པས་དེར་ལྟོས། 

༥ཚད་མ་རིགས་སྒོ་དང་རིགས་ཐིགས་སོགས་རྩ་འགྲེལ་སྦྱོར་ཚུལ་གྱི་ཚུལ་ལ་དཔྱད་དགོས། ཨ་ཁུ་ཚང་གི་རྟགས་རིགས་ཀྱི་དབུ་ན་ཅུང་ཙམ་གསལ་བས་དེར་ལྟོས། རྟགས་ཞེས་པ་དེ་རྟགས་སུ་བཀོད་པ་ལ་བཤད། མཐའ་ཅུང་ཟད་དཔྱད་པ་ལ། གཞི་གྲུབ་ན། རྟགས་ཡང་དག་གིས་གཏན་ལ་དབབ་བྱ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་ན། རིགས་པ་ཡང་དག་གིས་གཏན་ལ་དབབ་བྱ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཆོས་ཐམས་ཅད་རིགས་པས་གཏན་ལ་དབབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ།མཐའ་དཔྱོད་ལས།ཆོས་ཐམས་ཅད་རིགས་པས་གཏན་ལ་འབེབས་པའི་གཏན་ཚིགས་ཀྱི་རྣམ་བཞག་བཤད་པ་ལ།ཞེས་གསུངས་པའི་ཕྱིར་དང་། དེར་མ་ཟད་གཞི་གྲུབ་ན། རང་ཉིད་རྟོགས་པའི་དངོས་སྟོབས་ཀྱི་རྗེས་དཔག་ཡོད་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། དབུ་མའི་མཐའ་དཔྱོད་ལས། གཞི་གྲུབ་ན། རང་ཉིད་རྟོགས་པའི་རྗེས་དཔག་དེ་གཉིས་རེ་ཡོད་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་ཉིད་རྟོགས་པའི་རྗེས་དཔག་ཡོད་ན་རང་ཉིད་རྟོགས་པའི་རྗེས་དཔག་དེ་རིགས་པ་དང་རྒྱུ་མཚན་གང་རུང་ལ་བརྟེན་ནས་སྐྱེས་དགོས་པའི་ཕྱིར། རྩ་བར་འདོད་ན། བུམ་པ་མངོན་སུམ་དུ་མཐོང་བཞིན་པ་དང་ཁ་དོག་མངོན་སུམ་དུ་མཐོང་བཞིན་པ་དེ་ཆོས་ཅན། ཁྱོད་རིགས་པས་གཏན་ལ་དབབ་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། རྟགས་སླ། འདོད་ན། དེ་ཆོས་ཅན། ཁྱོད་རིགས་པས་གཏན་ལ་ཕབ་མི་དགོས་པར་ཐལ།་ཁྱོད་མངོན་སུམ་གྱི་ཚད་མའི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། བདག་མེད་མངོན་སུམ་གྱིས་རྟོགས་པ་ལ་སློབ་དཔོན་གྱིས་རྟགས་ཀྱིས་བསྒྲུབ་དགོས་པར་ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། ལམ་རིམ་ཆེན་མོ་ལས།བདག་མེད་མངོན་སུམ་དུ་རྟོགས་པ་ལ་སློབ་དཔོན་གྱིས་རྟགས་ཀྱིས་བསྒྲུབ་དགོས་པ་ཧ་ཅང་ཐལ་བ། ཞེས་གསུངས་པའི་ཕྱིར།གཞན་ཡང་། གཞི་གྲུབ་ན། རྟགས་ཡང་དག་ཡིན་པས་ཁྱབ་མ་ཁྱབ་དང་རྣམ་མཁྱེན་རྟགས་ཡང་དག་ཏུ་སོང་བའི་རྒོལ་བའི་ཡིན་པ་ཡོད་མེད་སོགས་ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་རྟགས་རིགས་མཐའ་དཔྱོད་སོགས་ཀྱི་དཀའ་གནད་ལས་ཟུར་ཙམ་གསུངས་ཡོད་པས་དེས་གཞིར་བྱས་ནས་ཞིབ་ཏུ་དཔྱད་དགོས། ཤོག་ངོས་༧༡/༧༣བར་གཟིགས།    

         ཕྱོགས་ཆོས་ཀྱི་ལྟོས་གཞི་བཤད་པ།

༦རྟགས་སུ་བཀོད་པ་དང་རྟགས་གཉིས་ལ་རྟོགས་དཀའ་སླ་ཡོད་མེད་དཔྱད། བདག་མེད་ཡིན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཡིན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བའི་རྟགས་སུ་བཀོད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཡིན་ན། བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་སུ་བཀོད་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་ཡིན་ན། བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། བདག་མེད་ཡིན་ན། སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པས་ཁྱབ་པ་སྒྲུབ་ཚུལ་ཡོད་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། དེར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདིས་མཚོན་པས་གསར་དུ་མི་བསླུ་བའི་རིག་པ་དེ་བྱས་པའི་རྟགས་ལས་སྒྲ་མི་རྟག་པ་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་དང་། ཚད་མས་དམིགས་པ་དེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་སོགས་ཁས་ལེན་སོང་ཚུལ་དང་དེ་སྒྲ་གང་ལ་སྦྱར་དགོས་པ་སོགས་ཀྱང་ཨ་ཁུ་ཚང་གི་རྟགས་རིགས་ལ་གཟིགས་ནས་ཞིབ་ཏུ་དཔྱད་དགོས་གསུངས། ཤོག་ངོས་༦༧/༧༠བར་ལ་ངེས་ཅན་དུ་གཟིགས།

༧ ཕྱོགས་ཆོས་ནི་གཙོ་བོ་ཤེས་འདོད་ཆོས་ཅན་ལ་གྲུབ་མ་གྲུབ་ཀྱི་སྟེང་ནས་འཇོག་དགོས་པའི་རྒྱུ་མཚན་གྱིས་ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་གསུངས་ནི་རེད་ཅེས་གསུངས། ཁྱབ་པའི་ལྟོས་གཞི་འོག་ཏུ་འཆད་དོ། །རྟགས་རིགས་མཐའ་དཔྱོད་མཆན༼ཅ༽རྟགས་ཅན་གྱི་འགྲེལ་ན་གསལ། རྟགས་རིགས་དང་བསྡུས་གྲྭ་གང་ཡིན་ནའང་རིགས་ལམ་གཙོ་བོ་ཡིན་པས་རྟགས་གསལ་བཏང་ན་རིགས་ལམ་ལ་འབུད་རྒྱུ་ནི་གནད་ཤིན་ཏུ་ཆེ་ཅེས་གསུངས། བསྡུས་གྲྭ་ནི་རིགས་ལམ་གྱིས་རྩོད་དགོས་པའི་རྐྱེན་གྱིས་ཡིག་ཆ་མང་པོ་དྲངས་ནི་རྩོད་ན་རིགས་ལམ་བྱང་མི་ཐུབ་པས་མི་བཟང་གསུངས་པ་དེ་ལ་འདང་རྒྱོབ་དང་མཁས་པའི་བཤད་པ་རེད། གཞུང་ལ་སྦྱངས་ན་རིགས་ལམ་གཅིག་པོས་སྒྲོ་འདོགས་གཅོད་མི་ཐུབ་པས་གོ་བ་རིགས་པ་ལུང་མང་པོ་འདྲེན་དགོས་གསུངས། སྔོན་གྱི་སྐྱེས་ཆེན་དམ་པའི་གསུང་རྒྱུན་ལ། ཚད་མ་རིགས་པའི་འཕྲུལ་གྱིས་རྩོད། དབུ་ཕར་ཕྱིན་ལུང་དང་གོ་བས་རྩོད། མཛོད་ནི་གྲངས་འདྲེན་དང་ཁྱབ་མཐའི་རྩོད། འདུལ་བ་ཉམས་ལེན་གྱིས་རྩོད། ཅེས་གསུངས་པ་ལྟར་གཞུང་བཀའ་པོ་ལྔ་ལ་སྦྱངས་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པ་རྣམས་ཀྱི་གོ་རིམ་འཁྲུག་པར་མི་བྱའོ། །བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་དང་བྱས་པའི་རྟགས་ཀྱིས་སྒྲ་དེ་མི་རྟག་པར་སྒྲུབ་པའི་སྦྱོར་བ་གཉིས་ལ་ཁྱད་པར་ཡོད་མེད་དང་། དངོས་པོ་དེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་པའི་རྟགས་དང་། བྱས་པའི་རྟགས་ཀྱིས་སྒྲ་དེ་མི་རྟག་པར་སྒྲུབ་པའི་སྦྱོར་པའི་རྟགས་གཉིས་ཀ་ཡིན་མིན་དང་། བདག་མེད་ཡིན་ན། བྱས་པའི་རྟགས་ཀྱིས་སྒྲ་དེ་མི་རྟག་པར་སྒྲུབ་པའི་སྦྱོར་བའི་རྟགས་ཡིན་པས་ཁྱབ་མ་ཁྱབ་དང་། བྱས་པའི་རྟགས་ཀྱིས་སྒྲ་དེ་མི་རྟག་པར་སྒྲུབ་པའི་སྦྱོར་བའི་རྩོད་གཞི་ཡིན་ན།  བྱས་པའི་རྟགས་ཀྱི་སྒྲ་དེ་དང་གཅིག་ཡིན་པས་ཁྱབ་མ་ཁྱབ། ཁྱབ་ན། སྒྲ་དེ་བྱས་པའི་རྟགས་ཀྱིས་སྒྲ་དེ་མི་རྟག་པར་སྒྲུབ་པའི་སྦྱོར་བའི་རྩོད་གཞི་མ་ཡིན་པར་ཐལ་བ་སོགས་འཕེན། 

༨ བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐའ་དཔྱོད་ལས། ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་བཤད་པ། མཚན་གཞི་བཤད་པ། སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། དང་བོ་ནི། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡང་ཡིན། ཁྱོད་བྱས་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་སྐྱོན་མེད་ཡིན་པར་ཐལ། མཚན་ཉིད་ཚང་བའི་ཕྱིར། རྟགས་ཟུར་དང་བོ་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་པའི་ཕྱིར། མ་གྲུབ་ན། མིག་ཤེས་ཀྱི་བཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཆོས་མ་ཡིན་པར་ཐལ། བུམ་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། དེར་ཐལ། མདོར་ན། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་སྒྲུབ་ཀྱི་ཚུལ་དང་བོ་དང་། སྒྲ་རྟག་སྒྲུབ་ཀྱིས་ཀྱང་ཕྱོགས་ཆོས་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། མིག་ཤེས་ཀྱི་བཟུང་བྱ་དེ་སྒྲ་མི་རྟག་སྒྲུབ་ཀྱི་ཆོས་ཅན་གྱི་ཆོས་ཡིན་པ་གང་ཞིག དེ་སྒྲ་རྟག་སྒྲུབ་ཀྱི་ཆོས་ཅན་ཆོས་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་གྱི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་བུམ་པའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་དང་།

ཡང་དེ་ཉིད་ལས། དེར་ཐལ། བུམ་པ་དེ་དེ་སྒྲུབ་ཀྱི་སྐབས་ཀྱི་ཆོས་ཅན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན། འདི་ལ་ཁ་ཅིག་གིས་མ་ཁྱབ་སྟེ། བུམ་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་མིན་ཡང་སྐབས་ཀྱི་ཆོས་ཅན་ཡིན་པས་སྐྱོན་མེད་ཅེས་ཟེར། འོ་ན། དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་ན། དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པས་ཁྱབ་པར་ཐལ། བུམ་པ་དེ་དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་པར་ཐལ། མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། གསུམ་པ་སྒྲུབ་བྱེད་ནི། ཤེས་བྱ་ཆོས་ཅན། དེ་གཉིས་ཀ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། དེ་གཉིས་ཀ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པ་ཙམ་དུ་མ་ཟད། དེ་སྒྲུབ་ཀྱི་ཆོས་ཅན་ཙམ་ཡང་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང་། བུམ་པ་མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། བུམ་པ་དེ་དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་གི་དོན་ཡོད་པའི་ཕྱིར་སོགས་སྤྲོ། འདིས་མཚོན་པས་མིག་ཤེས་ཀྱི་བཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ལ་གཏན་མེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ་བ་དང་། བྱས་པའི་རྟགས་ཀྱིས་རི་བོང་རྭ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་འགྲོ་རྒྱུ་དེ་ཡོད་པར་ཐལ་བ་སོགས་མཐའ་ཡས་པ་ཡོད། ཨ་ཁུ་ཚང་གི་རྟགས་རིགས་ཀྱི་ཕྱོགས་སྒྲའི་ཐད་ལ་གཟིགས་དང་ཐལ་བ་འཕེན་ཚུལ་ཟུར་ཙམ་གསུངས་ཡོད་པས་དེར་བལྟོས་ན་ཤེས་སོ། ། 

༩ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡང་ཡིན། ཁྱོད་རྟགས་ཀྱི་གཞི་དེ་རྟགས་དེ་ཡིན་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་ཕྱོགས་ཆོས་ནི་གཙོ་བོ་ཤེས་འདོད་ཆོས་ཅན་ལ་གྲུབ་མ་གྲུབ་ཀྱི་སྟེང་ནས་འཇོག་དགོས་པའི་རྒྱུ་མཚན་གྱིས་ཕྱོགས་ཆོས་ཀྱི་ལྟོས་གཞི་ཤེས་འདོད་ཆོས་ཅན་གསུངས་ནི་རེད་ཅེས་གསུངས།ཁྱབ་པའི་ལྟོས་གཞི་འོག་ཏུ་འཆད་དོ། །རྟགས་རིགས་མཐའ་དཔྱོད་མཆན་རྟགས་༼ཅ༽ན་གསལ། གཞི་མཐུན་པར་དམིགས་པ་དེ། ཁྱོད་ཀྱིས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་ལ་དེའི་ཕྱིར། ཡིག་ཆ་གོང་ལ་གཟིགས། འདོད་ན། མཚན་ཉིད་དེ་ཡོད་ན་མཚོན་བྱ་དེ་ཡོད་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་དུ་བཟུང་བ་ཡང་ཡིན། ཁྱོད་ཁྱོད་ཡིན་པར་ཚད་མས་ངེས་ནས་ཁྱོད་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་ཡིན་པའི་ཕྱིར། རྟགས་སྒྲུབ་ཚུལ་རྟགས་རིགས་མཐའ་དཔྱོད་ན་གསལ། འདོད་ན། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་ཚད་མས་ངེས་ནས་དེའི་རྗེས་སུ་སྒྲ་སྒྲ་ཡིན་པར་ཚད་མས་ངེས་དགོས་ཀྱི་གང་ཟག་ཅིག་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་རྒྱན་ལས། འདི་མ་གྲུབ་པའི་རྟགས་སུ་འཇོག་པ་ནི། ཕྱོགས་ཆོས་ཡིན་ན། ཤེས་འདོད་ཆོས་ཅན་དང་བོར་ངེས་ནས་དེའི་སྟེང་དུ་རྟགས་ཕྱིས་ངེས་ཏེ་ཆོས་ཅན་དང་རྟགས་ལ་ཁྱད་གཞི་ཁྱད་ཆོས་ལྟ་བུའི་སྤྱི་འཆར་རྒྱུ་དགོས་པ་ལ། སྒྲ་དང་སྒྲ་ལ་དེ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང་། རྟགས་རིགས་རང་ལུགས་ལས་ཀྱང་། རྟགས་དང་བོ་མ་གྲུབ་ན། སྒྲ་ཆོས་ཅན། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ། སྒྲ་ཚད་མས་ངེས་ནས་དེའི་རྗེས་སུ་སྒྲ་ཁྱོད་ཡིན་པར་ཚད་མས་ངེས་དགོས་ཀྱི་གང་ཟག་ཅིག་མི་སྲིད་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་བཞག་ནས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་སུ་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། སྡེ་བདུན་རྒྱན་ལས། འདི་སྒྲ་ལ་སྒྲ་མ་གྲུབ་པའི་རྒྱུ་མཚན་སོགས་ཀྱིས་ཕྱོགས་ཆོས་མ་གྲུབ་པ་མིན་པས་དོན་ལ་ལྟོས་ནས་མ་གྲུབ་པའི་རྟགས་སུ་བྱེད་པ་ནི་མི་ཤེས་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཆོས་ཅན་ལ་གཏན་མེད་པའི་དོན་སྐྱོན་ཞུགས་པའི་མ་གྲུབ་པའི་གཏན་ཚིགས་མིན་ཞེས་པའི་དོན་ཡིན་ཟེར་ན། འོ་ན། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ལ་གཏན་མེད་པའི་དོན་སྐྱོན་ཞུགས་པ་མིན་ཡང་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱེད་ཀྱི་ལུང་དོན་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། བློ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་དང་སྒྲ་གཉིས་ལ་བློ་ངོར་འཆར་ཚུལ་མི་འདྲ་བ་མེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྡེ་བདུན་རྒྱན་ལས་གསུངས་པ་གང་ཞིག་དེ་རང་ལུགས་བྱེད་དགོས་པའི་ཕྱིར་དང་། དེ་བཞིན་དུ་རྟགས་རིགས་རང་ལུགས་མཐའ་དཔྱོད་གཉིས་ལས་ཀྱང་སྡེ་བདུན་རྒྱན་ལྟར་གསུངས་ཡོད་པའི་ཕྱིར་སོགས་སྤྲོ། རང་རེའི་ཡིག་ཆས་སྡེ་བདུན་རྒྱན་ལྟར་རྣམ་འགྲེལ་གྱི་དགོངས་དོན་བཀྲལ་ལ། པཎ་ཆེན་བསོད་གྲགས་སོགས་ཀྱིས་ཚད་མ་རིགས་རྒྱན་ལྟར་དུ་བཀྲལ་བཞིན་ཡོད་པས་ཡིག་ཆ་རང་རང་གི་ཁོང་གཏུགས་ས་གཙོ་བོ་མི་གཅིག་པས་རང་རེའི་ཡིག་ཆའི་རྗེས་འབྲང་རྣམས་ཀྱིས་སྡེ་བདུན་གྱི་ཚིག་ཟིན་ལ་བསྟུན་པར་གལ་ཆེ་བ་ཡིན།

༡༠ སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐའ་དཔྱོད་ལས། ཡང་ཁ་ཅིག དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད་པས་ཁྱབ་ཟེར་ན། འོ་ན། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡོད་པར་ཐལ། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། དེར་ཐལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དང་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གཉིས་ཀྱི་མཚན་ཉིད་སོ་སོ་ནས་མ་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར། སྒྲུབ་བྱེད་རྟགས་རིགས་མཐའ་དཔྱོད་ན་གསལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་ན། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པས་མ་ཁྱབ་པར་ཐལ། སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། ༣༤༨སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཆོས་ལ་དཔག་འདོད་ཞུགས་ནས་རྩོད་གཞིར་བཟུང་བའི་རྟགས་སྦྱོར་རྣམ་དག་གི་རྩོད་གཞི་ཡིན་པ་དེ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་ལྟ་བུའི་གོ་དོན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་དང་། རྟགས་རིགས་རང་ལུགས་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར། ཁྱབ་སྟེ། སྐྱོན་མེད་ཀྱི་དོན་བཤད་པའི་ཚེ་ན་སྒྲུབ་བྱེད་དེའི་རྟགས་ཀྱིས་གཞི་དེའི་སྟེང་དུ་བསྒྲུབ་ཆོས་དེ་ཉིད་དཔག་པར་བྱེད་པ་ལ་སྐྱོན་མེད་པར་དགོས་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་ན་སྦྱོར་བ་ལྟར་སྣང་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་འཇོག་ཚུལ་མེད་པའི་ཕྱིར་སོགས་ཨ་ཁུ་ཚང་གི་རྟགས་རིགས་དང་ཨ་ཁུ་འབའ་ལང་ཚང་གི་མཆན་གཉིས་ཀར་ལེའུ་དང་བོའི་ལུང་དེ་དྲངས་ནས་དོགས་གཅོད་མཛད་འདུག་པས་དམ་པ་དེ་དག་གི་རྗེས་སུ་འབྲང་ནས་མཐའ་དཔྱོད་ཆེ་ཆུང་གཉིས་ཀའི་དགོངས་པ་མི་འགལ་ཚུལ་ལ་འབད་དགོས་ཀྱི་གང་ཟེར་ཚད་ཀྱི་རྗེས་སུ་འཇུག་པར་བྱ་མི་རུང་། ལུང་དོན་ལ་སེམས་སུ་གང་དྲན་དྲན་འཇོག་གི་བསྡད་ན་གཞུང་དོན་གོ་བའི་གེགས་སུ་འགྲོ་བས་འཛེམ་དགོས། འོན་ཀྱང་གཏུགས་ས་ཡོད་ཚེ་ཡིག་ཆ་དྲངས་པ་ཐམས་ཅད་ལ་འདོད་འདོད་ཟེར་ནི་བསྡད་ན་བློ་བསྐྱེད་མི་ཡོང་བས་རྒྱུ་མཚན་དང་ཁོངས་གཏུགས་ས་ངོ་མ་ཡོད་ན་ཞིབ་ཆ་བྱས་ན་མི་འགྲིག་པ་མེད།

ཁྱབ་པའི་ལྟོས་གཞི་རྗེས་ཁྱབ་བཤད་པ།  

༡༡མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། ཕྱོགས་ཆོས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་མ་ངེས། །ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་གསུམ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་འགྲུབ་བྱེད་ཀྱི་ཚད་མ་གསུམ་ཡོད་ན། སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་དགོས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་འགྲུབ་པ་ལ་ཚད་མ་གསུམ་གྱིས་ཆོག་ཀྱང་ཚད་མ་གསུམ་མེད་ན་མི་འགྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་ངེས་དར་ཊིཀ་ལས། གསུམ་ལས་མང་མི་དགོས་པས་གསུམ་ཁོ་ནར་གྲངས་ངེས་སོ། །ཞེས་དང་། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། དང་བོ་ལ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་གསུམ་དགོས་ཀྱང་དེ་ལས་མང་མི་དགོས་ཏེ། ཚད་མ་འཆད་འགྱུར་གསུམ་གྱིས་དེ་སྒྲུབ་ནུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཤོག་ངོས་༣༦༠ འདོད་ན། མཉན་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་གསུམ་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་ངེས་པའི་ཚད་མ་ཡོད་པ་གང་ཞིག དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང་། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་གསུམ་ཡོད་པའི་ཕྱིར། དེར་ཐལ། མཉན་བྱའི་ངོ་བོ་ངེས་པའི་ཚད་མ་དང་། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་དང་། མཉན་བྱ་དང་རྟག་པའི་གཞི་མཐུན་འགོག་པའི་ཚད་མ་དང་གསུམ་ཡོད་པའི་ཕྱིར། ཁྱབ་སྟེ། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚད་མ་དང་བོ་གཉིས་ཡོད་པར་སྒྲུབ་ཚུལ་ཡོད་པའི་ཕྱིར་སོགས་རྟགས་རིགས་མཆན་དང་ཨ་ཁུ་ཚང་གི་རྟགས་རིགས་ཀྱི་རྗེས་ཁྱབ་སྔ་ཕྱིའི་ཐད་ལ་གཟིགས་ནས་དཔྱད་དགོས།                   

 ༡༢ གཞན་ཡང་། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པར་ཐལ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད། ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། མཚོན་བྱ་དེ་ཡིན་པར་ཐལ། མཚན་ཉིད་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་བ་ཡིན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཚང་། ཚད་མས་ངེས་པ་ཞེས་པའི་དོན་ཡང་ཚང་བའི་ཕྱིར། རྟགས་ཕྱི་མ་གྲུབ་ཟེར་ན། ཚད་མས་ངེས་པ་ཞེས་པའི་དོན་ཚང་བར་ཐལ། མི་རྟག་པ་མ་ཡིན་པ་ལས་ལོག་པ་དེ་ཚད་མས་ངེས་པ་ཞེས་པའི་དོན་ཚང་བར་སྒྲུབ་ཚུལ་ཡོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། དང་བོ་སླ། གཉིས་པ་གྲུབ་སྟེ། ཁྱོད་ཀྱི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འགོད་ཚུལ་ཡིན་འགོད་ཡིན་སྒྲུབ་ཚུལ་ཡིན་སྒྲུབ་གང་། ཁྱོད་མི་རྟག་པ་ཡིན། ཁྱོད་ཡིན་པ་ཡོད། ཁྱོད་ཡིན་ན་མི་རྟག་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལེའུ་དང་བོའི་མཐའ་དཔྱོད་ལས་ཁ་ཅིག་གསུམ་བཀག་ཡོད་པའི་ཕྱི་མ་གཉིས་ཀ་འགོག་ཚུལ་ཡོད་པའི་ཕྱིར། ཤོག་གྲངས་༢༦༠ཡར་མར། འདི་དག་གི་དོན་ནི་རྟགས་རིགས་ཀྱི་མཆན་རྟགས་༼ཞ༽འགྲེལ་བ་དང་ཨ་ཁུ་ཚང་གི་རྟགས་རིགས་གཉིས་ལས་དཔྱད་གཞི་བཀོད་ཡོད་པས་ལུང་དོན་དེ་དག་འཐད་མིན་སོགས་ཞིབ་ཏུ་བརྟག་པར་བྱའོ། །  

  ༡༣ རིགས་ལམ་ཅུང་ཙམ་མེད་ན་རྟགས་གསལ་འཕངས་ན་བློ་བསྐྱེད་ཡོང་ཐུབ་ནི་མ་རེད། དེའི་རྐྱེན་གྱིས་ཡིག་ཆའི་ཚིག་ཟིན་ལ་གང་དྲན་དྲན་བཤད་པར་འཛེམ་དགོས། གཞན་ཡང་། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། རྗེས་ཁྱབ་ཀྱི་དོན་ཚང་བའི་ཕྱིར་ཏེ། ཚད་མས་ངེས་པ་ཞེས་པའི་དོན་ཚང་བ་གང་ཞིག གཞན་ལ་དོགས་པ་མེད་པའི་ཕྱིར། རྟགས་དང་བོ་མ་གྲུབ་ཟེར་ན། ཚད་མས་ངེས་པ་ཞེས་པའི་དོན་ཚང་བར་ཐལ།ཚད་མས་ངེས་པ་ཞེས་པའི་དོན་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡང་དག་ཏུ་སོང་བའི་གང་ཟག་གིས་ཚད་མས་ངེས་མ་ངེས་ལ་བྱེད་དགོས་པ་གང་ཞིག  དེ་ལྟར་ན་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཏུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། རྟགས་དང་བོ་དེར་ཐལ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། ༣༥༧ སྐབས་འདིར་དེ་ལྟར་ཚད་མས་ངེས་པའི་རྗེས་ཁྱབ་ཡིན་མིན་རང་ཉིད་རྗེས་ཁྱབ་ཡང་དག་ཏུ་སོང་བའི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཡིན་མིན་སྒོ་ནས་འཇོག་དགོས་ཀྱི་ཚད་མ་གཞན་གྱིས་དེ་ལྟར་རྟོགས་མ་རྟོགས་ལ་བྱེད་མི་རུང་བའི་ཕྱིར།མ་གྲུབ་ན། དེར་ཐལ། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མིན་ཡང་ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་པའི་རྣམ་མཁྱེན་ཡོད་པའི་ཕྱིར། འཁོར་གསུམ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། རྟགས་དང་བོ་དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་སྲིད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ།ཞེས་གསུངས་ཕྱིར་སོགས་དཔྱད། གཞན་ཡང་། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པར་ངེས་པའི་ཕྱིར། དེར་ཐལ། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ན་ཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་དུ་སོང་བའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ།མཉན་བྱ་ལ་མི་རྟག་པས་ཁྱབ་པ་སྔར་ངེས། དེའི་རྗེས་སུ་སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་སྒོ་ནས་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་མེད་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཐར་ལམ་གསལ་བྱེད་ལས། མཉན་བྱ་ལ་མི་རྟག་པས་ཁྱབ་པ་སྔར་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་ལ་མཉན་བྱ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་དུ་སོང་བ་ཡིན་པར་ཐལ། རྗེས་ཁྱབ་ཏུ་སོང་། ཕྱོགས་ཆོས་སུ་སོང་བའི་ཕྱིར། རྟགས་སླ། འདོད་ན། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་དུ་སོང་བའི་གང་ཟག་ཡོད་པར་ཐལ།འདོད་པའི་ཕྱིར། འདོད་ན། ཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མས་ངེས་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཚད་མས་ངེས་པའི་གང་ཟག་ལ་རྗེས་ཁྱབ་ངེས་པའི་གང་ཟག་ཡོད་པར་ཐལ།འདོད་པའི་ཕྱིར། འདོད་ན། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་རྗེས་ཁྱབ་ངེས་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་གང་ཟག་གིས་མཉན་བྱ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་རྟག་པ་ལ་འཇུག་མི་འཇུག་ཐེ་ཚོམ་ཟ་བ་མ་ཡིན་པར་ཐལ། དེ་འདྲའི་གང་ཟག་ལ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་འཇུག་པར་ངེས་པའི་གང་ཟག་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་འདྲའི་མཐུན་ཕྱོགས་ལ་འཇུག་པར་ངེས་པའི་གང་ཟག་དེ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ཡིན་པའི་ཕྱིར། ཡང་མ་ཁྱབ་ཟེར་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་མཉན་བྱ་མི་རྟག་པ་ལ་འཇུག་པར་ཚད་མས་ངེས་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་དེ་ལྟར་ངེས་པའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་གང་ཟག་དེ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་བསྡུས་པ་མ་ཡིན་པར་ཐལ་བ་དང་གང་ཟག་གང་ཡང་རུང་བ་ཞིག་གིས་རྟོགས་ན་གང་ཟག་གིས་རྟོགས་པས་མ་ཁྱབ་པར་ཐལ་བ་སོགས་འཕེན་ཚུལ་ཤེས་སླའོ། །   

༡༤ ཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པའི་བློ་དེ། དེ་འདྲའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་རྒྱུད་ན་ཡོད་ཀྱང་། དེ་འདྲའི་གང་ཟག་གི་རྒྱུད་ན་ཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པའི་བློ་མེད་ཟེར་ན། འོ་ན་ར་གཡག་གི་མགོ་ན་ཡོད་ཀྱང་། གཡག་གི་མགོ་ན་ར་མེད་ཟེར་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཡག་ལ་ར་དང་གང་ཟག་གི་མགོ་ན་སྐྲ་མེད་པར་ཐལ་བ་སོགས་འཕེན་ཚུལ་ཤེས་སླའོ། །གཞན་ཡང། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་གིས་ཉན་བྱའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་སྐྱེས་སམ་མ་སྐྱེས་དང་།དེ་འདྲའི་གང་ཟག་ལ་དབང་རྣོན་དང་དབང་རྟུལ་གཉིས་པོའི་གང་ཡོད་སོགས་ཉན་བྱའི་གཞུང་གོང་འོག་གཉིས་ལ་ངེས་ཆ་བཏང་ནས་དཔྱད་པར་བྱ་བ་མང་བོ་ཞིག་ཡོད་ཀྱང་རེ་ཞིག་བཞག་གོ། །སྐད་ཅིག་མ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། ཡིག་ཆ་དེའི་ཕྱིར། འདོད་ན། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཡང་ཡིན་པའི་གཞི་མཐུན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འཇོག་ཚུལ་སྔ་མའི་དབང་དུ་བྱས་པའི་དོན་དང་ཐ་སྙད་གཉིས་ཀར་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ་བ་དང་། རང་རེ་ཡིག་ཆར་སྡེ་བདུན་རྒྱན་ལྟར་མཚན་ཉིད་ལ་དོན་དང་མཚོན་བྱ་ལ་ཐ་སྙད་བྱས་པའི་འཇོག་ཚུལ་སྔ་མ་དང་། ཡིག་ཆ་གཞན་པས་འཇོག་ཚུལ་ཕྱི་མ་ལྟར་ཁས་བླངས་ཚུལ་མི་འཐད་པར་ཐལ་བ་སོགས་འཕེན།  

 ༡༥ རྣམ་ངེས་དང་དང་འཐད་ལྡན་གྱི་དངོས་བསྟན་གྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ལ་འཇོག་ཚུལ་ཕྱི་མའི་དབང་དུ་བྱས་པའི་སྒྲ་བློ་ལུས་གསུམ་གྱི་ཐ་སྙད་ལ་ཐ་སྙད་དུ་བྱས་པའི་ཐ་སྙད་དང་དེའི་དོན་གྱི་ངོ་བོ་ལ་དོན་ལྡོག་ཏུ་བྱས་པའི་དོན་དང་ཐ་སྙད་གཉིས་ཀར་སྒྲུབ་པའི་དེ་ཡིན་པས་རྟགས་རིགས་མཐའ་དཔྱོད་འདིར་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འཇོག་ཚུལ་སྔ་མའི་དབང་དུ་བྱས་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་སྒྲུབ་བྱེད་ལ་གཞུང་འདི་གཉིས་བཀོད་འདུག་པས་འབྲེལ་ཚུལ་ཇི་འདྲ་བ་ཞིག་ཡིན་ནམ་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །རང་ལུགས་ལ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་ན། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པས་མ་ཁྱབ་པ་དང་མི་རྟག་པ་དེ་དགག་པ་ཡིན་པའི་སྒྲུབ་བྱེད་མང་བོ་ཡོད་ཀྱང་། ཡིག་ཆ་གཞན་གྱིས་རིགས་རྒྱན་གྱི་ཚིག་ཟིན་ལ་བརྟེན་ནས་མི་རྟག་པ་དགག་པ་མིན་པ་དང་། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བའི་རྟགས་ཡང་དག་ཡིན་ན་དགག་རྟགས་ཡང་དག་ཡིན་པས་ཁྱབ་ཅེས་ཁས་ལེན་པས་ཡིག་ཆ་གསུམ་གྱི་གསུང་ཚུལ་མི་འདྲ་ཡང་ཡིག་ཆ་གསུམ་ཀའི་ཁོངས་གཏུགས་ས་རྗེ་ཡབ་སྲས་ཀྱི་གཞུང་ཡིན་པས་དོན་ལ་འགལ་བ་མེད་ཅེས་བཤད་ན་ཆོག་གམ་སྙམ་མོ། །

༦ གཞན་དག་གིས་མི་རྟག་པ་དེ་སྒྲུབ་པ་ཡིན་པར་འདོད་པ་ལ་རང་ལུགས་ཀྱིས་མི་རྟག་པ་དེ་དགག་པ་ཡིན་ཚུལ་འོག་གི་འབྲས་རྟགས་ཀྱི་ཐད་ནས་སྐད་དོད་ཀྱི་དབང་དུ་བྱས་ན་མི་རྟག་པ་ཞེས་པའི་ཚིག་དེ་དགག་ཚིག་ཡིན་པའི་སྒྲུབ་བྱེད་དང་བཅས་པ་རྒྱས་པར་བཀོད་ཡོད་པས་དེར་གཟིགས། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། འདོད་མི་ནུས་ཏེ། སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱོད་ཁྱོད་རང་ན། ཁྱོད་ཚད་མས་ངེས་པའི་གང་ཟག་ཡིན་ན། ཁྱོད་ཁྱོད་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བྱས་པ་དང་མི་རྟག་པ་གཉིས་ཆོས་ཅན། ཁྱོད་ཚད་མས་ངེས་པའི་གང་ཟག་ཡིན་ན། ཁྱོད་ཁྱོད་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་ཁྱོད་རང་ཡིན་པའི་ཕྱིར། རྟགས་སླ། འདོད་ན། སྐད་ཅིག་མའི་རྟགས་ཀྱིས་བྱས་པ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། བྱས་པ་དང་མི་རྟག་གཉིས་བྱས་པ་དང་མི་རྟག་པ་གཉིས་ཡིན་པར་ངེས་པའི་གང་ཟག་ཡིན་པར་ཐལ། བྱས་པ་དང་མི་རྟག་པ་གཉིས་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྐད་ཅིག་མའི་རྟགས་ཀྱིས་བྱས་པ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། སྐད་ཅིག་མའི་རྟགས་ཀྱིས་བྱས་པ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་སྒྲུབ་ཚུལ་སླ། རྩ་བར་འདོད་ན། སྐད་ཅིག་མའི་རྟགས་ཀྱིས་བྱས་པ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། བྱས་པ་དང་མི་རྟག་པ་གཉིས་ཀ་བྱས་པ་དང་མི་རྟག་པ་གཉིས་ཀར་ངེས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་དེ་བྱས་པ་དང་མི་རྟག་པ་གཉིས་ཀར་ངེས་པའི་གང་ཟག་ཡིན་པར་ཐལ། བྱས་པ་དང་མི་རྟག་པ་གཉིས་བྱས་པ་དང་མི་རྟག་པར་གཉིས་ཀར་ངེས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཀ་བུམ་གཉིས་མི་རྟག་པར་ངེས་པའི་གང་ཟག་ཡིན་ན། ཀ་བ་ཡང་མི་རྟག་པར་ངེས། བུམ་པ་ཡང་མི་རྟག་པར་ངེས་པའི་གང་ཟག་ཡིན་དགོས་པ་བཞིན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་དེ་མི་རྟག་པར་ངེས་པའི་གང་ཟག་ཡིན་པར་ཐལ། བྱས་པ་དེ་བྱས་པ་དང་མི་རྟག་པར་གཉིས་ཀར་ངེས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། བྱས་པ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་སྐད་ཅིག་མ་ཡིན་པར་ཚད་མས་ངེས་ནས་བྱས་པ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། སྐད་ཅིག་མའི་རྟགས་ཀྱིས་བྱས་པ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་སྒྲུབ་ཚུལ་མཐའ་དཔྱོད་དུ་གསལ་བས་མ་བྲིས། འདིས་མཚོན་པས་བྱས་པ་བྱས་པར་རྟོགས་པའི་རྗེས་དཔག་དང་བྱས་པ་བྱས་པ་ཡིན་པར་རྟོགས་པའི་རྗེས་དཔག་གཉིས་ཀྱི་དམིགས་རྣམ་འདྲ་མི་འདྲ་དང་བྱས་པ་བྱས་པ་ཡིན་ནོ་ཞེས་པའི་སྒྲ་དེ་གཞི་བྱས་པ་གཅིག་པོ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་གཉིས་ཀ་ཡིན་མིན། དུང་གི་མཉན་བྱ་སྒྲར་རྟོགས་པའི་བློ་དེས་སྒྲ་ལ་དམིགས་མ་དམིགས་སོགས་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་དང་ཕར་ཕྱིན་སྐབས་དང་བོའི་སྦྱོར་ལམ་གྱི་ཐད་དང་།བསྡུས་གྲྭའི་རིགས་བརྗོད་ཚོགས་བརྗོད། ཨ་ཁུ་ཚང་གི་བློ་རིག་སོགས་ལ་གཟིགས་ནས་ཞིབ་ཏུ་དཔྱད་དགོས་སོ། །

༡༧ སྒྲ་རྟོགས་པའི་རྗེས་དཔག་ཡིན་ན་སྒྲ་སྒྲར་རྟོགས་པའི་རྟོགས་པའི་རྗེས་དཔག་ཡིན་པས་ཁྱབ་མ་ཁྱབ་དང་། ཁྱབ་ན་དུང་གི་ཉན་བྱ་སྒྲར་རྟོགས་པའི་རྗེས་དཔག་དེས་སྒྲ་སྒྲར་རྟོགས་པར་འགྱུར་ལ། དེ་ལྟར་ན་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་མི་རྟག་པ་མི་རྟག་པར་རྟོགས་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། མི་རྟག་པ་རྟག་པར་འཛིན་པའི་རྟག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེ་སྒྲ་དང་མི་རྟག་པ་གཉིས་ཀ་ལ་དམིགས་པར་ཐལ་བ་དང། རྣམ་འགྲེལ་རྩ་བ་ལས། དེ་ཉིད་ལ་ནི་དེ་འགལ་དོན། །ཞེས་དང་། རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས། རྟོག་པ་རྣམས་ཀྱི་དམིགས་ཡུལ་དང་སྣང་ཡུལ་དང་ཞེན་ཡུལ་གསུམ་མི་འདྲ་བའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་དམིགས་ཡུལ་སྣང་ཡུལ་ཞེན་ཡུལ་གསུམ་མི་འདྲ་བར་ཐལ། ཁྱོད་རྟོག་པ་ཡིན་པའི་ཕྱིར། རྩ་བར། དེ་ཉིད་ལ་ནི་དེ་འགལ་དོན། །ཞེས་དང་། ཞེས་གསུངས་པའི་ལུང་དང་འགལ་བས་དོགས་པས་ཞིབ་ཏུ་དཔྱད་དགོས་སོ། །

ཁྱབ་པའི་ལྟོས་གཞི་ལ་བསྒྲུབ་བྱའི་ཆོས་འཇོག་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐའ་དཔྱོད་ལས། ཁྱབ་པའི་ལྟོས་གཞིའི་བསྒྲུབ་བྱའི་ཆོས་བཤད་པ། ཞེས་གསུངས། འདོད་ན། ཁྱབ་པའི་ལྟོས་གཞི་ལ་བསྒྲུབ་བྱའི་ཆོས་མི་འཇོག་པར་ཐལ། ཁྱབ་པའི་ལྟོས་གཞི་ལ་མཐུན་ཕྱོགས་འཇོག་དགོས་པའི་ཕྱིར། དེར་ཐལ། གཙོ་བོ་ཁྱབ་པ་མཐུན་ཕྱོགས་ལ་བརྟེན་ནས་འཇོག་པ་མ་གཏོགས་བསྒྲུབ་བྱའི་ཆོས་ལ་བརྟེན་ནས་འཇོག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱབ་པ་གྲུབ་མ་གྲུབ་དེ་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་གྲུབ་མ་གྲུབ་ཀྱི་སྒོ་ནས་འཇོག་དགོས་པའི་ཕྱིར། ཁྱབ་སྟེ། ཕྱོགས་ཆོས་གྲུབ་མ་གྲུབ་དེ་གཙོ་བོར་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་མ་གྲུབ་ཀྱི་སྟེང་ནས་འཇོག་དགོས་པའི་རྒྱུ་མཚན་གྱིས་ཕྱོགས་ཆོས་ཀྱི་ལྟོས་གཞི་ལ་ཤེས་འདོད་ཆོས་ཅན་འཇོག་དགོས་པ་བཞིན་ཡིན་པའི་ཕྱིར་སོགས་ཨ་ཁུ་འབའ་ལང་དཀོན་མཆོག་ཆོས་འཕེལ་གྱིས་མཛད་པའི་རྟགས་རིགས་མཆན་འགྲེལ་༼ཅ༽རྟགས་ཅན་ལ་གཟིགས་ནས་དཔྱད་དགོས། གཞན་ཡང་། གལ་ཏེ་ཁྱབ་པའི་ལྟོས་གཞི་ལ་བསྒྲུབ་བྱའི་ཆོས་འཇོག་པའི་དབང་དུ་བྱས་ན། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་དེའི་རྣམ་གྲངས་ཡིན་ཚུལ་ཇི་འདྲ་བ་ཞིག་ཡིན་ནམ་དཔྱད་དགོས་ཏེ། སྦྱོར་བ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་མཐུན་ཕྱོགས་གཉིས་རྣམ་གྲངས་ཡིན་ཚུལ་གཏན་ནས་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མིང་དོན་གང་གི་ཆ་ནས་ཀྱང་རྣམ་གྲངས་མ་ཡིན་པའི་ཕྱིར། དེར་ཐལ། དོན་ཡང་མི་འདྲ། མིང་ཡང་མི་འདྲ་བའི་ཕྱིར། ཁྱབ་སྟེ། དེ་ལྟ་བུའི་མི་འདྲ་བའི་སྒོ་ནས་རྣམ་གྲངས་སུ་བཞག་ཆོག་ན་བུམ་པ་དང་དངོས་པོ་གཉིས་རྣམ་གྲངས་ཡིན་ཟེར་ན་སྒྲུབ་བྱེད་ཅི་ཡང་མེད་པའི་ཕྱིར། ཡང་འདི་ལ་ཁ་ཅིག་གིས། བུམ་པ་དང་དངོས་པོ་གཉིས་རྣམ་གྲངས་མ་ཡིན་པའི་རྒྱུ་མཚན་ནི་དེ་གཉིས་ལ་ཁྱབ་ཆེ་ཆུང་ཡོད་པའི་ཕྱིར་ཟེར། འོ་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་མཐུན་ཕྱོགས་གཉིས་རྣམ་གྲངས་མ་ཡིན་པར་ཐལ། དེ་གཉིས་ལ་ཁྱབ་ཆེ་ཆུང་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། བུམ་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པ་གང་ཞིག  དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། བཞི་བ་སྒྲུབ་བྱེད་ནི། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པ་ཆོས་ཅན།  སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ཞེས་གསུངས་པའི་ཕྱིར།

༡༨ གཙོ་བོར་ཁྱབ་པའི་ལྟོས་གཞི་ལ་བསྒྲུབ་བྱའི་ཆོས་འཇོག་ཚུལ་མེད་པའི་ཕྱིར་ཏེ། ཁྱབ་པའི་ལྟོས་གཞི་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་འཇོག་དགོས་པའི་ཕྱིར། དེར་ཐལ། རྗེས་ཁྱབ་ཀྱི་ལྟོས་གཞི་ལ་མཐུན་ཕྱོགས་དང་། ལྡོག་ཁྱབ་ཀྱི་ལྟོས་གཞི་ལ་མི་མཐུན་ཕྱོགས་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྗེས་ཁྱབ་གཙོ་བོར་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་མེད་ཀྱི་ཆ་ནས་འཇོག་པ་དང་། ལྡོག་ཁྱབ་གཙོ་བོར་མི་མཐུན་ཕྱོགས་ལ་ལྡོག་ཚུལ་གྱི་ཆ་ནས་འཇོག་པ་རང་རང་གི་མིང་གི་ཆ་ནས་ཀྱང་འགྲུབ་པའི་ཕྱིར། དེས་ན་ཁྱབ་པའི་ལྟོས་གཞི་ལ་དགག་བྱའི་ཆོས་ཀྱང་བཞག་ཆོག་པར་ཐལ། བསྒྲུབ་བྱའི་ཆོས་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར་སོགས་སྒོ་སྣ་ཚོགས་ནས་དཔྱད་དགོས་གསུངས། དེ་བཞིན་དུ་མཐུན་ཕྱོགས་དེ་ཁྱབ་པའི་ལྟོས་གཞིའི་རྣམ་གྲངས་ཡིན་ན་མི་མཐུན་ཕྱོགས་དེ་ཡང་ཁྱབ་པའི་ལྟོས་གཞིའི་རྣམ་གྲངས་ཡིན་དགོས་པའི་ཕྱིར་ཏེ། གཙོ་བོ་དགག་བྱའི་ཆོས་ལ་ལྟོས་ནས་སྦྱོར་དགོས་པའི་ཕྱིར།དེ་མིན་ན་མཐུན་ཕྱོགས་དེ་ཁྱབ་པའི་ལྟོས་གཞིའི་རྣམ་གྲངས་ལ་འཇོག་དགོས་དོན་མེད་པའི་ཕྱིར། མདོར་ན་ཁྱབ་པའི་ལྟོས་གཞི་ལ་གང་བཞག་ནས་དེའི་རྣམ་གྲངས་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་འཇོག་ཚུལ་གང་ཡིན་ནམ་སྙམ་སྟེ་ཞིབ་ཏུ་དཔྱད་དགོས་གསུངས། 

   ༡༩ སྤྱིར་བཏང་གི་དབང་དུ་བྱས་ན། རྣམ་གྲངས་ལ་མིང་གི་རྣམ་གྲངས་དང་དོན་རྣམ་གྲངས་སོགས་འཇོག་ཚུལ་ཡོད་པས་རྣམ་གྲངས་ཡིན་ན་ཡིན་ཁྱབ་མཉམ་ཡིན་མི་དགོས་སམ་སྙམ། འདིར་ཁྱབ་པའི་ལྟོས་གཞིའི་རྣམ་གྲངས་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་འཇོག་ཚུལ་ནི། གཙོ་བོར་ཁྱབ་པའི་ལྟོས་གཞིར་བསྒྲུབ་བྱའི་ཆོས་བཞག་ནས་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་ཞེས་ཁྱབ་པ་དེ་གཙོ་བོར་འབྲེལ་བའི་སྟེང་ནས་འཇོག་དགོས་པའི་གནད་ཀྱིས་ཡིན་ནམ་སྙམ་སྟེ་དཔྱད་གསུངས། མཐུན་ཕྱོགས་ཀྱི་སྟེང་ནས་ཁྱབ་པ་བརྩི་ཚུལ་ནི་ཁྱབ་པའི་ལྟོས་གཞིར་བསྒྲུབ་བྱའི་ཆོས་བཞག་ནས་ཁྱབ་པའི་ལྟོས་གཞིར་རྣམ་གྲངས་ཙམ་པོ་སྟེ་ཁྱབ་པའི་ལྟོས་གཞིའི་གཙོ་བོ་མ་ཡིན་ཀྱང་ཕལ་བ་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཞག་ཅེས་འབྲེལ་ན་ཆོག་གམ་སྙམ་སྟེ་ཨ་ཁུ་ཚང་གི་བློ་རིག་ཤོག་ངོས༡༠༡ལ་གཟིགས་ནས་ཞིབ་ཏུ་དཔྱད་དགོས། བསྒྲུབ་བྱའི་ཆོས་སུ་བཟུང་བར་བྱ་བ་དེ། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད་ཡིན་ན་དེ་གཉིས་ལ་རྟོགས་དཀའ་སླ་ཡོད་མེད་སོགས་ཀྱང་དཔྱད་སླ། རྟག་པས་སྟོང་བ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། མཐའ་དཔྱོད་ལས། དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་རྟགས་རིགས་ལས། ཞེས་པ་ཕྱོགས་སྔའི་ཁས་ལེན་གྱིས་ཡིན་ནོ། ཞེས་གསུངས་པ་ལྟར་ཕྱོགས་སྔའི་ཁས་ལེན་གྱི་དབང་གིས་ཡིན་ཟེར་ན། འོ་ན། རྟག་པ་མ་ཡིན་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ།ཁྱོད་ཀྱི་ཞིབ་ཆ་འཐད་པའི་ཕྱིར། འདོད་ན། སྒྲ་རྟག་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་གི་བསྒྲུབ་བྱ་མ་ཡིན་པར་ཐལ། འདོད་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་གི་དགག་བྱ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གང་རྣམ་པར་བཀག་པ་དེ་ལྡོག་དོན་བསྒྲུབ་དགོས་པའི་ཕྱིར། ནག་པོ་མིན་ཞེས་བསྟན་པ་ལ། །དཀར་བོ་ཡིན་ཞེས་མ་བརྗོད་ཕྱིར། །ཞེས་གསུངས་པ་ལྟར་དུ་དོན་ལ་གནས་པའི་ཕྱིར། དེར་ཐལ། གང་རྣམ་པར་བཅད་པ་དེ་ཉིད་ཀྱི་ལྡོག་པའི་དོན་དེ་བསྒྲུབ་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཡིན་ཚུལ་ཡོད་པའི་ཕྱིར་དང་། སྒྲའི་སྟེང་དུ་གང་རྟག་པ་མ་ཡིན་པར་སྒྲུབ་དགོས་རྟག་པ་མ་ཡིན་པར་སྒྲུབ་ན་རྟག་པ་ཡིན་པར་དགག་དགོས་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་གིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པར་ཐལ། སྒྲ་རྟག་པ་ཡིན་པར་བཀག་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་ཁས། འདོད་ན། དེ་འདྲའི་སྦྱོར་བ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་སྦྱོར་བ་ཡིན་པར་ཐལ།འདོད་པའི་ཕྱིར། འདོད་ན། སྒྲ་རྟག་པ་མ་ཡིན་པ་དེ་སྦྱོར་བ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་ཡིན་ན། སྒྲ་མི་རྟག་པ་དེ་བསྒྲུབ་བྱར་བཟུང་བའི་སྦྱོར་བ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར་སོགས་སྤྲོ། འདིས་མཚོན་པས་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་སྦྱོར་བའི་བསྒྲུབ་བྱ་ལ་ཐར་བ་དང་ཐམས་ཅད་མཁྱེན་པ་འཇོག་གམ་མི་འཇོག་དང་ཆོས་ཅན་ཡན་གར་ལ་བསྒྲུབ་བྱ་ཡོད་མེད་སོགས་ཞིབ་ཏུ་དཔྱད་དགོས་སོ། །

 ༢༠ ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཁྱབ་གྲུབ་པས་ཁྱབ་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས།འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཆོས་ཡིན་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཁྱབ་གྲུབ་པར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར།མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འོ་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་གཉིས་ཀའི་གཞི་མཐུན་ཡོད་པར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། འགོད་ཚུལ་ཡིན་འགོད་སྒྲུབ་ཚུལ་ཡིན་སྒྲུབ་ཀྱི་དབང་དུ་བྱས་ན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་ཚུལ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་དང་ཁྱོད་གཉིས་ཀའི་གཞི་མཐུན་ཡོད་ཚུལ་ཡིན་པའི་ཕྱིར་ཏེ། དེ་ལ་ཡོད་པའི་ཚད་ཅིག་འཇོག་རྒྱུ་ཡོད་པའི་ཕྱིར་དང་། རིགས་རྒྱན་ལས་ཀྱང་། རང་ལན་ནི། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་དེ། ཁྱོད་ཡིན་པ་ཡང་ཡོད།བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པ་ཡོད་པ་གང་ཞིག ཁྱོད་ཀྱང་ཡིན་བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་མེད་པའི་ཕྱིར་ཏེ། ཁྱོད་ཡིན་ན་མཚོན་བྱ་ཡིན་དགོས། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་ན། མཚོན་བྱ་མ་ཡིན་དགོས་པའི་ཕྱིར་རོ། །ཞེས་སོ། །འདོད་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་དང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་གཉིས་ཀའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རི་བོང་རྭ་དེ་དེ་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ་ལོ། །འདིས་མཚོན་པས་ཆོས་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཚད་དང་། ཆོས་དེ་ལ་ཡོད་པའི་ཚད་སོགས་ལ་གང་འཇོག་དཔྱད་དགོས་པ་མང་བོ་ཡོད་ཀྱང་འོག་ཏུ་འཆད་དོ། །

 ༢༡ འོག་ཏུ་བྱས་པ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་གསུངས་པ་དེ་ལ་ཨ་ཁུ་ཚང་གི་རྟགས་རིགས་ལས། ཤོག་ངོས༥༨པར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱས་པ་བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པར་གྲུབ་པས་རྗེས་ཁྱབ་ཡིན་པར་གྲུབ་པ་ཡོད་པའི་དོན་ཡིན་པའི་ཕྱིར། ཞེས་ཞིབ་ཆ་བྱས་པ་ལྟར་ན། བྱས་པ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་མིན་པར་གསལ་ཡང་། བྱས་པ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་མིན་ན་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་སེལ་བྱ་འགལ་རྟགས་མ་ཡིན།མ་ངེས་པ་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སྒྲུབ་སླ། འགོད་ཚུལ་ལ་ཡིན་འགོད་ཀྱི་དབང་དུ་བྱས་པ་དང་། ཡོད་འགོད་ཀྱི་དབང་དུ་བྱས་པ་གཉིས་མ་གཏོགས་གསུངས་མེད་པ་དེ་ལ་ཡང་དཔྱད་དགོས་ཏེ། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་ཡིན་འགོད་དང་ཡོད་འགོད་ཀྱི་དབང་དུ་བྱས་པའི་འགོད་ཚུལ་གང་ཡང་མ་ཡིན་པའི་ཕྱིར། དེར་ཐལ། མེད་འགོད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། མེད་སྒྲུབ་དང་མེད་ཕྱོགས་ནས་འགོད་པ་ཡིན་པའི་ཕྱིར། དེར་ཐལ། འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པ་ཞེས་པའི་རྒྱུ་མཚན་ཡོད་པའི་ཕྱིར་སོགས་ཨ་ཁུ་རབ་གསལ་ཚང་གི་རྟགས་རིགས་དང་བསྡུར་ནས་དཔྱད་དགོས་གསུངས། གཞན་ཡང་། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པའི་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ཡིན་ན་མེ་ཡིན་པས་ཁྱབ་པར་ཐལ། དུ་བ་མེ་མ་ཡིན་པའི་ཕྱིར། ཞེས་པའི་སྒྲུབ་ཚུལ་ཡོད་པའི་ཕྱིར། འདོད་ན། མེ་ཡོད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལར་མེ་ཡོད་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། སྔ་མའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མཐའ་དཔྱོད་ལས། ཞེས་གསུངས་པའི་ཕྱིར། འདོད་ན། དུ་བ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དགག་བྱའི་ཆོས་སུ་འགྲོ་རྒྱུ་གཉིས་ཀ་ཡིན་པར་ཐལ་བ་སོགས་འཕེན། གཞན་ཡང་། སྒྲ་དང་ནམ་མཁའ་གཉིས་རྟག་པ་ཡིན་པར་ཆོས་མཐུན་པའི་ཕྱིར། མ་གྲུབ་ན། སྒྲ་དང་ནམ་མཁའ་གཉིས་རྟག་པ་ཡིན་པར་ཁས་ལེན་མི་རུང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་དང་ནམ་མཁའ་གཉིས་རྟག་པ་མ་ཡིན་པར་ཐལ་ལོ། །འདོད་ན། སྒྲ་དང་ནམ་མཁའ་གཉིས་རྟག་དངོས་གང་རུང་མ་ཡིན་པར་ཐལ་ལོ། །འདོད་ན། སྒྲ་དང་ནམ་མཁའ་གཉིས་ཡོད་པ་མ་ཡིན་པར་ཐལ་བ་སོགས་འཕེན་ཚུལ་ཤེས་སླའོ། །

༢༢ མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་གཉིས་པོ་རྟོགས་ན་དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་རྟོགས་པས་ཁྱབ་མ་ཁྱབ་དང་སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་ཕྱོགས་ཆོས་གྲུབ་ཚུལ་དེ་ཤེས་འདོད་ཆོས་ཅན་ལ་ཡོད་པས་འཇོག་མི་འཇོག་ཨ་ཁུ་ཚང་གི་རྟགས་རིགས་ལ་གཟིགས་ན་དེར་གསལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱིས་བསྒྲུབ་བྱ་འགྲུབ་མི་འགྲུབ་ཅེས་པའི་བསྒྲུབ་བྱའམ་ཕྱོགས་དེ་ཡིན་ན། སྒྲ་དང་མི་རྟག་པའི་ཚོགས་དོན་ཡིན་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པའི་ཁྱད་པར་དུ་བྱས་པའི་སྒྲ་ཆོས་ཅན། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན།ཁྱོད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་དེ་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། སྒྲ་ཁྱོད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། མི་རྟག་པ་ཆོས་ཅན། སྒྲ་དང་ཁྱོད་ཀྱི་ཚོགས་དོན་དང་། ཁྱོད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་དང་། སྒྲའི་ཁྱད་པར་དུ་བྱས་པའི་ཁྱོད་དང་གསུམ་རེ་རེ་ནས་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པར་ཐལ། སྒྲ་ཁྱོད་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པའི་ཁྱད་པར་དུ་བྱས་པའི་སྒྲ་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། སྒྲ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་ཤེས་པ་ཤེས་པ་མ་ཡིན་པར་ཐལ། མི་རྟག་པའི་ཁྱད་པར་དུ་བྱས་པའི་སྒྲ་སྒྲ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རིགས་རྒྱན་ལས།ཤོག་ངོས་༨༤པར་གསལ། གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སོ་སྐྱེའི་ཤེས་པ་ཆོས་ཅན། རང་རིག་མངོན་སུམ་ཚད་མས་གྲུབ་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། སོ་སྐྱེས་ཆོས་ཅན། འཕགས་པར་ཐལ། རང་རྒྱུད་ཀྱི་མངོན་སུམ་གྱིས་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་པ་གྲུབ་པའི་ཕྱིར། རྟགས་ཁས། ཞེས་གསུངས་པའི་ཕྱིར།  

༢༣ གཞན་ཡང་། མི་རྟག་པའི་ཁྱད་པར་དུ་བྱས་པའི་སྔོན་པོ་མིག་ཤེས་ཀྱི་གཟུང་བྱ་ཡིན་མིན་སོགས་དཔྱད་དགོས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་སྒྲ་འཇུག་པའི་གཞི་ལ་གསུམ་ཡོད་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྐབས་ཀྱི་ཕྱོགས་ཀྱི་སྒྲའི་འཇུག་གཞི་དེ་ལ་གསུམ་ཡོད་པ་གང་ཞིག  དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་དང་ཆོས་གཉིས་ཀྱི་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག  ཁྱབ་པ་གཉིས་ཀྱི་འབྲེལ་ཡུལ་གྱི་བསྒྲུབ་བྱའི་ཆོས་དང་། ཕྱོགས་ཆོས་ཀྱི་ཡུལ་ཤེས་འདོད་ཆོས་ཅན་གཉིས་ལ་ཕྱོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིེར་ན་མ་ཁྱབ་སྟེ། ལུང་སྔ་མ་དངོས་བཏགས་ཅི་རིགས་སུ་འཇུག་པའི་གཞི་ལ་གསུམ་ཡོད་པའི་དོན་དང་། དངོས་མིང་དུ་འཇུག་ཅེས་པ་དངོས་སུ་འཇུག་པའི་དོན་དང་། བཏགས་མིང་དུ་འཇུག་ཅེས་པ་ཡང་བཏགས་ནས་འཇུག་པའི་དོན་ཡིན་ཟེར་ཏེ། ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་རྟགས་རིགས་ལས། ༣༡ དེས་ན་ལུང་སྔ་མ་དངོས་བཏགས་ཅི་རིགས་སུ་འཇུག་པའི་གཞི་ལ་གསུམ་ཡོད་པ་དང་ཕྱི་མ་དངོས་སུ་འཇུག་པའི་དོན་ནོ། །ཞེས་གསུངས་པ་ལྟར་ཡིན་ཟེར་ན། ཁོ་ན་རེ། ཞིབ་ཆ་དང་བོ་ལ། འོ་ན།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་སྒྲ་འཇུག་པའི་གཞི་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཡིན་པས་ཁྱབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་སྒྲ་འཇུག་པའི་གཞི་ལ་གསུམ་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་སྒྲ་འཇུག་པའི་གཞི་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་བོ་འཆད་པའི་དངོས་བསྟན་གྱི་ཕྱོགས་སྒྲ་འཇུག་གཞི་ལ་སྒྲ་ཁོ་ནས་ཁྱབ་པར་ཐལ། ཞེས་པ་ནས། དེའི་སྐབས་ཀྱི་དངོས་བསྟན་གྱི་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲ་འཇུག་གཞི་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར།ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཆོས་ཅན། སྒྲ་དང་གཅིག་ཡིན་པར་ཐལ།སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་ཀ་རེ་རེ་ནས་སྒྲ་མི་རྟག་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པའི་རྒྱུ་མཚནཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་རེ་རེ་ནས་དེ་མ་ཡིན། ཞེས་གསུངས་པའི་ཕྱིར། ལུང་དོན་གཉིས་པ་ལྟར་ན། འོ་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་སུ་འཇུག་ཀྱང་དངོས་མིང་དུ་མི་འཇུག་པར་ཐལ། ཁྱེད་ཀྱི་ཞིབ་ཆ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་ཚོགས་དོན་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་སྒྲ་དངོས་མིང་དུ་འཇུག་སྟེ། དེ་སྒྲུབ་ཀྱི་རྩོད་གཞི་དང་ཆོས་ལྷན་ཅིག་བསྡོམས་པའི་དོན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་ཐུན་མོང་མ་ཡིན་པའི་མིང་ཡིན་པའི་ཕྱིར། དཔེར་ན། ཐུན་མོང་མ་ཡིན་པའི་སྐལ་བ་ལ་དེའི་ངོས་སྐལ་དུ་གྲགས་པ་བཞིན། ཞེས་གསུངས་པའི་ཕྱིར་དང་། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཞེས་པའི་སྒྲ་དེ་སྒྲ་མི་རྟག་པ་ཐུན་མོང་མ་ཡིན་པར་གོ་མི་ནུས་པར་ཐལ་བ་དང་། བུམ་པ་ཞེས་པའི་སྒྲ་དེ་ལྟོ་ལྡིར་བ་དང་སེང་གེ་ཞེས་པའི་སྒྲ་དེ་རི་དྭགས་ཀྱི་རྒྱལ་བོ་ཐུན་མོང་མ་ཡིན་པར་གོ་མི་ནུས་པར་ཐལ་བ་དང་། སེང་གེ་ཞེས་པའི་སྒྲ་དེ་རི་དྭགས་རྒྱལ་པོའི་དངོས་མིང་དུ་བཞག་པ་མི་འཐད་པར་ཐལ་བ་སོགས་ཡོད་པའི་ཕྱིེར་ན་བརྟགས།འདིའི་ཐད་ནས་རིགས་རྒྱན་གྱི་དངོས་མིང་དང་བཏགས་མིང་གཉིས་ཀྱི་དོན་ལ་དཔྱད་དགོས། ཤོག་ངོས༤༥༧  ༤༥༨བར་ལ་གཟིགས།

༢༤ ཞིབ་ཆ་གསུམ་པ་ལ། འོ་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་དང་ཤེས་འདོད་ཆོས་ཅན་གཉིས་ལ་ཕྱོགས་ཀྱི་སྒྲ་དེ་བཏགས་ནས་འཇུག་ཀྱང་བཏགས་མིང་དུ་མི་འཇུག་པར་ཐལ། ཞིབ་ཆ་འཐད་པའི་ཕྱིར། འདོད་ན། སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་བཏགས་མིང་དུ་མི་འཇུག་པར་ཐལ།བཏགས་ནས་འཇུག་ཀྱང་བཏགས་མིང་དུ་མི་འཇུག་ཅེས་པའི་ཞིབ་ཆ་འབྱེད་ཚུལ་འཐད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཞེས་པའི་སྒྲ་ཆོས་ཅན། སྒྲའི་བཏགས་མིང་མ་ཡིན་པར་ཐལ། སྒྲ་ལ་བཏགས་མིང་དུ་མི་འཇུག་པའི་ཕྱིར། ཁྱབ་སྟེ། ཆོས་དེའི་བཏགས་མིང་ཡིན་ན། ཆོས་དེ་ལ་བཏགས་མིང་དུ་འཇུག་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ།ཀུན་མཁྱེན་བླ་མའི་བསྡུས་ཆེན་རྣམ་བཞག་གི་བརྗོད་བྱེད་ཀྱི་སྒྲའི་ཐད་ལས། རྟགས་དང་བོ་མ་གྲུབ་ན། བུམ་པ་ཆོས་ཅན།ཤེས་བྱ་ཞེས་བརྗོད་པའི་སྒྲ་ཁྱོད་ལ་བཏགས་མིང་དུ་འཇུག་པར་ཐལ། དེ་ཁྱོད་ཀྱི་བཏགས་མིང་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིེར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཞེས་བརྗོད་པའི་སྒྲ་ཆོས་ཅན། སྒྲ་ལ་བཏགས་མིང་དུ་འཇུག་པར་ཐལ། སྒྲའི་བཏགས་མིང་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཅེས་བརྗོད་པའི་སྒྲ་དེ་སྒྲའི་བཏགས་མིང་ཡིན་པ་གང་ཞིག  རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མ་རིགས་རྒྱན་ལས། བདག་གཅིག་འབྲེལ་བ་རྒྱུ་མཚན་དུ་བྱས་པ་ནི། ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པ་སྒྲ་ལ་བསྒྲུབ་བྱའི་མིང་གིས་བརྗོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་དང་བཏགས་མིང་གི་མཚན་ཉིད་ཡང་ཚང་བའི་ཕྱིར་ཟེར། རྩ་བར་འདོད་ན། སྒྲ་ཆོས་ཅན། ཁྱོད་དང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་གཉིས་ཀའི་གཞི་མཐུན་མེད་པར་ཐལ། ཁྱོད་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་བཏགས་མིང་དུ་འཇུག་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱོད་ལ་ཤིང་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་ན་ཁྱོད་དང་ཤིང་གཉིས་ཀྱི་གཞི་མཐུན་མེད་པས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཤོག་ངོས༡༢༢ དེ་ལྟ་ན་བཏགས་མིང་དུ་འགྱུར་ལ། དེ་ཡིན་ན་ཤིང་དང་ཤིང་གསལ་གྱི་གཞི་མཐུན་མི་སྲིད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིའི་མཚོན་པས་རང་ལུགས་ལ་གཞི་དེ་ལ་དངོས་སུ་འཇུག་ན་གཞི་དེ་ལ་དངོས་མིང་དུ་འཇུག་པས་མ་ཁྱབ་ཅེས་རྣམ་འགྲེལ་མཐའ་དཔྱོད་དུ་གསུངས་ཡོད་པས་དེ་ལ་དངོས་མིང་དུ་འཇུག་ན་དེའི་དངོས་མིང་ཡིན་པས་ཁྱབ་མ་ཁྱབ་དང་། དངོས་མིང་ཐ་དད་དུ་གོ་བར་བྱ་བའི་ཆོས་དེ། ཐ་དད་ཀྱི་མཚན་ཉིད་དུ་རྣམ་འགྲེལ་རྩ་འགྲེལ་སོགས་ལས་གསུངས་ཡོད་པས་ཟླ་བ་ཞེས་པའི་མིང་དང་བསིལ་ཟེར་ཅན་ཞེས་པའི་མིང་གཉིས་ཀྱིས་ཟླ་བ་ཐུན་མོང་མ་ཡིན་པར་གོ་ནུས་མི་ནུས་སོགས་དཔྱད་རྒྱུ་མང་ཡང་ཡིག་ཚོགས་ཆེ་དོགས་པས་མ་བྲིས། མགར་རྩེ་སྦྱིན་པའི་བསྡུས་གྲྭའི་གཅིག་ཐ་དད་ཐད་དང་སྡེ་བདུན་རྒྱ་མཚོའི་གྲུ་གཟིངས་སོགས་ལ་གཟིགས་ན་ཞིབ་ཏུ་ཤེས་སོ། །དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་ཚད་མའི་དགོངས་རྒྱན་ལས་ཆོས་དེ་ལ་དངོས་མིང་དུ་འཇུག་པ་དང་ཆོས་དེའི་དངོས་མིང་གཉིས་ལ་ཡིན་མིན་གྱི་མུ་བཞི་དང་། ཆོས་དེའི་བཏགས་མིང་དང་བཏགས་མིང་དུ་འཇུག་པ་ལ་ཡང་མུ་བཞི་གསུངས་འདུག་པས་ཡིག་ཆའི་འགལ་མཚམས་ལ་ཞིབ་ཏུ་དཔྱད་དགོས།

༢༥ ཕྱོགས་ཆོས་ཀྱི་དོན་རྟོགས་པ་ལ་དེའི་ལྡོག་ཟླ་མ་གྲུབ་པའི་གཏན་ཚིགས་དེ་དག་གི་དོན་ཤེས་པ་གལ་ཆེ་བར་གསུངས་པས་ཕྱོགས་ཆོས་ཀྱི་མཚན་ཉིད་ལ་ཟུར་བཞི་བྱས་ན། ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་དང་། ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ན་དང་། ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དང་། མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་སོ་སོའི་བསལ་བྱ་རེ་རེ་ནས་ངོས་བཟུང་ནས་ཞིབ་ཏུ་དཔྱད་དགོས་གསུངས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་ཟེར་ན། འོ་ན། མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། མཚན་ཉིད་དེ་ཚང་བའི་ཕྱིར། མ་གྲུབ་ན། དེར་ཐལ།རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། ཤོག་ངོས་༢༦༠ལས། ཡང་ཁ་ཅིག མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་དེའི་ཟེེར་ན། མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ་ལོ། །མཚན་ཉིད་དེའི་ཕྱིར། དེར་ཐལ། ཞེས་གསུངས་པའི་ཕྱིར། གཞན་ཡང་། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་མི་རྟག་པ་དང་འབྲེལ་བ་ཡིན་པ་གང་ཞིག ཕྱི་མ་རེ་རེ་ནས་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་མི་རྟག་པ་དང་ཐ་དད་མ་ཡིན་པར་ཐལ། འབྲེལ་བ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཐ་མི་དད་ཡིན་པར་ཐལ་བ་སོགས་འཕེན་སླའོ། །འདིའི་མཚོན་པས་རྗེས་ཁྱབ་ཀྱི་མཚན་ཉིད་འཇོག་ཚུལ་ལ་རྟགས་རིགས་མཐའ་དཔྱོད་དང་རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་གཉིས་ཀྱི་ཚིག་ཟིན་མི་མཐུན་པས་ཨ་ཁུ་ཚང་གིས་རྣམ་འགྲེལ་མཐའ་དཔྱོད་ཀྱི་ཚིག་ཟིན་ལ་ཞིབ་ཆ་གནང་འདུག་པས་འཐད་མིན་སོགས་རྣམ་འགྲེལ་མཐའ་དཔྱོད་དང་རྟགས་རིགས་ཀྱི་མཆན་༼ཞ༽རྟགས་ཅན་དང་ཕན་ཚུན་བསྡུར་ནས་ཞིབ་ཏུ་དཔྱད་དགོས་གསུངས། དེར་མ་ཟད་རྗེས་ཁྱབ་སྔ་ཕྱི་འདི་ལ་དཔྱད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ཉན་བྱ་གོང་འོག་དང་རྗེས་ཁྱབ་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་དང་ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་དང་སྒྲོ་འདོགས་གཅོད་ཚུལ་དང་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་གསུམ་སོགས་དང་ཕན་ཚུན་བསྡུར་ནས་གང་ཟེར་གྱི་རྗེས་སུ་མི་འབྲངས་པར་ལུང་རིགས་གཉིས་ཀྱི་སྒོ་ནས་ཞིབ་ཏུ་དཔྱོད་དགོས་གསུངས།མཚན་ཕུད་དམ་བཅའ་སོགས་དམ་བཅའ་ཆེ་ཁག་ལ་འདི་ལས་ལྷག་འཕེན་ཚུལ་མེད་དོ། །

ཚུལ་དང་བོའི་མཚན་ཉིད་རྒྱས་བཤད།

༢༦ མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་་ལ་སྒྲ་འཇོག་མིན་དང་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་གསུམ་པོ་རེ་རེ་ནས་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་མིན་དང་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་མེད་དང་བློ་ལ་ལྟོས་ཏེ་མ་གྲུབ་པ་དང་དོན་ལ་ལྟོས་ནས་མ་གྲུབ་པ་རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་སོགས་མ་གྲུབ་པའི་གཏན་ཚིགས་བཅུ་བཞིའི་ཁྱད་པར་གང་གི་སྒོ་ནས་འབྱེད་དགོས་སོགས་སྡེ་བདུན་རྒྱན་དང་རྟགས་རིགས་རང་ལུགས་མཐའ་དཔྱོད་ཨ་ཁུ་ཚང་གི་རྟགས་རིགས་སོགས་ལ་ཞིབ་ཏུ་བལྟས་ནས་དཔྱད་དགོས། རང་ལུགས་ལ་སྡེ་བདུན་རྒྱན་ལྟར་དུ་ཁས་ལེན་དགོས། སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མིན་ན་སྒྲ་དེ་ཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་འགྱུར་ཏེ་རིགས་པ་རྣམ་པ་ཀུན་ཏུ་མཚུངས་སོ་ཟེར་ན་ལན་ཅི་འདེབས་སོགས་སྡེ་བདུན་རྒྱན་དང་རྟགས་རིགས་རང་ལུགས་གཉིས་ལ་གཟིགས་ནས་བརྡར་ཤ་གཅོད་དགོས་སོ། །ཡོད་པ་ཞེས་པའི་ཚིག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་སེལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། གོང་དུ་འདོད་ན། འཐད་ལྡན་ཆུང་བ་ལས། ཡོད་པ་ཞེས་པའི་ཚིག་གིས་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་མ་གྲུབ་པ་བསལ་ཏེ། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མེད་པར་ཐལ། དེ་སྒྲུབ་ཀྱི་ཡོད་པ་ཞེས་པའི་ཚིག་གི་སེལ་བྱ་ཡིན་པའི་ཕྱིར། འདོད་ན། སྦྱོར་བ་སྐོར་གཅིག་གི་རྟགས་ལྟར་སྣང་མེད་པར་ཐལ་ལོ། །འདི་ལ་ཨ་ཁུ་ཚང་གིས་ཞིབ་ཆ་འདི་ལྟར་མཛད་ཡོད་དེ། ཁོང་གི་རྟགས་རིགས་ཤོག་ངོས་༨༠ལས། དེར་འཐད་ལྡན་སོགས་དྲངས་པ་དེའི་ཕྱིར་ན་རྩ་བར་མ་ཁྱབ་སྟེ། དེ་དག་ཕྱོགས་ཆོས་ཡིན་པའམ་བྱས་པ་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པ་ཡིན་པ་སེལ་བས་དེ་དག་སེལ་ཞེས་གསུངས་ཀྱི་སེལ་བྱ་དེ་མི་འཇོག་ལ་སྔ་མ་གཉིས་འཇོག་པའི་ཕྱིར། ཞེས་གསུངས་པ་ལ། འོ་ན། ཡོད་པ་ཞེས་པའི་ཚིག་གིས་སེལ་ན་མེད་པས་ཁྱབ་པར་ཐལ། ཁོང་གི་ཞིབ་ཆ་འཐད་པའི་ཕྱིར། འདོད་ན། མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་ནམ་སྙམ་པའི་ལོག་རྟོག་ཆོས་ཅན། མེད་པར་ཐལ། ཡོད་པ་ཞེས་པའི་ཚིག་གིས་སེལ་པའི་ཕྱིར། མ་གྲུབ་ན། མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་ནམ་སྙམ་པའི་ལོག་རྟོག་སེལ་བྱེད་ཀྱི་ཚིག་གཅིག་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྡེ་བདུན་རྒྱན་ལས། དེ་ལ། རང་དང་དོན་དང་གསལ་བྱེད་ཅེས་པའི་ཚིག་གསུམ་གྱིས་གོ་རིམས་བཞིན་དུ། བློ་སྐྱོན་དང་དོན་སྐྱོན་དང་སྒྲ་སྐྱོན་གསུམ་སེལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་། མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པ་དེ་ཉིད་ཅེས་པའི་ཚིག་གི་སེལ་བྱ་མ་ཡིན་པར་ཐལ།ཡོད་པ་ཞེས་པའི་ཚིག་གི་སེལ་བྱ་ཡིན་པའི་ཕྱིར། རྟགས་ཁས།མ་ཁྱབ་ན། ཚད་མས་ངེས་པ་ཞེས་པའི་ཡང་སེལ་བྱ་ཡིན་པར་ཐལ་ལོ། །འདོད་ན། དེ་དག་གི་སེལ་བྱ་སོ་སོ་ནས་བཞག་པ་ལ་དགོས་པ་མེད་པར་ཐལ་བ་སོགས་འཕེན།

 ༢༧ རྟགས་རིགས་རང་ལུགས་ལས། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་དེ་ཚད་མས་ངེས་པ་ཞེས་པའི་སེལ་བྱ་ལ་བཞག་ཡོད་ཀྱང་རྟགས་རིགས་མཐའ་དཔྱོད་འདིར་དེ་སྒྲུབ་ཀྱི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཀྱང་མ་ཡིན། ཞེས་ཡོད་པ་ཞེས་པའི་སེལ་བྱ་ལ་སྦྱར་འདུག་པས་དཔྱད་དགོས། ཕྱོགས་ཆོས་ཞིབ་མོ་ཞིག་ཤེས་འདོད་ན་མ་གྲུབ་པའི་གཏན་ཚིགས་བཅུ་བཞི་བོ་ཞིབ་པར་ཤེས་པ་ལ་རག་ལས་ཡོད་པས་ཤིན་ཏུ་གལ་ཆེ། སྤྱིར་ན་ཡོད་པ་ཞེས་པའི་ཚིག་གིས་སེལ་ཞེས་པ་དང་སེལ་བྱ་གཉིས་ལ་ཁྱད་པར་ཡོད་དེ། སེལ་ཞེས་པའི་སེལ་རྒྱུར་ལོག་རྟོག་བཞག་ཡོད་ལ། སེལ་བྱ་ལ་ལོག་རྟོག་བཞག་མེད་པས་མི་འདྲ་སྟེ། རིགས་རྒྱན་ལས་ཀྱང་རྟགས་ཡང་དག་གི་མཚན་ཉིད་ཀྱི་སེལ་བྱའི་སེལ་བྱ་ཡིན་ན། གཞི་མ་གྲུབ་པས་ཁྱབ་ཅེས་གསུངས་ཡོད་པས་མི་འདྲ་བའི་ཁྱད་པར་ཅུང་ཙམ་ཡོད་པས་ཞིབ་ཏུ་དཔྱད་དགོས་གསུངས། ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་ན་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པས། མ་གྲུབ་པའི་གཏན་ཚིགས་བཅུ་བཞི་བོ་ཡོད་པ་ཞེས་པའི་དོན་མ་ཚང་བས་ཁྱབ་པས་ཡོད་པ་ཞེས་པའི་ཚིག་གིས་ནུས་མི་ནུས་སོགས་དཔྱད་དགོས། དེ་སྒྲུབ་ཀྱི་གཞི་རྟགས་དང་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་དང་རྟགས་ཀྱི་ངོ་བོ་དང་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་སོགས་མ་ཡིན་ན། དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། དེར་ཐལ། ཞེས་སོགས་གསུངས་པའི་ཕྱིར། འདོད་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ལྔ་བོ་གང་རུང་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར་སོགས་སྤྲོ། མཐའ་དཔྱོད་ཀྱི་ཚིག་ཟིན་དེ་ལ་སོགས་སྒྲ་སྦྱར་དགོས་སམ་དཔྱད།

  ༢༨ དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་རྐྱང་བ་ཡིན་པས་ཁྱབ་པའི་ཕྱིར།དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་རྐྱང་བ་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་རྐྱང་བ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་སླ། མཐའ་དཔྱོད་ལས། དེར་ཐལ། ཕྱོགས་ཆོས་ཀྱི་ཁྱད་ཆོས་བཞིའི་དོན་དེ་ལྟར་འཐད་པ་རྗེ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། ཞེས་པའི་ཁྱད་ཆོས་བཞི་ནི། རྟགས་རིགས་མཆན་ལས་ཕྱོགས་ཆོས་ཀྱི་མཚན་ཉིད་ལ་ཟུར་བཞི་བྱེད་དགོས་ཏེ། ཤེས་འདོད་ཆོས་ཅན་ལ་ཡོད་པ་དང་། ཡོད་པ་ཉིད་དང་། ཡོད་པར་ཚད་མས་ངེས་པ་དང་། ཡོད་པ་ཉིད་དུ་ཚད་མས་ངེས་པ་བཞི་ལ་བྱེད་དགོས་སམ་སྙམ་ཏེ། ཟུར་དང་བོས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་བོ་གསུམ་སེལ་ལ། ཟུར་གཉིས་པས་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གཉིས་དང་། ཟུར་ཕྱི་མ་གཉིས་ཀྱིས་བློ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དང་། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དག་སེལ་ཚུལ་ལ་བྱེད་ན་མཐའ་དཔྱོད་དུ་དྲངས་པའི་རྣམ་ངེས་ཊིཀ་ཆེན་དང་ཤིན་ཏུ་མཐུན་ཏེ། མཐའ་དཔྱོད་ལས། དེར་ཐལ། ཕྱོགས་ཆོས་ཀྱི་ཁྱད་ཆོས་བཞིའི་དོན་དེ་ལྟར་འཐད་པ་རྗེ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། རྣམ་ངེས་ཊིཀ་ཆེན་ལས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཁོ་ནར་ངེས་ཞེས་པའི་ཚིག་གི་ནུས་པ་ཞེས་པ་ནས།བཞིས་རིམ་པ་བཞིན་དུ་རྗེས་སུ་དཔག་བྱ་ལ་གཏན་མེད་པ་དང་། དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་པ་དང་། དེ་ལྟར་དོགས་པའི་བློ་སྐྱོན་ཞུགས་པ་རྣམས་སེལ་ཏེ།ཞེས་གསུངས་པའི་ཕྱིར་རོ། །འདིས་མཚོན་པས་རྗེས་ཁྱབ་དང་ལྡོག་ཁྱབ་ཀྱི་མཚན་ཉིད་ལ་ཡང་ཟུར་བཞི་རེ་བྱས་ནས་སེལ་བྱ་དང་བཅས་པ་རྟགས་རིགས་མཆན་དུ་གསུངས་ཡོད་པས་༼ཞ་ཟ༽རྟགས་ཅན་ལ་གཟིགས་ནས་ཞིབ་ཏུ་དཔྱད་དགོས་སོ། །

༢༩ ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གཉིས་པོ་གང་རུང་ཡིན་ན། དེ་སྒྲུབ་ཀྱི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་པ་ཅན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། རྣམ་ངེས་དར་ཊིཀ་ལས། དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་པ་དང་། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་ཚུལ་ཡོད་པའི་ཕྱིར། འདོད་ན། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཆོས་ཅན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་མངོན་སུམ་དུ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཅན་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གཉིས་པོ་གང་རུང་ཡིན་པའི་ཕྱིར་ཏེ། རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་རང་ལུགས་ལས། རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མ་གྲུབ་པའི་གཏན་ཚིགས་བཞག་ཏུ་ཡོད་དེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་མངོན་སུམ་དུ་སྒྲུབ་པར་བྱེད་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་སྒྲུབ་ཀྱི་རྗེས་སུ་དཔག་པར་བྱ་བ་ལ་གཏན་མེད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཀྱི་དོན་མ་ཚང་བར་ཐལ་ལོ། །འདོད་ན། མིག་ཤེས་ཀྱི་བཟུང་བྱ་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལ་ཡོད་པར་ཐལ་བ་སོགས་འཕེན་ཚུལ་སླའོ། །

  ༣༠ མཚན་མོ་ལོ་མ་འཁུམ་ནས་ཉལ་བ་དེ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། ཡང་ཁོ་ནའི་སྒྲ་མི་སྨོས་པའི་དབང་དུ་བྱས་ནས། ཁ་ཅིག དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ་དེའི་མཚན་ཉིད་ཟེར་ན། འོ་ན། མཚན་མོ་ལོ་མ་འཁུམ་ནས་ཉལ་བ་ཆོས་ཅན། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། ལྗོན་ཤིང་སེམས་ལྡན་དུ་བསྒྲུབ་པ་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པ་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་འདི་ལ་ཨ་ཁུ་གུང་ཐང་བློ་གྲོས་ཚང་གིས་མ་ཁྱབ་གསུངས་ཏེ། དེ་ཉིད་ཀྱི་མཛད་པའི་རྟགས་རིགས་མཐའ་དཔྱོད་སོགས་ཀྱི་དཀའ་གནས་ཤོག་ངོས་༧༨པར། འདི་ཡིག་ཆར་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་པར་གསུངས་པ་དེ་སྒྲུབ་ཀྱི་ཆོས་ཅན་ལ་ཡོད་པར་ངེས་པ་ལ་དགོངས་པ་ཡིན་ཏེ།ལྗོན་ཤིང་ལ་ཡོད་པར་ངེས་པ་ཡིན་པའི་ཕྱིར་དང་། འགོད་ཚུལ་དང་མཐུན་པ་མ་ཡིན་པའི་ཕྱིར།དེར་ཐལ།ལྗོན་ཤིང་ཁྱོད་མ་ཡིན་པའི་ཕྱིར། ཞེས་གསུངས། བྱས་པ་ལ་ཁོ་ན་རེ། འོ་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་ཟེར་ན་ཆོག་པར་ཐལ། ཞིབ་ཆ་འཐད་པའི་ཕྱིར། འདོད་ན། ཁོ་ནའི་སྒྲ་སྨོས་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁོ་ནའམ་ཉིད་སྒྲ་སྨོས་པས་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དག་སེལ་བ་མ་ཡིན་པར་ཐལ་བ་དང་། ཁ་ཅིག་གིས་ཁོ་ནའམ་ཉིད་སྒྲ་མི་སྨོས་པའི་དབང་དུ་བྱས་ནས། ཕྱོགས་ཆོས་ཀྱི་མཚན་ཉིད་བཞག་པ་ལ་རང་ལུགས་ཀྱིས་སྐྱོན་བཏང་ཚུལ་མེད་པར་འགྱུར་བའི་ཕྱིར་ན་ཞིབ་ཆ་དེ་འཐད་མིན་སོགས་ཞིབ་ཏུ་བརྟགས་དགོས་སོ། །གཞན་ཡང་། མཚན་མོ་ལོ་མ་འཁུམ་ནས་ཉལ་བ་དེ་ལྗོན་ཤིང་ལ་འགོད་ཚུལ་དང་མཐུན་པར་མེད་ཀྱང་ལྗོན་ཤིང་ལ་ཡོད་པར་ཐལ།ཞིབ་ཆ་འཐད་པའི་ཕྱིར། འདོད་ན། ཁྱོད་ལྗོན་ཤིང་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་ན་ལྗོན་ཤིང་ཁྱོད་ཡིན་དགོས་པར་ཐལ། སྔ་མའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། ཁྱོད་མི་རྟག་པ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་ན་མི་རྟག་པ་ཁྱོད་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་མ་ཡིན་པར་ཐལ་ལོ། །གཞན་ཡང་། མཚན་མོ་ལོ་མ་འཁུམ་ནས་ཉལ་བ་དེ་ལྗོན་ཤིང་ལ་ཡོད་ཚུལ་ལྗོན་ཤིང་དང་ཁྱོད་གཉིས་ཀའི་གཞི་མཐུན་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། ལྗོན་ཤིང་ལ་ཡོད་ཀྱང་ལྗོན་ཤིང་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་མིན་ཞེས་པའི་ཞིབ་ཆ་འཐད་པའི་ཕྱིར། འདོད་ན། ཆོས་དེ་ལ་ཡོད་ཚུལ་ཆོས་དེ་དང་ཁྱོད་གཉིས་ཀའི་གཞི་མཐུན་ཡོད་ཚུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མི་རྟག་པ་མ་ཡིན་པ་ལ་ཡོད་ན། མི་རྟག་པ་མ་ཡིན་པ་དང་ཁྱོད་གཉིས་ཀའི་གཞི་མཐུན་ཡོད་དགོས་པར་ཐལ། ཆོས་དེ་ལ་ཡོད་ཚུལ་དེ་ཡིན་པའི་ཕྱིར། འདོད་ན། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པ་ཆོས་ཅན། ཁྱོད་དང་མི་རྟག་པ་མ་ཡིན་པ་གཉིས་ཀའི་གཞི་མཐུན་ཡོད་པར་ཐལ། ཁྱོད་མི་རྟག་པ་མ་ཡིན་པ་ལ་ཡོད་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདིས་མཚོན་པས་བྱས་པ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཡོད་མེད་དང་། ཆོས་དེ་ལ་ཡོད་པའི་ཚད་དང། ཆོས་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཚད་ལ་གང་འཇོག་སོགས་དཔྱད་དགོས་སོ། །

 ཚུལ་དང་བོའི་མཚན་ཉིད་རྒྱས་བཤད་དང་ཚུལ་གཉིས་པ།

༣༡ ལྗོན་ཤིང་དེ་མཚན་མོ་ལོ་མ་འཁུམ་ནས་ཉལ་བ་ཡིན་པར་ཚད་མས་ངེས་ནས་སེམས་ལྡན་ཡིན་མིན་ལ་ཐེ་ཚོམ་ཟ་བའི་གང་ཟག་ཡོད་པར་ཐལ། མཚན་མོ་ལོ་མ་འཁུམ་ནས་ཉལ་བ་དེ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པ་ཡིན་ཡང་། ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། རྟགས་དེར་ཐལ། ཉིད་སྒྲ་སྨོས་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་པའི་མ་གྲུབ་པ་སེལ་ཚུལ་ཡོད་པའི་ཕྱིར། འདོད་ན། ལྗོན་ཤིང་མཚན་མོ་ལོ་མ་འཁུམ་ནས་ཉལ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་མཚན་མོ་ལོ་མ་འཁུམ་ནས་ཉལ་མི་ཉལ་གཉིས་མེད་པར་ཐལ། འདོད་པའི་ཕྱིར་སོགས་སྤྲོ། གཞན་ཡང་། ལྗོན་ཤིང་ཡང་ཡིན། མཚན་མོ་ལོ་མ་འཁུམ་ནས་ཉལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་ཉལ་རྒྱུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་འཆི་བ་ཡོད་པར་ཐལ། ཉལ་རྒྱུ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ལྗོན་ཤིང་ལ་ཉལ་བ་ཡོད་ཚུལ་དེ་ལོ་མ་འཁུམ་པ་ལ་ཉལ་བ་དང་ས་ལ་འགྱེལ་བ་ལ་ཉལ་བ་ཞེས་ཕྱི་རོལ་བ་ལ་གྲགས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་མཐའ་དཔྱོད་ལས། འདིའི་ཉལ་བ་ནི་ལོ་མ་འཁུམ་པ་ཙམ་ཡིན་ཏེ། འཇིག་རྟེན་ན་ལོ་མ་འཁུམ་པ་ལ་ཉལ་བ་དང་ས་ལ་འགྱེལ་བ་ལ་ཉལ་བ་ཞེས་གྲགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་འཆི་བ་ཡོད་པར་ཐལ། ཤུན་པ་བཤུས་ན་སྐམ་འགྲོ་བ་ལ་འཆི་བ་ཞེས་ཐ་སྙད་ཕྱི་རོལ་བ་ལ་གྲགས་པའི་ཕྱིར་ཏེ། ཕྱི་རོལ་གཅེར་བུ་བས་ཤིང་དེ་ཤུན་པ་བཤུས་ན་འཆི་བར་ཁས་ལེན་པའི་ཕྱིར། དེར་ཐལ། རིགས་རྒྱན་ལས། གཅེར་བུ་བ་དེས་ཤུན་པ་བཤུས་ན་འཆི་བའི་དོན་ཤུན་པ་བཤུས་ན་སྐམ་པ་ཙམ་ལ་འདོད་པ་གང་ཞིག གཅེར་བུ་བས་ཤིང་གི་སྟེང་དུ་ཤུན་པ་བཤུས་ན་སྐམ་པར་འདོད་པའི་ཕྱིར་ཞེ་ན། ཞེས་གསུངས་པའི་ཕྱིར། འདིའི་ཕྱོགས་སྔ་ཕྱི་རོལ་གཅེར་བུ་བ་ཁོ་ན་ཡིན་མིན་དཔྱད་དགོས་ལ། འདིས་མཚོན་པས་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཉིད་སྒྲ་ངེས་ཅན་དུ་སྨོས་དགོས་སམ་མི་དགོས། ཉིད་མ་སྨོས་ན་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་དོན་ཡང་ཚང་། ཡིན་ཁྱབ་མཉམ་ཡང་ཡིན། རྟོགས་དཀའ་སླ་ཡང་ཡོད་པའི་ཕྱིར་ན་ཉིད་སྒྲ་ངེས་ཅན་དུ་སྨོས་དགོས་པའི་དོན་མེད་པར་འགྱུར་བའི་ཕྱིར་ན་ཞིབ་ཏུ་དཔྱད་དགོས་གསུངས།

 ༣༢ བྱས་པའི་རྒྱུ་དེ། བྱས་པའི་རྒྱུར་གྱུར་བའི་སྔོན་པོ་མི་རྟག་པར་སྒྲུབ་པར་བྱེད་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་མ་གྲུབ་པའི་གཏན་ཚིགས་བདུན་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ།

མཚན་ཉིད་ཀྱི་ཟུར་རེ་རེ་ནས་ཚང་བའི་ཕྱིར་ཏེ། དེ་དག་གི་བསལ་བྱ་གང་ཡང་མ་ཡིན་པའི་ཕྱིར་སོགས་སྤྲོ། འདི་ལ་ཨ་ཁུ་འབའ་ལང་ཚང་གི་རྟགས་རིགས་མཆན་འགྲེལ་ལས།བྱས་པའི་རྒྱུ་དེ།མི་རྟག་པ་དང་འབྲེལ་བ་མ་གྲུབ་པའི་གནད་ཀྱིས་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་བཞག་པ་ཡིན་ན།བྱས་པ་ཡང་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ལ།དེ་ལས་གཞན་པའི་ཡིག་ཆའི་དགོངས་པ་དངོས་གང་ཡིན་དཔྱད་པར་བྱ་སྟེ། བྱས་པའི་རྒྱུ་དེ། བྱས་པའི་རྒྱུར་གྱུར་བའི་སྔོན་པོ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་སུ་ཁས་བླངས་ན་གནོད་བྱེད་ཅི་ཡོད། ཁོ་བོ་ལ་མི་འཆར་རོ། ཞེས་གསུངས་པ་དང་། ཨ་ཁུ་གུང་ཐང་བློ་གྲོས་ཚང་གིས། དེས་ན་འོས་མེད་ཀྱི་རིགས་པས་མ་གྲུབ་པར་འགྲུབ་སྟེ། ཞེས་གསུངས་པ་ལྟར། དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་སུ་བཞག་དགོས་པར་རིགས་རྒྱན་གྱི་ལུང་སོགས་དྲངས་ནས་སྒྲུབ་ཡོད་པས་དམ་པ་གཉིས་ཀྱི་གསུངས་ཚུལ་གཞིར་བྱས་ནས་ཞིབ་ཏུ་དཔྱད་པར་བྱའོ། །ཕྱོགས་ཆོས་ཀྱི་མཚན་ཉིད་ལ་དཔྱད་ཚུལ་ཟུར་ཙམ་རེ་ཞིག་རྫོགས་སོ།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

        གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

        དྲ་བའི་སྦྲེལ་ཐགhttp://www.tb1025



བརྒྱུད་འགོད།