རྟགས་རིགས་ཀྱི་ཟིན་བྲིས་རིག་ལམ་ཀུ་མུད་བཞད་པའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-07 17:31:53     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

  微信图片_20200707190752.jpg  

 དཔེ་ཁྲིད་གནང་མཁན།   རྗེ་དགེ་འདུན་རྒྱ་མཚོ།

     ཟིན་བྲིས་པ།   དྷཱིཿཕུ་དཔལ་ལྡན་རྒྱ་མཚོ

          རྒྱལ་ཀུན་ཡབ་གཅིག་རྒྱལ་བའི་སྲས། །དབྱངས་ཀྱི་དཔལ་སྟེར་དབྱངས་ཅན་མ། །ཟླ་མེད་བླ་མ་རྒྱལ་བའི་ཟླ། །བྱིན་རླབས་གཏེར་གྱུར་བདག་བྱིན་རློབས།  དེ་ལ་འདིར་བཀའ་དྲིན་མཚུངས་མེད་སློབ་དཔོན་རིན་པོ་ཆེ་རྣམས་ཀྱི་ཞལ་སྔ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་རྟགས་རིགས་འཆད་སྐབས་རྟགས་གསལ་གནང་བ་དག་བདག་དང་བློ་མཉམ་པ་དག་ལ་ཕན་པའི་ཕྱིར་འགོད་པ་ལ། བླ་བྲང་ཤིང་དཔར་མ་༡བ༡ལས། འདིར་ཆོས་ཐམས་ཅད་རིགས་པས་གཏན་ལ་འབེབ་པ་རྟགས་རིགས་ཀྱི་རྣམ་བཞག་འཆད་པ་ལ། ཞེས་པར་གཞི་གྲུབ་ན་རིགས་པས་གཏན་ལ་དབབ་བྱ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན།  རིགས་པས་གཏན་ལ་འབེབ་དགོས་པར་ཐལ། རིགས་པས་གཏན་ལ་དབབ་བྱ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རིགས་པ་ལ་བརྟེན་ནས་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟགས་ལ་བརྟེན་ནས་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་ལ་མ་བརྟེན་པར་མྱོང་སྟོབས་ཀྱིས་རྟོགས་ནུས་པའི་ཕྱིར་ཏེ། མཐོང་བ་མངོན་གྱུར་ཡིན་པའི་ཕྱིར། ཁྱབ་སྟེ། དེ་མཐོང་བ་མངོན་གྱུར་གྱི་དོན་ཡིན་པའི་ཕྱིར་ཟེར།  

གཞན་ཡང་།  བུམ་པ་ཆོས་ཅན།   རྟགས་ལ་བརྟེན་ནས་རྟོགས་དགོས་པ་མ་ཡིན་པར་ཐལ། མངོན་སུམ་གྱི་རྟོགས་བྱ་ཡིན་པའི་ཕྱིར།  ཁྱབ་སྟེ།  ལམ་རིམ་ལས། སློབ་མས་མངོན་སུམ་དུ་མཐོང་བཞིན་དུ་སློབ་དཔོན་གྱིས་རྟགས་བཀོད་པ་ལ་དགོས་པ་མེད་པའི་ཕྱིར།  ཞེས་གསུངས་པའི་ཕྱིར་ཟེར།

གཞན་ཡང༌།  སྔོན་པོ་ཆོས་ཅན།  རྟགས་ཡང་དག་ལ་བརྟེན་ནས་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟགས་སྦྱོར་ཡང་དག་ལ་བརྟེན་ནས་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྟོགས་བྱེད་ཀྱི་རྟགས་སྦྱོར་ཡང་དག་མེད་པའི་ཕྱིར་ཏེ། ཁྱོད་བསྒྲུབ་བྱ་མ་ཡིན་པའི་ཕྱིར་སོགས་ཟེར། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། ༢ བདག་མེད་ཡིན་ན་དེ་ཡིན་པའི་མ་ཁྱབ་སྟེ་དེ་ཡིན་ན་བྱས་པ་དང་གཅིག་ཡིན་པའི་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་གཟུགས་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པའི་ཁྱབ་པར་ཐལ། དེའི་ཕྱིར།  འདོད་ན། གཟུགས་རུང་ཆོས་ཅན། བྱས་པ་དང་གཅིག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་གཟུགས་ཡིན་པར་སྒྲུབ་བྱེད་པའི་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན།  དེར་ཐལ། དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཟེར།

བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་མེད་པའི་དུས་སུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ། དེའི་དུས་སུ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟག་ཡང་དག་ཡིན་པའི་ཕྱིར་ཏེ། མཐའ་དཔྱོད་ཆེ་བ་ལས། བྱས་པ་དུས་ཀུན་ཏུ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་མེད་པའི་དུས་སུ་ཁྱོད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མེད་པའི་དུས་སུ་ཁྱོད་གང་ཡང་རུང་བ་ཞིག་ཡོད་ན།  ཁྱོད་མེད་པའི་དུས་སུ་ཁྱོད་ཡོད་པས་ཁྱབ་པར་ཐལ།  འདོད་པའི་ཕྱིར།  འདོད་ན།  དེ་ཆོས་ཅན།  ཁྱོད་ཀྱི་རྒྱུ་དུས་སུ་ཁྱོད་ཡོད་པར་ཐལ། ཁྱོད་ཀྱི་རྒྱུ་དུས་སུ་ཁྱོད་གང་ཡང་རུང་བ་ཞིག་ཡོད་པའི་ཕྱིར། འདོད་ན། དངོས་པོའི་རྒྱུ་དུས་སུ་དངོས་པོ་ཡོད་པར་ཐལ་ལོ་སོགས་ཟེར།

གཞན་ཡང༌། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཆོས་ཅན། ཁྱོད་སངས་རྒྱས་པའི་དུས་སུ་ཁྱོད་སངས་མ་རྒྱས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཕྱི་རྒོལ་ལྟར་སྣང་དུ་གྱུར་པའི་དུས་སུ་ཁྱོད་ཕྱི་རྒོལ་ལྟར་སྣང་དུ་མ་གྱུར་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཕྱི་རྒོལ་ལྟར་སྣང་དུ་གྱུར་པའི་དུས་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་མ་ཐག་པའི་དུས་དེ་དེ་ཡིན་པའི་ཕྱིར། ཟེར་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞི་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན།  དེ་ཆོས་ཅན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་ཆོས་ཅན་ཞེས་པའི་སྒྲའི་འཇུག་གཞི་ཡིན་པའི་ཕྱིར་ ཏེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་ཆོས་ཅན་ཞེས་པའི་སྒྲ་ཁྱོད་ལ་འཇུག་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་ཞེས་པའི་སྒྲ་རྩོད་གཞི་ཆོས་ཅན་དང་མཐུན་དཔེ་ཆོས་ཅན། མི་མཐུན་དཔེ་ཆོས་ཅན་གསུམ་ལ་འཇུག་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པའི་མིང་དོན་གཉིས་ཀ་མཐུན་དཔེ་ཆོས་ཅན་བུམ་པ་ལ་ཡང་ངེས་པའི་ཕྱིར། དེར་ཐལ། བུམ་པ་དེ་དེ་སྒྲུབ་ཀྱི་སྐབས་ཀྱི་ཆོས་ཅན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར། འདོད་ན། བུམ་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་མ་ཡིན་པར་ཐལ། མཉན་བྱ་དེ་དེ་སྒྲུབ་ཀྱི་ཆོས་ཅན་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། མཐའ་དཔྱོད་ལས། དེ་གཉིས་ཀ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པ་ཙམ་དུ་མ་ཟད་དེ་སྒྲུབ་ཆོས་ཅན་ཙམ་ཡང་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཆོས་ཡིན་ན་དེ་སྒྲུབ་ཀྱི་ཕྱོགས་ཀྱི་ཆོས་ཡིན་པའི་ཁྱབ་པར་ཐལ། བུམ་པ་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཆོས་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སློབ་དཔོན་དབང་ཕྱུག་སྡེས་རྟགས་ཚུལ་དང་པོ་འཆད་པའི་སྐབས་ཀྱི་ཕྱོགས་ལ་ཕྱོགས་ཀྱི་ཆོས་ཞེས་མ་བརྗོད་པར་ཆོས་ཅན་གྱི་ཆོས་ཞེས་བརྗོད་པ་དེ་ཡང་འགྲིགས་པར་ཐལ་ལོ་ཟེར།

༈ སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་ན། དེ་སྒྲུབ་ཀྱི་རྩོད་གཞི་ཡིན་པས་མ་ཁྱབ། བུམ་པ་ཆོས་ཅན། ཟེར་ན། དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ཡིན་ན། དེ་སྒྲུབ་ཀྱི་ཆོས་ཅན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཆོས་ཅན་ཙམ་ཡང་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། དེ་ཆོས་ཅན། མཐུན་དཔེ་ཆོས་ཅན་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་ངག་ལྟར་སྣང་གི་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་ཉན་བྱ་བཞིན། སྒྲ་ཡང་བྱས་སོ། །ཞེས་པའི་མཐུན་དཔེ་ཡིན་པའི་ཕྱིར།

༈ ༤བ༢ སྐད་ཅིག་མ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དེ་ལ་མཚན་མཚོན་གཉིས་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་སྐད་ཅིག་མ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་སྒྲ་སྐད་ཅིག་མ་རྟོགས་པར་ཐལ། ཁྱོད་ཀྱི་རྒྱུད་ན་དེ་རྟོགས་པའི་བློ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ན་སྒྲ་སྐད་ཅིག་མ་རྟོགས་པའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་གང་ཟག་ལ་སྒྲ་སྐད་ཅིག་མ་རྟོགས་པ་ཡོད་པའི་ཕྱིར། དེར་ཐལ། སྒྲ་སྐད་ཅིག་མ་ཡིན་པ་རྟོགས་ཤིང་སྒྲ་མི་རྟག་པར་མ་རྟོགས་པའི་གང་ཟག་ལ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་རྒྱུ་ཡོད་པའི་ཕྱིར། སོགས།

༈ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ན། ཤེས་འདོད་ཆོས་ཅན་དང་བོར་ངེས་ནས་དེའི་སྟེང་དུ་རྟགས་ཕྱིས་ངེས་ཏེ་ཆོས་ཅན་དང་རྟགས་ལ་ཁྱད་གཞི་དང་ཁྱད་ཆོས་ལྟ་བུའི་སྤྱི་འཆར་རྒྱུ་ཡོད་པས་ཁྱབ་སྟེ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། འདི་མ་གྲུབ་པའི་རྟགས་སུ་འཇོག་པ་ན། ཕྱོགས་ཆོས་ཡིན་ན། ཤེས་འདོད་ཆོས་ཅན་དང་བོར་ངེས་ནས་དེའི་སྟེང་དུ་རྟགས་ཕྱིས་ངེས་ཏེ། ཆོས་ཅན་དང་རྟགས་ལ་ཁྱད་གཞི་དང་ཁྱད་ཆོས་ལྟ་བུའི་སྤྱི་འཆར་རྒྱུ་ཡོད་དགོས་ལ་སྒྲ་དང་སྒྲ་ལ་དེ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྟོག་ཡུལ་ན་ཡོད་པ་ཆོས་ཅན། ཁྱོད་རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པར་པའི་བྱེད་དེར་ཐལ། དེའི་ཕྱིར། ཤེས་འདོད་ཆོས་ཅན་ཡོད་པ་ཡིན་པ་གཞིར་བཞག་ལ་དེ་ལྟར་ཁྱབ་ཟེར་ན། ཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དེར་ཐལ། དེའི་ཕྱིར་སོགས་ཟེར།

༈ ༥བ༥ སྒྲ་དེ་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ། སྒྲ་ཚད་མས་ངེས་པའི་རྗེས་སུ་སྒྲ་སྒྲ་ཡིན་པར་ཚད་མས་ངེས་དགོས་ཀྱི་གང་ཟག་མེད་པའི་ཕྱིར། ཁྱབ་སྟེ། རང་ལུགས་ལས། སྒྲ་ཆོས་ཅན་སྒྲའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པར་ཐལ། སྒྲ་ཚད་མས་ངེས་པའི་རྗེས་སུ་སྒྲ་ཁྱོད་ཡིན་པར་ཚད་མས་ངེས་དགོས་ཀྱི་གང་ཟག་གཅིག་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་དེ་སྒྲུབ་ཀྱི་སྦྱོར་བ་ཡང་དག་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་མིན་ཞེས་པའི་དོན་ཡིན་ཟེར་ན། འོ་ན། རང་ལུགས་མཐའ་དཔྱོད་ཀྱི་འགོག་ཡུལ་དེས་སྒྲ་དེ་དེ་སྒྲུབ་ཀྱི་སྦྱོར་བ་ཡང་དག་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་ཁས་བླང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ལུགས་ལ་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟ་བུའི་བླུན་པོ་ཞིག་ཕྱོགས་སྔར་མི་འོང་བའི་ཕྱིར། དེར་ཐལ། རྩོད་ཡིག་དགག་ཡུལ་མིན་ཕྱིར་འདིར་མི་འཆད། ། ཅེས་གསུངས་པའི་ཕྱིར།

གཞན་ཡང༌། སྒྲ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་ཐལ། སྒྲ་དང་བོར་ངེས་ནས་དེའི་སྟེང་དུ་སྒྲ་ཕྱིས་ངེས་པ་མེད་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་གྱི་ལུང་དེའི་ཕྱིར།

༥བ༢ ཁྱོད་ཁྱོད་རང་ཡིན་ན། ཁྱོད་ཚད་མས་ངེས་པའི་གང་ཟག་ཡིན་ན། ཁྱོད་ཁྱོད་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། སྒྲ་ལ་དེའི་ཕྱིར། འདོད་ན། བྱས་པ་དང་མི་རྟག་པ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྐད་ཅིག་མའི་རྟགས་ཀྱིས་བྱས་པ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་རྟོགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་དང་མི་རྟག་པ་གཉིས་མི་རྟག་པར་རྟོགས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་མི་རྟག་པར་རྟོགས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། ཟེར།

༈ སྐད་ཅིག་མ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། སྒྲ་སྐད་ཅིག་མ་དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱིས་སྒྲ་སྐད་ཅིག་མ་ཤུགས་ལ་བསྒྲུབ་ཚུལ་མེད་པའི་ཕྱིར། དེར་ཐལ། སྐད་ཅིག་མ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་མའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་སྒྲ་སྐད་ཅིག་མ་སྔོན་ནས་རྟོགས་ཟིན་པའི་ཕྱིར། གོང་དུ་ཁྱབ་སྟེ། སྐད་ཅིག་མ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་རྒྱུ་མཚན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར།

༧ན༡ དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། ཡིག་ཆ་དེའི་ཕྱིར། མ་ཁྱབ། དེ་ཁ་ཅིག་གིས་དེ་ལྟར་ཁྱབ་པ་ཁས་བླང་བ་ཡིན་ཟེར་ན། དེ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་ཁྱབ་པ་ཁས་ཟེར་དགོས་ལ་དེ་ལྟར་མ་གསུངས་པའི་ཕྱིར་དང༌། ཁ་ཅིག་གིས་དེ་ལྟར་ཁས་གང་ནས་ཀྱང་མ་བླང་པའི་ཕྱིར། ཟེར།

༧ན༦ ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དངོས་ཁྱབ་མ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་སུ་འགྲོ་རྒྱུ་བོ་ཡིན་ན། བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་བོ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་ན། རྟག་པ་མ་ཡིན་པ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡོད་པའི་ཕྱིར། ཁྱབ་སྟེ། ཁྱོད་ཡིན་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་གང་ཡང་རུང་བ་ཞིག་ཡིན་པས་ཁྱབ་ན། ཁྱོད་ཡིན་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཁྱོད་ཡིན་ན། གཟུགས་གང་ཡང་རུང་བ་ཞིག་ཡིན་པས་ཁྱབ་ན། ཁྱོད་ཡིན་ན། གཟུགས་ཡིན་པས་ཁྱབ་པའི་ཕྱིར། ཟེར།

མི་རྟག་པ་ལས་གཞན་ཡིན་ན། མི་རྟག་པ་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་ལས་གཞན་ཡིན་ན། སྒྲ་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་ལས་གཞན་པའི་སྒྲ་མེད་པའི་ཕྱིར། དེར་ཐལ། སྒྲ་ལས་གཞན་པའི་ཉན་བྱ་མེད་པའི་ཕྱིར། དེར་ཐལ། བསྡུས་གྲྭ་༢༨༧ལས། སྒྲ་ཁོ་ན་ཉན་བྱ་ཡིན་ནོ་ཞེས་རྗོད་པའི་སྒྲ་འདི་རྗོད་བྱེད་ཀྱི་སྒྲ་དོན་མཐུན་ཡིན་པར་ཐལ། སྒྲ་ཁོ་ན་ཉན་བྱ་ཡིན་ནོ་ཞེས་རྗོད་པའི་སྒྲ་འདིས་སྒྲ་ལས་གཞན་པའི་ཉན་བྱ་ཡོད་པ་བཅད་ནས་སྒྲ་ཉན་བྱ་ཁོ་ནར་སྟོན་པ་གང་ཞིག སྒྲ་ལས་གཞན་པའི་ཉན་བྱ་ཡང་མེད། སྒྲ་ཉན་བྱ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ལས་གཞན་ཡིན་ན། མི་རྟག་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པ་ལས་གཞན་ཡིན་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ༨ན༤ དེ་སྒྲུབ་ཀྱི་གཞན་པ་མི་མཐུན་ཕྱོགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག མི་རྟག་པ་ལས་གཞན་ཡིན་པའི་ཕྱིར། ཞེས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག་ཅེས་བསྣན་པའི་དགོས་པ་ཡོད་པའི་ཕྱིར། ཟེར།

༨བ༥ འདུས་མ་བྱས་ཀྱི་ནམ་མཁའ་དང་སྒྲ་གཉིས་རྟག་པར་ཆོས་མཐུན་པར་ཐལ། དེ་གཉིས་རྟག་པ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར།

༩བ༡ མི་མཐུན་ཕྱོགས་མཐུན་ཕྱོགས་དང་དངོས་འགལ་ཡིན་པར་ཐལ། མི་མཐུན་ཕྱོགས་མཐུན་ཕྱོགས་དང་དངོས་འགལ་ཡིན་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། མི་མཐུན་ཕྱོགས་མཐུན་ཕྱོགས་དང་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། དགག་ཆོས་བསྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཡོད་པའི་ཕྱིར། དེར་ཐལ། རྗེས་ཁྱབ་ཡོད་པའི་ཕྱིར། བསྒྲུབ་ཆོས་དགག་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་ཀྱང༌། དགག་ཆོས་བསྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་མེད་ཟེར་ན། དེ་ཡོད་པར་ཐལ། སྦྱོར་བ་སྐོར་གཅིག་གི་ཡོད་པའི་ཕྱིར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་དེ་ཡོད་པའི་ཕྱིར་སོགས་ཟེར།

༡༠ན༥ བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཞེས་པའི་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པས་ཁྱབ་པར་ཐལ། དེ་དེ་ལ་བྱེད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཚུལ་དང་བོ་འཆད་པའི་སྐབས་ཀྱི་ཕྱོགས་ལ་བསྒྲུབ་བྱ་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཕྱོགས་ཆོས་བཤད་པའི་སྐབས་ཀྱི་ཕྱོགས་ལ་བསྒྲུབ་བྱ་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་སྒྲུབ་ངག་གིས་བཤད་པའི་སྐབས་ཀྱི་ཕྱོགས་ལ་བསྒྲུབ་བྱ་ཡོད་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་བཤད་པའི་སྐབས་ཀྱི་ཕྱོགས་ཡིན་ན། ཤེས་འདོད་ཆོས་ཅན་ཡིན་པས་ཁྱབ་པར་ཐལ། ཕྱོགས་ཆོས་བཤད་པའི་དངོས་བསྟན་ཀྱི་ཕྱོགས་ལ་དེས་ཁྱབ་པའི་ཕྱིར་ན། མ་ཁྱབ་སྟེ། སྒྲུབ་ངག་གི་བཤད་ཚུལ་ཡོད་པའི་ཕྱིར་སོགས་བྱ། ཞེས་གསུངས་པའི་ཕྱིར།

༡༣བ༡ སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཞེས་པའི་སེལ་བྱ་ཡིན་པར་ཐལ། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཞེས་པའི་སེལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཡིན་པའི་ཕྱིར་ཏེ། ཕྱོགས་ཆོས་ཡིན་པའི་ཕྱིར།

གཞི་གྲུབ་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཞེས་པའི་སེལ་བྱ་མ་ཡིན་པས་ཁྱབ་པར་ཐལ། དེ་ལ་དེའི་སེལ་བྱ་ཡོད་པར་ཐལ། དོན་ལ་ལྟོས་ཏེ་མ་གྲུ་པ་རྣམས་དེ་དེ་ཡིན་པའི་ཕྱིར་ཏེ། ཡོད་པ་ཞེས་པའི་དོན་ལ་ལྟོས་ཏེ་མ་གྲུབ་པ་རྣམས་སེལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ལ་མ་ཁྱབ་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་ལྟ་བུ་ལ་མཚོན་ན་དེ་ལྟར་ཡིན་པའི་དེ་ཡིན་པའི་དོན་ཟེར་ན། འོ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་གྱི་ཡོད་པ་ཞེས་པའི་སེལ་བྱ་ལ་གང་འཇོག དེ་བྱས་པ་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པ་ཡིན་པ་སེལ། ཟེར་ན། འོ་ན། བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པ་ཡིན་པ་དོན་ལ་ལྟོས་ཏེ་མ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་ལ་ལྟོས་ཏེ་མ་གྲུབ་པ་ཡིན་ན། དེ་ལྔ་བོ་གང་རུང་ཡིན་མི་དགོས་པར་ཐལ་ལོ། །སོགས། དེས་ན་དེ་ལ་མིག་ཤེས་ཀྱི་བཟུང་བྱ་ལྟ་བུ་དེ་སྒྲུབ་ཀྱི་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཟུར་ཀྱི་ཡོད་པ་ཞེས་པས་སེལ་པ་ཡིན་ཟེར་ན། འོ་ན། དེའི་ཚིག་ཟུར་གྱི་ཡོད་པ་མ་སྨྲོས་ན་མིག་ཤེས་ཀྱི་བཟུང་བྱ་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་ཐལ་བའི་སྐྱོན་ཡོད་པར་ཐལ། དེ་འདྲའི་ཡོད་པའི་སེལ་བྱ་ལ་དེ་འཇོག་པའི་ཕྱིར། འདོད་ན། དེ་འདྲའི་ཡོད་པ་མ་སྨྲོས་ན་མིག་ཤེས་ཀྱི་བཟུང་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ་བའི་སྐྱོན་ཡོད་པར་ཐལ་སོགས།

མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། དེའི་དོན་ཚང་བའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཞེས་པའི་དོན་ཚང༌། ཡོད་པ་ཉིད་ཅེས་པའི་དོན་ཚང༌། ཚད་མས་ངེས་པ་ཞེས་པའི་དོན་ཚང་བའི་ཕྱིར། དང་བོ་གཉིས་གྲུབ་སྟེ། དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་པའི་ཕྱིར། གསུམ་པ་དེར་ཐལ། དེ་དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་མ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་ཟེར་ན། ཡང་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་བོ་དང་འབྲེལ་བ་ཡིན་པའི་ཕྱིར་ཏེ། ཁྱོད་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་བོ་དང་ཐ་དད་ཡིན་པ་གང་ཞིག ཁྱོད་དེ་ཡིན་པའི་ཕྱིར། ཡང་མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། མཐའ་པྱོད་ལས། འོ་ན། དེ་གསུམ་ག་ལ་མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ་ལོ། །ཞེས་གསུངས་པའི་ཕྱིར། ཡང་རྗེས་ཁྱབ་ཀྱི་མཚན་ཉིད་དེ་མི་འཐད་པར་ཐལ། དེ་མཚན་ཉིད་ཀྱི་ཟུར་ཀྱི་ཉིད་སྒྲ་སྨྲོས་མི་དགོས་ཤིང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་བ་ཞེས་སྦྱོར་དགོས་པའི་ཕྱིར། དེར་ཐལ། མཐའ་དཔྱོད་༢༠༦ལས། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་བ་དང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་གཉིས་ཀ་ཡོད་ངེས་པ་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཅེས་གསུངས་པའི་ཕྱིར། ཡང་མཚན་ཉིད་དེ་མི་འཐད་པར་ཐལ། རྗེས་ཁྱབ་ཀྱི་མཚན་ཉིད་འཇོག་པའི་ཚེ་མཐུན་ཕྱོགས་ཁོ་ན་ལ་ཞེས་གཞན་ལྡན་རྣམ་གཅོད་བྱེད་དགོས་པ་གང་ཞིག འགོད་ཚུལ་དང་མཐུན་པ་ཡོད་པ་ཉིད་ཅེས་མི་ལྡན་རྣམ་གཅོད་བྱེད་མི་རུང་བའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། མཐུན་ཕྱོགས་ཁོ་ན་ལ་ཞེས་གཞན་ལྡན་རྣམ་གཅོད་བྱེད་དགོས་པ་གང་ཞིག འགོད་ཚུལ་དང་མཐུན་པ་ཡོད་པ་ཉིད་ཅེས་མི་ལྡན་རྣམ་གཅོད་བྱེད་མི་རུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར།

༡༤ན༥ མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ལྡོག་ཁྱབ་ཡིན་པར་ཐལ། དེའི་དོན་ཚང་བའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་མི་རྟག་པ་དང་འབྲེལ་བ་ཡིན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པ་མེད་པ་ཡིན། དེ་ལ་མེད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། དང་བོ་དེར་ཐལ། དེ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། དེ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། ཐ་དད་མིན་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་མི་རྟག་པ་ཆོས་ཅན། མི་རྟག་པ་དང་ཐ་དད་ཡིན་པར་ཐལ། མི་རྟག་པ་རྟོགས་ནས་ཁྱོད་མ་རྟོགས་པ་ཡོད་པའི་ཕྱིར། དེར་ཐལ། མི་རྟག་པ་རྟོགས་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མ་རྟོགས་པ་ཡོད་པའི་ཕྱིར། དེར་ཐལ། མི་རྟག་པ་དེ་སྒྲུབ་ཀྱི་བསྒྲུབ་ཆོས་ཀྱི་མཚན་གཞི་ཡིན་པའི་ཕྱིར།ཡང་བུམ་པ་རྟོགས་ན་བདག་མེད་དུ་གྱུར་པའི་བུམ་པ་རྟོགས་པས་ཁྱབ་པར་ཐལ། མི་རྟག་པ་རྟོགས་ན་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་གྱུར་པའི་མི་རྟག་པ་རྟོགས་པས་ཁྱབ་པའི་ཕྱིར། འདོད་ན། ཕྱི་རོལ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། བདག་མེད་དུ་གྱུར་པའི་བུམ་པ་ཡོད་པར་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བདག་མེད་དུ་གྱུར་པའི་བུམ་པ་ཡོད་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེས་ཡོད་པར་ཁས་ལེན་རྒྱུའི་བུམ་པ་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡོད་པར་རྟོགས་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། བདག་མེད་དུ་གྱུར་པའི་བུམ་པ་མེད་པར་ཁས་ལེན་པའི་ཕྱིར་ཏེ། གཞི་གྲུབ་ན་བདག་མེད་མ་ཡིན་པས་ཁྱབ་པར་ཁས་ལེན་པའི་ཕྱིར།

༈ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཟུར་གྱི་ངེས་པ་ཞེས་པའི་སེལ་བྱ་ཡིན་ན། ཡོད་པ་ཞེས་པའི་སེལ་བྱ་མ་ཡིན་པས་ཁྱབ་ཟེར་ན། སྒྲ་མི་རྟག་སྒྲུབ་ཀྱི་ཤེས་འདོད་ཚོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཞེས་པའི་ཚད་མས་ངེས་པ་ཞེས་པའི་སེལ་བྱ་ཡིན་ན། དེ་འདྲའི་ཡོད་པ་ཞེས་པའི་སེལ་བྱ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཚད་མས་ངེས་པའི་སེལ་བྱའི་ཐེ་ཚོམ་ཟ་ནས་མ་གྲུབ་པ་རྣམས་དང༌། ཤེས་འདོད་མེད་ནས་མ་གྲུབ་པ་རྣམས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་འདྲའི་ཡོད་པ་ཞེས་པའི་སེལ་བྱ་ཡིན་པར་ཐལ། དེ་དྲུག་གང་རུང་ཡིན་ན། དེ་འདྲའི་ཡོད་པའི་དོན་མ་ཚང་བས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་དོན་མ་ཚང་བས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། ཡོད་པའི་སེལ་བྱ་ལ་དོན་ལ་ལྟོས་ཏེ་མ་གྲུབ་པ་རྣམས་དམིགས་ཀྱིས་བསལ་བའི་དགོས་པ་མེད་པར་ཐལ་ལོ། །སོགས་ཟེར།

༈ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་རྣམས་ཀྱི་སེལ་བྱ་རྣམས་ཡིན་ཁྱབ་མཉམ་ཡིན་མིན་དང༌། ཡང་ན་ཕན་ཚུན་མུ་བཞི་ཡོད་མེད་སོགས།

༈ མིག་ཤེས་ཀྱི་བཟུང་བྱ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཞེས་པས་སེལ་བ་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་དེ་འདྲའི་ཡོད་པ་ཞེས་པའི་ཚིག་གིས་སེལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་ཇི་ལྟར། དེ་ཁྱོད་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་སོང་བའི་སྦྱོར་བ་ཞིག་འཇོག་རྒྱུ་ཡོད་པས་ཡིན་ནམ། གཞན་ཞིག་ཡིན། དང་བོ་ཡིན་ཟེར་ན། བདག་མེད་ཡིན་ན། དེའི་སེལ་བྱ་ཡིན་པས་ཁྱབ་པར་ཐལ་ལོ། །

༈ སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཞེས་པའི་ཚིག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པ་རྣམས་སེལ་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཚིག་གིས་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པ་རྣམས་དགག་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སེལ་བ་དང་དགག་པ་དོན་གཅིག་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པ་མེད་པར་ཐལ་ལོ། །ཟེར།

༈ ༡༧བ བྱས་པར་ཐེ་ཚོམ་ཟ་བའི་གང་ཟག་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐེ་ཚོམ་ཟ་ནས་མ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་བྱས་པ་མ་ངེས་པའི་གང་ཟག་གི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐེ་ཚོམ་ཟ་ནས་མ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདུན་གྱི་དམ་བཅའ་བའི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐེ་ཚོམ་ཟ་ནས་མ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དམ་བཅའ་བས་སྒྲ་བྱས་པ་ཡིན་པ་མ་རྟོགས་པའི་ཕྱིར། དེར་ཐལ། སྒྲ་བྱས་པ་ཡིན་པ་ཙམ་གྱིས་དེ་རྟོགས་པར་མི་འཇོག་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་དང་སྒྲ་བདག་མེད་ཡིན་པ་ཡང་རྟོགས་པར་ཐལ་ལོ། །ཟེར། གོང་དུ་འདོད་མི་ནུས་ཏེ། བྱས་པ་དམ་བཅའ་བའི་ངོར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དམ་བཅའ་བའི་ངོར་སྟེང་འོག་གཉིས་ལ་ཡང་དག་དང་ཞེས་པའི་བསྟན་བཅོས་བསྟན་བཅོས་ཡང་དག་ཡིན་པའི་ཕྱིར། སོགས།

༈ གཞི་གྲུབ་ན། དཔལ་ལྡན་ཆོས་གྲགས་ཀྱི་ངོར་རྟགས་ཡང་དག་ཡིན་པས་ཁྱབ་ན། དཔལ་ལྡན་ཆོས་གྲགས་ཀྱི་ངོར་རྟགས་ལྟར་སྣང་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ངོར་ལྟར་སྣང་བཞི་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ངོར་སྒྲུབ་ངག་ལྟར་སྣང་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ངོར་རྟོགས་གེའི་ཚིག་དོན་བརྒྱད་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ངོར་རྟོགས་གེའི་ཚིག་དོན་བརྒྱད་བརྗོད་བྱར་བྱེད་པའི་ཚད་མ་རྣམ་འགྲེལ་མེད་པར་ཐལ་ལོ། །ཟེར། དེ་ལ་དེའི་ངོར་སྦྱོར་བའམ་སྒྲུབ་ངག་ལྟར་སྣང་ཡོད་ཀྱང༌། རྟགས་ལྟར་སྣང་ཡོད་མི་དགོས་ཟེར་ན། དེའི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ལྟར་སྣང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་དེའི་ངོར་རྟགས་ལྟར་སྣང་དུ་མ་སོང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། དེ་ལ་གཞི་གྲུབ་ན། དཔལ་ལྡན་ཆོས་གྲགས་ཀྱི་ངོར་རྟགས་ཡང་དག་ཏུ་མ་སོང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དཔལ་ལྡན་ཆོས་གྲགས་ཀྱིས་མ་རྟོགས་པའི་ཆོས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དཔལ་ལྡན་ཆོས་གྲགས་ཀྱི་མི་མཁྱེན་པའི་ཆོས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཐམས་ཅད་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། གོང་དུ་ཐེ་ཚོམ་ཟ་ཟེར་ན། དེའི་ཆོས་ཐམས་ཅད་མཁྱེན་མི་མཁྱེན་ལ་ཐེ་ཚོམ་ཟ་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སངས་རྒྱས་ཡིན་མིན་ལ་ཐེ་ཚོམ་ཟ་བར་ཐལ། འདོད་པའི་ཕྱིར། སོགས། བྱས་པ་དེའི་ངོར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཏུ་མ་སོང་ཡང༌། གཞི་གྲུབ་ན། དེའི་ངོར་རྟགས་ཡང་དག་ཏུ་མ་སོང་བས་ཁྱབ་མ་ཁྱབ་ཟེར་ན། ཞོག་ཟེར། ༈ ༡༨བ༡ དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་དང༌། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་དང༌། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་བཞི་བོ་གང་རུང་མ་ཡིན་ན། ཁྱོད་དེ་སྒྲུབ་ཀྱི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཟེར།

༈ ༡༩ན༦ མིག་ཤེས་ཀྱི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་རྐྱང་བ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་མེད་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་ཤེས་འདོད་ཚོས་ཅན་ལ་མེད་པའི་ཕྱིར། དེར་ཐལ། སྒྲ་ཁྱོད་མ་ཡིན་པའི་ཕྱིར། ཟེར།

༈ མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཆོས་ཅན། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྗོན་ཤིང་ཆོས་ཅན། ཁྱོད་ལ་མཚན་མོ་ལོ་མ་འཁུམས་ནས་ཉལ་མི་ཉལ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་ལོ་མ་འཁུམ་ནས་ཉལ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ལོ་མ་འཁུམས་ནས་ཉལ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ལོ་མ་ཅན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལོ་མ་དང་ལྡན་པ་ཡིན་པའི་ཕྱིར་ཏེ། ཁྱོད་ལ་ལོ་མ་དང་ལྡན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ལ་ལོ་མ་ཡོད་པའི་ཕྱིར། གོང་དུ་ཁྱབ་སྟེ། ལྗོན་ཤིང་གི་ལོ་མ་མཚན་མོ་འཁུམ་པའི་ཕྱིར། དེར་ཐལ། མེ་ཏོག་གི་ལོ་མ་མཚན་མོ་འཁུམ་པའི་ཕྱིར་ཏེ། མེ་ཏོག་གི་འདབ་མ་མཚན་མོ་ཟུམ་པའི་ཕྱིར། དེར་ཐལ། མེ་ཏོག་གི་འདབ་མ་མཚན་མོ་ཟུམ་མི་ཟུམ་གང་རུང་གང་ཞིག མི་ཟུམ་པ་མ་ཡིན་པའི་ཕྱིར། གོང་དུ་མེ་ཏོག་གི་འདབ་མ་མཚན་མོ་ཟུམ་ཀྱང་ཟུམ་པ་མིན་ཟེར་ན། འོ་ན། མེ་ཏོག་སྟོན་དུས་སུ་རྙིད་ཀྱང་རྙིད་པ་མིན་ཟེར་ན་ཆོག་པར་ཐལ། སོགས་ཟེར།

༈ དེ་ལྟར་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པར་ཐལ། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་རྣམས་རེ་རེ་ནས་ཚང་བའི་ཕྱིར་ཏེ། ཉིད་ཅེས་པའི་དོན་ཚང་བའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། སོགས།

༈ ༢༡ན༢ ཁྱོད་མི་རྟག་པ་དང་འབྲེལ་བ་མ་ཡིན་ན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རི་བོང་རྭ་དང་མི་རྟག་པ་གཉིས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རི་བོང་རྭ་དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། མི་རྟག་པ་དེ་སྒྲུབ་ཀྱི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་ཡིན་པའི་ཕྱིར། དེས་ན། ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་གཞན་བཅུ་བཞི་བོ་གང་རུང་མ་ཡིན་པ་གང་ཞིག ཁྱོད་མི་རྟག་པ་དང་འབྲེལ་བ་མ་ཡིན་པའི་ཕྱིར། ཞེས་པའི་དོན་ནོ། །

༈ ༢༠བ༦ བྱས་པའི་རྒྱུར་གྱུར་པའི་སྔོན་པོ་བྱས་པའི་རྒྱུ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་གྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མེད་ན། བྱས་པ་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། སྔོན་པོ་མེད་པའི་ས་ཕྱོགས་མེད་ཟེར་ན། དེ་ཡོད་པར་ཐལ། ལེའུ་དང་བོའི་མཐའ་དཔྱོད་ལས། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན་གྱིས་གཤག་ལ། ཞེས་གསུངས་པའི་ཕྱིར།

༈ བྱས་པའི་རྒྱུར་གྱུར་པའི་བུམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་གྲྭའི་མཐའ་དཔྱོད་༨༦ལས། དངོས་པོའི་རྒྱུར་གྱུར་པའི་བུམ་པ་ཡོད་པར་ཐལ། དངོས་པོའི་སྔ་ལོགས་སུ་བྱུང་བའི་བུམ་པ་ཡོད་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར།

༈ ཡང་བུམ་པ་མེད་པའི་ས་ཕྱོགས་མེད་པར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་མེད་པའི་ས་ཕྱོགས་མེད་པའི་ཕྱིར། ཁྱབ་སྟེ། དེ་ལྟོ་ལྡུར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པའི་ཕྱིར།

༈ དེ་ལ་སྔོན་པོ་མེད་པའི་ས་ཕྱོགས་ཡོད་གསུངས་པ་དེ་ཕལ་བ་རྣམས་ལ་མཐུན་སྣང་དུ་གྲུབ་པའི་སྔོན་པོ་ལ་དགོངས་པ་ཡིན་པ་ལས། སྤྱིར་སྔོན་པོ་མེད་པའི་ས་ཕྱོགས་མེད་ཟེར་ན། སྔོ་སྣང་དབང་ཤེས་རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ། སྔོ་སྣང་དབང་ཤེས་རང་གི་དམིགས་རྐྱེན་དང་བཅས་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྔོན་པོ་མེད་པའི་ས་ཕྱོགས་མེད་པའི་ཕྱིར། ཁྱབ་སྟེ། སྔོན་པོ་མེད་པའི་ས་ཕྱོགས་མེད་ན། དེ་དེ་སྒྲུབ་ཀྱི་རྒྱུ་ཁྱད་པར་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་འགོག་བྱེད་མེད་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། དེ་ལྟར་བཀག་པའི་ཕྱིར།

༈ ༢༢ན༤ དེ་སྒྲུབ་ཀྱི་སྦྱོར་བ་སྐོར་གཅིག་གི་རྗེས་ཁྱབ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པར་ཐལ། རྗེས་ཁྱབ་གྲུབ་པའི་སྦྱོར་བ་ཡིན་ན། དངོས་ཁྱབ་གྲུབ་པའི་སྦྱོར་བ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཞོག་ཟེར། རྩ་བར་ཁྱབ་ཟེར་ན། མ་ཁྱབ་པར་ཐལ། ༢༢ན༤ ཁ་ཅིག་བྱས་ན་མི་རྟག་པས་ཁྱབ་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ཟེར་ན། སོགས་གསུངས་པའི་ཕྱིར། དེ་ལ་མ་ཁྱབ་སྟེ། དེ་བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པའི་མ་ཁྱབ་པའི་དོན་ཟེར་ན། འོ་ན། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་བྱས་པ་བྱས་རྟགས་སུ་བཀོད་པའི་སྒྲ་མི་རྟག་སྒྲུབ་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། བྱས་པ་བྱས་པ་རྟགས་སུ་བཀོད་པའི་སྦྱོར་བ་དེ་ལ་བཀོད་པའི་ཚེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་བྱས་པ་ཡིན་པའི་ཕྱིར། ཞེས་འགོད་དགོས་པ་གང་ཞིག། དེ་འདྲའི་སྦྱོར་བའི་རྗེས་ཁྱབ་མ་གྲུབ་པའི་ཕྱིར། དེར་ཐལ། དེ་ཐུན་མོང་བའི་དངོས་ཀྱི་མ་ངེས་པའི་སྦྱོར་བ་ཡིན་པའི་ཕྱིར།

༈ བྱསཔ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་བྱས་པ་རྟགས་སུ་བཀོད་པའི་སྦྱོར་བ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་ལྟར་ན་དེའི་དངོས་ཁྱབ་གྲུབ་པའི་ཕྱིར་ཏེ། བྱས་ན་མི་རྟག་པས་ཁྱབ་པའི་ཕྱིར།

༈ ༢༢ན༦ ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པའི་ཕྱིར་ཞེས་པ་བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་གྲུབ་པའི་དོན་ཟེར་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡོད་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། དེ་ངེས་པའི་གང་ཟག་ཡོད་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པར་ངེས་པའི་གང་ཟག་ཡོད་པའི་ཕྱིར་ཏེ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར།

༈ ༢༢བ བྱས་པའི་རྒྱུ་མི་རྟག་པའི་རྒྱུ་ཡིན་པ་བྱས་པ་དང་མི་རྟག་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་ཡིན་ན། རང་གི་རྒྱུ་ལས་སྐྱེས་པའི་རྒྱུ་བྱས་པའི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རང་གི་རྒྱུ་ལས་སྐྱེས་པའི་རྒྱུའི་འབྲས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་རྒྱུ་མེད་ན། ཁྱོད་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱས་པ་མེད་པར་ཐལ། རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་རྒྱུ་མེད་པའི་ཕྱིར།

༈ ༢༣ན རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པ་མ་ཡིན་པར་ཐལ། དེ་ལ་རང་བཞིན་གྱི་རྟགས་ཡང་དག་དང་མ་དམིགས་པའི་རྟགས་ཡང་དག་གཉིས་གྲངས་ངེས་པ་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་དེའི་དབྱེ་བ་མ་ཡིན་པའི་ཕྱིར། དེར་ཐལ། རྟགས་ཡང་དག་དང་དེ་ལ་ཁྱབ་ཆེ་ཆུང་མེད་པའི་ཕྱིར། འདི་དག་ལ་ཁྱབ་པ་ཡོད་དེ། མཐའ་དཔྱོད་ལས། སྔ་ཕྱིའི་མཁས་པ་མང་བོས་གཞི་གྲུབ་ན། རང་བཞིན་གྱི་རྟགས་ཡང་དག་དང་མི་དམིགས་པའི་རྟགས་ཡང་དག་གཉིས་ཀ་ཡིན་པས་ཁྱབ་པར་ཁས་བླང་ནས། ཡང་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་གྲངས་ངེས་པར་འདོད་པ་ནི། ཚིག་ལ་དངོས་འགལ་ཡིན་ཏེ། སོགས་གསུངས་པའི་ཕྱིར། ཁྱབ་སྟེ་དེ་ལ་དངོས་འགལ་འབྱུང་ཚུལ་ཡོད་པའི་ཕྱིར།

༈ དེ་གསུམ་གྲངས་ངེས་པར་གསུངས་པ་རྟགས་དང་དགག་བྱའི་ཆོས་འབྲེལ་ཚུལ་ཅི་རིགས་ཀྱི་དེ་གསུམ་དུ་གྲངས་ངེས་པའི་དོན་ཟེར་ན། དེ་ཡང་མི་འཐད་པར་ཐལ། རྟགས་དང་བསྒྲུབ་བྱའི་ཆོས་ཅི་རིགས་ཀྱི་སྒོ་ནས་བཞག་པའི་རང་བཞི་དང་མི་དམིགས་པའི་རྟགས་གཉིས་དེའི་དབྱེ་བ་མ་ཡིན་པའི་ཕྱིར། དེ་གཉིས་དང་རྟགས་ཡང་དག་ལ་ཁྱབ་ཆེ་ཆུང་མེད་པའི་ཕྱིར་ཏེ། གཞི་གྲུབ་ན། དེ་གཉིས་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ་སྔ་མར་རང་བཞིན་དང་མི་དམིགས་པ་གཉིས་དེའི་དབྱེ་བ་མ་ཡིན་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར།

༈ ༢༣བ༡བྱས་རྟགས་ཀྱིས་སྒྲ་མི་རྟགས་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཚད་མས་ངེས་པ་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པ་ལ་བྱས་པ་མི་རྟག་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལོག་དགོས་པ་སྔོན་དུ་འགྲོ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པ་ལ་མི་རྟག་པ་ལོག་ན་བྱས་པ་ལོག་དགོས་པ་སྔོན་དུ་འགྲོ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ངེས་པ་ལ་མི་རྟག་པ་མ་ཡིན་ན། བྱས་པ་མ་ཡིན་པས་ཁྱབ་པ་ངེས་པ་སྔོན་དུ་འགྲོ་དགོས་པ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ངེས་པ་ལ་དེ་སྒྲུབ་ཀྱི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་སྔོན་དུ་འགྲོ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པ་ལ་དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་བྱེད་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྦྱོར་བ་དེའི་རྗེས་ཁྱབ་གྲུབ་པ་ལ་ཚད་མ་གསུམ་ཚང་དགོས་པ་མ་གཏོགས་སྔོན་དུ་འགྲོ་དགོས་པ་གསུངས་པ་ག་ནའང་ཟུར་ཙམ་ཡང་མེད་ལ། རིགས་པས་ཀྱང་མི་འགྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ལ་དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་པ་ལ་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་སྔོན་དུ་འགྲོ་མི་དགོས་ཀྱང༌། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་སྔོན་དུ་འགྲོ་མི་དགོས་ཟེར་མི་འཐད་པར་ཐལ། འདོད་པའི་ཕྱིར།

༈ གཞན་གཉིས་སྔོན་དུ་སོང་བ་ལ་དགོས་པ་མེད་ཀྱང་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པ་ངེས་དཀའ་བས་དེ་སྔོན་དུ་འགྲོ་མི་དགོས་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་སྙིང་བོའི་རྒྱན་ལས། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པ་རྟོགས་དཀའ་བས་སྔོན་དུ་སོང་བ་མེད་དམ་སྙམ། ཞེས་གསུངས་པའི་ཕྱིར།

༈ ༣༣བ༥ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཙམ་བརྗོད་པའི་ཕྱིར་ཞེས་པའི་དེ་སྒྲའི་འཇུག་གཞི་ཡོད་པའི་ཕྱིར། བྱས་པ་འཇོག་ཟེར་ན། མི་འཐད་པར་ཐལ། བྱས་པ་ཞེས་བརྗོད་པའི་སྒྲས་དེ་སྒྲུབ་ཀྱི་ཕྱོགས་ཆོས་བརྗོད་ཚུལ་མེད་པའི་ཕྱིར། བྱས་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་ཚིག་འཇོག་ཟེར་ན། བྱས་པ་ཡིན་པའི་ཕྱིར་ཞེས་པ་སྒྲ་བྱས་པ་ཡིན་པའི་ཕྱིར་ཞེས་བརྗོད་པ་ཡིན་ལ། དེས་ན། སྒྲ་བྱས་པ་ཡིན་པའི་ཕྱིར་ཞེས་བརྗོད་པའི་སྒྲས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་བརྗོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་བྱས་པ་རྟོགས་པའི་བློས་དེ་སྒྲུབ་ཀྱི་ཕྱོགས་ཆོས་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་བྱས་པ་རྟོགས་པའི་རྗེས་དཔག་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་ཆོས་དངོས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་བྱས་པ་དང་དེ་སྒྲུབ་ཀྱི་ཕྱོགས་ཆོས་གཉིས་ཀ་དངོས་སུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ལ་དེ་གཉིས་ཀྱི་རྣམ་པ་ཤར་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པ་གཅིག་ལ་འཛིན་སྟངས་མི་འདྲ་བ་གཉིས་མི་འོང་བའི་ཕྱིར། དེར་ཐལ། རྟོག་གཉིས་གཅིག་ཆར་མཐོང་བ་མེད། །ཅེས་དང༌། རྩ་བར། གཟུགས་ལ་གཟུགས་ཞེས་མཐོང་བ་ན། །དེ་བློ་ཞེས་ནི་ཇི་ལྟར་མཐོང༌། །ཞེས་འདི་གཟུགས་སོ་སྙམ་དུ་འཛིན་པའི་བློ་ཡིན་ན། འདི་གཟུགས་འཛིན་པའོ་སྙམ་དུ་འཛིན་པའི་བློ་མ་ཡིན་པས་ཁྱབ་པའི་ཕྱིར། གོང་དུ་ཁྱབ་སྟེ། སྒྲ་རྟོག་རང་ཡུལ་ལ་འཇུག་པ་དོན་གཅིག་པའི་ཕྱིར་ཏེ། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང༌། །རྟོག་པའང་དེ་དང་དོན་གཅིག་ན། ། ཞེས་གསུངས་པའི་ཕྱིར།

༈ སྒྲ་བྱས་པར་འཇལ་བའི་ཚད་མ་ཡིན་ན། རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། བྱས་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལྟ་བུར་ཡང་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་དང་བོ་ཡོད་པའི་ཕྱིར། དེར་ཐལ། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་དང་བོ་གཉིས་ཡོད་པའི་ཕྱིར་ཏེ། སྦྱོར་བ་དེ་ཚད་མ་དང་བོ་གཉིས་ཡོད་ཀྱང་ཕྱི་མ་མེད་པའི་དཔེ་ཡིན་པའི་ཕྱིར། དེར་ཐལ། མཐའ་དཔྱོད་ལས། གསུམ་པ་དགོས་པ་རྟགས་མ་གྲུབ་ཟེར་ན། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པར་ཐལ་ལོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཞལ་བྱ་ངེས་པའི་ཚད་མ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་སྒྲུབ་ཀྱི་ཚད་མ་དང་བོ་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་འགོག་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཀྱི་དགག་གཞི་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་ན། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཀྱྀ་དགག་གཞི་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། ཚད་མ་ཡིན་ན། དེའི་དགག་གཞི་ཡིན་པས་ཁྱབ་པར་ཐལ། ཁྱབ་ན། གཞལ་བྱ་ངེས་པའི་ཚད་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཁྱོད་ཀྱི་དགག་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་ཁྱབ་འགོག་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་སྒྲུབ་བྱེད་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་སྒྲུབ་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཚད་མ་དང་བོ་ཡིན་པའི་ཕྱིར།

༈ ༣༠བ༦ རང་གི་གཉེན་པོ་དང་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་པ་ཡོད་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། རང་གི་གཉེན་པོ་དང་ཉེ་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་གནོད་བྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་ཕན་འདོག་བྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་རྒྱུ་ཡོད་པར་ཐལ་ལོ། །རང་གི་གཉེན་པོ་མེད་པར་ཐལ། གཞི་གྲུབ་ན། དེ་མ་ཡིན་པས་ཁྱབ་པའི་ཕྱིར་ཀྱང་ཟེར།

༈ ༣༡ན༦ རང་གི་བཟུང་བ་རིག་པ་ཞེས་སོགས་ཀྱི་སྦྱོར་བ་འདི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་འདྲའི་སྦྱོར་བའི་རྟགས་ཆོས་དོན་གསུམ་རྟོགས་ནས་བསྒྲུབ་བྱ་མ་རྟོགས་པའི་གང་ཟག་མེད་པའི་ཕྱིར་ཏེ། སྦྱོར་བ་དེའི་ཆོས་ཅན་རྟོགས་ནས་བསྒྲུབ་བྱ་མ་རྟོགས་པའི་གང་ཟག་མེད་པའི་ཕྱིར། དེར་ཐལ། མ་རིག་པ་རྟོགས་ན། མ་རིག་པ་རང་གི་བཟུང་བ་ལས་ཕྱིན་ལོག་ཡིན་པ་རྟོགས་པས་ཁྱབ་པའི་ཕྱིར་ཏེ། དེ་རྟོགས་ན། རང་གི་བཟུང་བ་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་ཡིན་པ་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་རྟོགས་ན། རང་གི་བཟུང་བ་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་ཡིན་པ་རྟོགས་པས་ཁྱབ་པའི་ཕྱིར་ཏེ། མ་རིག་པ་རྟོགས་ན། མ་རིག་པ་མ་རིག་པ་ཡིན་པ་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་རྟོགས་ན། ་སྒྲ་སྒྲ་ཡིན་པ་རྟོགས་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་ཁྱབ་སྟེ། རྟེན་འབྲེལ་ལུང་རིགས་བང་མཛོད་ལས། རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་མ་རིག་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

༈ སྔ་ཕྱི་ལ་ལྟོས་པའི་རྩོད་པ། རང་ལུགས་ཀྱིས་རྟགས་ཡང་དག་ཡིན་ན། འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་གང་རུང་ཡིན་པས་ཁྱབ་བྱས་པར། ཕྱི་རོལ་པས། ཚོགས་པ་ཚང་བའི་ཞིང་དེ། ཚོགས་པ་ཚང་བའི་དཔྱིད་དུས་ཀྱི་ཤར་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་རུང་དུ་སྒྲུབ་པའི་རྟགས་ཡང་དག་གང་ཞིག དེ་གསུམ་གང་རུང་མ་ཡིན་པའི་ཕྱིར་ཟེར། དེ་ལ་རང་ལུགས་ཀྱིས་རྟགས་ཕྱི་མ་མ་གྲུབ་ཏེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཟེར། དེར་ཐལ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་ཞིང༌། །རྗེས་སུ་དཔག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར། དེ་ལ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ཏེ། ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། བྱ་རོག་དང་ཕག་སོགས་ཀྱིས་འདོན་ངེས་ཀྱི་ཚོགས་པ་ཚང་བའི་ཞིང༌། རང་འབྲས་ནས་མྱུག་སྐྱེ་རུང་མ་ཡིན་པའི་ཕྱིར་ཏེ། དེའི་རང་འབྲས་ནས་མྱུག་མེད་པའི་ཕྱིར། དེར་ཐལ། དེའི་རང་འབྲས་ནས་མྱུག་བྱ་རོག་སོགས་ཀྱིས་མ་བཏོན་གོང་དུ་མེད། བཏོན་རྗེས་སུ་མེད་པའི་ཕྱིར། གོང་དུ་ཁྱབ་སྟེ། མེས་ཚིགས་ཁ་མའི་ས་བོན་གྱི་རང་འབྲས་ནས་མྱུག་སྐྱེ་རུང་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། སོགས་རྩོད།  

༈ དུས་མཉམ་ལ་ལྟོས་པའི་རྩོད་པ། ཡང་རྟགས་ཡང་དག་ཡིན་ན། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་ཡིན་པས་ཁྱབ་པར་ཐལ། ཚོགས་པ་ཚང་བའི་ཞིང་དེ་དེ་འདྲའི་དཔྱིད་དུས་ཀྱི་ཤར་ཞིང་དུ། རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་གང་ཞིག དེ་གསུམ་གང་རུང་མ་ཡིན་པའི་ཕྱིར་ཟེར། དེ་ལ་རང་ལུགས་ཀྱིས་རྟགས་དང་བོ་མ་གྲུབ་སྟེ། ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པ་མེད་པའི་ཕྱིར་ཏེ། འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཚོགས་པ་ཚང་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པར་ཐལ། བྱ་རོག་གིས་ས་བོན་འདོན་ཁ་མའི་ཞིང༌། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པའི་ཕྱིར་ཏེ། དེའི་རང་འབྲས་ནས་མྱུག་ཡོད་པའི་ཕྱིར། དེར་ཐལ། དེ་ཆོས་ཅན། དེར་ཐལ། རང་འབྲས་ནས་མྱུག་གི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། མྱུ་གུའི་ས་བོན་ཡིན་པའི་ཕྱིར། དེར་ཐལ། དེ་ལ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་པའི་ཕྱིར། དེ་ལ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་ཟེར་ན། དེ་མེད་པར་ཐལ། བྱ་རོག་གིས་བཏོན་རྗེས་སུ་མེད་མ་བཏོན་གོང་དུ་མེད་པའི་ཕྱིར།  

༈ ༣༤བ༦  དུ་ལྡན་ལར་གྲང་རེག་གིས་སྟོང་ཚུལ་ལ་གཙོ་བོར་ཤེས་འདོད་ཞུགས་པའི་རྒོལ་བའི་ངོར་བཀོད་པའི་དུ་བའི་རྟགས་ཀྱིས་དུ་ལྡན་ལར་གྲང་རེག་གིས་སྟོང་བའི་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་བཀོད་ཚོད་ཀྱི་བསྒྲུབ་བྱའི་ཆོས་ཡོད་པར་ཐལ།  དེའི་ཕྱིར།  འདོད་ན།  

དེར་གྲང་རེག་གིས་སྟོང་བའི་མེ་འཇོག་པར་ཐལ།  འདོད་པའི་ཕྱིར།  འདོད་ན།  དེ་ཆོས་ཅན།  དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།  དེའི་ཕྱིར།  འདོད་ན།  དུ་ལྡན་ལར་

གྲང་རེག་གིས་སྟོང་བའི་མེ་ཡོད་པ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པར་ཐལ། དེའི་ཕྱིར།  འདོད་ན།  

དེ་འདྲའི་བསྒྲུབ་བྱ་ཆོས་ཅན།  མེད་དགག་ཡིན་པར་ཐལ།  ཁྱོད་དགག་རྟགས་ཀྱི་སྦྱོར་བའི་བསྒྲུབ་བྱ་ཡིན་པའི་ཕྱིར།  ཁྱབ་སྟེ།  སྡེ་བདུན་རྒྱན་ལས།  ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག  དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན།  མེད་དགག་ཡིན་དགོས་པ།  ཞེས་གསུངས་པའི་ཕྱིར།  དེ་སྒྲུབ་ཀྱི་བསྒྲུབ་བྱའི་གཙོ་བོར་མེད་དགག་དགོས་པའི་དོན་ཡིན་ཟེར་ན། མི་འཐད་པར་ཐལ། དེའི་བསྒྲུབ་བྱར་མེད་དགག་གིས་ཁྱབ་པའི་ཕྱིར་ཏེ། མེད་དགག་གི་མཚན་ཉིད་ཡོད་པའི་ཕྱིར་ཟེར།

དུ་ལྡན་ལར་གྲང་རེག་གིས་སྟོང་བའི་མེ་ཡོད་པ་དེ་བསྒྲུབ་བྱ་མིན་ཟེར་ན།  དེ་ཡིན་པར་ཐལ།  གྲང་རེག་གིས་སྟོང་བའི་མེ་ཡོད་པ་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར་ཏེ།  དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཀོད་པའི་ཕྱིར་ཟེར།

༈ དུ་བ་དེ་དུ་ལྡན་ལར་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར།  ཡིན་ཟེར་ན།  མེ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ།  འདོད་པའི་ཕྱིར།  འདོད་ན།  མེ་མ་ཡིན་པ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་པར་ཐལ།  འདོད་པའི་ཕྱིར།  འདོད་ན།  དེ་སྒྲུབ་ཀྱི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་མེད་པར་ཐལ་ལོ།  །དེ་ལ་མེ་མ་ཡིན་པ་མི་འཇོག་པར་མེ་མེད་པ་འཇོག་ཟེར་ན།  དེ་འཇོག་པར་ཐལ།  སྡེ་བདུན་རྒྱན་༢༨༢ལས། ཅི་སྟེ་དགག་བྱའི་ཆོས་ནི་མེ་མེད་ཡིན་གྱི་མེ་མ་ཡིན་པ་དགག་བྱའི་

ཆོས་མིན་ནོ་ཞེ་ན།  དེ་ལྟར་ན། མེ་ཡོད་བསྒྲུབ་བྱའི་ཆོས་ཡིན་གྱི་མེ་བསྒྲུབ་བྱའི་ཆོས་མ་

ཡིན་ནོ་ཞེས་བྱ་བར་གྲུབ་སྟེ།  བསྒྲུབ་བྱའི་ཆོས་ཀྱི་དངོས་ཀྱི་ལྡོག་ཕྱོགས་གང་ཡིན་པ་དེ་ཉིད་

དགག་བྱའི་ཆོས་སུ་འདོད་དགོས་པའི་ཕྱིར།  ཞེས་གསུངས་པའི་ཕྱིར།  དེ་རང་ལུགས་

མིན།  རང་ལུགས་ལ་མེ་མེད་པ་འཇོག་ཟེར་ན།  དེ་ཡང་མི་འཐད་པར་ཐལ།  དེ་ལྟར་

ན་ཡང་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་མི་ཁེགས་པའི་ཕྱིར་ཏེ། དུ་བ་ཡོད་པ་དང་

མེ་མེད་པའི་གཞི་མཐུན་ཡོད་པའི་ཕྱིར།  དེར་ཐལ། དུ་བ་ཡོད་ན་མེད་ཡོད་པས་མ་ཁྱབ་

པའི་ཕྱིར་ཏེ།  མེ་ཆུས་བསད་མ་ཐག་པའི་དུ་བ་ཡང་ཡོད་པའི་ཕྱིར་དང་།  དུ་བ་དང་ལྡན་

པའི་བར་སྣང་ལ་མེ་མེད་པའི་ཕྱིར་དང༌སོགས་ཟེར།

བློ་གསལ་རིག་སྨྲ་རྐང་དྲུག་ཚོ།།

རིགས་ལམ་སྦྲང་རྩིར་གང་འདོད་དུ།།

སྤྱོད་འདོད་རིགས་པའི་དོ་ར་འདིར།།

ཕེབས་ཏེ་རིགས་པའི་གཤོག་རྩལ་ངོམས།།

འདིའང་དྷཱིཿཕུ་དཔལ་ལྡན་རྒྱ་མཚོས་བྲིས་འདིས་ཀྱང་གཞན་ཕན་ཐོགས་པར་གྱུར་ཅིག།  །།

        རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

                   གསལ་འདེབས།

                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025

 


བརྒྱུད་འགོད།