བློ་རིག་ཟིན་བྲིས་བློ་གསལ་མགྲིན་རྒྱན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-22 21:12:05     རྩོམ་པ་པོ།   དྷཱིཿཕུ་དཔལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་བློ་རིག་མཐའ་དཔྱོད་ལས། ཀ ༡བ༤བླ་བྲང་དཔར་མ། རང་སྡེའི་བློའི་འདོད་པ་འཆད་པར། རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུ་ལས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ལ་སོགས་ཕུལ་བྱུང་དང༌། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། །ཞེས་པའི་སྐབས་སུ། འདི་ལྟར་ལུས་ཕུལ་བྱུང་ཅན་དང་བློ་ཕུལ་བྱུང་ཅན་གཉིས་ལ་མུ་བཞི་ཡོད་དེ། གླང་ཆེ་ས་ལ་རབ་བརྟན་དེ་ལུས་ཕུལ་བྱུང་ཅན་ཡིན་ལ་བློ་ཕུལ་བྱུང་ཅན་མ་ཡིན་པའི་མུ་དང༌། དགྲ་བཅོམ་པ་རྒུར་ཆུང་དེ་བློ་ཕུལ་བྱུང་ཅན་ཡིན་ལ་ལུས་ཕུལ་བྱུང་ཅན་མ་ཡིན་པའི་མུ། བདག་ཅག་གི་སྟོན་པ་དེ་གཉིས་ཀ་ཡིན་པའི་མུ་ཡིན་པའི་ཕྱིར་ཟེར། འདོད་ཟེར་ན། དེ་མི་འཐད་པར་ཐལ། གླང་ཆེན་ས་ལ་རབ་བརྟན་དེ་མུ་དང་བོ་མ་ཡིན་པའི་ཕྱིར་ཏེ། དེ་ལུས་དམན་པ་ཅན་ཡིན་པའི་ཕྱིར། དེར་ཐལ། དེའི་ལུས་ངན་འགྲོའི་ལུས་ཡིན་པའི་ཕྱིར་ཏེ། དུད་འགྲོའི་ལུས་ཡིན་པའི་ཕྱིར་སོགས་ཟེར། དགྲ་བཅོམ་པ་སྒུར་ཆུང་དེ་ཡང་མུ་གཉིས་པ་ཡིན་ཟེར་བ་ཡང་མི་འཐད་པར་ཐལ། བློ་ཕུལ་དུ་བྱུང་བ་ཅན་མ་ཡིན་་པའི་ཕྱིར་ཏེ། དེ་ལས་ལྷག་པའི་བློ་ཕུལ་དུ་བྱུང་བ་ཅན་ཡོད་པའི་ཕྱིར་ཟེར། འདོད་ན། བློ་ཕུལ་དུ་བྱུང་བ་ཅན་ཡིན་ན་ལུས་ཕུལ་དུ་བྱུང་བ་ཅན་ཡིན་པའི་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་ཕུལ་དུ་བྱུང་བ་ཅན་ཡིན་མིན་ལུས་ཕུལ་དུ་བྱུང་བ་ཅན་ཡིན་མིན་ལ་ལྟོས་པར་ཐལ་ལོ། ། འདོད་ན། བློའི་མཆོག་དམན་ལུས་འཕེལ་བ་དང་འགྲིབ་པ་ལྟོས་པར་ཐལ་ལོ། ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །ཞེས་སོགས་ཀྱིས་དེ་ལྟར་ལྟོས་པ་མེད་པའི་རྟགས་ཀྱིས་ལུས་འདི་སེམས་ཀྱི་རྟེན་ཁྱད་པར་ཅན་མ་ཡིན་པར་བསྒྲུབ་པ་ཡིན་པའི་ཕྱིར་རོ། །

ཁ༢ན༡ རིག་པ་བློའི་མཚན་ཉིད། མཚན་གཞི་ནི། ཤེས་རབ་དང་ཚད་མ་ལྟ་བུ། ཞེས་པར་རིག་པ་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཏེ། རིག་རྒྱན་ལས། རིག་པའི་མཚན་ཉིད་རང་ཡུལ་སྣང་བའི་བློ་ཞེས་དང༌། སྡེ་བདུན་ཆུང་ངུར། དངོས་པོ་ལ་ངོ་བོའི་སྒོ་ནས་དབྱེ་ན། བེམ་རིག་གཉིས། དང་བོའི་མཚན་ཉིད་རྡུལ་དུ་གྲུབ་པ། གཉིས་པའི་མཚན་ཉིད་ཡུལ་རིག་པ་ཞེས་གསུངས་པའི་ཕྱིར་ཟེར། ཡང་ཤེས་རབ་དང་ཚད་མ་གཉིས། དེ་གཉིས་ཀྱི་མཚན་གཞི་མ་ཡིན་པར་ཐལ། ཤེས་རབ་རྟོགས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་རྟོགས་པས་ཁྱབ་པ་དང༌། ཚད་མ་རྟོགས་ན་གསར་དུ་མི་སླུ་བའི་རིག་པ་རྟོགས་པས་ཁྱབ་པའི་ཕྱིར། དང་བོ་དེར་ཐལ། བློ་གྲོས་རྟོགས་ན་བློ་གྲོས་ཞེས་པའི་ཚིག་ཟུར་གྱི་བློ་རྟོགས་དགོས་པའི་ཕྱིར། གཉིས་པ་དེར་ཐལ། མཚོན་བྱ་རྟོགས་པ་ལ་མཚན་ཉིད་རྟོགས་པ་སྔོན་དུ་འགྲོ་དགོས་པ་གང་ཞིག གསར་དུ་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར།

ག ༢ན༢ རིག་པའི་དོན་ཡོད་དེ། ཡུལ་འཆར་བ་དང་སྣང་བ་དེ། ཡུལ་རིག་པའི་དོན་ཡིན་པའི་ཕྱིར། ཞེས་པར་ཡུལ་འཆར་བ་དང་སྣང་བ་དེ། རིག་པའི་དོན་དང༌། ཡུལ་རིག་པའི་དོན་གང་ཡིན། གཉིས་ཀའི་དོན་ཡིན་པ་མི་འཐད་དེ་དེ་གཉིས་ཀྱི་དོན་མི་འདྲ་བའི་ཕྱིར་ཟེར། ཡང་སངས་འཕགས་ཆོས་ཅན། རིག་པ་ཡིན་པར་ཐལ། ཡུལ་འཆལ་བ་དང་སྣང་བ་ཡིན་པའི་ཕྱིར་ཟེར། 

ཡང་བར་ཆད་མེད་ལམ་ཆོས་ཅན། རང་ཡུལ་འཆར་བར་ཐལ། རང་ཡུལ་སྣང་བའི་ཕྱིར། འདོད་མི་ནུས་ཏེ། སྐབས་སྡོམ་ལས། བར་ཆད་མེད་ལ་འཛིན་རྟོགས་འཆར་འགྱུར་ཞིང༌། །འདོད་ན་རང་ཡུལ་འཆར་རམ་ཞེ་ན་མིན། །ཞེས་གསུངས་པའི་ཕྱིར།

ང ཡང་༢ན༣ བློ་དང་ཤེས་པ་རིག་པ་དང་གསལ་བ་རྣམས་དོན་གཅིག་པའི་ཕྱིར། ཞེས་པར་གསལ་བ་ཡིན་ན་ཤེས་པ་ཡིན་པས་མ་ཁྱབ་པར་ཐལ། གཞི་གྲུབ་ན་གསལ་བ་ཡིན་པས་ཁྱབ་པའི་ཕྱིར་ཟེར།

ཅ ༢ན༤ ཡང་རྒྱས་པར་བརྗོད་ན་རང་ཡུལ་སྣང་བའི་རིག་པ་ཡིན་པ་དེ་རང་བློ་ཡིན་པའི་མཚན་ཉིད། ཅེས་པར་སྔོན་འཛིན་མིག་ཤེས་ཆོས་ཅན། རང་ཡུལ་སྣང་བར་ཐལ། རང་བློ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡུལ་གསལ་བར་སྣང་བར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཁྱོད་རྟོག་མེད་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། སྔོན་འཛིན་མིག་ཤེས་ཀྱི་ཡུལ་ཆོས་ཅན། ཁྱོད་སྔོན་འཛིན་མིག་ཤེས་ལ་གསལ་བར་མ་སྣང་བར་ཐལ། ཁྱོད་སྤྱི་མཚན་ཡིན་པའི་ཕྱིར་ཟེར།

ཆ  ༢བ༦ དེ་གསུམ་ལ་འདོད་མི་ནུས་ཏེ། ཡུལ་གྱི་འདྲ་རྣམ་མ་ཤར་བའི་ཕྱིར། ཡུལ་གྱི་འདྲ་རྣམ་མ་སར་བའི་ཕྱིར། ཞེས་པའི་དེ་གསུམ་ལ་གང་འཇོག དེ་ལ་རང་ཡུལ་གྱི་རྣམ་པ་ཤར་བར་ཐལ། ཞེས་པ་དང༌། རང་ཡུལ་སྣང་ན་རང་ཡུལ་གྱི་རྣམ་པ་ཤར་བས་ཁྱབ་པར་ཐལ། ཞེས་པ་དང༌། རང་ཡུལ་གྱི་རྣམ་པ་སྣང་བར་ཐལ། ཞེས་པ་གསུམ་ལ་བྱེད་ཟེར་ན། འོ་ན་རང་ཡུལ་གྱི་འདྲ་རྣམ་མ་ཤར་ན། རང་ཡུལ་གྱི་རྣམ་པ་མ་ཤར་བས་ཁྱབ་པ་དང་རང་ཡུལ་གྱི་རྣམ་པ་མི་སྣང་བས་ཁྱབ་པ་གཉིས་ཀ་རེ་རེ་ནས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཉིས་ཀ་ལ་སྔོན་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་སྔོ་འཛིན་མིག་ཤེས་ཀྱི་རྣམ་པ་ཤར་བ་དང་དེའི་རྣམ་པ་སྣང་བའི་ཕྱིར། དེར་ཐལ། རང་ཡུལ་སྣང་བའི་རིག་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེ་ལ་ཡུལ་གྱི་འདྲ་རྣམ་ཤར་བ་དང་འདྲ་རྣམ་སྣང་བར་འདོད་མི་ནུས་པའི་དོན་ཟེར་ན། མི་འཐད་པར་ཐལ། དེ་ལྟར་ན་དེ་དེ་སྒྲུབ་བྱེད་དུ་མི་འགྱུར་ཏེ། རྟགས་ཆོས་ཐ་མི་དད་དུ་འགྱུར་བའི་ཕྱིར།

ཇ ༢བ༦ ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་བློ་ཡིན་པའི་ཕྱིར། དེར་ཐལ། རང་རིག་ཡིན་པའི་ཕྱིར། ཞེས་པར་རང་རིག་ཡིན་ན། ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་བློ་ཡིན་པས་ཁྱབ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར། དེ་སློབ་པའི་རྒྱུད་ཀྱི་རང་རིག་ཡིན་པའི་ཕྱིར་ཞེས་པའི་དོན་ཟེར་ན། འོ་ན་རང་རིག་ཆོས་ཅན། སློབ་པའི་རྒྱུད་ཀྱི་རང་རིག་ཡིན་པར་ཐལ། ཁྱབ་སྐོར་འདིའི་རྩོད་གཞི་ངོས་འཛིན་རྒྱུ་ཡོད་པའི་ཕྱིར་ཟེར།

ཡང་སངས་འཕགས་རྒྱུད་ཀྱི་རང་རིག་ཆོས་ཅན། ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་བློ་ཡིན་པར་ཐལ། ཁ་ནང་ཁོ་ནར་ཕྱོགས་པའི་བློ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། རང་རིག་ཡིན་པའི་ཕྱིར། མ་ཁྱབ་ན། རང་རིག་གི་དོན་ལ་གང་འཇོག

ཉ ༣ན༦  ཡུལ་རིག་པར་བྱ་བ་བློའི་མཚན་ཉིད་ཟེར་ན། སྐྱེས་བུ་ཆོས་ཆོས་ཅན། བློ་ཡིན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཞེས་པར་སྐྱེས་བུ་མ་ཡིན་པར་ཐལ། རིག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་ཆུང་ལས། ཡུལ་རིག་པ་རིག་པའི་མཚན་ཉིད་དུ་གསུངས་པའི་ཕྱིར་ཟེར།

ཏ ༥བ༦ བློ་དེས་ཆོས་དེ་རང་དུས་སུ་རྟོགས་ན་ཆོས་དེ་ལ་རང་དུས་སུ་ངེས་པ་འདྲེན་པས་ཁྱབ་ཟེར་ན། བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཆོས་ཅན། ཞེས་པར་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཆོས་ཅན། ཁྱོད་ཀྱིས་བུམ་མེད་ལ་རང་དུས་སུ་ངེས་པ་འདྲེན་པར་ཐལ། ཁྱོད་ཀྱིས་བུམ་མེད་ལ་ངེས་པ་འདྲེན་པ་གང་ཞིག། རང་འགག་པའི་རྗེས་སུ་ངེས་པ་འདྲེན་ཚུལ་མེད་པའི་ཕྱིར། ཕྱི་མ་དེར་ཐལ། རང་འགག་རྗེས་སུ་རང་མེད་པའི་ཕྱིར།

ཐ ༥བ༢ ངེས་ཤེས་མི་འདྲ་བ་གཉིས་གཅིག་ཆར་དུ་རྒྱུད་གཅིག་ལ་མི་རུང་བའི་ཕྱིར། ཞེས་པར་དེ་རུང་བར་ཐལ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་རྒྱུད་ལ་སྐྱེས་མ་ཐག་པ་བའི་རྒྱུད་ལ་ངེས་ཤེས་མི་འདྲ་བ་གཉིས་ཡོད་པའི་ཕྱིར་ཏེ། བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པ་རྟོགས་པའི་ངེས་ཤེས་ཤིག་དང༌། བུར་གཟུགས་ད་ལྟ་བ་རྟོགས་པའི་ངེས་ཤེས་ཤིག་སྟེ་ངེས་ཤེས་མི་འདྲ་བ་གཉིས་གཅིག་ཆ་ར་དུ་ཡོད་པའི་ཕྱིར་ཟེར།

ད ༥བ༥ བློ་དེས་ཡུལ་དེ་རྟོགས་ན་དེ་ལ་སྒྲོ་འདོགས་གཅོད་པའམ་བཅད་པའི་ཁྱབ་ཟེར་ན། བཅད་ཤེས་གཉིས་ཆོས་ཅན། ཞེས་གསུངས་པའི་ཕྱིར། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་མི་གཅོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་པའི་ཕྱིར་ཏེ། རང་དང་དུས་མཉམ་པའི་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་རང་དང་དུས་མཉམ་པའི་ཚུལ་གྱིས་གཅོད་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་དང་བོས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་བཅད་ཀྱང༌། དེ་འདྲའི་རྗེས་དཔག་སྐད་ཅིག་གཉིས་པ་དང་དུས་མཉམ་པའི་སྒྲ་རྟག་འཛིན་གྱི་སྒྲོ་འདོགས། རང་དང་དུས་མཉམ་པའི་ཚུལ་གྱིས་མ་བཅད་པ་གང་ཞིག དེ་འདྲའི་སྐད་ཅིག་གཉིས་པས་རང་དང་དུས་མཉམ་པའི་ཚུལ་གྱིས་གཅོད་པའི་ཕྱིར། ཁྱབ་སྟེ། རྣམ་མཁྱེན་སྐད་ཅིག་གཉིས་པས་སྒྲོ་འདོགས་གསར་དུ་གཅོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་དེ་འདྲའི་རྗེས་དཔག་སྐད་ཅིག་གཉིས་པ་དང་དུས་མཉམ་པ་གང་ཞིག རྗེས་དཔག་སྐད་ཅིག་གཉིས་པ་དང་དུས་མཉམ་པའི་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་འདྲའི་སྒྲོ་འདོགས་ཀྱི་ཞེན་ཡུལ་སུན་དབྱུང་བའི་ཕྱིར། དེར་ཐལ། དེ་འདྲའི་སྒྲོ་འདོགས་ཀྱི་ཞེན་ཡུལ་མེད་པར་རྟོགས་པའི་ཕྱིར་ཏེ། སྒྲ་མི་རྟག་པར་རྟོགས་པའི་ཕྱིར། ཁྱབ་སྟེ། སྒྲོ་འདོགས་གཅོད་པའི་དོན་དེ་ཡིན་པའི་ཕྱིར་ཟེར།

ན ༦ན༡ ཡིད་དཔྱོད་ཆོས་ཅན། དེར་ཐལ། རང་གི་རྟོགས་བྱ་རྟོགས་པའི་ཕྱིར། ཞེས་པར་ཡིད་དཔྱོད་ཆོས་ཅན། རང་གི་གཞལ་བྱ་རྟོགས་པའི་བློ་ཡིན་པར་ཐལ། རང་གི་རྟོགས་བྱ་རྟོགས་པའི་བློ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་གཞལ་བྱ་ལ་མི་སླུ་བའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རང་གི་གཞལ་བྱ་རྟོགས་ན། རང་གི་གཞལ་བྱ་ལ་མི་སླུ་བ་ཡིན་དགོས་པའི་ཕྱིར་ཏེ། ཚད་མ་དང་བཅད་ཤེས་གཉིས་མི་སླུ་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་འདོད་ན། རང་གི་གཞལ་བྱ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གསར་དུ་ཞེས་པའི་དོན་ཚང་བའི་ཕྱིར་ཏེ། གསར་དུ་ཞེན་པའི་བློ་ཡིན་པའི་ཕྱིར། ཡིད་དཔྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ་ལོ། ། དེ་ལ་རང་གི་རྟོགས་བྱ་རྟོགས་པའི་ཕྱིར། ཞེས་པ་ཡིད་དཔྱོད་ཙམ་གྱིས་རྟོགས་པ་ལ་དགོངས་ཟེར་ན། མི་འཐད་པར་ཐལ། དེ་བློ་དེས་ཡུལ་དེ་རྟོགས་ན། སྒྲོ་འདོགས་བཅད་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར་ཏེ། གཞན་ཡང་ཞེས་པའི་ཡང་སྒྲའི་དོན་ཡོད་པའི་ཕྱིར་ཟེར།

པ ༦ན༡  མ་འཁྲུལ་པའི་བློ་ཡིན་ན། རང་གི་གཞལ་བྱ་རྟོགས་པས་ཁྱབ་ཟེར་ན། སྣང་ལ་མ་ངེས་པའི་མངོན་སུམ་གསུམ་པོ་རེ་རེ་ནས་ཆོས་ཅན། ཞེས་པར་སྣང་ལ་མ་ངེས་པའི་དབང་མངོན་ཡིན་ན། མ་འཁྲུལ་པའི་བློ་ཡིན་པས་ཁྱབ་པར་ཐལ། དེ་མ་འཁྲུལ་པའི་བློ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སོ་སྐྱེས་རྒྱུད་ཀྱི་སྣང་ལ་མ་ངེས་པའི་བློ་ཆོས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིར་སོ་སྐྱེས་རྒྱུད་ཀྱི་དབང་ཤེས་ལ་འཁྲུལ་ཤེས་ཀྱིས་ཁྱབ་པའི་ཕྱིར་ཏེ། བློ་རིག་གི་སྐབས་འདིར་རྣམ་འགྲེལ་རང་ལུགས་བྱེད་དགོས་པ་གང་ཞིག དེ་སེམས་ཙམ་པའི་ལུགས་ཡིན་པའི་ཕྱིར། དེ་ཁོ་ན་རེ། བློ་རིག་གི་སྐབས་མདོ་སེམས་ཐུན་མོང་བའི་ལུགས་སུ་བྱེད་ཟེར་ན། སོ་སྐྱེས་རྒྱུད་ཀྱི་དབང་མངོན་ལ་མ་འཁྲུལ་པས་ཁྱབ་པ་སེམས་ཙམ་པས་འདོད་པར་ཐལ།

དེ་མདོ་སེམས་ཐུན་མོང་གིས་འདོད་པའི་ཕྱིར། མ་ཁྱབ་ན། མདོ་སེམས་གཉིས་ཀས་འདོད་པ་ཡིན་ན། སེམས་ཙམ་པའི་འདོད་པས་མ་ཁྱབ་པར་ཐལ་ལོ། ། འདོད་པའི་ཕྱིར། ཁྱབ་སྟེ། མདོ་སེམས་ཐུན་མོང་གིས་འདོད་པར་མདོ་སེམས་གཉིས་ཀས་འདོད་པ་ཞིག་དགོས་པའི་ཕྱིར་ཟེར། ཕ ༦ན༤ དེ་ལ་དབྱེ་ན། སྣང་ལ་མ་ངེས་པ་དང་རྟོག་མེད་ལོག་ཤེས་གཉིས་ཡོད། ཅེས་པར་མ་རྟོགས་པའི་བློ་ལ་སྣང་ལ་མ་ངེས་པ་དང་རྟོག་མེད་ལོག་ཤེས་གཉིས་ཙམ་དབྱེ་མི་རིགས་པར་ཐལ། ཡིད་དཔྱོད་ཀྱང་མ་རྟོགས་པའི་བློ་ཡིན་པས་དེའི་དབྱེ་བར་འཇོག་རིགས་པའི་ཕྱིར༌། ཡིད་དཔྱོད་ཆོས་ཅན། མ་རྟོགས་པའི་བློ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་ངེས་པ་འདྲེན་མི་ནུས་པའི་བློ་ཡིན་པའི་ཕྱིར།

བ ༦བ༦ རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསར་དུ་ཞེན་པའི་བློ། ཡིད་དཔྱོད་ཀྱི་མཚན་ཉིད། ཅེས་པར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་སྒྲ་མི་རྟག་པར་ངེས་པའི་ཡིད་དཔྱོད་ཆོས་ཅན། རང་ཡུལ་སྒྲ་མི་རྟག་པར་གསར་དུ་ཞེན་པའི་བློ་ཡིན་པར་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་ཡང་ཡང་ཞེན་པའི་བློ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཕྱི་རྒོལ་ཡང་དག་ཏུ་གྱུར་བ་དང་སྒྲ་མི་རྟག་པར་ངེས་པའི་ཡིད་དཔྱོད་སྐྱེ་བ་དུས་མཉམ་མ་ཡིན་པས། དེའི་སྔོན་ནས་དེའི་རྒྱུད་ལ་སྒྲ་མི་རྟག་པ་ཡིན་ནོ་སྙམས་པའི་བློ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ཡོད་ན། དེ་ཡིད་དཔྱོད་ལས་གཞན་ཡིན་ཚུལ་མེད་པའི་ཕྱིར། དེ་བཞིན་དུ་དམ་བཅའ་བའི་རྒྱུད་ཀྱི་སྒྲ་མི་རྟག་པ་ཡིན་ནོ་སྙམ་པའི་བློ་ཡིད་དཔྱོད་ཡིན་མིན་དང༌། ཡིན་ན་དེ་གསར་དུ་ཞེན་པའི་བློ་ཡིན་མིན་སོགས་དཔྱད། ༈ གཞན་ཡང༌། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཡིད་དཔྱོད་ཡིན་པར་ཐལ། དེའི་མཚན་ཉིད་ཚང་བའི་ཕྱིར་ཟེར། ༈ ཡང་བུམ་པ་རྟོགས་པའི་རྗེས་དཔག་གི་རྟེན་གཏན་ཚིག་ཡོད་མེད། དེ་ལ་གསེར་གྱི་ལྟོ་རྡུལ་བ་ཆོས་ཅན། བུམ་པ་ཡིན་ཏེ། ལྟོ་རྡུལ་བ་ཡིན་པའི་ཕྱིར་ཞེས་འཇོག་ཟེར་ན། འོ་ན་དེ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ལ་བུའི་སྒྲ་དོན་དང་གསེར་གྱི་ལྟོ་རྡུལ་བ་བུམ་པ་ཡིན་པའི་སྒྲ་དོན་གཉིས་ཀ་སྣང་བར་ཐལ་ལོ། །འདོད་པའི་ཕྱིར་ཟེར།

མ ༧ན༢ མཐའ་གཅིག་ཏུ་ཞེས་པས་ཐེ་ཚོམ་དང་དེའི་གཞི་མཐུན་ཡོད་གཅོད། ཅེས་ཡིད་དཔྱོད་ཡིན་ན། ཐེ་ཚོམ་མ་ཡིན་པས་ཁྱབ་པར་གསུངས་པ་ལ། ཁྲོན་པ་རྙིང་བ་ན་ཆུ་ཡོད་སྙམ་པའི་བློ་ཆོས་ཅན། འདོད་མི་ནུས་ཏེ། ཐེ་ཚོམ་ཡིན་པའི་ཕྱིར་ཏེ། སྡེ་བདུན་ཆུང་ངུ་ལས། ཐེ་ཚོམ་བག་ལ་ཉལ་ལ་དབྱེ་ན། རྟགས་ལ་མ་བརྟེན་པ་དང་བརྟེན་པ་གཉིས། དཔེ་རིམ་བཞིན། ཁྲོན་པ་རྙིང་བ་ན་ཆུ་ཡོད་སྙམ་པའི་བློ་ལྟ་བུ་དང༌། མ་ངེས་པའི་རྟགས་ལ་བརྟེན་པའི་བློ་མཐའ་དག་གོ །ཞེས་གསུངས་པའི་ཕྱིར་ཟེར། འདོད་མི་ནུས་ཏེ། སྡེ་བདུན་རྒྱན་ལས། ཁ་ཅིག་ཁྲོན་པ་རྙིང་བ་ན་ཆུ་ཡོད་སྙམ་པ་ལྟ་བུ་ཡང་བག་ལ་ཉལ་གྱི་ཐེ་ཚོམ་དུ་འདོད་མོད་དེ་ནི་མི་རིགས་ཏེ་ཞེས་གསུངས་པའི་ཕྱིར་ཟེར།

ཙ ༧བ༣ བྱས་པ་དེ་སྤྱིར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཀྱང་རྒོལ་བ་འགའ་ཞིག་གི་བསམ་པ་ལ་ལྟོས་ཏེ་གཏན་ཚིག་ལྟར་སྣང་ཏུ་སོང་ནས། དེ་རྗེས་གཏན་ཚིགས་ཡང་དག་ཏུ་སོང་བའི་ས་མཚམས་སོ་སོ་ནས་འཇོག་རྒྱུ་ཡོད་པའི་ཕྱིར། ཞེས་གཏན་ཚིགས་ལྟར་སྣང་ལ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ངེས་ནས་རྗེས་ཁྱབ་མ་ངེས་པའི་གང་ཟག་གི་ངོར་བྱས་པ་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པ་ལྟ་བུ་འཇོག་ཟེར་ན། དེ་མ་ཡིན་པར་ཐལ། དེ་འདྲའི་གང་ཟག་གི་ངོར་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་མ་ངེས་མ་གྲུབ་གང་ཡང་མ་ཡིན་པའི་ཕྱིར་ཟེར།

ཚ ༧བ༦ གང་ཟག་དེ་དག་གི་རྒྱུད་ཀྱི་རྟགས་དེ་དག་ལ་བརྟེན་པའི་ཤེས་རབ་དེ་གཉིས་ཀྱི་དང་བོ་རྟག་ལྟ་དང༌། གཉིས་པ་ཆད་ལྟར་གྱུར་པ་ཡིན་པའི་ཕྱིར། ཞེས་པར་ཤེས་རབ་ལ་དགེ་བས་ཁྱབ་པས། དེ་འདྲའི་ཤེས་རབ་གཉིས་ཤེས་རབ་ཀྱི་རྫས་ལ་བྱེད་ཟེར། དེའི་རྒྱུན་དུ་གྱུར་པའི་ཤེས་རབ་ཡོད་པར་ཐལ། དེ་ཤེས་རབ་ཀྱི་རྫས་ཡིན་པའི་ཕྱིར། མ་ཁྱབ་ན། དེ་ཤེས་རབ་ཀྱི་རྫས་ལ་འཇོག་བྱེད་གང་ཡིན། དེའི་རྒྱུན་སྔ་མར་གྱུར་པའི་ཤེས་རབ་ཡོད་ཟེར་ན། དེ་འདྲའི་རྟག་ལྟར་འགྱུར་ཁ་མའི་ཤེས་རབ་ཆོས་ཅན། ཁྱོད་དང་མཚུངས་ལྡན་གྱི་གཙོ་སེམས་ཀྱི་འཁོར་དུ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་ཤེས་རབ་རྟག་ལྟར་གྱུར་བ་དང་དེ་འདྲའི་ཤེས་རབ་དང་མཚུངས་ལྡན་གྱི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་གཉིས། དགེ་བ་ཡིན་བཞིན་དུ་རྟག་ལྟ་དང་མཚུངས་ལྡན་དུ་གྱུར་བ་མིན། མེད་སོང་བ་མིན། མི་དགེ་བའི་སེམས་བྱུང་ཞིག་ཏུ་གྱུར་བ་མ་ཡིན་པའི་ཕྱིར་ཟེར། དང་བོ་དེར་ཐལ། དེ་འདྲའི་རྟག་ལྟ་དང་མཚུངས་ལྡན་གྱི་དགེ་བ་མི་རུང་པའི་ཕྱིར། གཉིས་པ་དེར་ཐལ། ཁྱོད་གནོད་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གནོད་མེད་ཀྱི་ཤེས་པ་ཡིན་ན་རྫས་རྒྱུན་ཕྱི་མར་ཉང་མཚམས་སྦྱོར་བས་ཁྱབ་པའི་ཕྱིར་ཏེ། སྐྱེ་བ་ཕྱི་མ་སྒྲུབ་པའི་རིགས་པ་ཡོད་པའི་ཕྱིར་སོགས་ཟེར།

ཛ ༨ན༥ རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མེད་དེ། རྣལ་འབྱོར་མངོན་སུམ་ལ་གང་སྣང་ངེས་པས་ཁྱབ་པའི་ཕྱིར། ཞེས་པར་མངོན་ཤེས་མ་ཐོབ་པའི་འཕགས་རྒྱུད་ཀྱི་གཞན་སེམས་མི་རྟག་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། སྣང་ལ་མ་ངེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞན་སེམས་ངེས་པར་ཐལ། གཞན་སེམས་སྣང་བའི་ཕྱིར། འདོད་ན། དེ་ཆོས་ཅན། གཞན་སེམས་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞན་སེམས་ཤེས་པར་ཐལ་ལོ་ཟེར། ། མངོན་ཤེས་མ་ཐོབ་པའི་འཕགས་པ་མེད་ཟེར་ན། ཡོད་དེ། རིམ་གྱིས་པའི་རྒྱུན་ཞུགས་ཀྱིས་མངོན་ཤེས་མ་ཐོབ་པའི་ཕྱིར། དེར་ཐལ། དངོས་གཞི་མ་ཐོབ་པའི་ཕྱིར།

ཝ ༨ན༤ རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་མ་ངེས་པ་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད། ཅེས་པར་གང་རི་སྔོན་པོ་སྣང་བའི་དབང་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཟེར། རང་གི་འཇུག་ཡུལ་རང་མཚན་གསལ་བར་མ་སྣང་ཟེར་ན། སྣང་བར་ཐལ། རང་གི་འཇུག་ཡུལ་དུ་གྱུར་བའི་རང་མཚན་ཡོད་པའི་ཕྱིར་ཏེ། རང་གི་སྣང་ཡུལ་དུ་གྱུར་བའི་རང་མཚན་ཡོད་པའི་ཕྱིར།

ཞ ༨ ན ༦ དང་བོ་སྣང་ལ་མ་ངེས་པའི་དབང་མངོན་གྱི་མཚན་གཞི་ནི། མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་རྣ་བས་སྒྲ་ཆེན་པོ་ཐོས་པའི་སྒྲ་འཛིན་དབང་མངོན་ལྟ་བུ། ཞེས་པར་མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་རྣ་བས་སྒྲ་ཆེན་པོ་ཐོས་པའི་སྒྲ་འཛིན་དབང་མངོན་ཆོས་ཅན། སྣང་ལ་མ་ངེས་པའི་བློ་མ་ཡིན་པར་ཐལ། ཁྱོད་ལ་ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ལ་གཞན་ལས་ངེས་ཀྱི་ཚད་མ་ཡོད་པའི་ཕྱིར་ཏེ། བློ་རིག་ཟུར་རྒྱན་ལས། དེ་ལ་གཞན་ལས་ངེས་ཀྱི་ཚད་མ་གཅིག་ཀྱང་ཡོད་ལ། ཞེས་གསུངས་པའི་ཕྱིར། ༈ དེ་ལ་དེ་འདྲའི་སྒྲ་འཛིན་དབང་མངོན་ལ་སྣང་ལ་མ་ངེས་པ་ཡིན་མིན་གཉིས་ཡོད་ཀྱང༌། དེ་འདྲའི་སྒྲ་འཛིན་དབང་མངོན་རང་ལྡོག་ནས་སྣང་ལ་མ་ངེས་པ་ཡིན་ཟེར་ན། དེ་འདྲའི་སྒྲ་འཛིན་དབང་མངོན་ཆོས་ཅན། སྣང་ལ་མ་ངེས་པའི་བློ་མ་ཡིན་པར་ཐལ། མ་རྟོགས་པའི་བློ་མ་ཡིན་པའི་ཕྱིར། དེར་ཐལ། རང་གི་གཞལ་བྱ་མེད་པའི་བློ་མ་ཡིན་པའི་ཕྱིར། དེར་ཐལ། རང་གི་གཞལ་བྱ་ཡོད་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། སྒྲ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། དེ་འདྲའི་སྒྲ་འཛིན་དབང་མངོན་གྱི་ཡུལ་ཡིན་པར་ཐལ། དེ་འདྲའི་སྒྲ་འཛིན་དབང་མངོན་ཚད་མའི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། དབང་མངོན་ཚད་མའི་ཡུལ་ཡིན་ན། དབང་མངོན་གྱི་ཡུལ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར།

ཟ ༨ན༦ སྣང་ལ་མ་ངེས་པའི་དབང་མངོན་གྱི་མཚན་གཞི་ནི། དུས་མཐའི་སྐད་ཅིག་མ་གཅིག་གི་དབང་དུ་བྱས་པའི་ཡིད་མངོན་དང༌། རང་རིག་ལའང་འདྲ། ཞེས་པར་དེ་མི་འཐད་པར་ཐལ། དེ་ལ་སྣང་ལ་མ་ངེས་ཡིན་མིན་གཉིས་རེ་ཡོད་པའི་ཕྱིར་ཏེ། སངས་རྒྱས་སའི་དུས་མཐའི་སྐད་ཅིག་མ་གཅིག་གི་དབང་དུ་བྱས་པའི་ཡིད་མངོན་དང༌། རང་རིག་སྣང་ལ་མ་ངེས་པ་མ་ཡིན་པའི་ཕྱིར་ཟེར།

འ ༩ན༢ རང་ཡུལ་དུ་གྱུར་པའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མངོ་སུམ་དུ་མཐོང་བས་ཁྱབ་པར་ཐལ། བློ་གྲོས་ཆེན་པོ་མཐོང་ཉིད་ལས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཅེས་པར། དེ་ཁྱབ་པར་ཐལ། འོག་གི་རྣམ་འགྲེལ་གྱི་ལུང༌། ཚད་མ་གཞན་གྱིས་བརྟགས་བྱ་གང༌། ། མ་མཐོང་ཆ་གཞན་ཅི་ཞིག་ཡོད། ། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། མ་རྟོགས་ཆ་གཞན་མ་གསུངས་པར་མ་མཐོང་ཆ་གཞན་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར། དེས་ན་མཐའ་དཔྱོད་ཀྱི་དེ་རང་ཡུལ་དུ་གྱུར་པའི་འདུས་བྱས་མངོན་སུམ་དུ་ངེས་པའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་རྫས་པ་ཐམས་ཅད་མངོན་སུམ་དུ་ངེས་པས་མ་ཁྱབ་པའི་དོན་ཟེར་ན། འོ་ན། རང་ཡུལ་དུ་གྱུར་པའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་རྫས་གཅིག་པ་མཐའ་དག་མངོན་སུམ་དུ་མཐོང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཁྱབ་ན། སྔོན་འཛིན་མིག་ཤེས་ཆོས་ཅན། རང་ཡུལ་སྔོ་པོ་དང་གྲུབ་བདེ་རྫས་གཅིག་པའི་དྲི་རོ་སོགས་མངོན་སུམ་དུ་མཐོང་བར་ཐལ།

སྔོན་པོ་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་པའི་ཕྱིར་ཟེར།

ཡ ༡༠ན༣ རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཀྱི་མཚན་ཉིད། ཅེས་པར་རྣམ་མཁྱེན་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར་ཏེ། རྟོགས་ཟིན་པའི་དོན་རྟོགས་པའི་རིག་པ་ཡིན་པའི་ཕྱིར།

ར ༡༠ན༣ རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད། ནས་དང་བོའི་མཚན་གཞི་ནི། དབང་མངོན་ལྔའི་སྐད་ཅིག་གཉིས་པ་ལྟ་བུ། ཞེས་པར་དབང་མངོན་ལྔའི་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། རྟོག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་རྒྱན་ལས། ཁ་ཅིག མངོན་སུམ་ཕྱི་མ་རྣམས་ཀྱང་དཔྱད་ཤེས་སུ་འདོད་པ་ནི་མ་བརྟགས་པ་སྟེ་དཔྱད་ཤེས་ནི་སྔར་ངེས་ཟིན་གྱི་ཡུལ་དྲན་པའི་བློ་ཡིན་ལ་དྲན་པའི་བློ་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར་རོ། །

ཞེས་གསུངས་པའི་ཕྱིར་ཟེར། འདོད་མི་ནུས་ཏེ། སྡེ་བདུན་ཆུང་ངུ་ལས། མངོན་སུམ་ཚད་དྲངས་པའི་མངོན་སུམ་ཕྱི་མ་རྣམས་ཀྱང་དཔྱད་ཤེས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར།   

ཚུར་མཐོང་གི་དབང་མངོན་ལྔས་དྲངས་པའི་ཡིད་མངོན་ཡིན་ན། སྣང་ལ་མ་ངེས་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ༡༠ན༦ དེ་ནི་དབང་མངོན་དང་བོ་ལྔས་དྲངས་པས་ཡིད་མངོན་ལ་དགོངས་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། འདོད་ན། ཚུར་མཐོང་གི་རྒྱུད་ཀྱི་མངོན་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་འདྲེན་བྱེད་ཀྱི་དབང་མངོན་གྱིས་དྲངས་པའི་ཕྱིར་ཏེ། རང་འདྲེན་བྱེད་ཀྱི་དབང་མངོན་རེ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། ལ ༡༠ན༥ གཉིས་པ་ནི། གཞན་སེམས་ཤེས་པའི་མངོན་ ཤེས་ཡིད་མངོན་ལ་བྱས་ནས་དེའི་སྐད་ཅིག་གཉིས་པ་ལྟ་བུ་དང༌། གསུངས་པའི་ཕྱིར།

༡༠བ༣ གསུམ་པ་དེ་གང་རུང་མ་ཡིན་པའི་བཅད་ཤེས་ནི། ནས། དང་བོ་ནི། གཟུགས་འཛིན་དབང་བོའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ལྟ་བུ། ཞེས་གཟུགས་འཛིན་དབང་བོའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས། མངོན་སུམ་དང་རྗེས་དཔག་གང་རུང་རྒྱུན་དུ་གྱུར་པའི་བཅད་ཤེས་མ་ཡིན་པར་གསུངས་པ་ལ། གཟུགས་འཛིན་དབང་བོའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཆོས་ཅན། མངོན་སུམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་ཡིན་པར་ཐལ། མངོན་སུམ་གྱི་རྒྱུན་སྔ་མར་གྱུར་པའི་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། རྣལ་འབྱོར་མངོན་སུམ་གྱི་རྒྱུན་སྔ་མར་གྱུར་པའི་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུན་ཕྱི་མར་གྱུར་པའི་རྣལ་འབྱོར་མངོན་སུམ་ཡོད་པའི་ཕྱིར།

ཤ ༡༡བ༦ རང་གི་སྔ་རོལ་དེ་མ་ཐག་ཏུ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་བྱེད་པ་མ་ཉམས་པའི་བློ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེ་བ་བརྗེས་ནས་བར་དུ་སྒྲོ་འདོགས་ལྷན་སྐྱེས་སོགས་དུ་མ་མངོན་དུ་གྱུར་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་དང་ཕུང་བོ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། ཞེས་པར་སྐྱེ་བ་བརྗེས་ནས་བར་དུ་སྒྲོ་འདོགས་ལྷན་སྐྱེས་སོགས་དུ་མ་མངོན་དུ་གྱུར་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བློ་ཡིན་ན། རང་གི་སྔ་རོལ་དེ་མ་ཐག་ཏུ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་བྱེད་པ་ཉམས་པའི་བློ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུན་ཞུགས་རིགས་ནས་རིགས་སྐྱེས་སྐྱེ་བ་གཉིས་པ་བའི་རྒྱུད་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྐྱེ་བ་བརྗེས་ནས་བར་དུ་སྒྲོ་འདོགས་ལྷན་སྐྱེས་སོགས་དུ་མ་མངོན་དུ་གྱུར་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བློ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ཡོད་ན། དེ་འདྲའི་བཅད་ཤེས་ཡོད་དགོས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་བྱེད་པ་ཉམས་པའི་བློ་ཡིན་མ་ཡིན་པར་ཐལ། བྱེད་པ་ཉམས་པའི་བློ་ཡིན་མ་ཡིན་པའི་ཕྱིར་ཏེ། བཅད་ཤེས་ཡིན་པའི་ཕྱིར། 

ས ༢བ༥ རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་རིག་པ་དེ། རང་ཉིད་ལོག་ཤེས་ཡིན་པའི་མཚན་ཉིད། ཅེས་པར་སྒྲ་རྟག་གམ་མི་རྟག་ཆ་མཉམ་དུ་འཛིན་པའི་ཐེ་ཚོམ་ཆོས་ཅན། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་རིག་པ་ཡིན་པར་ཐལ། རང་ཉིད་ལོག་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་འཛིན་གྱི་སྟངས་མི་གསལ་བའི་ཕྱིར། དེར་ཐལ། དེ་ལ་ངེས་བཟུང་མེད་པའི་ཕྱིར།

ཧ ༡༣བ༡ ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་གཟུགས་ཕྱི་རོལ་དོན་གྱིས་གྲུབ་བམ་མ་གྲུབ་ཕལ་ཆེར་མ་གྲུབ་ལས་ཆེ་སྙམ་པའི་ཐེ་ཚོམ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ། དེ་གསུམ་གང་རུང་ཡིན་པའི་ཕྱིར། དེར་ཐལ། དོན་འགྱུར་གྱི་ཐེ་ཚོམ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་དོན་འགྱུར་གྱི་ཐེ་ཚོམ་ཡོད་པའི་ཕྱིར། དེར་ཐལ། དེ་རྟོགས་དགོས་ཀྱི་ཉན་ཐོས་དགྲ་བཅོམ་པ་ཡོད་པའི་ཕྱིར། ཞེས་པར་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་གཟུགས་ཕྱི་རོལ་དོན་དུ་གྲུབ་བམ་མ་གྲུབ་ཕལ་ཆེར་གྲུབ་ལས་ཆེ་སྙམ་པའི་ཐེ་ཚོམ་ཡོད་པར་ཐལ། དེ་འདྲའི་ཕལ་ཆེར་མ་གྲུབ་ལས་ཆེ་སྙམ་པའི་ཐེ་ཚོམ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་དེ་འདྲའི་དོན་མི་འགྱུར་གྱི་ཐེ་ཚོམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཐེ་ཚོམ་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དོན་མི་འགྱུར་གྱི་ཐེ་ཚོམ་ཡིན་ན། ཐེ་ཚོམ་ཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་ཐེ་ཚོམ་གྱི་དབྱེ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་རྩ་ཉོན་མེད་པའི་ཕྱིར་ཟེར།

༈ ཡང་དེའི་རྒྱུད་ལ་ཐེ་ཚོམ་ཡོད་པར་ཐལ། དེའི་རྒྱུད་ལ་གཟུགས་ཕྱི་རོལ་དོན་དུ་གྲུབ་པ་ལ་ཐེ་ཚོམ་ཡོད་པའི་ཕྱིར་ཏེ། དེ་ལ་ངེས་པ་མ་རྙེད་པ་ཡོད་པའི་ཕྱིར། ཁྱབ་སྟེ། ཚད་ཆེན་ལས། ཇི་སྲིད་ངེས་པ་མ་རྙེད་པར། ། དེ་སྲིད་དེ་ལ་ཐེ་ཚོམ་ཡོད། ཅེས་གསུངས་པའི་ཕྱིར།

༈ ཡང་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ན་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་ཐེ་ཚོམ་ཡོད་པར་ཐལ། གཟུགས་ཕྱི་རོལ་དོན་དུ་གྲུབ་ལས་ཆེ་སྙམ་པའི་ཐེ་ཚོམ་ཡོད་པའི་ཕྱིར། འདོད་ན། ཤེས་སྒྲིབ་ཏུ་གྱུར་པའི་ཐེ་ཚོམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་སྒྲིབ་ཏུ་གྱུར་པའི་ཉོན་མོངས་ཡོད་པར་ཐལ་ལོ། །ཟེར།

ཨ  ༡༣བ༤ ཡང་ཁ་ཅིག རང་ཡུལ་ལ་རྩེ་གཉིས་པའི་སེམས་བྱུང་དེ་དེའི་མཚན་ཉིད་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་ཤེས་རབ་ཆོས་ཅན། ཅེས་པར་ཐེ་ཚོམ་དང་མཚུངས་ལྡན་གྱི་ཤེས་རབ་ཆོས་ཅན། ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐེ་ཚོམ་དང་མཚུངས་ལྡན་གྱི་དགེ་བ་མེད་པའི་ཕྱིར། དེས་ན་ཤེས་རབ་ངན་པ་ཤེས་རབ་ཀྱི་རྫས་ལ་བྱེད་པས། དེ་ལྟ་བ་ཡིན་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་ལྟ་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་མེད་པ་མངོན་པ་གོང་འོག་གཉིས་ཀའི་དགོངས་པ་ཡིན་པའི་ཕྱིར་ཏེ། མཛོད་ལས། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། ། ཞེས་དང༌། ཀུན་བཏུས་ལས། ལྟ་བ་ནི་ཁོང་ཁྲོ་དང་ཐེ་ཚོམ་དང་མཚུངས་བར་ལྡན་པ་མ་ཡྀན་ནོ། ། ཞེས་གསུངས་པའི་ཕྱིར་ཟེར།

ཀི ༡༤བ༢ སྒྲ་དོན་འདྲེས་པར་འཛིན་པའི་ཞེན་རིག་དེ། རྟོག་པའི་མཚན་ཉིད་ཟེར་ན། བ་ལང་གི་རྒྱུད་ཀྱི་བུ་འཛིན་རྟོག་པ་ཆོས་ཅན། ཞེས་སོགས་བ་ལང་གི་རྒྱུད་ཀྱི་བུ་འཛིན་རྟོག་པ་སྒྲ་དོན་འདྲེས་པར་འཛིན་པའི་རྟོག་པ་མ་ཡིན་གསུངས་པར། བ་ལང་གི་རྒྱུད་ཀྱི་བུ་འཛིན་རྟོག་པ་ཆོས་ཅན། སྒྲ་དོན་འདྲེས་པར་འཛིན་པའི་རྟོག་པ་ཡིན་པར་ཐལ། སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་སྣང་ཡུལ་དུ་བྱས་ནས་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། རང་གི་བུའི་དོན་སྤྱི་སྣང་ཡུལ་དུ་བྱས་ནས་འཛིན་པའི་རྟོག་པ་ཡིན། རང་གི་བུའི་སྒྲ་སྤྱི་སྣང་ཡུལ་དུ་བྱས་ནས་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ཟེར་ན། བ་ལང་གི་བུའི་སྒྲ་སྤྱི་མེད་པར་ཐལ། འདོད་པའི་ཕྱིར་ཟེར། ཡོད་ཟེར་ན། དེ་ལ་གང་འཇོག རྟོག་པ་ལ་བ་ལང་གི་བུའི་མིང་སྣང་བ་དེ་དེའི་སྒྲ་སྤྱི་ཡིན་ཟེར་ན། འོ་ན། བ་ལང་གི་བུའི་སྒྲ་སྤྱི་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ལ་བ་ལང་གི་བུའི་མིང་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། བ་ལང་གི་བུའི་མིང་གི་རྣམ་པ་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་བ་ལང་གི་བུའི་མིང་གི་རྣམ་པ་སྒྲ་དོན་དང་བཅས་ཏེ་སྣང་བར་ཐལ། དེ་ལ་སྣང་བ་གང་ཞིག གསལ་བར་མ་སྣང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་བ་ལང་གི་མིང་དང༌། མིང་གི་དོན་སྤྱི་དང༌། དོན་སྤྱིའི་དོན་སྤྱི་སོགས་སྣང་བར་ཐལ་ལོ། །

༈ ཡང་སྒྲ་གང་ཟག་གི་བདག་གི་མིང་དང༌། སྒྲ་རྟག་པའི་མིང་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་གང་ཟག་གི་བདག་འཛིན་དང༌། སྒྲ་རྟག་པར་འཛིན་པའི་རྟོག་པ་གཉིས་ཆོས་ཅན། ཁྱོད་ལ་སྒྲ་རྟག་པ་དང་སྒྲ་གང་ཟག་གི་བདག་གི་མིང་གཉིས་སྣང་བར་ཐལ། དེ་ལ་དེ་གཉིས་ཀྱི་སྒྲ་སྤྱི་སྣང་བའི་ཕྱིར། དེར་ཐལ། དེ་ལ་དེ་གཉིས་ཀྱི་དོན་སྤྱི་སྣང་བ་གང་ཞིག དེ་སྣང་ན། དེ་གཉིས་ཀྱི་སྒྲ་སྤྱི་སྣང་བའི་ཕྱིར་ཏེ། དེ་གཉིས་ཀྱི་སྒྲ་སྤྱི་དང་དོན་སྤྱི་ཡིན་ཁྱབ་མཉམ་པའི་ཕྱིར། དེར་ཐལ། མེད་པ་ཡིན་ན། ཁྱོད་ཀྱི་སྒྲ་སྤྱི་དང་དོན་སྤྱི་སོ་སོར་འཇོག་རྒྱུ་མེད་པས་ཁྱབ་པའི་ཕྱིར། དེར་ཐལ། རི་བོང་རྭ་འཛིན་རྟོག་པ་ལ་རི་བོང་རྭའི་སྒྲ་སྤྱི་དོན་སྤྱི་གཉིས་སོ་སོར་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར།

ཁི ༡༤བ༥ འདོད་མི་ནུས་ཏེ། སྒོམ་བྱུང་དུ་གྱུར་བའི་བློ་ཡིན་པའི་ཕྱིར། ཞེས་སོགས་ཉན་ཐོས་སྦྱོར་ ལམ་དྲོད་ཀྱི་སྒོམ་བྱུང་དུ་གྱུར་པའི་རྟོག་པ་དེ་སྒྲ་སྤྱི་འཛིན་པའི་རྟོག་པ་མ་ཡིན་པར་གསུངས་པར། དེ་ཆོས་ཅན། སྒྲ་སྤྱི་འཛིན་པའི་རྟོག་པ་ཡིན་པར་ཐལ། དེ་མིན་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར། དེ་ལ་དེའི་མིང་མི་སྣང་བའི་རྒྱུ་མཚན་གྱིས་ཡིན་ཟེར་ན། བུམ་འཛིན་རྟོག་པ་ཆོས་ཅན། ཁྱོད་བུམ་པའི་སྒྲ་སྤྱི་འཛིན་པའི་རྟོག་པ་མ་ཡིན་པར་ཐལ། ཁྱོད་ལ་བུམ་པའི་མིང་མི་སྣང་བའི་ཕྱིར་ཏེ། ཁྱོད་ལ་བུམ་པའི་དོན་སྤྱི་སྣ་བ་གང་ཞིག དེ་གཉིས་ཀ་སྣང་ཚུལ་མེད་པའི་ཕྱིར་ཟེར།

དེ་ལ་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་སྣང་བའི་རྟོག་པ་ཡོད་པར་ཐལ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡོད་པ་གང་ཞིག འདྲེས་རུང་དང་འདྲེས་འཛིན་གྱི་ཁྱད་པར་ཡོད་པའི་ཕྱིར། དང་བོ་མ་གྲུབ་ན། དེར་ཐལ། ༡༤བ༦ སྒྲ་དོན་འདྲེས་རུང་ཞེས་པས། སྒྲ་དོན་འདྲེས་པར་འཛིན་པས་མ་ཁྱབ་པ་དེ་བསྟན། ཞེས་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར།

གི ༡༥ན༥ ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ། ཞེས་པའི་ཚད་མར་གྱུར་བ་ཞེས་ཚད་མདེའི་མཚན་ཉིད་ཀྱི་ཟུར་གཅིག་སློབ་དཔོན་ཆོས་ཀྱི་གྲགས་ཀྱིས་འཆད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། ། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་པ་དང༌། དེའི་མཚན་ཉིད་ཀྱི་ཟུར་གཅིག་འཆད་པར། མ་ཤེས་དོན་ཡི་གསལ་བྱེད་ཀྱང་ཞེས་པའི་གཞུང་འདི་བྱུང༌། ཞེས་པར། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ། ཞེས་པའི་དངོས་བསྟན་གྱི་ཚད་མའི་མཚན་ཉིད་ཀྱི་ཟུར་གཅིག་བསྟན་པ་ཡིན་པར་ཐལ། འདོད་པའི་ཕྱིར། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། ། ཞེས་པས་ཀྱང་དེ་འདྲའི་ཟུར་གཅིག་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། གསར་དུ་མི་བསླུ་བའི་རིག་པ་ཆོས་ཅན། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ། ཞེས་པའི་

དངོས་བསྟན་གྱི་ཚད་མའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཟེར།

༈ ཡང་དེའི་དངོས་བསྟན་གྱི་ཚད་མ་མི་འདྲ་བ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དངོས་བསྟན་གྱི་ཚད་མ་མི་འདྲ་བ་གཉིས་འཇོག་རྒྱུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དངོས་བསྟན་གྱི་ཚད་མ་མི་འདྲ་བ་གཉིས་ཀྱི་འཇོག་བྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་མཚོན་བྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་མཚོན་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ཀྱི་མཚན་ཉིད་དང་མཚོན་བྱ་སོགས་ཡོད་པར་

ཐལ་ལོ། ། ཟེར།

༈ ཡང་དེ་གཉིས་འཇོག་རྒྱུ་ཡོད་ཟེར་ན། དེ་གཉིས་ཀྱི་གོ་དོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ཀྱི་དོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་ཀྱི་མཚན་ཉིད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཚད་མ་མི་འདྲ་གཉིས་ཀྱི་འཇོག་བྱེད་ཡོད་པར། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་ཚད་མ་མི་འདྲ་བ་གཉིས་ཀྱི་འཇོག་བྱེད་གཅིག་མེད། གཉིས་མེད་པའི་ཕྱིར། གཅིག་ཡོད་ཟེར་ན། ཞོག་ཟེར། དེ་འདྲའི་དེ་ཆོས་ཅན། དཔེའི་ཚད་མའི་འཇོག་བྱེད་ཡིན་པར་ཐལ། དེ་གཉིས་ཀྱི་འཇོག་བྱེད་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དཔེའི་ཚད་མ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། འདོད་པའི་ཕྱིར། གཉིས་ཡོད་ཟེར་ན། དེ་གཉིས་ཆོས་ཅན། དཔེ་དོན་གྱི་ཚད་མ་གཉིས་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ་ལོ། ། ཟེར།

༈ ཡང་འཕགས་པ་ཡིན་ན། ཚད་མའི་སྐྱེས་བུ་ཡིན་པས་ཁྱབ་ན། ཉན་ཐོས་འཕགས་པ་རྒྱུན་ཞུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཚད་མའི་སྐྱེ་བུ་མ་ཡིན་པར་ཐལ། བདེན་བཞི་ལ་ཚད་མའི་སྐྱེས་བུ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། མ་ཡིན་པ་ལེའུ་གཉིས་པའི་མཐའ་དཔྱོད་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། ༤༨བ༡ བདེན་བཞི་ལ་ཚད་མའི་སྐྱེས་བུ་ཡིན་པར་ཐལ། བདེན་བཞི་ལ་ཆོས་ཀྱི་གཏིང་དཔོག་པའི་སྐྱེས་བུ་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ། ཅེས་གསུངས་པའི་ཕྱིར།

ཡང་དེ་ཆོས་ཅན། ཚད་མའི་སྐྱེས་བུ་མ་ཡིན་པར་ཐལ། ཚད་མའི་སྐྱེས་བུ་བཏགས་པ་བ་ཡིན་པའི་ཕྱིར། དེར་ཐལ། བདེན་བཞི་མངོན་སུམ་དུ་རྟོགས་པའི་ཚད་མའི་སྐྱེས་བུ་བཏགས་པ་བ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། ལེའུ་གཉིས་པའི་མཐའ་དཔྱོད་ལས། ༤༤བ༡ ཚད་མའི་སྐྱེས་བུ་དངོས་བཏགས་གཉིས་གང་ལའང་དེ་ལས་དམན་མི་རུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ཚད་མར་གྱུར་པ་ཞེས་པའི་དངོས་བསྟན་ལ་དགོངས་ཟེར་ན། འོ་ན། དེའི་དངོས་བསྟན་གྱི་ཚད་མའི་སྐྱེས་བུ་དངོས་བཏགས་གཉིས་གང་རུང་ཡིན་ན། བདེན་བཞི་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་ཅག་གི་སྟོན་པ་དང་རྒྱུད་གཅིག་པའི་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་སངས་རྒྱས་བཏགས་པ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། ཁྱོད་ཐ་སྙད་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ། ཁྱོད་སངས་རྒྱས་འཕགས་པའི་ཉེར་ལེན་དུ་གྱུར་པའི་བྱང་སེམས་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར་ཏེ། དེ་ལ་མཆོད་ན་སངས་རྒྱས་དཀོན་མཆོག་དངོས་ལ་མཆོད་པའི་ཕན་ཡོན་འབྱུང་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། བདེན་བཞི་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཕགས་པ་ཡིན་པར་ཐལ་ལོ། །ཡང་དེ་སངས་རྒྱས་བཏགས་པ་བ་ཡིན་ཀྱང༌། དེའི་དངོས་བསྟན་གྱི་ཚད་མའི་སྐྱེས་བུ་བཏགས་པ་བ་མིན་ཟེར་ན། དེ་ཡིན་པར་ཐལ། དེའི་དངོས་བསྟན་གྱི་ཚད་མའི་སྐྱེས་བུ་བདག་ཅག་གི་སྟོན་པ་བཏགས་པ་བ་ཡིན་པའི་ཕྱིར། དེར་ཐལ། དེའི་དངོས་བསྟན་གྱི་ཚད་མའི་སྐྱེས་བུ་ལ་བདག་ཅག་གི་སྟོན་པ་ཡོད་པའི་ཕྱིར།

༈ ཡང་བདེན་བཞི་ལ་གསར་དུ་མི་བསླུ་བའི་རིག་པ་དང་དེ་ལ་མི་བསླུ་བའི་སྐྱེས་བུ་གང་རུང༌། ཚད་མ་བསླུ་མེད་ཅན་ཤེས་པ། ། ཞེས་པའི་དངོས་བསྟན་ཚད་མའི་མཚན་ཉིད་ཟེར་ན། ཉན་ཐོས་འཕགས་པ་རྒྱུན་ཞུགས་ཆོས་ཅན། དེ་འདྲའི་དངོས་བསྟན་གྱི་ཚད་མ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེའི་དངོས་བསྟན་གྱི་ཚད་མ་གཉིས་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དངོས་བསྟན་གྱི་ཚད་མའི་སྐྱེས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་པར་ཐལ། འདོད་པའི་ཕྱིར།འདོད་ན། དེ་ཆོས་ཅན། ཚད་མའི་སྐྱེས་བུ་དངོས་གནས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མི་ཡིན་ན། མི་དངོས་གནས་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། སེང་གེ་བཏགས་པ་བ་སེང་གེ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཚད་མའི་སྐྱེས་བུ་དངོས་གནས་པ་མ་ཡིན་པར་ཐལ། ཚད་མའི་སྐྱེས་བུ་བཏགས་པ་བ་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་སྐྱེས་བུ་བཏགས་པ་བ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ཡོད་ན། དེ་ལྟ་བུ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར་ཏེ། ༤༤བ༡ ལེའུ་གཉིས་པའི་མཐའ་དཔྱོད་ལས། བདེན་བཞི་ལ་ཚད་མའི་སྐྱེས་བུ་ཡིན་པར་ཐལ། ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་སྐྱེས་བུ་དངོས་བཏགས་གཉིས་པོ་གང་ལའང་དེ་ལས་དམན་མི་རུང་བའི་ཕྱིར། དེར་ཐལ། ཚད་མའི་སྐྱེས་བུ་ཐ་མའང་གཞན་གྱིས་བཀྲིར་མི་ཐུབ་པ་དང༌། སོམ་ཉི་ལས་བརྒལ་བ་དང༌། དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པ་དགོས་པའི་ཕྱིར། ཁྱབ་སྟེ། དེ་གསུམ་མ་ཐོབ་པ་དང༌། ཆོས་ཀྱི་མིག་མ་ཐོབ་པར་མི་འབྱུང་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར།

༈ ཡང་ཉན་ཐོས་འཕགས་པ་རྒྱུན་ཞུགས་ཞུགས་པ་ཆོས་ཅན། ཁྱོད་ཚད་མའི་སྐྱེས་བུ་བཏགས་པ་བ་ཡིན་པར་ཐལ། ཚད་མའི་སྐྱེ་བུ་དངོས་ལ་སངས་འཕགས་བཞག་ནས་ཁྱོད་དེ་ལ་ལྟོས་ཏེ་བཏགས་པ་ཡིན་པ་བ་ཡིན་ཟེར་ན། མི་འཐད་པར་ཐལ། ཁྱོད་དེ་ལ་ལྟོས་ཏེ་ཚད་མའི་སྐྱེས་བུ་དངོས་གནས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་ལ་ལྟོས་ཏེ་འཕགས་པ་དངོས་གནས་པ་ཡིན་པའི་ཕྱིར་ཏེ། དེ་ལ་ལྟོས་ཏེ་འཕགས་པ་ཡིན་པའི་ཕྱིར། གོང་དུ་ཁྱབ་སྟེ། དེ་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར།

དེར་ཐལ། དེ་བདེན་བཞིའི་གནས་ལ་གསར་དུ་མི་བསླུ་བའི་རིག་པ་དང༌། དེ་ལ་མི་བསླུ་བའི་སྐྱེས་བུ་གང་རུང་ཡིན་པའི་ཕྱིར།

ངི ༡༦ན༡ རང་འདྲེན་བྱེད་ཀྱི་བློ་སྔ་མས་མ་རྟོགས་པའི་དོན་གསར་དུ་རྟོགས་པའི་བློ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཞེས་པར་ཚད་མ་ཡིན་ན། རང་འདྲེན་བྱེད་ཀྱི་བློ་སྔ་མས་མ་རྟོགས་པའི་དོན་གསར་དུ་རྟོགས་པའི་བློ་ཡིན་པས་ཁྱབ་པར་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་འདྲེན་བྱེད་ཀྱི་བློ་སྔ་མས་མ་རྟོགས་པའི་དོན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན། རང་འདྲེན་བྱེད་ཀྱི་བློ་སྔ་མས་རྟོགས་པས་ཁྱབ་པའི་ཕྱིར་ཟེར།

དེ་ལ་རྣམ་མཁྱེན་སྐད་ཅིག་དང་བོས། རྣམ་མཁྱེན་སྐད་ཅིག་གཉིས་པ་དང་དུས་མཉམ་པའི་ཆོས་རྣམས་རྟོགས་ཀྱང་དེ་རྣམས་རང་དང་དུས་མཉམ་པའི་ཚུལ་གྱིས་མ་རྟོགས། གཉིས་པས་དེ་རྣམས་རང་དང་དུས་མཉམ་པའི་ཚུལ་གྱིས་རྟོགས་པས། དེ་རང་འདྲེན་བྱེད་ཀྱི་བློ་སྔ་མས་མ་རྟོགས་པའི་དོན་གསར་དུ་རྟོགས་པའི་བློའམ། ཚད་མ་ཡིན་ཟེར་ན། ཉན་ཐོས་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་འདྲེན་བྱེད་བར་ཆད་མེད་ལམ་གྱིས་རང་གི་སྐད་ཅིག་གཉིས་པ་དང་དུས་མཉམ་པའི་ཆོས་ཐམས་ཅད་ཀྱི་སྟེང་གི་གང་ཟག་གི་བདག་མེད་རང་དང་དུས་མཉམ་པའི་ཚུལ་གྱིས་མ་རྟོགས། རྣམ་གྲོལ་ལམ་གྱིས་རང་དང་དུས་མཉམ་པའི་ཚུལ་གྱིས་རྟོགས་པའི་ཕྱིར། ཟེར།

ཅི ༡༦བ༢ ཁྱོད་ལ་མི་བསླུ་བ་ཞེས་པའི་དོན་ཚང་བར་ཐལ། ནས། འདོད་མི་ནུས་ཏེ། རང་གི་བཅད་དོན་སྒྲོ་འདོགས་བཅད་པའི་དོན་མེད་པའི་ཤེས་པ་མ་ཡིན་པའི་ཕྱིར། ཞེས་པར་རང་གི་བཅད་དོན་མེད་པའི་ཤེས་པ་མ་ཡིན་ན། མི་བསླུ་བ་ཞེས་པའི་དོན་མ་ཚང་བས་ཁྱབ་ན། མངོན་རྟོགས་རྒྱན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་ཚད་མ་ཡིན་པའི་ཕྱིར་ཟེར། དེ་ལ་རང་གི་བཅད་དོན་མ་རྙེད་པའི་ཤེས་པ་ཡིན་ན། མི་བསླུ་བ་ཞེས་པའི་དོན་མ་ཚང་བས་ཁྱབ་པའི་དོན་ཟེར་ན། འདུས་བྱས་ཐམས་ཅད་མི་རྟག་པར་དམ་བཅའ་བའི་ཡིད་ཀྱི་དམ་བཅའ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར། གཞན་ཡང༌། མེས་བཙོ་བ་དང་བསྲེགས་པ་ལ་ཆོས་ཅན། མི་བསླུ་བ་ཞེས་པའི་དོན་མ་ཚང་བར་ཐལ། བཅད་དོན་སྙེད་པའི་ཤེས་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ༡༦བ༣ མི་བསླུ་བ་ཞེས་པའི་དོན་ཚང་ན། ཤེས་པ་ཞེས་པའི་དོན་ཚང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མེས་བཙོ་བ་དང་བསྲེགས་པ་ལ་ཆོས་ཅན། ཞེས་གསུངས་པའི་ཕྱིར་ཟེར། 

ཆི ༡༦བ༤ མེས་བཙོ་བ་དང་བསྲེག་པ་ལ་ཆོས་ཅན། ཤེས་པ་ཞེས་པའི་དོན་ཚང་བར་ཐལ། མི་བསླུ་བ་ཞེས་པའི་དོན་ཚང་བའི་ཕྱིར། དེར་ཐལ། མི་བསླུ་བ་ཡིན་པའི་ཕྱིར། ཞེས་པར་དོན་ལ་གནས་ན། མི་བསླུ་བ་ཡིན་པས་ཁྱབ་པར་ཐལ། མེས་བཙོ་བ་དང་བསྲེག་པ་མི་བསླུ་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར། འདོད་ན། གཞི་གྲུབ་ན། ཡུལ་མི་བསླུ་བ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ཟེར། འདོད་ན། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར།

༈ སོ་སྐྱེས་རྒྱུད་ཀྱི་མིག་ཤེས་ཡིན་ན། འཁྲུལ་ཤེས་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན། ཕྱི་རོལ་དོན་དུ་མ་གྲུབ་བཞིན་དུ་གྲུབ་པར་སྣང་བས་ཁྱབ་པའི་ཕྱིར། ཁྱབ་སྟེ། དུང་དཀར་སེར་བོར་སྣང་བའི་དབང་ཤེས་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར།

ཇི ༡༧བ༡ རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་ཚད་མ་མ་ཡིན་པར་ཐལ། དེ་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། དེ་སྐད་ཅིག་དང་བོས་ཆོས་ཐམས་ཅད་གསར་དུ་རྟོགས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྐད་ཅིག་དང་བོས་ཆོས་ཐམས་ཅད་གསར་དུ་རྟོགས་ཀྱང་དེ་སྐད་ཅིག་གཉིས་པས་ཀྱང་རང་དང་དུས་མཉམ་དུ་གྲུབ་པ་དང་བྱུང་བ་རྣམས་བྱུང་བ་ལྟར་དུ་ཅིག་ཅར་དུ་རྟོགས་པའི་ཕྱིར་ཏེ། ཞེས་པར་ཉན་ཐོས་རྒྱུད་ཀྱི་འདུས་བྱས་ཐམས་ཅད་མི་རྟག་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་དང་དུས་མཉམ་དུ་གྲུབ་པ་དང་བྱུང་བའི་འདུས་བྱས་རྣམས་རང་དང་དུས་མཉམ་པའི་ཚུལ་གྱིས་མི་རྟག་པར་རྟོགས་པའི་ཕྱིར་ཟེར། ༈ ཡང་སྔོན་འཛིན་མིག་ཤེས་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་ཡུལ་རང་དང་དུས་མཉམ་པའི་ཚུལ་དུ་རྟོགས་པའི་ཕྱིར་ཟེར།

ཉི ༡༧བ༦ རྗེས་དཔག་ཆོས་ཅན། དེརར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་གི་སྣང་ཡུལ་ལ་འཁྲུལ་པའི་ཕྱིར། ཞེས་པར་རྗེས་དཔག་ཆོས་ཅན། རྗེས་དཔག་གི་སྣང་ཡུལ་ལ་བསླུ་བར་ཐལ། རྗེས་དཔག་གི་སྣང་ཡུལ་ལ་འཁྲུལ་བའི་ཕྱིར། འདོད་ན། དེ་ཆོས་ཅན། རྗེས་དཔག་གི་སྣང་ཡུལ་ལ་བསླུ་བ་མ་ཡིན་པར་ཐལ། དེ་ལ་མི་བསླུ་བ་ཡིན་པའི་ཕྱིར་ཏེ། དེ་དེ་ལ་གསར་དུ་མི་བསླུ་བ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་ལ་ཚད་མ་ཡིན་པའི་ཕྱིར་ཟེར། ༈ ཡང་རྗེས་དཔག་ཆོས་ཅན། གཞི་གྲུབ་ན་ཁྱོད་ཀྱིས་རྟོགས་པས་ཁྱབ་པར་ཐལ། ཁྱོད་ཀྱིས་ཆོས་ཐམས་ཅད་རྟོགས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་དོན་སྤྱི་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་སྤྱི་ལ་མ་འཁྲུལ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་སྣང་ཡུལ་ལ་མ་འཁྲུལ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པ་ཡིན་པའི་ཕྱིར།

ཏི ༡༨ན༡ དེས་གསར་དུ་འཇལ་རྒྱུའི་གཟུགས་ཡོད་པའི་ཕྱིར། དེར་ཐལ། དེ་དང་དུས་མཉམ་དུ་གྲུབ་པའི་གཟུགས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཞེས་པར་སྔོན་འཛིན་མིག་ཤེས་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་ཀྱིས་གསར་དུ་འཇལ་རྒྱུའི་གཟུགས་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་རང་དང་དུས་མཉམ་དུ་གྲུབ་པའི་གཟུགས་རྟོགས་པའི་ཕྱིར། དེ་ཆོས་ཅན།

དེར་ཐལ། ཁྱོད་ཀྱིས་རང་དང་དུས་མཉམ་དུ་གྲུབ་པའི་གཟུགས་མཐོང་བའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་སྐད་ཅིག་གཉིས་པ་དང་དུས་མཉམ་དུ་གྲུབ་པའི་གཟུགས་ཆོས་ཅན། དེར་ཐལ། ཁྱོད་སྔོན་འཛིན་མིག་ཤེས་ཀྱིས་མཐོང་བ་གང་ཞིག སྔོན་འཛིན་མིག་ཤེས་སྐད་ཅིག་དང་བོས་ཁྱོད་མ་མཐོང་བའི་ཕྱིར་ཟེར། སྐད་ཅིག་དང་བོས་མཐོང་ཟེར་ན། འོ་ན། སྔོན་འཛིན་མིག་ཤེས་སྐད་ཅིག་དང་བོས་སྔོན་འཛིན་མིག་ཤེས་སྐད་ཅིག་གསུམ་པ་དང་དུས་མཉམ་པའི་གཟུགས་ཀྱང་མཐོང་བར་ཐལ་ལོ། ། གཉིས་པ་ལ་དེའི་ཕྱིར། འདོད་མི་ནུས་ཏེ། མཛོད་ལས། ད་ལྟའི་དོན་ཕྱིར་དང་བོ་ལྔ། ། ཞེས་གསུངས་པའི་ཕྱིར།

༈ ཡང་སྔོན་འཛིན་མིག་ཤེས་སྐད་ཅིག་གཉིས་པ་ཆོས་ཅན། སྔོན་པོ་མ་རྟོགས་པར་ཐལ། སྔོན་པོ་སྐད་ཅིག་དང་བོ་མ་རྟོགས་གཉིས་པ་ཡང་མ་རྟོགས་པའི་ཕྱིར། དང་བོ་དེར་ཐལ། དེ་ཁྱོད་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། ཁྱོད་དང་དུས་མཉམ་མ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། སྔོན་པོ་སྐད་ཅིག་གཉིས་པ་སྔོན་འཛིན་མིག་ཤེས་སྐད་ཅིག་དང་བོས་རྟོགས་ཟིན་པ་མ་ཡིན་པའི་ཕྱིར་ཟེར། ཁྱབ་སྟེ། སྔོན་འཛིན་མིག་ཤེས་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པས་དེས་སྔོན་འཛིན་མིག་ཤེས་སྐད་ཅིག་དང་བོས་རྟོགས་ཟིན་པ་སླར་རྟོགས་པ་ཡིན་དགོས་པའི་ཕྱིར་ཟེར། དེ་ལ་སྔོན་པོ་སྤྱི་ལྡོག་དེ་སྐད་ཅིག་དང་བོས་རྟོགས། སྐད་ཅིག་གཉིས་པ་དེ་ལ་རྟོགས་ཟིན་རྟོགས་པ་ཡིན་ཟེར་ན། སྔོན་པོ་

སྔོན་འཛིན་མིག་ཤེས་སྐད་ཅིག་གཉིས་པས་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དང་དུས་མཉམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་སྔོན་ནས་གྲུབ་པའི་ཕྱིར། དེར་ཐལ། སྔོན་འཛིན་མིག་ཤེས་སྐད་ཅིག་དང་བོའི་ཡུལ་ཡིན་པའི་ཕྱིར། ༈ ཡང་དེས་གསར་དུ་འཇལ་རྒྱུའི་གཟུགས་ཡོད་པའི་ཕྱིར། དེར་ཐལ། དེ་དང་དུས་མཉམ་དུ་གྲུབ་པའི་གཟུགས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དང་དུས་མཉམ་དུ་གྲུབ་པའི་ཆོས་ཐམས་ཅད་དེས་ཅིག་ཆར་དུ་གསར་དུ་རྟོགས་མི་ནུས་པའི་ཕྱིར། ཞེས་པར་ཁྱོད་དང་དུས་མཉམ་དུ་གྲུབ་པའི་ཆོས་ཐམས་ཅད་ཁྱོད་ཀྱིས་ཅིག་ཆར་དུ་གསར་དུ་རྟོགས་མི་ནུས་ན། ཁྱོད་དང་དུས་མཉམ་དུ་གྲུབ་པའི་གཟུགས་ཡོད་ན་ཁྱོད་ཀྱིས་གསར་དུ་འཇལ་རྒྱུའི་གཟུགས་ཡོད་པས་མ་ཁྱབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་འཛིན་མིག་ཤེས་སྐད་ཅིག་དང་བོ་ཆོས་ཅན། ཁྱོད་དང་དུས་མཉམ་དུ་གྲུབ་པའི་གཟུགས་ཡོད་ན་ཁྱོད་ཀྱིས་གསར་དུ་འཇལ་རྒྱུའི་གཟུགས་ཡོད་པས་མ་ཁྱབ་པར་ཐལ། ཁྱོད་དང་དུས་མཉམ་དུ་གྲུབ་པའི་ཆོས་ཐམས་ཅད་ཁྱོད་ཀྱིས་ཅིག་ཆར་དུ་གསར་དུ་རྟོགས་མི་ནུས་པའི་ཕྱིར་ཟེར།

ཐི ༡༨བ༢ ཆོས་གྲགས་ཀྱི་ལུགས་ལ་ཐལ་འགྱུར་བ་ལྟར་མི་སླུ་བའི་ཤེས་པ་ཙམ་ཚད་མའི་མཚན་ཉིད་དུ་འཇོག་རིགས་པར་ཐལ། ཚད་མ་སླུ་མེད་ཅན་ཤེས་པ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཞེས་པར་མི་བསླུ་བའི་ཤེས་པ་ཡིན་ན། ཚད་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་བཅད་ཤེས་ཆོས་ཅན་ཟེར་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། གསར་དུ་མི་བསླུ་བའི་ཤེས་པར་གྲུབ་པའི་ཕྱིར། དེར་ཐལ། གསར་དུ་མི་བསླུ་བའི་ཤེས་པར་སྐྱེས་པའི་ཕྱིར། དེར་ཐལ། གསར་དུ་ཤེས་པར་སྐྱེས་པའི་ཕྱིར། དེར་ཐལ། གསར་དུ་གཟུགས་ཤེས་ལྡན་གསུམ་གང་རུང་དུ་སྐྱེས་པའི་ཕྱིར། དེར་ཐལ། གསར་དུ་དངོས་པོར་སྐྱེས་པའི་ཕྱིར། དེར་ཐལ། གསར་དུ་སྐྱེས་པའི་ཕྱིར་ཟེར།

དི ༡༩ན༢ འདོད་མི་ནུས་ཏེ། དེའི་ལུགས་ལ་དོན་དམ་པའི་ཚད་མའི་མཚན་ཉིད་དངོས་སུ་བསྟན་པའི་སྟེང་དུ་ཚད་མ་སྤྱིའི་མཚན་ཉིད་ཀྱང་དངོས་སུ་བསྟན་པའི་ཕྱིར། ཞེས་པར་ཚད་མ་བསླུ་མེད་ཅན་ཤེས་པ། ། མི་བསླུ་ཞེས་པས་རྒྱན་མཁན་པོའི་ལུགས་ལ་དོན་དམ་པའི་ཚད་མའི་མཚན་ཉིད་དངོས་སུ་མ་བསྟན་པར་ཐལ། དེ་དངོས་སུ་སྟོན་པ་ལ་རང་ཡུལ་དོན་དམ་པར་གསར་དུུ་མི་བསླུ་བའི་རིག་པ་དངོས་སུ་སྟོན་དགོས་པ་གང་ཞིག དེ་དངོས་སུ་མ་བསྟན་པའི་ཕྱིར། དང་བོ་དེར་ཐལ། རྒྱན་མཁན་པོའི་ལུགས་ལ་དོན་དམ་པའི་ཚད་མའི་མཚན་ཉིད་ལ་དེ་འཇོག་པའི་ཕྱིར། མ་གྲུབ་ན། གང་འཇོག་ཟེར། དེ་ལ་རང་ཡུལ་དོན་དམ་པ་ལ་མི་བསླུ་བའི་རིག་པ་འཇོག་ཟེར་ན། དེ་ཆོས་ཅན། དེའི་ལུགས་ལ་ཚད་མའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་ཚད་མའི་དོན་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པའི་དོན་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་སྔར་མ་ཤེས་པ་གསར་དུ་ཤེས་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར། ཡང་དེའི་ལུགས་ལ་བཅད་ཤེས་ཡིན་ན། ཚད་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡང་ཡང་ཤེས་པ་མ་ཡིན་ཏེ། ། ཞེས་པའི་ལུང་མ་གྲུབ་པར་ཐལ་ལོ། ། ཟེར།

༈ ཡང་དེའི་ལུགས་ལ་ཚད་མ་སྤྱིའི་མཚན་ཉིད་དང་དོན་དམ་པའི་ཚད་མའི་མཚན་ཉིད་གཉིས་ཀར་གསར་དུ་མི་བསླུ་བའི་ཤེས་པ་འཇོག་མི་འཇོག ༈ ཀུན་རྫོབ་དང་དོན་དམ་པའི་ཚད་མའི་ཁྱད་པར་དང་དེ་གཉིས་འགལ་མི་འགལ་སོགས་དཔྱད།

ནི ༢༠ན༦ དེ་ལ་དབྱེ་ན། མངོན་སུམ་དང་བོ་བ། མངོན་སུམ་ཡིད་མ་གཏད་པ། འཁྲུལ་རྒྱུ་ཅན་དང་གསུམ་ཡོད། ནས། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་དབང་བོའི་མངོན་སུམ་ཡིད་མ་གཏད་པ་ལྟ་བུ་གཉིས་པ་ཡིན། ཞེས་པར་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་དབང་བོའི་མངོན་སུམ་ཆོས་ཅན། ཁྱོད་མངོན་སུམ་ཡིད་མ་གཏད་པ་ཡིན་པར་ཐལ། དེའི་དུས་ཀྱི་མངོན་སུམ། མངོན་སུམ་ཡིད་མ་གཏད་པ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་ཁྱབ་ན། དེ་འདྲའི་མངོན་སུམ་གྱི་མཚན་གཞིར་གང་འཇོག གོང་དུ་འདོད་མི་ནུས་ཏེ། དེ་ཚད་མ་མ་ཡིན་པའི་ཕྱིར་ཏེ། སྣང་ལ་མ་ངེས་པ་ཡིན་པའི་ཕྱིར་ཟེར། དེ་ལ་ཧ་ཅང་གཏད་པའི་དུས་ཀྱི་དེ་སྣང་ལ་མ་ངེས་པ་དང༌། ཅུང་ཟད་གཏད་པའི་དུས་ཀྱི་དེ་ཚད་མ་ཡིན་ཟེར་ན། འབྲིང་ཙམ་གཏད་པའི་དེ་ཡོད་པ་གཞན་གཉིས་ཀྱིས་ཤེས་ལ་དེ་གང་ཡིན་ཟེར། པི ༢༠ན༦ ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་མངོན་སུམ་ཡིད་མ་གཏད་པ་ལྟ་བུ་གཉིས་པ་ཡིན། ཞེས་པར་མངོན་སུམ་དེ་སྒྲ་འཛིན་མངོན་སུམ་ལ་བྱེད་དམ། འདི་ཚད་མ་མི་རུང་བར་ཐལ། འདི་ལ་སྣང་ལ་མ་ངེས་པ་ཞིག་ཀྱང་ཡོད་པའི་ཕྱིར་ཟེར། 

ཕི ༢༠བ༡ རྒྱང་རིང་བོ་ནས་མེའི་ཁ་དོག་མཐོང་བ་ལ་དེ་ཡིན་མིན་ཐེ་ཚོམ་འདྲེན་པའི་མངོན་སུམ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཞེས་པར་རྒྱང་རིང་བོ་ནས་མེའི་ཁ་དོག་མཐོང་བ་ལ་དེ་ཡིན་མིན་ཐེ་ཚོམ་འདྲེན་པའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། ཁྱོད་སངས་འཕགས་ཀྱི་རྒྱུད་ན་ཡོད་པའི་ཕྱིར། དེར་ཐལ། དོན་ལ་མེ་ཡིན་ཞིང་རྟོག་པས་ཐེ་ཚོམ་ཟ་དུས་ཀྱི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་སངས་འཕགས་ཀྱི་རྒྱུད་ན་ཡོད་པའི་ཕྱིར། དེར་ཐལ། གཉིས་པའི་མཐའ་དཔྱོད་ལས། ༤༣ན དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ཁ་དོག་དམར་ལམ་པ་ཆོས་ཅན། སངས་འཕགས་ཀྱི་རྒྱུད་ཀྱི་ཁྱོད་འཛིན་པའི་དབང་མངོན་ཡོད་པར་ཐལ། ཁྱོད་གཟུགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མེ་ཡིན་པ་ལ་རྒྱང་རིང་བོ་ནས་མདོག་དམར་བོ་གཅིག་ཡོད་པར་ངེས་ཤིང་ཅི་མེའམ་མེ་མ་ཡིན་ཚོམ་ཟ་དུས་ཀྱི་རྒྱང་རིང་བོའི་དམར་བོ་འཛིན་པའི་དབང་མངོན་ཚད་མ་སངས་རྒྱས་འཕགས་པའི་རྒྱུད་ན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཉིད་ལས། ༤༣ནསེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པར་ཐལ། གཞན་ངེས་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། སངས་འཕགས་རྒྱུད་ཀྱི་གཞན་ལས་ངེས་པའི་ཚད་མ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། དེར་ཐལ། ཡང་དེ་ཉིད་ལས། ༤༡ན གཞན་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། ནས། གསུམ་པ་ནི་མེ་ཡིན་པ་ལ་རྒྱང་རིང་བོ་ནས་མདོག་དམར་བོ་གཅིག་ཡོད་པར་ངེས་ཤིང་ཅི་མེའམ་མེ་མ་ཡིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་བོའི་དམར་བོ་ཡོད་ཀྱི་དབང་མངོན་ཚད་མ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་མ་ཁྱབ་ན། རྒྱང་རིང་བོ་ནས་མེའི་ཁ་དོག་མཐོང་བ་ལ་དེ་ཡིན་མིན་གྱི་ཐེ་ཚོམའདྲེན་པའི་དབང་མངོན་གཞན་ངེས་ཀྱི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཐེ་ཚོམ་འདྲེན་པའི་གཟུགས་འཛིན་དབང་མངོན་གཞན་ངེས་ཀྱི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་གཟུགས་འཛིན་པའི་དབང་མངོན་གཞན་ངེས་ཀྱི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཐེ་ཚོམ་འདྲེན་པའི་དམར་བོ་འཛིན་པའི་དབང་མངོན་གཞན་ངེས་ཀྱི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་དབང་མངོན་སངས་འཕགས་རྒྱུད་ན་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་དམར་བོ་གཟུགས་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཐེ་ཚོམ་སྐྱེད་པའི་དམར་བོ་ཡོད་པའི་ཕྱིར་དང༌། དང་བ་འདྲེན་པའི་མིག་གི་རྒྱན་ཡོད་པའི་ཕྱི་དང༌། མིག་ཤེས་འདྲེན་པའི་ནང་གི་གཟུགས་ཡོད་པའི་ཕྱིར། དེར་ཐལ། མིག་དབང་དེ་འདྲེན་བྱེད་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་སོགས་ཟེར། ཡང་རྒྱང་རིང་བོ་ནས་མེའི་ཁ་དོག་མཐོང་བ་ལ་དེ་ཡིན་མིན་ཐེ་ཚོམ་འདྲེན་པའི་མངོན་སུམ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཞེས་པར་དེ་འདྲའི་མངོན་སུམ་གྱིས་མི་ཐེ་ཚོམ་འདྲེན་པར་ཐལ། དེས་མེའི་ཁ་དོག་ལ་ངེས་ཤེས་འདྲེན་པའི་ཕྱིར་ཟེར། མ་ཁྱབ་ན། དེ་གཉིས་ཀ་ཇི་ལྟར་འདྲེན་ཟེར། རིག་རྒྱན་ལས། ངེས་ཤེས་སྒར་དྲངས་ནས་དེའི་རྗེས་སུ་ཐེ་ཚོམ་སྐྱེད་པ་ཡིན་གྱི་ཐེ་ཚོམ་དངོས་སུ་སྐྱེད་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཞེས་གསུངས་སོ། །

བི ༢༠བ༦ མངོན་སུམ་ཚད་མའི་བཟུང་ཡུལ་ལ་རང་མཚན་གྱིས་ཁྱབ། ཅེས་པར་བདག་མེད་ཕྲ་མོ་གཉིས་ཆོས་ཅན། རང་མཚན་ཡིན་པར་ཐལ། མངོན་སུམ་ཚད་མའི་གཟུང་ཡུལ་ཡིན་པའི་ཕྱིར། དེར་ཐལ། རྣལ་འབྱོར་མངོན་སུམ་གྱི་གཟུང་ཡུལ་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཕྲ་མོ་གཉིས་གཟུང་ཡུལ་དུ་བྱེད་པའི་རྣལ་འབྱོར་མངོན་སུམ་ཡོད་པའི་ཕྱིར། དེར་ཐལ། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པའི་ཕྱིར། དེར་ཐལ། ཡོད་པ་རྩ་བའི་དགོངས་པ་ཡིན་པའི་ཕྱིར་ཏེ། བདེན་པ་བཞི་ལ་བརྟེན་པ་དང༌། ། བདེ་དང་ང་དང་ཡེ་ངེས་ཤེས་སོགས། ། ཡང་དག་མིན་པ་རྣམ་བཅད་དེ། ། སྒྲོ་འདོགས་ངེས་ནི་ཡོངས་སུ་སེལ། ། དེ་ཉིད་ལ་ནི་དེ་འགལ་དོན། ། དེ་ཉིད་རྣམ་རྗེས་རྟོགས་ཕྱིར་བཅུམ། ཞེས་སོགས་གསུངས་པའི་ཕྱིར་ཟེར། དེ་ལ་མདོ་སྡེ་བས། མངོན་སུམ་སྣང་ཡུལ་མི་རྟག་བདག་མེད་ཤུགས། ། ཞེས་འདོད་པ་ལྟར་སྐབས་འདིར་མངོན་སུམ་ཚད་མའི་བཟུང་ཡུལ་ལ་རང་མཚན་གྱིས་ཁྱབ་འདོད་པ་མདོ་སེམས་ཐུན་མོང་བའི་འདོད་པ་ཡིན་ཟེར་ན། འོ་ན་དེ་སེམས་ཙམ་པས་འདོད་པར་ཐལ། འདོད་པའི་ཕྱིར། མ་ཁྱབ་ན། ཕྱི་དོན་མི་འདོད་པ་ཡང་མདོ་སེམས་ཐུན་མོང་བའི་འདོད་པ་ཡིན་ཆོག་པར་ཐལ། དེས་འདོད་པ་ལ་དེ་གཉིས་ཀས་འདོད་མི་དགོས་པའི་ཕྱིར། དེ་མདོ་སྡེ་བ་ཁོ་ནའི་འདོད་པ་ཡིན་ཟེར་ན། མི་འཐད་པར་ཐལ། མདོ་སྡེ་བས་མངོན་སུམ་ཚད་མའི་འཇུག་ཡུལ་དང་དངོས་གཞལ་སོགས་ལ་སྤྱི་མཚན་མི་འདོད་པའི་ཕྱིར།

མི ༢༡བ༡ རྟོག་པའི་སྣང་ངོར་གྲུབ་པ་སྤྱི་མཚན་གྱི་མཚན་ཉིད། ཅེས་པར་བུམ་པ་ཆོས་ཅན། སྤྱི་མཚན་ཡིན་པར་ཐལ། རྟོག་པའི་སྣང་ངོར་གྲུབ་པའི་ཕྱིར་ཏེ། བུམ་འཛིན་རྟོག་པའི་སྣང་ངོར་གྲུབ་པའི་ཕྱིར། དེར་ཐལ། དམ་བཅའ་བའི་སྣང་ངོར་དཀོན་མཆོག་གསུམ་དང༌། ལྟ་བ་བཀར་བརྟགས་ཀྱི་ཕྱག་རྒྱ་བཞི་སོགས་གྲུབ་པའི་ཕྱིར་ཟེར། དེ་ལ་དམ་བཅའ་བའི་སྣང་ངོར་གྲུབ་པར་འདོད་ན། དེའི་སེམས་ཀྱི་སྣང་ངོར་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྟོག་བཅས་རྟོག་མེད་གང་རུང་གི་ངོར་གྲུབ་པར་ཐལ། འདོད་པའི་ཕྱིར་སོགས་ཟེར།

ཙི ༢༢ན༣ དེ་ལ་སྐྱེས་བུའི་དོན་དུ་གཉེར་བྱ་དང༌། དེ་མ་ཡིན་པར་ཚད་མས་ཡོངས་སུ་བཅད་ནས་མཐོང་བའི་འཇུག་ཡུལ་གཉིས་ཡོད་པའི་ཕྱིར་ཏེ། ཞེས་པར་སྐྱེས་བུས་དོན་དུ་གཉེར་བྱ་མ་ཡིན་པ་མེད་པའི་ཕྱིར་ཏེ། གཞི་གྲུབ་ན། སྐྱེས་བུས་དོན་དུ་གཉེར་བྱ་ཡིན་པས་ཁྱབ་པའི་ཕྱིར་ཟེར། དེ་ལ་སྡུག་བསྔལ་ལྟ་བུ་སྐྱེས་བུས་དོན་དུ་གཉེར་བྱ་མིན་ཟེར་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། དེ་དོན་དུ་གཉེར་བའི་སྐྱེས་བུ་ཡོད་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། སྡུག་བསྔལ་མི་ཤེས་པ་དང༌། དེ་བསྐལ་དོན་དུ་སོང་བའི་སྐྱེས་བུ་ལ་དེ་དོན་དུ་གཉེར་བ་ཡོད་པའི་ཕྱིར་ཏེ། དེ་ལ་དེ་ཤེས་པར་དོན་དུ་གཉེར་བ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ཤེས་པར་དོན་དུ་གཉེར་ན། དེ་དོན་དུ་གཉེར་བས་ཁྱབ་པའི་ཕྱིར། དེར་ཐལ། བློ་རིག་ཤེས་པར་དོན་དུ་གཉེར་ན། བློ་རིག་དོན་དུ་གཉེར་བར་འཇོག་དགོས་པའི་ཕྱིར་དང༌། རྣམ་མཁྱེན་རྟོགས་པར་དོན་དུ་གཉེར་བས། རྣམ་མཁྱེན་དོན་དུ་གཉེར་བར་འཇོག་དགོས་པའི་ཕྱིར་ཟེར།

ཚི ༢༢བ༡ རྟོག་པའི་ཞེན་ཡུལ་ཡིན་ན། རྟོག་པ་ཁྱོད་ལ་མ་འཁྲུལ་པས་ཁྱབ་པའི་ཕྱིར། ཁྱབ་ན། རྟོག་པའི་སྣང་ཡུལ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྟོག་པ་རྟོག་པའི་སྣང་ཡུལ་ལ་མ་འཁྲུལ་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟོག་པ་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་བར་ཐལ། རྟོག་པ་ཡིན་པའི་ཕྱིར། འདི་ལ་འདོད་ལན་བཏབ་པས་རྟོག་པ་རང་གི་སྣང་ཡུལ་ལ་འཁྲུལ་བར་འདོད་ཅེས་རྩི་རིགས་པས། རང་སྒྲའི་ནང་ཞུགས་མི་དགོས་པས་མི་འདྲ་ཟེར་ན། འོ་ན། བུམ་འཛིན་རྟོག་པ་ཆོས་ཅན། རང་གི་གཞལ་བྱ་རྟོགས་པར་ཐལ། ཞེས་པར་བུམ་འཛིན་རྟོགས་པས་རང་གི་གཞལ་བྱ་རྟོགས་པར་འདོད་ཅེས་རྩི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་རང་གི་གཞལ་བྱ་རྟོགས་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་རང་གི་གཞལ་བྱ་རྟོགས་བྱེད་དང། རང་གི་གཞལ་བྱ་བུམ་འཛིན་རྟོག་པའི་གཞལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར། ༈ ཡང་རང་གི་གཞལ་བྱ་རྟོགས་བྱེད་ཡོད་པར་ཐལ། བུམ་འཛིན་རྟོགས་པ་དེ་དེ་ཡིན་པའི་ཕྱིར། འདོད་ན། རང་གི་གཞལ་བྱ་རྟོགས་བྱ་ཡིན་པར་ཐལ།

འདོད་པའི་ཕྱིར། འདོད་ན། རང་གི་གཞལ་བྱ་ཡོད་པར་ཐལ་ལོ་ཟེར། དེ་ལ་རང་གི་གཞལ་བྱ་རྟོགས་བྱེད་ཡོད་པར་ཐལ། ཚད་མ་ཐམས་ཅད་པོ་རང་གི་གཞལ་བྱ་རྟོགས་བྱེད་ཡིན་པའི་ཕྱིར་སོགས་ཟེར།

ཛི ༢༢བ༥ ཚད་མ་ལ་རང་ཡིན་པར་གྱུར་བའི་མངོན་རྗེས་གཉིས་སུ་གྲངས་ངེས་པ་དེ་ཕུང་སུམ་སེལ་བའི་གྲངས་ངེས་མ་ཡིན་པ་གང་ཞིག ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར། ཞེས་པར་དེ་ཕུང་སུམ་སེལ་བའི་གྲངས་ངེས་ཡིན་པར་ཐལ། གསུམ་པའི་མཐའ་དཔྱོད་ལས། ཕུང་སུམ་སེལ་བའི་གྲངས་ངེས་མ་བྱས་ན། གཉིས་ཡིན་གྱི་ཕུང་བོ་དང་གཉིས་བོ་གང་ཡང་མ་ཡིན་པའི་ཕུང་བོ་ཡོད་དམ་སྙམ་པའི་ལོག་རྟོག་མི་སེལ་བས་ན། ཕུང་སུམ་སེལ་བའི་གྲངས་ངེས་ཡིན་པས་ལོག་རྟོག་དེ་གཉིས་ལྡོག་པའི་ཕྱིར། ཞེས་དང༌། ཚད་མ་མདོ་ལས། ཚད་མ་གཉིས་ནི་ཡོད་མ་ཡིན། ། ཞེས་དང༌། དེའི་དར་ཊིཀ་ལས། ཚད་མ་ཕུང་སུམ་པ་གཞན་ནི་ཡོད་པ་ཁོ་ནར་འགྱུར་བ་མ་ཡིན་ནོ། ། ཞེས་སོགས་གསུངས་པའི་ཕྱིར་ཟེར། དེ་མི་འཐད་པར་ཐལ། དེ་ཕུང་སུམ་སེལ་བའི་གྲངས་ངེས་མ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་ལ་མངོན་རྗེས་གཉིས་པོ་གང་ཡང་མ་ཡིན་པའི་ཕུང་བོ་ཡོད་པའི་ཕྱིར་ཏེ། དེ་འདྲའི་འདུ་བྱེད་ཀྱི་ཕུང་བོ་ཡོད་པའི་ཕྱིར། དེར་ཐལ། ཚད་མ་དེ་དེ་ཡིན་པའི་ཕྱིར། འདོད་ན། ཚད་མ་ལ་མངོན་རྗེས་གཉིས་པོ་གང་ཡང་མ་ཡིན་པའི་ཕུང་བོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲ་ཡོད་དམ་སྙམ་པའི་ལོག་རྟོག་མེད་པར་ཐལ། དེ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། གསུམ་པའི་མཐའ་དཔྱོད་ཀྱི་ལུང་དེའི་ཕྱིར།

ཝི ༢༣ན༣ རྗེས་དཔག་ཡིན་ན། རང་དོན་རྗེས་དཔག་ཡིན་པས་ཁྱབ་ཀྱང༌། ཞེས་པར་ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་སོ་སོར་སོང་བ་ལ་བརྟེན་ནས་སྐྱེས་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རང་དོན་རྗེས་དཔག་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་རང་གི་དོན་གསར་མཐོང་བའི་ཞེན་རིག་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། ། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། ། ཞེས་གསུངས་པའི་ཕྱིར་ཟེར། གོང་དུ་འདོད་ན། རང་གི་རྟེན་དུ་གྱུར་པའི་ཚུལ་གསུམ་པའི་རྟགས་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། སོགས་ཟེར།

༈ ཡང་བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་རྟོགས་བློ་ཡིན་པར་ཐལ། རྗེས་དཔག་ཚད་མ་ཡིན་པའི་ཕྱིར་ཟེར། ཁྱབ་སྟེ། རིག་རྒྱན་ལས། རྗེས་དཔག་ཚད་མའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ། ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་རྟེན་དུ་གྱུར་པའི་ཚུལ་གསུམ་པའི་རྟགས་མེད་པའི་ཕྱིར། 

ཞི ༢༥བ༡ འདོད་མི་ནུས་ཏེ། རིགས་གཏེར་དར་ཊིག་ལས། དེ་ནི་བཞི་བོ་དབང་བོ་ལ་བརྟེན་ནས་ཞེས་སོགས་ཀྱིས་མདོ་སེམས་ཐུན་མོང་བའི་ལུགས་ལ་ཆོག་པ་ལྟར་དེ་ལ་བཞིར་གྲངས་ངེས་པར་བསྟན་པའི་ཕྱིར། ཞེས་པར་མངོན་སུམ་བཞི་འདོད་པ་ལ་མདོ་སེམས་གཉིས་མཐུན་པ་མི་འཐད་པར་ཐལ། སེམས་ཙམ་པས་བཞི་མི་འདོད་པའི་ཕྱིར་ཏེ། སེམས་ཙམ་པའི་རང་གཞུང་ལས་མངོན་སུམ་བཞི་མ་བཤད་པའི་ཕྱིར། དེར་ཐལ། དེ་ལས་རང་རིག་མངོན་སུམ་མ་བཤད་པའི་ཕྱིར་ཏེ། དེ་ལྟར་མ་བཤད་པ་དབུ་མའི་མཐའ་དཔྱོད་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། རང་རིག་ས་སྡེ་ལས་མ་བཤད་ལ་བཤད་ཀྱང་འཛིན་རྣམ་ཡན་འགར་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དངོས་སུ་མ་བཤད་པའི་དོན་ཟེར་ན། མི་འཐད་པར་ཐལ། བསྡུ་བ་ལས་དངོས་སུ་བཤད་པའི་ཕྱིར། དེར་ཐལ། བསྡུ་བ་ལས་རྣམ་ཤེས་ཡིན་ན། རང་རིག་མངོན་སུམ་གྱིས་མྱོང་བྱ་ཡིན་པས་ཁྱབ་པར་བཤད་པའི་ཕྱིར། དེར་ཐལ། གང་ཅི་ཡང་རུང་སྟེ། དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང༌། དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོག་པར་བྱེད་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པ་རིག་པར་བྱའོ། ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤེས་པ་ཡིན་ན། རང་སྐྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པས་ཁྱབ་པ་དེའི་སྐབས་སུ་དངོས་སུ་བཤད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བཤད་ན། ཤེས་པ་ཡིན་ན། རང་རིག་གི་མྱོང་བྱ་ཡིན་པ་དངོས་སུ་བཤད་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་བཤད་ན་ཤེས་པ་ཡིན་ན། རང་ཉིད་ཚད་མས་ངེས་པ་ལ་རང་རིག་ལས་གཞན་པ་དག་ལ་མི་ལྟོས་ཤིང་མི་བརྟེན་པར་ངེས་པས་ཁྱབ་པ་དངོས་སུ་བཤད་དགོས་པའི་ཕྱིར། དེ་ལྟར་ས་སྡེ་ལས་བཤད་པའི་ཕྱིར། 

ཟི ༢༦ན༥ དེས་ན་རིགས་གཏེར་ལས་བཤད་པ་དེ་མདོ་སེམས་ཐུན་མོང་བའི་དབང་དུ་བྱས་པ་ཡིན་གྱི། ཞེས་པའི་མདོ་སེམས་ཐུན་མོང་བའི་འདོད་པ་མངོན་སུམ་ལ་རྟོག་བྲལ་མ་འཁྲུལ་པས་ཁྱབ་འཇོག་ཟེར་ན། མི་འཐད་པར་ཐལ། དེ་ལྟར་འདོད་པའི་སེམས་ཙམ་པ་མེད་པའི་ཕྱིར་ཏེ། ལུང་གི་རྗེས་འབྲང་གི་སེམས་ཙམ་པ་བ་མེད། རིག་པའི་རྗེས་འབྲང་གི་དེ་མེད་པའི་ཕྱིར། ཕྱི་མ་དེར་ཐལ། ཚད་མ་རྣམ་འགྲེལ་རྗེས་འབྲང་གི་དེ་མེད་པའི་ཕྱིར། དེར་ཐལ། སྡེ་བདུན་རྗེས་འབྲང་གིས་དེ་ལྟར་མི་འདོད་པའི་ཕྱིར་ཏེ། དེས་ཚུལ་མཐོང་གི་རྒྱུད་ཀྱི་དབང་ཤེས་འཁྲུལ་ཤེས་སུ་འདོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས་དེ་ལྟར་བཤད་པའི་ཕྱིར་ཏེ། མ་རིག་གིས་བསླད་བདག་ཉིད་ལ། ། ཅི་ལྟས་རང་བཞིན་ལ་ལྟོས་ཕྱིར། ། རྣམ་རིག་དེ་བཞིན་མིན་རྣམ་པ། ། སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། ། ཞེས་གསུངས་པའི་ཕྱིར།

འི ༢༦ན༦ སེམས་ཙམ་པའི་ལུགས་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་མི་བསླུ་བའི་རིག་པ་བམངོན་སུམ་གྱི་མཚན་ཉིད་ཡིན་ཏེ། ཞེས་པར་སེམས་ཙམ་པའི་ལུགས་ལ་མངོན་སུམ་ཡིན་ན། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པས་ཁྱབ་པར་ཐལ༌། དེ་ཡིན་ན། བག་ཆགས་བརྟན་པ་ལས་བྱུང་བས་ཁྱབ་པའི་ཕྱིར། འདོད་ན། དུང་དཀར་སེར་བོ་སྣང་བའི་དབང་ཤེས་ལ་དུང་དཀར་སེར་བོ་སྣང་བ་དེ་ནད་ཀྱི་དབང་གིས་ཡིན་པར་ཤེས་པའི་གང་ཟག་གི་རྒྱུད་ཀྱི་དུང་དཀར་སེར་སྣང་གི་དབང་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཆོས་ཅན། དེར་ཐལ། རང་གི་སྙེད་དོན་ལ་ངེས་པ་འདྲེན་ནུས་པའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་སྣང་བ་ནད་ཀྱི་དབང་གིས་ཡིན་པ་ལ་ངེས་པ་འདྲེན་ནུས་པའི་དབང་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་ལོག་ཤེས་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། དེ་ལོག་ཤེས་ཡིན་ན། དེས་དུང་དཀར་སེར་བོ་འཛིན་ཟེར་དགོས་ཀྱང་མི་འཛིན་པའི་ཕྱིར། དེར་ཐལ། རྒྱུ་མར་མཐོང་ཐོས་དང་ཉམས་མྱོང་ཡོད་པའི་ལྟད་མོ་བས་སྒྱུ་མའི་རྟ་རྟར་མི་འཛིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར།

ཡི ༣༧ན༤ ངས་གཟུགས་མཐོང་མ་སྙམ་དུ་ཐེ་ཚོམ་འདྲེན་པའི་དབང་མངོན་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། ཞེས་པར་ངས་གཟུགས་མཐོང་མ་སྙམ་དུ་ཐེ་ཚོམ་འདྲེན་པའི་དབང་མངོན་སྣང་ལ་མ་ངེས་པའི་བློ་མ་ཡིན་པར་ཐལ། གཟུགས་མཐོང་མ་མཐོང་སྙམ་དུ་ཐེ་ཚོམ་འདྲེན་ན། གཟུགས་གསལ་བར་མཐོང་ཚུལ་མེད་པའི་ཕྱིར། དེར་ཐལ། གཟུགས་མཐོང་མ་མཐོང་སྙམ་དུ་ཐེ་ཚོམ་འདྲེན་ན། གཟུགས་དེ་དེའི་འཇུག་ཡུལ་ལ་འཇོག་ཚུལ་མེད་པའི་ཕྱིར་ཏེ། སྒྲ་མི་རྟག་པ་དེ་སྒྲ་རྟག་གམ་མི་རྟག་སྙམ་པའི་ཐེ་ཚོམ་གྱི་འཇུག་ཡུལ་ལ་མི་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར།

རི ༢༧བ༡ དུས་མཐའི་སྐད་ཅིག་མ་དང་རྡུལ་ཕྲ་རབ་རྣམས་དེ་ཡིན་པ་གཅོད་པའི་ཕྱིར། ཞེས་པར་བུམ་པའི་ཚོགས་པར་ཡོད་པའི་རྡུལ་ཕྲ་རབ་རྣམས་བུམ་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་བུམ་འཛིན་མིག་ཤེས་ཀྱི་དམིགས་པ་ཡང་ཡིན། རྐྱེན་ཡང་ཡིན་པའི་ཕྱིར། དང་བོ་དེར་ཐལ། དེ་བུམ་འཛིན་མིག་ཤེས་ལ་སྣང་བའི་ཕྱིར་ཏེ། རྡུལ་ཕྲ་རབ་ཀྱི་ཚོགས་པ་སྣང་བའི་ཕྱིར། ཁྱབ་སྟེ། ཚོགས་པ་ཅན་མ་སྣང་བར་ཚོགས་པ་སྣང་ཚུལ་མེད་པའི་ཕྱིར་ཏེ། རྩ་བ་ལས། བཀོད་པ་ཅན་ནི་མ་བཟུང་བར། །བཀོད་པ་འཛིན་པ་མི་རུང་ཞིང༌། ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་བཤད་ལས། གཞུང་འདིས་དབང་ཤེས་ལ་རྡུལ་ཕྲ་རབ་མ་སྣང་བར་འདོད་པ་བཀག་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་མཐོང་ན། དེའི་ཚོགས་པར་གཏོགས་པའི་རྡུལ་ཕྲ་རབ་མཐོང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་རག་པ་མཐོང་ན་གཟུགས་ཕྲ་བ་མཐོང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དུ་བ་མཐོང་ན། དུ་བ་ཆུང་ངུ་མཐོང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མིག་གསལ་མི་གསལ་གྱི་ཁྱད་པར་མེད་པར་ཐལ་ལོ། ། འདོད་མི་ནུས་ཏེ། རྩ་བར། དཔེར་ན་མིག་མི་གསལ་བ་ཡིས། ། དུ་བ་ཆུང་ངུ་མ་མཐོང་བཞིན། ། ཞེས་དང། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། ། འགའ་ཞིག་ལ་ལ་ཐོགས་མེད་དེ། ། ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། ། མ་མཐོང་ཕྱིར་ན་མེད་པ་མིན། ། ཞེས་དང། དམིགས་བརྟགས་ལས། དབང་བོའི་རྣམ་པར་རིག་པའི་རྒྱུ། ། ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། ། དེ་མི་སྣང་ཕྱིར་དེ་ཡིད་ནི། ། རྡུལ་ཕྲན་མ་ཡིན་དབང་བོ་བཞིན། ། ཞེས་གསུངས་པའི་ཕྱིར། ཞེས་རྡུལ་ཕྲན་དབང་ཤེས་ཀྱི་རྒྱུ་ཡིན་ཀྱང་མི་སྣང་བས་དེ་དམིགས་རྐྱེན་དུ་མི་འཇོག་སྟེ། དཔེར་ན། ཡིད་ཤེས་དབང་ཤེས་ལ་མི་སྣང་བས་དེའི་དམིགས་རྐྱེན་ལ་མི་འཇོག་པ་བཞིན་ཡིན་པར་གསུངས་སོ། །

ལི ༢༧བ༡ དེའི་དམིགས་རྐྱེན་དང་དེའི་བཟུང་དོན་གཉིས་སྐབས་འདིར་ཡིན་ཁྱབ་མཉམ་ཡིན་ནོ། །ཞེས་པར་མདོ་སྡེ་བའི་ལུགས་ལ། དོན་ལ་པི་ཝང་གི་སྒྲ་ཡིན་པ་ལ་དེ་ཡིན་པར་མ་ངེས་པའི་པི་དབང་གི་སྒྲ་འཛིན་པའི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ན། དེའི་བཟུང་དོན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། པི་ཝང་གི་སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་འདྲའི་སྒྲ་འཛིན་རྣ་ཤེས་ཀྱིས་བཟུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཁྱོད་ལ་ངེས་པ་མི་འདྲེན་པའི་ཕྱིར། ཁྱབ་སྟེ། དབང་ཤེས་ཀྱིས་འཛིན་ཚུལ་འཐད་པའི་ཕྱིར་ཏེ། དབང་ཤེས་དེ་ལ་སྣང་ན། དབང་ཤེས་དེས་འཛིན་པས་ཁྱབ་པ་མེད་པའི་ཕྱིར།

ཤི ༢༨བ༢རྒྱན་གྱི་ལུགས་ལ་སྤེལ་མར་འདོད་པ་མི་འཐད་པར་ཐལ། དེ་རྒྱན་གྱི་འགྲེལ་བ་འགྲེལ་བཤད་བོད་དུ་འགྱུར་བ་གཅིག་ལས་ཀྱང་མི་འབྱུང་བའི་ཕྱིར། ཞེས་པར་དེ་བོད་འགྱུར་དུ་མེད་ན་རྒྱན་མཁན་པོས་མི་འདོད་པས་མ་ཁྱབ་པར་ཐལ། བོད་དུ་མ་འགྱུར་བའི་རྒྱན་གྱི་འགྲེལ་བ་འགྲེལ་བཤད་ཡོད་མེད་དང༌། དེའི་ནང་ན་སྤེལ་མར་འདོད་པ་ཡོད་མེད་ཐེ་ཚོམ་ཡིན་པའི་ཕྱིར་ཟེར།

སི ༢༩ན༡ སློབ་དཔོན་དེས་ཡིད་མངོན་ལ་རྟོག་པ་གཅིག་ཀྱང་འདོད་པས་དབང་མངོན་དུས་སུ་ཡང་རྟོག་པ་སྐྱེ་བ་མི་འགལ་བའི་ཕྱིར། ཞེས་པར་རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པའི་དོན་རྒྱན་མཁན་པོས་ཇི་ལྟར་འགྲེལ་ཟེར།

ཧི ༢༩ན༤ ཡང་བྲམ་ཟེ་འདོད་པ་དེ་ཡང་མི་འཐད་པར་ཐལ། ཞེས་པར་དེ་འཐད་པར་ཐལ། སྡེ་བདུན་རྒྱན་ལས། བོད་ཀྱི་མཁས་རྨོངས་མང་བོ་དག་སློབ་དཔོན་ཆོས་མཆོག་གི་ལུགས་འཐད་ལྡན་དུ་བྱེད་པ་སྣང་མོད་ཁོ་བོ་ནི་འཐད་པར་མི་སེམས་ཏེ། ཞེས་གསུངས་པའི་ཕྱིར་ཟེར།

ཨི ༣༠ན༢ དེས་ན་རང་ལུགས་ལ་སྡེ་བདུན་ཡིད་ཀྱི་ཡིད་མངོན་སྐྱེ་ཚུལ་པཎ་ཆེན་ཆོས་མཆོག་ལྟར་དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་ཡིན་ཏེ། ཞེས་པར་རང་ལུགས་ཆོསསས་མཆོག་ལྟར་བྱེད་པ་མི་འཐད་པར་ཐལ། སྡེ་བདུན་རྒྱན་ལས། བོད་ཀྱི་མཁས་རྨོངས་མང་བོ་དག་སློབ་དཔོན་ཆོས་མཆོག་གི་ལུགས་འཐད་ལྡན་དུ་བྱེད་པ་སྣང་མོད་ཀྱི་ཁོ་བོ་ནི་འཐད་པར་མི་སེམས་ཏེ། ཞེས་དང༌། ཅི་ནས་ཀྱང་རྩི་ན་ཆོས་རྗེའི་བཞེད་པ་ལྟར་འགྲོས་གསུམ་དུ་བྱེད་པ་ཉིད་འཐད་པར་རྟོགས་སོ། ཞེས་གསུངས་པའི་ཕྱིར་ཟེར།

ཀུ ༣༠ན༤ ཡིད་དབང་གིས་བདག་རྐྱེན་བྱས་པའི་གཞན་རིག་མངོན་སུམ་མི་བཞེད་ཏེ། ཞེས་པར་ཡིད་ དབང་གིས་བདག་རྐྱེན་བྱས་པའི་གཞན་རིག་མངོན་སུམ་ཡོད་པར་ཐལ། ཡིད་མངོན་དེ་ཡིད་དབང་གིས་བདག་རྐྱེན་བྱས་པ་དང་གཞན་རིག་མངོན་སུམ་གཉིས་ཀ་ཡིན་པའི་ཕྱིར་ཟེར།

ཁུ ༣༠བ༦ རྒྱུན་ལྡན་གྱི་ཤེས་པ་དང༌། ཚད་མ་ལ་རང་རིག་མངོན་སུམ་གྱིས་གྲུབ་པས་ཁྱབ་ཀྱང༌། ཞེས་པར་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་ཁྱོད་མྱོང་བས་རང་རིག་གིས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་རང་རིག་སྣང་ལ་མ་ངེས་པ་ཡིན་པའི་ཕྱིར་ཟེར།

གུ ༣༠བ༦ ཁོ་རང་ལ་འོ་ན། ཚུལ་མཐོང་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་ཤེས་པ་ཆོས་ཅན། ཁྱོད་ཚུལ་མཐོང་གི་རྒྱུད་ཀྱི་མངོན་སུམ་གྱིས་རྟོགས་པར་ཐལ། དེའི་རྒྱུད་ཀྱི་རང་རིག་མངོན་སུམ་ཀྱིས་རྟོགས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་འདོད་ན། འཕགས་པར་ཐལ། འདོད་པའི་ཕྱིར། ཞེས་པར་ཚུལ་མཐོང་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་ཀྱི་ཁྱད་པར་དུ་བྱས་པའི་ཤེས་པ་ཆོས་ཅན། ཚུལ་མཐོང་གི་རྒྱུད་ཀྱི་རང་རིག་མངོན་སུམ་ཀྱིས་རྟོགས་པར་ཐལ། རྒྱུན་ལྡན་གྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུན་ལྡན་གྱི་ཤེས་པ་དང༌། ཚད་མ་ལ་རང་རིག་མངོན་སུམ་གྱིས་གྲུབ་པས་ཁྱབ་ཀྱང༌། ཞེས་གསུངས་པའི་ཕྱིར་ཟེར།

ངུ ༣༢ན༡ རངརིག་ཏུ་གྱུར་པའི་བཅད་ཤེས་མེད་པར་ཐལ། བཅད་ཤེས་ཉམས་མྱོང་གི་རང་རིག་དེ་བཅད་ཤེས་ལ་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་ལ་ཚད་མ་ཡིན་ཀྱང༌། དེའི་སྐད་ཅིག་གཉིས་པ་བཅད་ཤེས་་བྱས་ཆོག་པའི་ཕྱིར། ཞེས་པར་རང་རིག་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། བློ་གང་ལའང་བཅད་ཤེས་མ་ཡིན་པའི་ཕྱིར་དང༌། ཚད་མ་ཡིན་པའི་ཕྱིར་ཏེ་རང་ཡུལ་ལ་ཚད་མ་ཡིན་པའི་ཕྱིར་སོགས་ཟེར།

བློ་ལྡན་བློ་མཚོ་ལས་འོང་བའི། །

བློ་རིག་བློ་གྲོས་རྒྱས་པའི་དཔྱིད། །

བློ་གསལ་བློ་རིག་སློབ་འདོད་ལ། །

བློ་དམན་བློས་བྲིས་ཕན་གྱུར་ཅིག །

ཅེས་བློ་རིག་གི་ཟིན་བྲིས་བློ་གསལ་མགྲིན་རྒྱན་ཞེས་པ་འདི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཁྲི་ཆེན་དགེ་འདུན་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་ཀྱིས་གཙོས་སློབ་དཔོན་བཀའ་དྲིན་ཅན་དག་གི་ཞལ་སྔ་ནས་ཐོས་པ་དག་འདུ་གསུམ་པ་དྷཱིཿཕུ་དཔལ་ལྡན་རྒྱ་མཚོས་ཡི་གེར་ཕབས་པའོ། །

                           ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།

           རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།