ཀུན་མཁྱེན་རྣམ་འགྲེལ་ལས་ལེའུ་གསུམ་པའི་མཐའ་དཔྱོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 11:02:52     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

ཚད་མ་རྣམ་འགྲེལ་གྱི་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ལས་ལེའུ་གསུམ་པའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་བཞུགས་སོ།

                                                     རྗེ་བཙུན་མཁྱེན་པའི་གཏེར་དང་དབྱེར་མེད་པའི།

                                                    དངོས་བརྒྱུད་བླ་མ་རིགས་པའི་དབང་ཕྱུག་ཚོགས།

                                                    རྒྱལ་བ་སྲས་བཅས་མ་ལུས་སྤྱི་གཙུག་ཏུ།

                                                     ཞབས་སེན་ནོར་བུའི་ཕྲེང་བཀོད་ཕྱག་བྱས་ཏེ།

བདེན་གཉིས་རྒྱ་མཚོ་བརྒལ་བའི་གྲུ་གཅིག་པུ།།རང་སྤྱིའི་རླབས་ཀྱིས་སྔོན་བྱོན་ཆེ་རྨོངས་ཀྱང༌།།ཚད་མ་རྣམ་བཞིའི་དར་འཕྱར་ལེགས་བཤད་ཀྱི།།རིན་ཆེན་མངོན་སུམ་གླིང་དེར་ཡིད་རབ་སྤྲོ།

གཞལ་བྱའི་གྲངས་ངེས།

གསུམ་པ་གཞལ་བྱ་མངོན་གྱུར་ངེས་ཐབས་མངོན་སུམ་ལེའུ་བཤད་པ་ལ་གསུམ། ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་པར་རྟོག་པ་དགག་པ། མངོན་སུམ་ཚད་མའི་ངོ་བོ་ལ་ལོག་རྟོག་དགག་པ། མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་རྟོག་དགག་པ་གསུམ། དང་པོ་ལ་ཚད་མ་གཉིས་སུ་གྲངས་ངེས་པ་དང༌། དེར་མ་ངེས་པའི་རྩོད་སྤོང་གཉིས། དང་པོ་ལ་སྣང་ཡུལ་རང་སྤྱིའི་སྒོས་གཉིས་སུ་སྒྲུབ་པ་དང༌། འཇུག་ཡུལ་མངོན་ལྐོག་དབང་གིས་གཉིས་སུ་བསྒྲུབ་པ་གཉིས། དང་པོ་ལ་རྟགས་དགོད་པ། ཚུལ་སྒྲུབ་པ། དོན་བསྡུ་བ་གསུམ། དང་པོ་སྟོན་པར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།།ཞེས་བྱུང༌། གཉིས་པ་རྟགས་དེའི་ཕྱོགས་ཆོས་སྒྲུབ་པར། དོན་བྱེད་ནུས་དང་མི་ནུས་ཕྱིར།།ནས། བློ་ནི་ཡོད་དང་མེད་ཕྱིར་རོ།།ཞེས་བྱུང༌། རྟགས་དེའི་ཁྱབ་པ་སྒྲུབ་པ་ནི། དོན་དམ་དོན་བྱེད་ནུས་པ་གང༌།།ནས། ངོ་བོ་ལ་གཞན་སྣང་བ་མེད།།ཅེས་བྱུང༌། གྲངས་ལ་ལོག་པར་རྟོག་ཚུལ་ཡོད་དེ། གྲངས་ཅན་པ་ན་རེ། མངོན་སུམ་གཉིས་དང་སྒྲ་ལས་བྱུང་བ་སྟེ་ཚད་མ་གསུམ་ཁོ་ནའོ་ཟེར། རིག་པ་ཅན་ན་རེ། གསུམ་པོ་དེ་དང་ཉེར་འཇལ་བའི་ཚད་མ་དང་བཞི་ཁོ་ནའོ་ཟེར། རྒྱལ་དཔོག་པ་ན་རེ། དེའི་སྟེང་དུ་དོན་གྱིས་གོ་བ་དང༌། དངོས་པོ་མེད་པའི་ཚད་མ་དྲུག་ཁོ་ནའོ་ཟེར། ཙ་ར་ཀ་པ་ན་རེ། དེ་དྲུག་གི་སྟེང་དུ་རིགས་པ་དང༌། མི་དམིགས་པ་དང༌། ཞེས་གྲགས་པ་དང༌། སྲིད་པ་དང༌། སྙམ་སེམས་པ་སྟེ་ཚད་མ་བཅུ་གཅིག་ཁོ་ནའོ་ཟེར། རྒྱང་འཕེན་པ་ན་རེ། མངོན་སུམ་གཅིག་བུ་ཚད་མ་སྟེ་གཞན་མེད་ཟེར་བ་དག་ཡོད་པའི་ཕྱིར། སྤྱོད་ཡུལ་ལའང་འདོད་ཚུལ་མང་སྟེ། རང་སྡེ་བྱེ་སྨྲ་དང་ཕྱི་བ་རྣམས་ཀྱིས་སྤྱི་རྟག་དངོས་སུ་འདོད། གྲངས་ཅན་པས་རང་སྤྱི་འདྲེས་པའི་ཕུང་གསུམ་པ་འདོད། རྒྱང་འཕེན་པས་རང་མཚན་ཁོ་ནར་འདོད་པ་དེ་བཀག་ནས་ཚད་མ་གཉིས་སུ་གྲངས་ངེས་པར་སྟོན་པར། ཕྱོགས་གླང་གིས་ཀུན་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ།།དེ་ལ་རབ་སྦྱོར་ཕྱིར་ཚད་མ།།ཞེས་གསུངས། དེའི་དོན་རྒྱས་པར་སྟོན་པས། འདི་ཉིད་ལས། གཞན་བྱ་གཉིས་ཕྱིར་ཚད་མ་གཉིས།།ཞེས་པ་ནས། གསུམ་གཅིག་གྲངས་ནི་བསལ་བ་ཡིན།།ཞེས་བྱུང༌། དེའི་ནང་ནས་ཚད་མ་གཅིག་ཁོ་ནར་འདོད་པ་དང་གསུམ་སོགས་འདོད་པ་དགག་པར། ཀུན་བཏུས་ལས། ཚད་མ་གཞན་ནི་ཡོད་མིན་ནོ།།ཞེས་གསུངས་ཤིང༌། དེའི་དོན་འཆད་པར། མེད་པ་གཞལ་བྱ་མ་ཡིན་ཏེ།།ནས། འཁྲུལ་ཕྱིར་རོ།།ཞེས་བྱུང༌། གསུམ་པ་མངོན་སུམ་གྱི་ངོ་བོ་ལ་ལོག་རྟོག་སེལ་ཚུལ་སྟོན་པར། ཀུན་བཏུས་ལས། མིང་དང་རིགས་སོགས་སྦྱོར་བ་ཡི།།རྟོག་པ་དང་བྲལ་མངོན་སུམ་མོ།།ཞེས་གསུངས་པའི་དོན་སྟོན་པར། མངོན་སུམ་རྟོག་དང་བྲལ་བར་ནི།།ཞེས་པ་ནས། མངོན་སུམ་ལྟར་སྣང་གཉིས་སུ་བཤད།།ཅེས་བྱུང༌། བཞི་པ་ནི། ཚད་འབྲས་ལ་ལོག་རྟོག་དགག་པར། བྱ་དང་བཅས་པ་རྟོགས་པའི་ཕྱིར།།ཞེས་སོགས་གསུངས། དེའི་དོན་བཤད་ཅིང༌། ལོག་རྟོག་བཞི་པ་དགག་པར། བྱ་བ་སྒྲུབ་པར་བྱེད་ཅེས་སོགས་བྱུང༌། སྦྱོར་བ་ནི། ཤེས་བྱ་ཆོས་ཅན། ཚད་མར་མངོན་རྗེས་ཀྱི་ཚད་མ་གཉིས་སུ་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར།

མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཡུལ་དང་ཤེས་བྱ་དོན་གཅིིག་ལ། ཡུལ་དང་གཞལ་བྱ་དོན་མི་གཅིག་སྟེ། སྒྲ་རྟག་པའི་དོན་སྤྱི་སྒྲ་རྟག་འཛིན་རྟོག་པའི་གཞལ་བྱར་ཐལ་བའི་ཕྱིར་རོ།།ཤེས་བྱ་དང་གཞལ་བྱ་ཡང་དོན་མི་གཅིག་སྟེ། ཤེས་པ་ཐམས་ཅད་ཚད་མར་ཐལ་བའི་ཕྱིར་རོ་ཟེར། ཆོས་དེའི་ཡུལ་ཡིན་ན་ཆོས་དེའི་ཤེས་བྱ་ཡིན་དགོས་པར་ཐལ། ཡུལ་དང་གཞལ་བྱ་དོན་མི་གཅིག་པའི་སྒྲུབ་བྱེད་དེའི་ཕྱིར། འདོད་ན། ཀ་བའི་སྒྲ་དོན་ཆོས་ཅན། ཀ་བ་ཞེས་བརྗོད་པའི་ཤེས་བྱ་ཡིན་པར་ཐལ། ཀ་བ་ཞེས་བརྗོད་པའི་སྒྲའི་ཡུལ་ཡིན་པའི་ཕྱིར། འཁོར་གསུམ། རྟག་གྲུབ་སྟེ། ཀ་བ་ཞེས་བརྗོད་བའི་སྒྲའི་ཡུལ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀ་བ་ཞེས་པའི་སྒྲ་ལ་ཁྱོད་སྣང་བར་ཐལ་ལོ།།ཁྱོད་དེས་ཤེས་པར་བྱ་བའི་ཕྱིར། ཁྱབ་ཅིང༌། འདོད་མི་ནུས་ཏེ། བེམ་པོ་ཡིན་པའི་ཕྱིར། རྟོག་གེ་སྐད་ལས། བེམ་པོ་ལ་ཡོངས་སུ་གཅོད་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ།།ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྒྱུ་འབྲས་དོན་གཅིག་ན་བུམ་པའི་རྒྱུ་འབྲས་དོན་གཅིག་དགོས་པར་ཐལ། ཡུལ་དང་གཞལ་བྱ་དོན་གཅིག་ན་བློ་དེའི་ཡུལ་དང་བློ་དེའི་གཞལ་བྱ་དོན་གཅིག་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། གཞན་ཡང༌། རྒྱུ་དང་འབྲས་བུ་འགལ་བར་ཐལ། བུམ་པའི་རྒྱུ་དང་བུམ་པའི་འབྲས་བུ་འགལ་བའི་ཕྱིར་སོགས་སྤྲོ། ཡང་ཁ་ཅིག་ན་རེ། ཡུལ་དང་གཞལ་བྱ་དོན་མི་གཅིག་པར་ཐལ། གཞལ་བྱ་ལ་རང་མཚན་གྱིས་ཁྱབ་པའི་ཕྱིར། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ།།ཞེས་དང༌། གཅིག་ཉིད་ཅེ་ན་ཁོ་བོའང་འདོད།།ཅེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་ནི་སྐྱེས་བུའི་བླང་དོར་དོན་གཉེར་གྱི་འཇུག་ཡུལ་ལ་རང་མཚན་གྱིས་ཁྱབ་པའི་དོན་ཡིན་པའི་ཕྱིར། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ།།ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱི།།དོོན་བྱ་དེ་ལ་གྲུབ་པའི་ཕྱིར།།ཞེས་གསུངས་པའི་ཕྱིར། གཞན་ཡང་སྤྱི་མཚན་གཞལ་བྱ་མ་ཡིན་པར་ཐལ། རང་མཚན་གཅིག་པུ་གཞལ་བྱ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། གཞལ་བྱ་ལ་རང་མཚན་སྤྱི་མཚན་གཉིས་སུ་གྲངས་མ་ངེས་པར་ཐལ། སྤྱི་མཚན་གཞལ་བྱ་མ་ཡིན་པའི་ཕྱིར། འཁོར་གསུམ་ཁས། མ་གྲུབ་ན་དངོས། ཁྱབ་སྟེ། གཞལ་བྱ་རང་སྤྱི་གཉིས་སུ་གྲངས་ངེས་པས་ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་རྗེས་དཔག་གཉིས་སུ་གྲངས་ངེས་པའི་ཕྱིར། རྩ་བར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།།ཞེས་དང༌། ཀུན་བཏུས་རང་འགྲེལ་ལས། ཚད་མ་གཉིས་ཁོ་ན་འོ།།གང་གི་ཕྱིར་ཞེ་ན་མཚན་ཉིད་གཉིས་གཞལ་བྱ། ཞེས་གསུངས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་ལྟར་དུ་རིགས་པའི་དབང་ཕྱུག་གཉིས་རྗེས་འབྲང་དང་བཅས་པ་བཞེད་ཅིང༌། རྗེ་ཡབ་སྲས་ཀྱིས་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། རང་མཚན་བཟུང་དུ་བྱེད་པའི་མངོན་སུམ་དང༌། སྤྱི་མཚན་བཟུང་ཡུལ་དུ་བྱེད་པའི་རྗེས་དཔག་གཉིས་སུ་གྲངས་ངེས་པར་འདོད་པའི་ཕྱིར། རྟགས་གྲུབ་སྟེ། ཀུན་བཏུས་རང་འགྲེལ་ལས། རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་མེད་དོ།།ཞེས་དང༌། འགྲེལ་པ་ལས་ཀྱང༌། གཞལ་བྱ་ཉིད་ཀྱི་ཕྱིར་ཚད་མ་གཉིས་པོ་ཉིད་དོ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་བཏུས་དར་ཊཱིཀ་མཐར་འཛིན་གདུང་སེལ་ལས། དེ་དང་གཞལ་བྱ་གཉིས་སུ་ངེས་པའི་སྒོས་བསྟན་པས་གཞལ་བྱ་ཕུང་གསུམ་དུ་འདོད་པ་དང༌། གཞལ་བྱ་གཅིག་ལའང་ཚད་མ་མི་འདྲ་བ་དུ་མ་འཇུག་པར་འདོད་པ་ཁེགས་ཤིང༌། ཞེས་དང༌། མཁས་གྲུབ་རྗེས་མངོན་སུམ་ལེའུའི་སྤྱི་དོན་ལས། མདོ་ཚིག་དེ་དག་གིས་དངོས་སུ་རང་སྤྱི་གཉིས་སུ་ངེས་པས། ཚད་མ་གཉིས་སུ་ངེས་པར་བསྒྲུབ་པ་ཙམ་ལས་ཞེས་གསུངས་པའི་ཕྱིར།

གཞན་ཡང་རྗེས་དཔག་ཚད་མ་མི་སྲིད་པར་ཐལ། སྤྱི་མཚན་གཞལ་བྱ་མ་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། གཞལ་བྱ་མེད་པའི་ཚད་མ་སྲིད་པའམ། རྗེས་དཔག་གི་ཚད་མའི་གཞལ་བྱ་ཡིན་ན། རང་མཚན་ཡིན་པས་ཁྱབ་པ་གང་རུང་ཞིག་ཁས་ལེན་རིགས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། གཞལ་བྱ་མེད་པའི་ཚད་མ་མི་སྲིད་པ་གང་ཞིག །རྗེས་དཔག་ཚད་མའི་གཞལ་བྱ་ལ་རང་མཚན་གྱིས་མ་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྐྱེད་བྱེད་མེད་པའི་བསྐྱེད་བྱ་མི་སྲིད་པའི་ཕྱིིར། དེར་ཐལ། རྒྱུ་མེད་པའི་འབྲས་བུ་མེད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གཞལ་བྱའི་སྒོས་ཚད་མ་གཉིས་འབྱེད་མི་རུང་བར་ཐལ་ལོ།།རྗེས་དཔག་གཞལ་བྱ་ལ་རང་མཚན་ཁོ་ནས་ཁྱབ་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། རྩ་བར། གཅིག་ལ་ཡང༌།།དུ་མ་ཉིད་ནི་འཇུག་ཕྱིར་ཏེ།།གཅིག་གསུམ་གྲངས་ཀྱང་སེལ་མི་འགྱུར།།ཞེས་པའི་ལུགས་དེ་ཁས་ལེན་རིགས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། རྩ་བའི་ཐལ་བ་རྗེས་དཔག་ཚད་མ་མི་སྲིད་པ་ལ། འོ་ན། ལྐོག་གྱུར་ཡིན་ན་ཚད་མས་མ་དམིགས་པས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། སྐྱེ་བ་སྔ་ཕྱི་དང་སངས་རྒྱས། དུ་ལྡན་ལའི་སྟེང་གི་མེ་སོགས་རྣམས་མེད་པར་ཐལ། དེ་དག་ཚད་མས་མི་དམིགས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དམིགས་རུང་མ་དམིགས་པ་མེད་པའི་དོན་དུ་སྡེ་བདུན་དུ་ལན་དུ་མར་ཡང་ཡང་བཤད་པའི་ཕྱིར། དམིགས་སུ་རུང་བ་མེད་པ་ནི།།མ་དམིགས་པ་ལས་གཞན་མ་ཡིན།།ཞེས་དང༌། འཐད་ལྡན་ལས་ཀྱང༌། གལ་ཏེ་ཡང་བུམ་པ་མེད་དོ་སྙམ་དུ་ཤེས་པ་ནི་མི་དམིགས་པ་ཁོ་ན་ལས་འགྱུར་ལ། མེད་པར་ངེས་པ་ཡང་འདི་ཉིད་ཡིན་མོད་ཀྱི། ཞེས་དང༌། རྣམ་ངེས་ལས་ཀྱང༌། དེ་ལས་བཟློག་པའི་མི་དམིགས་པ་ནི་མེད་པ་ཡིན་ཞེས་དང༌། ཛེ་ཏཱ་རིས་ཀྱང༌། མི་དམིགས་པ་ནི་མེད་པའི་ཐ་སྙད་སྒྲུབ་པའོ།།ཞེས་གསུངས་པའི་ཕྱིར། འདི་དག་ལ་སྤྲོ་བྱ་མང་ཡང་ཡི་གེའི་ཚོགས་ཆེ་དོགས་སོ།

རང་ལུགས་ལ། ཡུལ་དང་ཤེས་བྱ་དང་གཞལ་བྱ་དང་ཡོད་པ་དང་གཞི་གྲུབ་པ་དང་ཆོས་དང་དམིགས་པ་རྣམས་དོན་གཅིག་ཡིན་ཁྱབ་མཉམ་ཡིན། མཚན་ཉིད་ནི་བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད། ཚད་མས་རྟོགས་པར་བྱ་བ་དེ་གཞལ་བྱའི་མཚན་ཉིད། ཚད་མས་དམིགས་པ་དེ་ཡོད་པའི་མཚན་ཉིད། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད། རང་ངོ་བོ་དང་ལྡན་པ་དེ་ཆོས་ཀྱི་མཚན་ཉིད། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་དེ། དམིགས་པའི་མཚན་ཉིད།

རྩོད་སྤོང་ལ་ཁོ་ན་རེ། བློའི་ཡུལ་ཡིན་ན་ཡུལ་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། བློ་དེའི་ཡུལ་ཡིན་ན་ཡུལ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། གངས་རི་སྔོན་པོ་ཡིན་པ་ཆོས་ཅན། ཡུལ་ཡིན་པར་ཐལ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་འདྲའི་དབང་ཤེས་ལ་གངས་རི་སྔོན་པོར་སྣང་བའི་ཕྱིར། མ་གྲུབ་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་ལ་གངས་རི་སྔོན་པོར་སྣང་བར་ཐལ། ཁྱོད་དེ་འདྲའི་དབང་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་མེད་པའི་ཕྱིར། གངས་རི་དཀར་པོར་ཡོད་པའི་ཕྱིར། གཞན་ཡང༌། རི་བོ་རྭ་ཆོས་ཅན། ཡུལ་ཡིན་པར་ཐལ། རི་བོང་རྭ་འཛིན་རྟོག་པའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཁྱོད་འཛིན་རྟོག་པའི་ཡུལ་ཡིན་པར་ཐལ། ཁྱོད་འཛིན་རྟོག་པ་ཡོད་པའི་ཕྱིར། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། དེར་ཐལ། མེད་པ་བཞིའི་གཏན་མེད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཚད་མ་གཉིས་ཀའི་གཞལ་བྱ་ལ་དངོས་པོས་ཁྱབ་པར་ཐལ། རྣམ་ངེས་ལས། ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྗེས་དཔག་གི་གཞལ་བྱ་ལའང་དངོས་པོ་ཡོད་པ་དང༌། དངོས་པོ་ལ་ལྟོས་པར་བསྟན་པ་ཙམ་ཡིན་པའི་ཕྱིར་ཏེ། སྤྱི་མཚན་དང་དངོས་མེད་རྣམས་དངོས་པོ་ལ་ལྟོས་ནས་གཞག་དགོས་པའི་ཕྱིར། རྣམ་ངེས་ལས། སྤྱི་ཡང་དངོས་པོ་ལས་གཞན་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར། ཞེས་གསུངས་པའི་ཕྱིར།

ཚད་མའི་གྲངས་ངེས་བཤད་པ།

ཡང༌། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།།ཞེས་པའི་ཚད་མའི་གྲངས་ངེས་ཀྱི་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཟེར། དེ་ལ་ཁ་ཅིག་ན་རེ། ཚད་མ་ཆོས་ཅན། མངོན་རྗེས་གང་རུང་དུ་ཐལ། ཚད་མ་ཡིན་པའི་ཕྱིར་ཟེར་ན། ཁ་ཅིག་རྟགས་མ་གྲུབ་སྟེ། ཚད་མ་ཚད་མ་མ་ཡིན་པའི་ཕྱིར་ཟེར། ཁ་ཅིག་འདོད་དེ། ཚད་མ་མངོན་སུམ་ཚད་མ་ཡིན་པའི་ཕྱིར་ཟེར། དེ་གསུམ་གས་གྲངས་ངེས་ལ་ཁྱབ་པ་འཆའ་གཞིར་གཞག་བྱའོ།།དེ་གསུམ་ལ་གྲངས་ངེས་ཡིན་ན་ཕུང་གསུམ་སེལ་བའི་གྲངས་ངེས་ཡིན་པས་ཁྱབ་པར་ཐལ། ཁྱེད་ཅག་གིས་འདོད་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། སྤྱིར་གྲངས་ངེས་ཚུལ་ལ་རིགས་ཀྱི་གྲངས་ངེས་དང༌། དངོས་འགལ་གཅོད་པའི་གྲངས་ངེས་དང༌། ལོག་རྟོག་སེལ་བའི་དགོས་པ་ལ་ལྟོས་པའི་གྲངས་ངེས་སོགས་དུ་མ་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་ལམ་ལ་ཕྱིན་དྲུག་ཏུ་གྲངས་ངེས་པ། རིགས་ཀྱི་གྲངས་ངེས་གང་ཞིག །ཤེས་བྱ་ལ་བདེན་གཉིས་སམ་རྟག་མི་རྟག་གཉིས་སུ་ཕྱེ་བ་ལྟ་བུ་ཕུང་གསུམ་སེལ་བའི་གྲངས་ངེས་དང༌། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་དབྱེ་བ་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་སྟེ། དེ་དག་ལས་དངོས་འགལ་གཅོད་པའི་གྲངས་ངེས་ལ་དེ་གཉིས་གང་རུང་མ་ཡིན་པ་ཡོད་ན་སྐྱོན་དུ་འགྱུར་ལ། གཞན་རྣམས་ལ་དེ་ལྟ་བུ་མི་སྲིད་མི་དགོས་པའི་ཕྱིར། མཁས་གྲུབ་མངོན་སུམ་སྤྱི་དོན་ལས། དེ་ཡང་སྤྱིར་རིགས་ཀྱི་གྲངས་ངེས་དང༌། དངོས་འགལ་གཅོད་པའི་གྲངས་ངེས་དང༌། ལོག་རྟོག་སེལ་བའི་དགོས་པའི་གྲངས་ངེས་སོགས་མང་དུ་ཡོད་པ་ལས། འདིར་ནི་ཕྱི་མ་ཡིན་ཞེས་དང༌། སྡེ་བདུན་རྒྱན་ལས། གཞན་རྣམས་ལ་དེ་ལྟ་བུ་མི་སྲིད་དགོས་པའི་ངེས་པ་མེད་དོ།།ཞེས་གསུངས་པའི་ཕྱིར། ལེགས་བཤད་དུ་འདུག་གོ །མ་ཁྱབ་མཚམས་ཀྱི་རྟགས་དང་པོ་གྲུབ་སྟེ། ཐེག་ཆེན་གྱི་ལམ་ཐམས་ཅད་རྫས་སམ་དངོས་པོའི་སྒོས་ཕྱིན་དྲུག་ཏུ་མ་ངེས་ཀྱང༌། རིགས་ཀྱི་80སྒོས་དྲུག་ཏུ་གྲངས་ངེས་པར་མདོ་སྡེ་རྒྱན་ནས་བཤད་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། དཔེར་ན་སངས་རྒྱས་ཀྱི་ལམ་ཐམས་ཅད་ཕྱིན་དྲུག་ཏུ་གྲངས་ངེས་པར་བཤད་པ་ལྟ་བུ་རིགས་བསྡུའི་གྲངས་ངེས་དང༌། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། སྡེ་བདུན་རྒྱན་ལས། ཤེས་བྱ་ལ་རྟག་མི་རྟག་གཉིས་སུ་གྲངས་ངེས་པ་ཞེས་གསུངས་པ་ལྟ་བུ་ཕུང་གསུམ་སེལ་བ་དངོས་འགལ་གཅོད་པའི་གྲངས་ངེས་དང༌། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གསུམ་པ་གྲུབ་སྟེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་ཕྱེ་བས་མངོན་རྗེས་གང་རུང་མ་ཡིན་པའི་ཚད་མ་གཞན་དུ་མ་ཡོད་སྙམ་པ་དང༌། གཅིག་ཁོ་ནར་འདོད་པའི་ལོག་རྟོག་སེལ་བར་གཞུང་འདིར་ཡང་བཤད་པའི་ཕྱིར་ཏེ། རྩ་བར། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར།།གསུམ་གཅིག་གྲངས་ནི་བསལ་བ་ཡིན།།ཞེས་གསུངས་པའི་ཕྱིར། སྡེ་བདུན་རྒྱན་ལས། ཚད་མ་གཉིས་སུ་གྲངས་ངེས་པར་བཤད་པ་ལྟ་བུ་ལོག་རྟོག་བཟློག་པའི་གྲངས་ངེས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པ་ལོག་རྟོག་བཟློག་ཆེད་ཡིན་པར་འཕགས་ཡུལ་གྱི་རིགས་པའི་དབང་ཕྱུག་རྣམས་དབྱངས་གཅིག་དགོངས་པ་གཅིག་ཡིན་པའི་ཕྱིར། པཎ་ཆེན་ཆོས་མཆོག་གི་རྣམ་ངེས་ཊིཀྐ་ལས། དེ་ལ་རེ་ཞིག་གྲངས་ལ་ལོག་པར་རྟོག་པ་བསལ་བ་ནི་དེ་ནི་རྣམ་པ་གཉིས་ཏེ་ཞེས་གསུངས་པའོ།།ཞེས་དང༌། ཛ་གད་ཏཱ་ལའི་མཁས་དབང་ཐར་པའི་འབྱུང་གནས་ཀྱི་རྟོག་གེ་སྐད་ལས། རྣམ་པ་གཉིས་ཞེས་པའི་ཚིག་གིས་གཅིག་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཅེས་ལོག་པར་རྟོག་པ་རྣམས་བསལ་བའོ།།ཞེས་དང༌། མཁས་གྲུབ་ཆེན་པོ་ཛེ་ཏཱ་རིས་བྱིས་པ་འཇུག་པའི་རྟོག་གེ་ལས། རྣམ་པ་གཉིས་ཏེ་ཞེས་སྨོས་པས་ཚད་མ་གཅིག་དང་གསུམ་དང་བཞི་དང་ལྔ་དང་དྲུག་གོ་སྙམ་དུ་ལོག་པར་རྟོག་པ་རྣམས་བསལ་བ་ཡིན་ནོ།།ཞེས་དང༌། མདོའི་རང་འགྲེལ་ལས། ཚད་མ་གཉིས་ཁོ་ནའོ།།གང་གི་ཕྱིར་ཞེ་ན། མཚན་ཉིད་གཉིས་གཞལ་བྱ། རང་དང་སྤྱིིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ།།ཞེས་དང༌། དེའི་འགྲེལ་བཤད་དུ་རྒྱལ་དབང་བློས་ཀྱང༌། གཞལ་བྱ་གཉིས་སུ་བསྟན་པ་འདིས་ནི་གཅིག་དང་གསུམ་ལ་སོགས་པའི་ཚད་མ་བསལ་བར་བྱ་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཟེར། དེ་ལ་ཁ་ཅིག་ན་རེ། ཚད་མ་ཆོས་ཅན། མངོན་རྗེས་གང་རུང་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། མངོན་སུམ་ཡིན་པར་ཐལ། དེ་གཉིས་གང་རུང་གང་ཞིག །རྗེས་དཔག་མ་ཡིན་པའི་ཕྱིར། རྟགས་དང་པོ་ཁས། འདོད་ན། ཁྱོད་དང་རྟོག་པའི་གཞི་མཐུན་མི་སྲིད་པར་ཐལ། ཁྱོད་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་ལ་རྟོག་བྲལ་གྱིས་ཁྱབ་པ་ཕྱོགས་གླང་གྲགས་པ་གཉིས་ཀའི་དགོངས་པ་ཡིན་པའི་ཕྱིར། མདོའི་རང་འགྲེལ་ལས། ཤེས་པ་གང་ལ་རྟོག་པ་མེད་པ་དེ་ནི་མངོན་སུམ་མོ།།ཞེས་དང༌། རྩ་བར། མངོན་སུམ་རྟོག་དང་བྲལ་བར་ནི།།མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར།།ཞེས་གསུངས་པའི་ཕྱིར།

(80)པར་ཐེངས་གཉིས་པ། སྒོས་ཕྱིན་དྲུག

བྱས་པ་ལ་ཁོ་ན་རེ། ཚད་མ་ཆོས་ཅན། ཚད་མ་གཉིས་གང་རུང་མ་ཡིན་པའི་ཚད་མ་ཕུང་གསུམ་པ་ཡིན་པར་ཐལ། ཚད་མ་གང་ཞིག །དེ་གཉིས་གང་རུང་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རྫས་སྤྱི་གཉིས་མགོ་སོགས་མ་བྱས་ན་དེ་གཉིས་གང་རུང་མ་ཡིན་པའི་ཚད་མ་མེད་པའི་ཕྱིར། དེར་ཐལ། ཚད་མ་ཡང་རྫས་སྤྱི་སོགས་བཅད་ན་དེ་གཉིས་ཀྱི་ནང་དུ་འདུ་བའི་ཕྱིར། ཁྱབ་སྟེ ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པ་ལ་ལོ་མ་ཁུམ་ནས་ཉལ་བ་རྟགས་སུ་བཀོད་པ་ལྟར་ཆོས་ཅན་གྱི་ཕྱོགས་གཅིག་ལ་ལྟོས་ནས་མ་གྲུབ་པའི་རྟགས་སུ་འགྱུར་བའི་ཕྱིར། ཡང་ཁོ་ན་རེ། ཚད་མ་ལ་མངོན་རྗེས་གཉིས་ལས་གཞན་པའི་ཕུང་གསུམ་པའི་ཚད་མ་ཁས་ལེན་རིགས་པར་ཐལ། ཚད་མ་ལ་གཉིས་སུ་གྲངས་ངེས་པ་དེ་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སྔོན་འཛིན་མངོན་སུམ་དེ་ཚད་མར་ངེས་ཤིང་དེ་ཡིན་པའི་རྗེས་དཔག་ཡོད་པར་ཁེགས་ཀྱང༌། དེ་མངོན་སུམ་གྱི་ཚད་མར་ཡོངས་གཅོད་དུ་མ་གྲུབ་ན་གཉིས་མིན་གྱི་ཕུང་གསུམ་ཡོད་པར་འགྱུར་གྱི། མངོན་རྗེས་གང་རུང་མ་ཡིན་པའི་ཚད་མ་ཡོད་པས་ཚད་མ་ཕུང་གསུམ་ཡོད་པར་མི་འགྱུར་པའི་ཕྱིར། དཔེར་ན། སྒྲར་ངེས་ནས། རྟག་པ་དང་གཞི་མཐུན་ཚད་མས་ཁེགས་ཀྱང་མི་རྟག་པར་ཡོངས་སུ་གཅོད་མི་ནུས་ན། རྟག་མི་རྟག་ལ་གཉིས་མ་ཡིན་གྱི་ཕུང་གསུམ་ཁས་ལེན་དགོས་པ་བཞིན་ཡིན་པའི་ཕྱིར། རྣམ་བཤད་ལས། མངོན་རྗེས་གང་ཡང་མ་ཡིན་པའི་ཚད་མ་ཡོད་པས་གཉིས་མ་ཡིན་གྱི་ཕུང་པོ་གསུམ་པར་ག་ལ་འགྱུར་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། མངོན་རྗེས་གཉིས་ཀྱི་81བར་ན་ཞེ་ན་ཚད་མ་ཕུང་གསུམ་པ་མེད་པར་ཐལ། དེ་ལྟར་མེད་པ་ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པའི་དོན་ཡིན་པའི་ཕྱིར། འདོད་ན། རྗེས་དཔག་ཕུང་པོ་གསུམ་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྗེས་དཔག་དེ་རྗེས་དཔག་ཕུང་པོ་གསུམ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྗེས་དཔག་དེ་རྗེས་དཔག་གསུམ་པོ་གང་རུང་མ་ཡིན་པའི་རྗེས་དཔག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དངོས་སྟོབས་རྗེས་དཔག་མ་ཡིན་པ་གང་ཞིག །གྲགས་པའི་རྗེས་དཔག་ཀྱང་མིན། ཡིད་ཆེད་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཅུང་ཟད་ལྐོག་གྱུར་ཙམ་ལ་ཚད་མར་ཐལ། དངོས་སྟོབས་རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། གལ་ཏེ་ལ་ལར་དེ་གྲུབ་ན།།དེ་ནི་དངོས་སྟོབས་ལས་གྲུབ་ཡིན།།ཞེས་སོ།།གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ངག་གམ་རྣམ་རྟོག་གིས་བཏགས་ཙམ་གྱི་ཡུལ་ལ་བརྟེན་པའི་ཐ་སྙད་པའི་ཚད་མ་ཡིན་པར་ཐལ། གྲགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་མཆོག་གིས། གྲགས་པ་ཐ་སྙད་ཀྱི་ཡུལ་ཅན་གྱི་རྟོག་པ་སྟེ། ཞེས་དང༌། རྒྱན་ལས། གྲགས་པ་ཉིད་ནི་ཐ་སྙད་དེ།།དེས་བསྐྱེད་ཕྱིར་ན་དེ་སྐད་བརྗོད།།ཅེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། ཤིན་ཏུ་ལྐོག་གྱུར་ཡུལ་དུ་བྱེད་པའི་བློ་མ་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། ཡིད་ཆེེས་རྗེས་དཔག་ཤིན་ཏུ་ལྐོག་གྱུར་གྱི་ཡུལ་ཅན་གྱི་ཚད་མ་ཡིན་པའི་ཕྱིར། རྩ་བར། དེ་ལྟར་ཡུལ་གཉིས་རྣམ་དག་ན།།དེ་ནི་བསྟན་བཅོས་ཡོངས་འཛིན་པར།།འདོད་པའི་དུས་ཡིན། ཞེས་གསུངས་པའི་ཕྱིར།

(81)པར་ཐེངས་གཉིས་པ། བར་ཞེ་ན།

གཞན་ཡང༌། མངོན་སུམ་ལ་དབང་མངོན་དང༌། ཡིད་མངོན་དང༌། རང་རིག་མངོན་སུམ་དང༌། རྣལ་འབྱོར་མངོན་སུམ་བཞིར་གྲངས་མ་ངེས་པར་ཐལ། མངོན་སུམ་དེ་བཞི་གང་རུང་མ་ཡིན་པའི་ཕྱིར། འཁོར་གསུམ་ཁས། དེ་སོགས་འཕེན། ཡང་ཁ་ཅིག་ན་རེ། ཚད་མའི་གྲངས་ངེེས་ལ་དེ་གང་རུང་གིས་ཁྱབ་པ་གཞིར་བྱས་ནས། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས། ཚད་མའི་བྱེ་བྲག་ལ་དེ་གཉིས་སུ་གྲངས་ངེས་ཟེར་ན། འོ་ན། འཕགས་རྒྱུད་ཀྱི་ཚད་མ་ཆོས་ཅན། དེ་གཉིས་གང་རུང་དུ་ཐལ། ཚད་མའི་བྱེ་བྲག་ཡིན་པའི་ཕྱིར། འཁོར་གསུམ་ཁས། ཡང་ཁ་ཅིག་ན་རེ། ཚད་མ་ལ་མངོན་སུམ་ཀྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་སུ་དབྱེར་ཡོད། དེ་ལ་དེ་གཉིས་ལས་མང་མི་དགོས། ཉུང་ན་མི་འདུ་བ་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ། དེ་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་སུ་གྲངས་ངེས་པའི་དོན་ཡིན་ཟེར་ན། རི་བོང་རྭ་ཆོས་ཅན། དེ་ལ་དེ་གཉིས་སུ་དབྱེར་ཡོད། དེ་ལ་དེ་གཉིས་ལས་མང་མི་དགོས་ཉུང་ན་མི་འདུ་བ་ཡང་ཡིན་པའི་གཞི་མཐུན་དུ་དམིགས་པར་ཐལ། དེ་ལ་དེ་གཉིས་སུ་གྲངས་ངེས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་འདྲའི་གཞི་མཐུན་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་མ་གྲུབ་པའི་ཕྱིར། སྔོན་གྱི་རིགས་སྨྲའི་དབང་པོ་.....ཆ་གཙང་གསུམ་དག་ན་རེ། མངོན་རྗེས་གཉིས་ངོ་བོ་གཅིག་ལ་ལྡོག་པ་འགལ་བའི་ཐ་དད་ཡིན་པར་ཐལ། རྗེས་དཔག་རང་འཛིན་པའི་རང་རིག་དང་ངོ་བོ་གཅིག་པ་གང་ཞིག །རང་རིག་མངོན་སུམ་གྱི་བྱེ་བྲག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།བྱ་མཆོག་གསང་ཕུ་ལེགས་དོན་པ་.....རང་ཕྱོགས་པ་དེ་གཉིས་ཀྱང་དོན་དེ་འདོད་མོད། འོ་ན་བུམ་པ་ཆོས་ཅན། བུམ་མིན་དང་ངོ་བོ་གཅིག་ཡིན་པར་ཐལ། གཟུགས་དང་ངོ་བོ་གཅིག་པའི་ཕྱིར། འཁོར་གསུམ། གཞན་ཡང་མི་རྟག་པ་ཆོས་ཅན། རྟག་པ་དང་ངོ་བོ་གཅིག །པར་ཐལ། བདག་མེད་དང་ངོ་བོ་གཅིག་པའི་ཕྱིར། འཁོར་གསུམ། དེ་བཞིན་དུ་ཚ་རེག་ཆོས་ཅན། གྲ་རེག་དང་ངོ་བོ་གཅིག་པར་ཐལ། དངོས་པོ་དང་ངོ་བོ་གཅིག་པའི་ཕྱིར། དེ་སོགས་གནོད་བྱེད་མཐའ་ཡས་པ་འཇུག་པའི་ཕྱིར། མཁས་གྲུབ་ཐམས་ཅད་མཁྱེན་པའི་མངོན་སུམ་མཐའ་དཔྱོད་པ་ལས། འདིར་དགེ་བཤེས་ཆ་པ་ན་རེ། ནས། ཞེས་སོགས་དུ་མ་ཞིག་གིས་མ་ངེས་ཏེ་རྒྱུ་མཚན་མཆོག་ཏུ་རྩིང་བའོ།།ཞེས་གསུངས་པའི་ཕྱིར། རིགས་པ་དེ་ལ་བརྟེན་ནས། རྟོག་བཅས་རྟོག་མེད་ཀྱི་ཤེས་པ་གཉིས་དང༌། དབང་ཤེས་ཡིད་ཤེས་གཉིས་དང༌། སེལ་བློ་སྒྲུབ་བློ་རྫས་གཅིག་ཏུ་འདོད་པའི་འཁྲུལ་བའི་མུན་ཚོགས་རིགས་པའི་ཉི་ཟེར་གྱིས་ལེགས་པར་བསལ་ཡོད་པས། མཁས་པའི་ལེགས་བཤད་ཀྱི་ཡོན་ཏན་ལ་དགའ་བར་གྱིས་ཤིག།།

ཡང་ཁ་ཅིག་ན་རེ། ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པར་ཐལ། ཁྱོད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར་ན། འོ་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ། མངོན་སུམ་གྱི་སྣང་ཡུལ་དང་རང་མཚན་དོན་གཅིག་པར་འདོད་ལ། ཁ་ཅིག་ན་རེ། དེ་གཉིས་དོན་མི་གཅིག་པར་ཐལ། གང་ཟག་གི་བདག་མེད་མངོན་སུམ་གྱི་སྣང་ཡུལ་82ཡིན་ཀྱང། རང་མཚན་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་མངོན་སུམ་ལ་གང་ཟག་གི་བདག་མེད་གསལ་བར་སྣང་བའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམས་པ་ལ་བརྟེན་ནས་བསྒོམ་བྱའི་བདག་མེད་ལ་གསལ་སྣང་བྱུང་བ་མི་སྲིད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རྩ་བར། དེ་ཕྱིར་ཡང་དག་ཡང་དག་མིན།།གང་གང་ཤིན་ཏུ་གོམས་གྱུར་པ།།སྒོམ་པ་ཡོངས་སུ་རྫོགས་པ་ན།།དེ་གསལ་མི་རྟོག་བློ་འབྲས་ཅན།།ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་གང་ཟག་གི་ཕུང་པོ་མི་རྟག་པར་དངོས་སུ་རྟོགས་པའི་ཤུགས་ལ་གང་ཟག་གི་བདག་མེད་རྟོགས་པའི་ཕྱིར། སྡེ་བདུན་རྒྱན་ལས། འཕགས་པ་སློབ་པ་རྣམས་ཀྱི་མཉམ་བཞག་ཡེ་ཤེས་ཀྱིས་ཀྱང༌། དངོས་པོ་རྣམས་བདག་དང་བྲལ་བའི་སྐད་ཅིག་མ་ཙམ་དུ་མངོན་སུམ་དུ་གཟིགས་པ་ཡིན་ལ། བདག་བཀག་ཙམ་གྱི་མེད་དགག་ནི་ཤུགས་ལ་འཇལ་བ་ཡིན་གྱི་དངོས་རྟོགས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན།།མ་འདྲེས་པ་ཡི་དོན་ཙམ་མཐོང༌།།ཞེས་གསུངས་པའི་ཕྱིར་དང༌། དེས་སྤྱི་དང་མ་འདྲེས་པའི་དོན་རང་མཚན་མཐོང་བར་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚད་མ་ལ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་ཟེར་ན། དེ་ཙམ་གྱིས་ཚད་མའི་གྲངས་ལ་ལོག་པར་རྟོག་པ་ཁེགས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། བརྡ་སྤྲོད་པ་ཡང་ཚད་མ་གཉིས་འདོད་པའི་ཕྱིར། རྟོག་གེའི་ངར་སྐད་ལས། བརྡ་སྤྲོད་པ་ན་རེ། མངོན་སུམ་དང་སྒྲ་ལས་བྱུང་བའི་ཚད་མ་གཉིས་སོ་ཞེས་ཟེར་རོ།།ཞེས་གསུངས་པའི་ཕྱིར། དེ་འདྲའི་ཚད་མ་རྣམ་པ་གཞན་དུ་བརྗོད་པ་བསལ་བའི་དོན་དུ། ཀུན་བཏུས་སུ་རང་མིང་ཡང་སྨོས་པའི་ཕྱིར། རྟོག་གེའི་ངར་སྐད་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་སླར་ཡང་བརྗོད་པ་དེ་ལས་རྣམ་པ་གཞན་དུ་གཉིས་ཉིད་བསལ་བའི་དོན་དུ་སྟེ། ཞེས་དང༌། ཛེ་ཏཱ་རིས་ཀྱང༌། གྲངས་ཀྱི་གཞི་སྨྲས་པས་ནི་རྣམ་པ་གཞན་གྱི་གཉིས་ཉིད་བསལ་བའོ།།ཞེས་གསུངས་པའི་ཕྱིར།

(82)པར་ཐེངས་གཉིས་པ། ཡིན།

རང་ལུགས་ལ། གྲངས་ངེས། མངོན་རྗེས་ཀྱི་ངོ་བོ་ཐ་དད་དུ་བསྟན་པ་གཉིས། དང་པོ་ནི། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། དེ་ལ་དོན་བྱེད་ནུས་པའི་ཆོས་དང་མི་ནུས་པའི་ཆོས་གཉིས་སུ་གྲངས་ངེས་པའི་ཕྱིར། རྩ་བར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པས་ཁྱབ་པའི་ཕྱིར་ཏེ། གཟུང་དོན་རང་མཚན་སྣང་ཡུལ་དུ་བྱེད་པའི་ཚུལ་གྱིས་འཇལ་བའི་ཚད་མ་ཡིན་ན་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ། གཟུང་དོན་སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཚུལ་གྱིས་འཇལ་བའི་ཚད་མ་ཡིན་ན་རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། ཚད་མའི་གྲངས་ངེས་ཀྱི་དོན་ཡོད་དེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པའི་དོན་ལོག་རྟོག་སེལ་བའི་གྲངས་ངེས་ཀྱང་ཡིན་མོད། ཕུང་གསུམ་སེལ་བའི་གྲངས་ངེས་མ་བྱས་ན་གཉིས་ཡིན་གྱི་ཕུང་པོ་དང་གཉིས་པོ་གང་ཡང་མ་ཡིན་པའི་ཕུང་པོ་ཡོད་དམ་སྙམ་པའི་ལོག་རྟོག་མི་སེལ་བས་ན། ཕུང་གསུམ་སེལ་བའི་གྲངས་ངེས་ཡིན་པས་ལོག་རྟོག་དེ་གཉིས་ལྡོག་པའི་ཕྱིར། དོན་དྲིལ་ན་ཚད་མ་ཆོས་ཅན། རྣམ་པ་གཉིས་ཁོ་ན་སྟེ། ཁྱོད་ལ་མངོན་རྗེས་ལས་གཞན་པའི་ཚད་མ་ཕུང་གསུམ་པ་མེད་དེ། ཁྱོད་ཀྱི་གཞལ་བྱ་ལ་མངོན་ལྐོག་ལས་གཞན་པའི་གཞལ་བྱ་ཕུང་གསུམ་པ་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ཞེས་པའི་དགག་ཕྱོགས་སྒྲུབ་ཕྱོགས་ཕུང་གསུམ་གཉིས་གཅིག་ཅར་སེལ་བའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། ཕུང་གསུམ་སྤྱིར་བཀག་པ་འདིས་དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ཕུང་གསུམ་གཉིས་ཀ་སེལ་བར་བྱེད་པ་ཡིན་ནོོ།།ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མངོན་རྗེས་གཉིས་ཐ་དད་ཡིན་ཏེ། དབང་ཤེས་ཡིད་ཤེས་ངོ་བོ་ཐ་དད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཛོད་རང་འགྲེལ་ལས། རྫས་སུ་ན་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ན་ཞེས་དང༌། ཕྱོགས་གླང་གིས། རྫས་སུ་ན་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་རོ།།ཞེས་གསུངས་པའི་ཕྱིར་དང༌། རྫས་ཀྱི་སྒོས་ཐ་དད་བཅུ་བདུན་བྱས་པའི་ཕྱིར། གོང་དུ་མ་ཁྱབ་ན། ཁྱབ་པར་ཐལ། རྗེས་དཔག་ལ་ཡིད་ཆེས་ཀྱིས་ཁྱབ་ཅིང༌། ཚུར་མཐོང་ལ་དབང་མངོན་ལྔ་དང་ཡིད་མངོན་སྐད་ཅིག་མ་གཅིག་ལས་མེད་པས་དབང་མངོན་དང་ངོ་བོ་མི་གཅིག་ན་དེ་གཉིས་རྫས་གཅིག་མི་འགྲུབ་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་མངོན་སུམ་རྟོག་བྲལ་སོགས་སུ་དབང་མངོན་ལ་གཙོ་བོར་བྱེད་དགོས་པའི་ཕྱིར་ཏེ། མངོན་སུམ་གྱི་སྐད་དོད། པྲ་ཏྱཱཀྵ་ཡང་དབང་པོ་དང་དབང་པོ་ལ་བརྟེན་པ་ཞེས་བཤད་དགོས་པའི་ཕྱིར། ཚད་མ་རིགས་སྒོ་ལས། དེ་དབང་པོ་སོ་སོའི་དབང་པོ་ལ་ཡོད་པ་ནི་མངོན་སུམ་ཞེས་དང༌། འཐད་ལྡན་ལས། པྲ་ཏིའི་ཚིག་སོ་སོར་སྡུད་པ་ལ་སོ་སོར་བརྟེན་པ་ཞེས་དང༌། རྟོག་གེ་སྐད་ལས་ཀྱང༌། དབང་པོ་སོ་སོ་པར་གྱུར་པ་ནི་མངོན་སུམ་མོ།།ཨཀྵ་ནི་དབང་པོ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཞེས་པའོ།།ཞེས་གསུངས་པའི་ཕྱིར། རིགས་པ་འདི་དག་ལ་བརྟེན་ནས་དབང་ཤེས་དང་ཡིད་ཤེས་རྫས་ཐ་དད་དང༌། ཚད་མ་དང་ཚད་མིན་སོགས་རྫས་ཐ་དད་གྲུབ་སྟེ། དེ་དག་ངོ་བོ་ཐ་དད་དུ་ལུང་རིགས་ཀྱིས་གྲུབ་པའི་ཕྱིར།

གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ཚད་མ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་མ་ངེས་པར་ཐལ། དེ་གཉིས་གང་རུང་མ་ཡིན་པའི་ཚད་མ་ཕུང་གསུམ་པ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་གང་རུང་མ་ཡིན་པའི་ཚད་མ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཕུང་པོ་གསུམ་པ་འཇོག་ཚུལ་ཚད་མས་སྒྲོ་འདོགས་གཅོད་ཚུལ་ལ་ལྟོས་ནས་གཞག་དགོས་དེ་གཉིས་གང་རུང་མིན་ཙམ་ཀྱིས་མི་ཆོག་པའི་ཕྱིར། རྣམ་བཤད་ལས། མངོན་རྗེས་གང་ཡང་མིན་པའི་ཚད་མ་ཡིན་པ་ཡོད་པས་གཉིས་མ་ཡིན་གྱི་ཕུང་པོ་གསུམ་པར་ག་ལ་འགྱུར། ཞེས་གསུངས་པའི་ཕྱིར་དང༌། རྣམ་ངེས་ཊཱིཀ་ཆེན་ལས་ཀྱང༌། ཕུང་གསུམ་ཡིན་མིན་ཚད་མས་སྒྲོ་འདོགས་གཅོད་ཚུལ་ལ་བལྟ་དགོས་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། གང་ཟག་གི་བདག་མེད་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། རྗེས་དཔག་ཡིན་པར་ཐལ། ཚད་མ་གང་ཁྱོད་ཡིན་པ་ཡོད། ཁྱོད་དུ་གྱུར་པའི་མངོན་སུམ་མེད་པའི་ཕྱིར་ན། འདོད་ལ། རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། ཚད་མ་དང་གཅིག་ཏུ་གྱུར་པའི་ཚད་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས། ཡང་ཁོ་ན་རེ། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་མ་ཁྱབ་པར་ཐལ། གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་གསལ་བར་སྣང་བའི་མངོན་སུམ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་པའི་ཕྱིར། དེར་ཐལ། དངོས་མེད་སྤྱི་མཚན་མངོན་སུམ་གྱི་སྣང་ཡུལ་མིན་ཞིང༌། དོན་རང་མཚན་མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར། རྩ་བར། མེད་ལ་དབང་སྐྱེས་བློ་མིན་ཏེ།།དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར།།ཞེས་པའི་དོན་གྲུབ་པའི་ཕྱིར། ཡང་ཁོ་ན་རེ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་མེད་པར་ཐལ། གང་ཟག་གི་བདག་མེད་གསལ་བར་སྣང་བའི་མངོན་སུམ་མེད་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། འོ་ན། གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་གསལ་བར་སྣང་བ་དེ་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རྒྱུ་ལ་བརྟེན་ནས་འཐོབ་དགོས་པར་ཐལ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་ལ་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་ཙམ་གསལ་བར་སྣང་བའི་ཕྱིར་ན་མ་ཁྱབ་སྟེ། གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་གསལ་བར་སྣང་བའི་གང་ཟག་གི་བདག་མེད་མངོན་སུམ་གྱིས་རྟོགས་པའི་རྣལ་འབྱོར་མངོན་སུམ་རྒྱུད་ལྡན་ལ་འཕགས་པ་ཁོ་ནས་ཁྱབ་པའི་ཕྱིར། དེར་ཐལ། སོ་སྐྱེའི་རྒྱུད་ལ་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་གསལ་བར་སྣང་བའི་མངོན་སུམ་ཡོད་པ་གང་ཞིག །གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོོན་སུམ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། འདུ་བྱེད་ཀྱི་ཕུང་པོ་དང་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པ་གང་ཞིག །འདུ་བྱེད་ཀྱི་ཕུང་པོ་གསལ་བར་སྣང་བའི་ཚུར་མཐོང་གི་མངོན་སུམ་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པའི་མངོན་སུམ་ཚད་མ་དང་པོར་ཐོབ་པ་དང༌། མཐོང་ལམ་ཐོབ་པ་དུས་མཉམ་པའི་ཕྱིར། རིགས་ཐིགས་ལས། ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའ་ལས་བྱུང་བའི་རྣལ་འབྱོར་པའི་ཤེས་པའོ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བསྒོམས་པའི་རབ་མཐའ་སྦྱོར་ལམ་ཆོས་མཆོག་དང་དེ་ལས་བྱུང་བ་མཐོང་ལམ་ཡན་ཆད་ལ་འཇོག་པའི་ཕྱིར།

སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར།།ཞེས་སོགས་ལ་གཞུང་དོན་དང་མཐའ་དཔྱད་གཉིས། དང་པོ་ནི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།།ཞེས་པའི་སྐབས་སུ་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་བཤད་པ་ལ། གཏན་ཚིགས་རྣམ་གྲངས་བཞི་ཡོད་པའི། དང་པོ་སྟོན་པར། དོན་བྱེད་ནུས་དང་མི་ནུས་ཕྱིར།།ཞེས་གསུངས། གཉིས་པ་སྟོན་པར། འདྲ་དང་མི་འདྲ་ཉིད་ཕྱིར་དང༌།།ཞེས་གསུངས། གསུམ་པ་སྟོན་པར་དྲངས་མ་ཐག་བྱུང༌། བཞི་པ་འཆད་པར། རྒྱུ་མཚན་གཞན་ནི་ཡོད་པ་ན།།བློ་ནི་ཡོད་དང་མེད་ཕྱིར་རོ།།ཞེས་བྱུང༌། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ། རང་མཚན་ཡིན་ན་རྗོད་བྱེད་སྒྲའི་བརྗོད་བྱ་མ་ཡིན་པས་ཁྱབ་ཟེར་ན། བུམ་སྤྱི་ཆོས་ཅན། སྤྱི་མཚན་ཡིན་ན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུམ་པའི་དོན་སྤྱི་ཆོས་ཅན། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྗོད་བྱེད་རང་མཚན་ཡིན་པའི་ཕྱིར། འཁོར་གསུམ་ཁས། ཡང་བུམ་སྤྱི་ཆོས་ཅན། རྗོད་བྱེད་རང་མཚན་མ་ཡིན་པར་ཐལ། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། སྤྱི་མཚན་ཡིན་པའི་ཕྱིར། གཞན་ཡང༌། རྟོག་གེའི་ཚིག་དོན་བརྒྱད་རེ་རེ་ནས་དངོས་སུ་སྟོན་པའི་རྗོད་བྱེད་རྣམ་དག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལུས་ལྟ་བུའི་བསྟན་བཅོས་གསུམ་གྲུབ་པའི་ཕྱིར། འཁོར་གསུམ་ཁས། སོགས་བྱ། སྔོན་གྱི་མཁས་.....རེད་དབང་.....གཡག་ཁ་ཅིག་ན་རེ། རགས་རྒྱུན་གང་རུང་ཡིན་ན་རྫས་སུ་མ་གྲུབ་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། བྱས་པ་ལ་མཁས་པ་ཁ་ཅིག་.....རེད།རྟགས་མ་གྲུབ་སྟེ། བུམ་པ་རགས་རྒྱུན་གང་རུང་མ་ཡིན་པའི་ཕྱིར་ཏེ། དེ་དུས་མཐའི་སྐད་ཅིག་མ་དང་རྡུལ་ཕྲ་རབ་གང་རུང་ཡིན་པའི་ཕྱིར་གསུང་ན། བུམ་པ་ཆོས་ཅན། རྡུལ་ཕྲ་རབ་མ་ཡིན་པར་ཐལ། ཁྱོད་ཚུར་མཐོང་གི་དབང་པོའི་མངོན་སུམ་གྱི་དངོས་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན།།ཞེས་གསུངས་པའི་ཕྱིར། ལུང་དྲངས་མཚམས་ལ་རྟགས་མ་གྲུབ་ན། དེར་ཐལ། ཁྱོད་ཚུར་མཐོང་གི་རྒྱུད་ཀྱི་བུམ་འཛིན་དབང་པོའི་མངོན་སུམ་གྱི་དངོས་ཡུལ་ཡིན་པའི་ཕྱིར་ཏེ། ཚུར་མཐོང་རྒྱུད་ཀྱི་དེ་ཡོད་པའི་ཕྱིར། ཡང་གཡག་སྡེ་པཎ་ཆེན་ན་རེ། བུམ་པ་རྫས་སུ་མ་གྲུབ་པར་འདོད་དེ། དེ་སྤྱི་མཚན་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བུམ་པ་གསེར་བུམ་གྱི་སྤྱི་ཡིན་པར་ཐལ། གསེར་བུམ་ཡོད། བུམ་པ་སྤྱི་ཡིན་པའི་ཕྱིར། འདོད་ན། གསེར་བུམ་ཆོས་ཅན། རྫས་སུ་གྲུབ་པར་ཐལ། བུམ་པའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་སླ། ཁྱབ་པ་སོང༌། འདོད་མི་ནུས་ཏེ། སྤྱི་མཚན་ཡིན་པའི་ཕྱིར། དེར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྟགས་གྲུབ་སྟེ། ཤར་ཕྱོགས་ཀྱི་གསེར་བུམ་གྱི་སྤྱི་ཡིན་པའི་ཕྱིར། གཞན་ཡང་རང་མཚན་གྱི་མཚན་གཞི་ངོས་བཟུང༌། བྱས་པ་ལ་ཁོ་ན་རེ། བུམ་པ་རང་མཚན་པ་དེ་རང་མཚན་གྱི་མཚན་གཞི་ཟེར་ན། དེ་ཆོས་ཅན། རང་མཚན་མ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། དེར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། གསེར་བུམ་རང་མཚན་པའི་སྤྱི་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རྡེའུ་རང་མཚན་པ་རང་མཚན་གྱི་མཚན་གཞི་ཟེར་ན། དེ་ཆོས་ཅན། རང་མཚན་མ་ཡིན་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། དེར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། དེར་ཐལ། མདུན་གྱི་རྡེའུ་རང་མཚན་དཀར་ཆུང་དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དངོས་པོ་ལ་རང་མཚན་གྱིས་ཁྱབ་ཅིང༌། རང་མཚན་ལ་ཆ་མེད་པས་ཁྱབ་ཟེར་ན། དངོས་པོ་ཆོས་ཅན། ཆ་མེད་ཡིན་པར་ཐལ། རང་མཚན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དངོས་པོ་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཡིན་པ་དུ་མ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། དངོས་པོ་ཡིན་ན་རང་མཚན་ཡིན་མི་དགོས་ཟེར་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་སུ། རྩ་བར། དོན་བྱེད་ནུས་དང་མི་ནུས་ཕྱིར།།ཞེས་བཀོད་པ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དོན་བྱེད་ནུས་པ་ཐམས་ཅད་རང་མཚན་དང་དོན་བྱེད་མི་ནུས་པའི་ཆོས་སྤྱི་མཚན་ཡིན་པ་རྣམ་འགྲེལ་གྱི་དགོངས་པ་ཡིན་པའི་ཕྱིར་ཏེ། དང་པོ་གང་ཞིག །གཉིས་པ་ཡང་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ཡ་མ་རིའི་འགྲེལ་པ་ལས། འགྲེལ་བ་བྱེད་པ་གང་གི་རྣམ་པ་གང་ཞིག་གིས་དོན་བྱ་བ་འགའ་ཞིག་ལ་ནུས་པ་དེ་ནི་རང་གི་མཚན་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་པ་དེ་ཉིད་ལས། ནུས་པ་ཐམས་ཅད་དང་བྲལ་བ་ནི་སྤྱིའི་མཚན་ཉིད་ཡིན་ནོ།།ཞེས་གསུངས་པའི་ཕྱིར།

ཡང་ཁ་ཅིག་ན་རེ། རགས་པ་དང་རྒྱུན་དང་སྤྱི་གསུམ་པོ་གང་རུང་ཡིན་ན། རྫས་སུ་མ་གྲུབ་པས་ཁྱབ་ཟེར་ན། འོ་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རགས་པ་གང་ཞིག །རྒྱུན་ཡང་ཡིན། སྤྱི་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྡུལ་ཕྲན་དུ་མ་འདུས་པའི་གོང་བུ་དེ་རགས་པའི་དོན་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། རྡུལ་ཕྲ་རབ་དུ་མ་ཆ་ཤས་སུ་ལྡན་པའི་གོང་བུ་ལ་རགས་པ་ཞེས་བྱའོ།།ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་གི་སྐད་ཅིག་སྔ་ཕྱི་དུ་མ་ལྡན་པའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་རྒྱན་ལས། དེས་ན་སྐད་ཅིག་དུ་མ་ཆ་ཤས་སུ་ལྡན་པའི་དུས་ལ་རྒྱུན་ཞེས་བྱ་ལ་ཞེས་གསུངས་པའི་ཕྱིར། གསུམ་པ་བསྒྲུབས་ཟིན། རྩ་བར་འདོད་ན། བུམ་པ་ཆོས་ཅན། རྫས་སུ་གྲུབ་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་དང་དོན་བྱེད་ནུས་པ་དང་ཐུན་མོང་མ་ཡིན་པར་སྣང་བའི་ཆོས་དང་སྒྲ་དོན་མ་ཡིན་པའི་ཆོས་དང་རང་འཛིན་པའི་བློ་སྐྱེད་པ་རྣམས་རང་མཚན་གྱི་དོན་ཡིན་པའི་ཕྱིར། རྩ་བར། དོན་བྱེད་ནུས་དང་མི་ནུས་ཕྱིར།།ནས། བློ་ནི་ཡོད་དང་མེད་ཕྱིར་རོ།།ཞེས་གསུངས་པའི་ཕྱིར་ཏེ། ཤཱཀྱ་བློས། དེ་ལ་དོན་བྱེད་ནུས་པ་གང་ཡིན་པ་དང་ཐུན་མོང་མིན་པ་དང༌། སྒྲའི་ཡུལ་མ་ཡིན་པ་དང༌། ནས། གང་མེད་པ་ལས་བློ་མེད་པར་བཤད་པ་གང་ཡིན་པ་དེ་རང་གི་མཚན་ཉིད་ལ་སྦྱར་བར་བྱའོ།།ཞེས་གསུངས་པའི་ཕྱིར། དེས་ན་རང་སྤྱི་གཉིས་ཡིན་གྱི་ཕུང་པོ་དང་གཉིས་པོ་གང་ཡང་མ་ཡིན་པའི་གཉིས་མིན་ཕུང་པོ་ཡང་བསལ་བར་ཐལ། རང་མཚན་དོན་དེ་འདྲ་གང་ཞིག །དོན་བྱེད་མི་ནུས་པའི་ཆོས་དང༌། ཐུན་མོང་བའི་ཆོས་དང༌། སྒྲའི་དོན་དང༌། བྱེད་ལས་རང་འཛིན་ཤེས་པ་མི་སྐྱེད་པའི་ཆོས་རྣམས་སྤྱི་མཚན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མཁས་གྲུབ་ཊིཀ་ཆེན་ལས། དེ་ལྡོག་པ་བཞི་སྤྱི་མཚན་གྱི་ཆོས་སུ་ཤེས་པར་བྱ་བའི་ཕྱིར། ཞེས་དང༌། ཤཱཀྱས། དེ་ལྟར་ན་ནུས་པ་མེད་པ་གང་ཡིན་པ་དང༌། ཐུན་མོང་དང་སྒྲའི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ལ་སྦྱར་བར་བྱའོ།།ཞེས་གསུངས་པའི་ཕྱིར། དེས་ན་སྤྱི་དང་སྤྱི་མཚན་དོན་གཅིག་མ་ཡིན་པར་ཐལ། མཚན་མཚོན་གཉིས་སྤྱི་མ་ཡིན་པའི་ཕྱིར། དཔང་ལོ་ན་རེ། དོན་དམ་དོན་བྱེད་ནུས་པ་གང༌།།ཞེས་དོན་དམ་གྱི་སྐད་དོད་རྒྱ་སྐད་ལ་མི་འདུག་གོ་ཟེར་ན། ལྷ་ཤཱཀ་བ་ཡ་མ་རི་རྣམས་ཀྱིས་དོན་དམ་མི་འདོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཡ་མ་རིས་བཤད་པའི་ཡ་མ་རིའི་འགྲེལ་པ་ལས། ཡོད་པ་དང་ལྡན་པ་ལ་སོགས་པ་གསལ་བར་གསུངས་པ་ནི་དོན་དམ་དོན་བྱེད་ཅེས་གསུངས་པའོ།།གཞན་ཡང་ལྷ་ཤཱཀ་གིས་དོན་དམ་དོན་བྱེད་ཅེས་པའི་གཞུང་མི་འདོད་པར་ཐལ། རྒྱ་དཔེ་ལ་དོན་དམ་གྱི་སྐད་དོད་མེད་པའི་ཕྱིར། འདོད་མི་ནུས་ཏེ། ལྷས་འདོད་པ་གང་ཞིག །ཤཱཀྱས་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ལྷས། དོན་དམ་པར་དོན་བྱེད་ནུས་གང༌། ཞེས་བྱ་བ་ལ་དོན་ནི་འབྲས་བུ་ཡིན་ལ་དེའི་བྱེད་པ་ནི་བསྐྱེད་པའོ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་ནི་ཞེས་པ་དོན་དམ་གྱི་དོན་ལ་བྱེད་པའི་ཕྱིར། ཤཱཀྱ་བློས། དེ་ལ་དོན་དམ་པའི་སྒྲའི་དོན་བཟུང་ནས་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།།ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤཱཀྱ་བློས། དོན་དམ་པར་དོན་བྱེད་ནུས་གང༌། ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དབུ་མ་པས་དེའི་ཟློག་ཕྱོགས་དོན་དམ་པར་དོན་བྱེད་ནུས་པ་མེད་པར་འདོད་པའི་ཕྱིར། ཤཱཀྱ་བློས། དེ་བས་ན་དོན་དམ་པར་དོན་བྱེད་ནུས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།།ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་དེ། དེ་ནི་རྣམ་བཤད་ཀྱི་ཡང་དགོངས་པ་ཡང་དག་ཡིན་པའི་ཕྱིར། རྣམ་བཤད་ལས། དོན་གྱི་ཁྱད་པར་སྨོས་པའི་དགོས་པ་ནི་ཀུན་རྫོབ་ཙམ་དུ་དོན་བྱེད་ནུས་པར་འདོད་པ་དག་གི་ལོག་རྟོག་དགག་པའི་ཆེད་དུ་ཚིག་ཟུར་ཕྱིན་པར་སྨོས་པ་ཡིན་གྱི་ཞེས་གསུངས་པའི་ཕྱིར།

ཡང་ཁ་ཅིག་ན་རེ། དོན་དམ་དོན་བྱེད་ནུས་པ་སོགས་རང་སྤྱིའི་མཚན་ཉིད་བཤད་པ་མི་འཐད་པར་ཐལ། མཚན་ཉིད་གཉིས་བཤད་ཅེས་གསུང་གི་མཚན་ཉིད་གཉིས་ཀའི་མཚན་ཉིད་མ་གསུངས་པའི་ཕྱིར། འགྲེལ་པ་དག་གིས་ཀྱང་མ་བཤད་པའི་ཕྱིར་ཏེ། མངོན་སུམ་སྤྱི་དོན་ལས། རང་གི་མཚན་ཉིད་དུ་བཤད་ཅེས་སོགས་ལ་རང་གི་མཚན་ཉིད་ཀྱི་མཚན་ཉིད་དུ་བཤད་ཅེས་སོགས་ཀྱི་བཤད་པ་རང་གི་འདོད་པ་ཙམ་གྱིས་སྦྱར་ནས་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དོགས་པའི་རྣམ་གྲངས་ཙམ་ཡིན་གྱི་ངེས་བཟུང་མི་ཐུབ་པའི་ཕྱིར། དེར་ཐལ། ལྷ་དབང་གིས་ཀྱང་མཚན་ཉིད་ལ་སྦྱར་བའི་ཕྱིར། ཡ་མ་རིའི་ཊཱིཀ་ཆེན་ལས། ཇི་སྐད་དུ་འགྲེལ་པ་བྱེད་པས་གང་ཞིག་རྣམ་པ་གང་གིས་དོན་བྱ་བ་འགའ་ཞིག་ལ་ནུས་པ་དེ་ནི་རང་གི་མཚན་ཉིད་ཡིན་ལ། ནུས་པ་ཐམས་ཅད་དང་བྲལ་བས་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་བཤད་པ་བཞིན་ནོ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་གི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ལ་ཞེས་གསུངས་པའི་ཕྱིར་དང༌། དེས་ན་ལྷས་འགྲེལ་པ་ལས། དེ་དག་རང་སྤྱིའི་མཚན་ཉིད་བཤད། དོན་དམ་པར་ཡོད་པ་ནི་རང་གི་མཚན་ཉིད་ཡིན་ལ་ཀུན་རྫོབ་ཏུ་ཡོད་པ་ནི་སྤྱིའི་མཚན་ཉིད་ཡིན་ནོ།།ཞེས་གསུངས་པ་ཡང་མཚན་ཉིད་ལ་སྦྱོར་རིགས་པར་ཐལ། རང་ཞེས་པས་རང་མཚན་བསྡུས། སྤྱི་ཞེས་པས་སྤྱི་མཚན་བསྡུས་པའི་ཕྱིར། རྣམ་བཤད་ལས། ཇི་སྐད་བཤད་པའི་དོན་ལྡོག་གཉིས་པོ་དེ་དག་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དུ་བཤད་པའི་རྒྱུ་མཚན་ཡོད་དེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་རང་མཚན་གྱི་མཚན་ཉིད་ཟེར་ན། དེ་ཆོས་ཅན། ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་འགྱུར་བས་ཁྱོད་ཁས་མི་ལེན་པར་ཐལ། ཁྱོད་རང་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མི་འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་ཁས་ལེན་པའི་ཕྱིར། དེར་ཐལ། དེས་དངོས་པོ་ཡིན་ན་དེ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། དེར་ཐལ། དེས་དངོས་པོ་ཡིན་ན་ཡུལ་མ་འདྲེས་པར་གནས་པའི་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན། དེས་དེ་ཡིན་ན་དུས་མ་འདྲེས་པའི་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན། དེས་དེ་ཡིན་ན་རང་བཞིན་མ་འདྲེས་པའི་དངོས་པོ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ལུས་འཕགས་གླིང་ཤར་ན་ཡོད་ཀྱང་འཛམ་བུའི་གླིང་ན་མེད་པ་སོགས་འདོད་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་རྒྱན་ལས། ཤར་ལ་རེག་པའི་རྫས་དེས་ནུབ་ལ་མ་རེག་པ་ལྟ་བུ་ཡུལ་མ་འདྲེས་པའི་དོན་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་སྐྱ་རེངས་དང་པོའི་དུས་དེ་ཐོ་རངས་ཡོད་ཀྱང་སྲོད་ལ་མེད་པར་འདོད་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་རྒྱན་ལས། སྔ་དྲོའི་ཀ་བ་ཕྱི་དྲོ་མེད་པ་ལྟ་བུ་དུས་མ་འདྲེས་པ་ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། བ་ལང་ལ་ཡོད་པའི་རང་བཞིན་རྟ་ལ་མེད་པ་ལྟ་བུ་ཡིན་པའི་ཕྱིར། སྡེ་བདུན་རྒྱན་ལས། བ་ལང་རང་གི་གསལ་རྗེས་སུ་འགྲོ་བའི་ཚེ་ཁྲ་བོ་ལ་ཡོད་པའི་རང་བཞིན་དེ་སེར་སྐྱ་ལ་མེད་པ་སོགས་རང་བཞིན་མ་འདྲེས་པའི་དོན་ཡིན་ནོ།།ཞེས་གསུངས་པའི་ཕྱིར།

གཞན་ཡང༌། ཡུལ་དུས་རང་བཞིན་མ་འདྲེས་པའི་ཆོས་ཡིན་ན་རང་མཚན་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རང་མཚན་ཡིན་པར་ཐལ། ཡུལ་དུས་རང་བཞིན་མ་འདྲེས་པ་ཙམ་ཡིན་པའི་ཕྱིར། དེར་ཐལ། ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཁྱབ་པའི་ཆ་དེ་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་མ་ཁྱབ་པས་ཡུལ་མ་འདྲེས་པ་དང༌།83ཁར་སང་གི་ནམ་མཁས་དེ་རིང་གི་ནམ་མཁའ་ལ་མ་ཁྱབ་པ་ལྟ་བུ་དུས་མ་འདྲེས་པ་དང༌། གསེར་བུམ་གྱི་ནམ་མཁས་དངུལ་བུམ་གྱི་ནམ་མཁར་མ་ཁྱབ་པས་རང་བཞིན་མ་འདྲེས་པ་ཡིན་པའི་ཕྱིར། རིགས་རྒྱན་ལས། འདུས་མ་བྱས་ཀྱི་ནམ་མཁའ་ཡང་ཡུལ་དུས་རང་བཞིན་མ་འདྲེས་པ་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཁྲ་བོའི་ངོ་བོ་ཡིན་ན་སེར་སྐྱའི་ངོ་བོ་མ་ཡིན་པས་ཁྱབ་པ་དེ་རང་བཞིན་མ་འདྲེས་པའི་དོན་ཡིན་པར་ཐལ། རྩ་བར། ཁྲ་བོ་ཡི་ནི་ངོ་བོ་གང༌།།དེ་ནི་སེར་སྐྱ་ལ་ཡོད་མིན།།ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཁྲ་བོའི་ངོ་བོ་དང་ཁྲ་བོ་སེར་སྐྱའི་ངོ་བོ་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་གཉིས་ལ་ཐུན་མོང་དུ་ཁྱབ་པའི་བ་སྤྱི་མེད་པར་ཐལ། འདོད་པའི་ཕྱིར། དེ་གཉིས་ཀ་བ་ལང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ལ་བ་ལང་གི་རིགས་སྤྱི་ཞུགས་པའི་ཕྱིར་ཏེ། དེ་གཉིས་ལ་བ་ལང་གི་རིགས་སྤྱི་ལྡན་པའི་ཕྱིར། རྩ་བར། དེ་འབྲས་ཅན་མིན་ལས་ལྡོག་པ།།གཉིས་ཀ་ལ་ཡང་ཡོད་པ་ཡིན།།ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དོན་དམ་པར་དོན་བྱེད་ནུས་པའི་ཆོས་རང་མཚན་གྱི་མཚན་ཉིད། དེ་མི་ནུས་པའི་ཆོས་སྤྱི་མཚན་གྱི་མཚན་ཉིད་ཟེར་ན། རང་མཚན་གྱི་ལྡོག་པ་ཆོས་ཅན། རང་མཚན་དུ་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། རང་མཚན་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཁྱོད་ཀྱི་ཆོས་ཡིན་པར་ཐལ། ཁྱོད་ཀྱི་ལྡོག་པ་ཁྱོད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར།

(83)པར་ཐེངས་གཉིས་པ། ཁ་སང།

རང་ལུགས་ལ། གཞུང་འདི་བཀོད་པའི་དགོས་པ་དང༌། བདེན་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་གང་འདོད་དཔྱད་པ། གཞུང་འདིས་བསྟན་ཚུལ་གྲུབ་མཐའ་གང་ཡིན་དཔྱད་པ། དེ་དག་གི་རྣམ་གཞག་དཔྱད་པ་བཞི་ལས། དང་པོ་ནི། གཞུང་འདི་བཀོད་པའི་དགོས་པ་ཡོད་དེ། ངོ་བོ་ཉིད་མེད་པར་སྨྲ་བ་དང༌། དངོས་སྨྲ་གཉིས་བདེན་གྲུབ་དང་ཀུན་རྫོབ་ཏུ་གྲུབ་པ་དཔྱོད་པའི་གཞི་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པའི་གཞི་དངོས་པོ་བདེན་གྲུབ་རྒྱས་པར་གཏན་ལ་འབེབས་ཆེད་དུ་གཞུང་འདི་གསུངས་པའི་ཕྱིར། གཉིས་པ་བདེན་གཉིས་སོ་སོའི་མཚན་གཞི་དང་མཚན་ཉིད་གང་སྟོན་གྱི་ཁྱད་པར་ཡོད་དེ། གཞུང་འདིའི་མདོ་སྡེ་པའི་ལུགས་ཀྱི་བདེན་པ་གཉིས་ཀྱི་མཚན་གཞི་ངོས་འཛིན་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བྱེད་པ་མདོ་སྡེ་པ་ཁོ་ནའི་ལུགས་བྱེད་དགོས་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། ཚིག་ཟུར་ལ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པའི་དོན་དེ་ལྟར་སྦྱོར་ན་མདོ་སྡེ་པ་འབའ་ཞིག་གི་དབང་དུ་བྱས་ཏེ། ཞེས་གསུངས་པའི་ཕྱིར་དང༌། གཙོ་བོ་ནི་བདེན་གཉིས་ཀྱི་མཚན་གཞི་ངོས་འཛིན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། བདེན་གཉིས་ངོས་འཛིན་དང་ཡོད་ཚུལ་གཉིས་ལས་ཡོད་ཚུལ་གཙོ་བོ་ཡིན་ཏེ། དོན་དམ་དུ་ཡོད་པ་དང་ཀུན་རྫོབ་ཏུ་ཡོད་པ་སོ་སོའི་མཚན་གཞི་ངོས་འཛིན་པ་ཡིན་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། བདེན་པ་གཉིས་ཀྱི་མཚན་གཞི་གསུངས་པ་ཡོད་ཚུལ་གཉིས་ཀའི་མཚན་གཞི་ལ་བྱེད་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། ཀུན་རྫོབ་ཏུ་དོན་བྱེད་ནུས་པར་འདོད་པ་དག་གི་ལོག་རྟོག་དགག་པའི་ཆེད་དུ་ཞེས་གསུངས་པའི་ཕྱིར། གཞན་ཡང་ཡོད་ཚུལ་གཙོ་བོ་ཡིན་པར་ཐལ། རྩ་བར། དེ་འདིར་དོན་དམ་ཡོད་པ་ཡིན།།གཞན་ནི་ཀུན་རྫོབ་ཡོད་པ་སྟེ།།ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་བྱེད་ནུས་དང་མི་ནུས་ཕྱིར།སོགས་ལ་སྦྱར་ན་དོན་དམ་དུ་ཡོད་པ་དང་ཀུན་རྫོབ་ཏུ་ཡོད་པ་ལ་སྦྱར་དགོས་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་མི་ནུས་ཀྱིས་དེ་ལྟར་བསྟན་པ་གང་ཞིག །འདྲ་མི་འདྲས་ཀྱང་དེ་ལྟར་བསྟན། སྒྲའི་ཡུལ་དང་ཡུལ་མིན་གྱིས་ཀྱང་དེ་ལྟར་བསྟན། བློ་ནི་ཡོད་དང་མེད་པས་ཀྱང་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ལྷས་རང་ཉེ་བས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་འདིར་ཏེ་བསྟན་ཆོས་འདིར་དོན་དམ་པར་ཡོད་པ་ཡིན་ནོ།།ནས། ཀུན་རྫོབ་ཏུ་ཡོད་པར་འདོད་དོ།།ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྷས། དེ་ལྟར་ན་མི་འདྲ་བ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཞིང༌། འདྲ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ།།གསུམ་པ་གྲུབ་སྟེ། ལྷས། སྒྲའི་ཡུལ་མིན་པ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཡང་ཡིན་ཞིང་སྒྲའི་ཡུལ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ།།ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ལྷས། རྒྱུན་ཡོད་ན་ཡང་འགའ་ཞིག་མེད་ན་མེད་པ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཞིང་གཞན་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ།།ཞེས་གསུངས་པའི་ཕྱིར། གསུམ་པ་བསྟན་ཚུལ་དང༌། གྲུབ་མཐའ་གང་ཡིན་ཁྱད་པར་ཡོད་དེ། གཏན་ལ་དབབ་བྱའི་གཙོ་བོ་དངོས་པོ་དོན་དམ་དུ་གྲུབ་པ་ལ་བྱེད་པས་མདོ་སེམས་ཐུན་མོང་བའི་ལུགས་ཡིན་པའི་ཕྱིར། རྣམ་བཤད་ལས་ཀྱང༌། འདིར་གཏན་ལ་དབབ་བྱའི་གཙོ་བོ་ནི་སྔར་བཤད་པ་ལྟར་དངོས་པོ་དོན་དམ་དུ་གྲུབ་མ་གྲུབ་འབའ་ཞིག་ཅེས་པའི་དོན་གྲུབ་པའི་ཕྱིར། དེས་ན་གཞུང་འདི་མདོ་སེམས་ཐུན་མོང་གི་གཞུང་ཡིན་ཏེ། རྣམ་བཤད་ལས། དངོས་བསྟན་གྱི་དབང་དུ་བྱས་ན་དོན་སེམས་གཉིས་ཀའི་ཐུན་མོང་དབང་དུ་བྱ་པར་བཤད་དེ། ཞེས་གསུངས་པའི་ཕྱིར། དངོས་བསྟན་ཕལ་བ་མདོ་སྡེ་བ་ཁོ་ནའི་ལུགས་ཡིན་ཏེ། དངོས་པོ་དང་རང་མཚན་དོན་དམ་བདེན་པ་དང༌། སྤྱི་མཚན་དང་རྟག་པ་ཀུན་རྫོབ་བདེན་པར་བཤད་པའི་ཕྱིར། ཡ་མ་རིའི་འགྲེལ་པ་ལས། ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་གཞག་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བདེན་གཉིས་དེ་ལྟར་བྱེད་པ་མདོ་སྡེ་པ་ལས་གཞན་མེད་པའི་ཕྱིར། རྣམ་བཤད་ལས། ཚིག་ཟུར་ལ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པའི་མཚན་གཞིར་མི་གསལ་ཡང༌། དོན་དེ་ལྟར་སྦྱོར་ན་མདོ་སྡེ་པ་འབའ་ཞིག་གི་དབང་དུ་བྱས། ཞེས་གསུངས་པའི་ཕྱིར།

                   རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།