ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་རིགས་བརྗོད་དང་ཚོགས་བརྗོད་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:58:38     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

                                                                                                   རིགས་བརྗོད་དང་ཚོགས་བརྗོད་བཤད་པ།

གཉིས་པ་རྒྱས་བཤད་ཀྱི་དུ་མ་ཡོད་པའི་གྲངས་ཅན་གྱི་གྲངས་སོགས་རྫས་གྲུབ་འགོག་པའི་སྐབས་ཀྱི་དེ་རྫས་གྲུབ་མེད་ཀྱང་ཆོས་དང་ཆོས་ཅན་བརྗོད་པའི་ཁྱད་པར་དང་རིགས་བརྗོད་ཚོགས་བརྗོད་ཀྱི་ཁྱད་པར་གཉིས་ལས་དང་པོ་སྟོན་པ་ལ། རྩ་བར། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །ནས། དེས་ན་བུམ་པ་གཟུགས་སོ་ཞེས། །གཞི་གཅིག་པ་ཅན་སྒྲ་མ་ཡིན། །ཞེས་བྱུང༌། གཉིས་པ་ནི། རྩ་བར། དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །དེ་སྤྱི་ཡན་ལག་ཏུ་བྱས་ཏེ། །བུམ་པ་ཡི་ནི་གཟུགས་སོགས་ཞེས། །དེ་ནུས་ཁྱད་པར་སྟོན་པར་བྱེད། །ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ། །ཞེས་བྱུང༌། འདིར་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་སླ། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྤྱི་དོན་རྫས་གཞན་མེད་ན་རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་མེད་མི་དགོས་ཏེ། རིགས་བརྗོད་ཀྱི་སྒྲ་དེ་རིགས་སྤྱི་རྣམས་ལ་དངོས་སུ་འཇུག་ལ། ཚོགས་བརྗོད་ཀྱི་སྒྲ་དེ་ཚོགས་སྤྱི་རྣམས་ལ་དངོས་སུ་མི་འཇུག་པའི་ཕྱིར། དང་པོ་གྲུབ་སྟེ། རིགས་བརྗོད་བུམ་པ་ཞེས་པའི་སྒྲ་དེ་བུམ་པའི་རིགས་ཀྱི་ཡ་གྱལ་གསེར་བུམ་སོགས་ལ་དངོས་སུ་འཇུག་པའི་ཕྱིར་ཏེ། དེ་དག་བུམ་པ་ཡིན་པའི་ཕྱིར་ཏེ། རྩ་བར། དེ་མཚུངས་འབྲས་བུ་ཡི། །རྒྱུན་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །ཞེས་དང༌། མཁས་གྲུབ་ཊཱིཀ་ཆེན་ལས། དེས་ན་བུམ་པ་ཞེས་པའི་སྒྲ་དེ་བུམ་པའི་བྱེ་བྲག་རྣམས་ལ་ལྟོས་ནས་རིགས་བརྗོད་ཀྱི་སྒྲ་ཡིན་པས་རིགས་ཅན་དེ་དག་བརྗོད་པར་བྱ་བར་མི་སྤོང་ལ། ཞེས་དང༌། རྣམ་བཤད་ལས། སྔ་མས་རིགས་ཅན་བརྗོད་བྱར་མི་སྤོང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚོགས་བརྗོད་བུམ་པ་ཞེས་པའི་སྒྲ་དེ་བུམ་པའི་ཚོགས་པ་ཅན་གཟུགས་དྲི་རོ་རེག་དང་རྡུལ་ཕྲན་རྣམས་ལ་དངོས་སུ་མི་འཇུག་པའི་ཕྱིར། བུམ་པའི་གཟུགས་སོགས་བུམ་པ་མ་ཡིན་པའི་ཕྱིར། རྩ་བར། གཟུགས་སོགས་ནུས་པའི་ཁྱད་པར་ནི། །སྤོང་བས་ཞེས་དང༌། མཁས་གྲུབ་ཊིཀ་ཆེན་ལས། བུམ་པའི་གཟུགས་སོགས་ལ་ལྟོས་ནས་ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཚོགས་པ་ཅན་དེ་དག་བརྗོད་བྱར་སྤོང་ཞིང༌། ཞེས་དང༌། རྣམ་བཤད་ལས། ཕྱི་མའི་ཚོགས་པ་ཅན་བརྗོད་བྱར་སྤོང་བ་འདི་ནི་རིགས་བརྗོད་དང་ཚོགས་པ་བརྗོད་པའི་ཁྱད་པར་ཡིན། ཞེས་གསུངས་པའི་ཕྱིར།

མཐའ་དཔྱད་ལ་ཁ་ཅིག་ན་རེ། ཁྱོད་དངོས་སུ་འཇུག་པའི་གཞི་ཡང་ཡིན། རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པ་གང་ཞིག །རྗོད་བྱེད་སྒྲར་དམིགས་པ་རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། ཁྱོད་དངོས་སུ་འཇུག་པའི་གཞི་ཡང་ཡིན་ཚོགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པ་གང་ཞིག །རྗོད་བྱེད་ཀྱི་སྒྲར་དམིགས་པ་ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཟེར་ན། དང་པོ་ལ། དངོས་པོའི་མཚན་ཉིད་ཅེས་པའི་སྒྲ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན་རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད། རྗོད་བྱེད་ཀྱི་སྒྲར་དམིགས་པ་ཡིན་པའི་ཕྱིར། གཉིས་པ་སླ། དང་པོ་གྲུབ་སྟེ། དོན་བྱེད་ནུས་པ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། དེ་ལ་དངོས་པོའི་མཚན་ཉིད་ཀྱི་སྒྲ་དངོས་སུ་འཇུག་པའི་ཕྱིར་ཏེ། དེ་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་དངོས་མིང་དུ་འཇུག་པའི་གཞི་དང་རིགས་སྤྱིའི་གཞི་མཐུན་ཡོད་པར་ཐལ། ཁྱོད་རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། དངོས་པོའི་མཚན་ཉིད་ཆོས་ཅན། སྤྱི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། དམ་བཅའ་ཕྱི་མ་ལ། ཤེས་བྱ་ཞེས་པའི་སྒྲ་ཆོས་ཅན། ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་དངོས་སུ་འཇུག་པ་དང་ཚོགས་སྤྱིའི་གཞི་མཐུན་ཡོད། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། དང་པོ་སྒྲུབ་སྟེ། བུམ་པ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ལ་ཤེས་བྱའི་སྒྲ་དངོས་སུ་འཇུག་པ་གང༌། ཚོགས་སྤྱི་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་བྱའི་རིགས་བརྗོད་ཀྱི་དོན་ཡོད་པའི་ཕྱིར། དཔེར་ན་བུམ་པའི་རིགས་བརྗོད་ཀྱི་དོན་བུམ་པའི་བྱེ་བྲག་ཡིན་ན་བུམ་པའི་སྒྲ་དངོས་སུ་འཇུག་པའི་ཁྱབ་པ་བཞིན་ཡིན་པའི་ཕྱིར། ཊཱིཀ་ཆེན་ལས། དེའི་རྒྱུ་མཚན་ཡང་བུམ་པའི་བྱེ་བྲག་ཡིན་ན་བུམ་པ་ཡིན་པས་ཁྱབ་པས་དེ་དག་ལ་བུམ་པ་ཞེས་པའི་སྒྲ་དོན་མཐུན་འཇུག་པས་ཁྱབ་ལ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། བེམ་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་དངོས་མིང་དུ་འཇུག་པའི་གཞི་དང་ཚོགས་སྤྱིའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་རྡུལ་དུ་མ་འདུས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཁྱོད་དངོས་མིང་དུ་འཇུག་པའི་གཞི་དང་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུའི་གཞི་མཐུན་ཡོད་པའི་རྗོད་བྱེད། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཟེར་བ་ལ། ཁ་ཅིག་ན་རེ། མེ་རྡུལ་གཉིས་ཚོགས་པའི་གོང་བུ་ཞེས་བརྗོད་པའི་སྒྲ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། མེ་རྡུལ་གཉིས་པོ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན། མེ་རྡུལ་གཉིས་པོ་ཆོས་ཅན། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འབྱུང་བཞིའི་རྡུལ་དུ་མ་འདུས་པར་ཐལ། འདོད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ། འོ་ན། རྡུལ་རྫས་བརྒྱད་འདུས་ཡིན་ན་འབྱུང་བཞིའི་རྡུལ་དུ་མ་འདུས་པས་ཁྱབ་པར་ཐལ། བླུན་པོ་ཁྱོད་ཀྱི་ཞེ་འདོད་འཐད་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ཆོས་ཅན། ཁྱོད་འབྱུང་བཞིའི་རྡུལ་དུ་མ་འདུས་པར་ཐལ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། དེ་ནང་པའི་གྲུབ་མཐའ་བཞི་ཀས་ཁས་ལེན་པའི་ཕྱིར། མཛོད་ལས། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས། གང་གསུམ་མེད་པར་རེ་རེ་མེད། །ཅེས་དང༌། རྣལ་འབྱོར་སྤྱོད་པའི་སར་འདི་བཞིན་བཤད་པའི་ཕྱིར། རྩ་བར་འདོད་ན། རྡུལ་ཕྲ་རབ་ཆོས་ཅན། ཁྱོད་ལ་ཆུ་རྡུལ་ཡང་ཚོགས་པར་ཐལ། ཁྱོད་འབྱུང་བཞིའི་རྡུལ་དུ་མ་འདུས་པའི་ཕྱིར། འདོད་ན། ཁྱོད་རྡུལ་ཕྲ་རབ་མ་ཡིན་པར་ཐལ། ཕྲ་རབ་དང་རྡུལ་ཕྲན་དང་ལྕགས་རྡུལ་དང་ཆུ་རྡུལ་བཞི་འོག་མ་འོག་མ་བདུན་འགྱུར་གོང་འཕེལ་བྱས་པའི་ཆུ་རྡུལ་ཡང་ཚོགས་པའི་གོང་བུ་ཡིན་པའི་ཕྱིར། མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། འབྱུང་བཞིའི་རྫས་ཚང་ན་འབྱུང་བཞིའི་རྡུལ་འདུས་པས་ཁྱབ་པར་ཐལ་ལོ། །འདོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མཛོད་ལས། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་གསུངས་པའི་ཕྱིར། འདོད་ན། རྡུལ་ཕྲ་རབ་ལ་མེ་རྡུལ་དང་ཆུ་རྡུལ་འདུས་པ་བསགས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །ནས། ལྕགས་ཆུ་རི་བོང་ལུག་དང་གླང༌། །ཞེས་གསུངས་པ་མི་འཐད་པར་ཐལ། རྡུལ་ཕྲ་རབ་ཆུ་རྡུལ་གྱིས་བསགས་པ་དེ་ཡིན་པའི་ཕྱིར། གཞན་ཡང༌། མེ་འབའ་ཞིག་གི་རྫས་རྡུལ་ཡན་གར་བ་ཡོད་པར་ཐལ། རྡུལ་ལ་རྡུལ་རྫས་བརྒྱད་ཚང་བས་མ་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། གཞན་སྡེའི་ལུགས་ཁས་ལེན་རིགས་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། རྡུལ་རྫས་བརྒྱད་པོ་གང་རུང་གཅིག་མེད་ན་རྡུལ་དུ་མི་རུང་བའི་ཕྱིར། དེར་ཐལ། ཆུ་རྫས་མེད་ན་སྡུད་པ་མི་འཐད། མེ་རྫས་མེད་ན་སྨིན་པ་མི་འཐད། རླུང་རྫས་མེད་ན་གཡོ་བ་མི་འཐད། ས་རྫས་མེད་ན་སྲ་བ་སོགས་མི་འཐད་པ་མཛོད་འགྲེལ་ལས་བཤད་པའི་ཕྱིར།

གཉིས་པ་རང་ལུགས་ནི། དོན་ཐོབ་བྱས་ན། རང་ཉིད་དངོས་མིང་འཇུག་པའི་གཞི་ཡང་ཡིན་རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པའི་མཉན་བྱ་དེ་རིགས་བརྗོད་ཀྱི་མིང་གི་མཚན་ཉིད། མཚན་གཞི་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ། དེ་ཡང་རྩོད་པའི་ཚེ་ན། རིགས་སྤྱི་དངོས་སུ་བརྗོད་པའི་མཉན་བྱ་དེ། རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། སྒྲའི་སྒོ་ནས་མིང་ཚིག་གཉིས་ཡོད། ཤེས་བྱ་ཞེས་པ་དང་པོ་དང༌། ཤེས་བྱ་ཡོད་པ་གཞལ་བྱ་རྣམས་ལྟ་བུ་གཉིས་པ་ཡིན། སྤྱི་དང་རིགས་སྤྱི་དོན་གཅིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན་ཚོགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པའི་མཉན་བྱ་དེ། ཚོགས་བརྗོད་ཀྱི་མིང་གི་མཚན་ཉིད། མཚན་གཞི་ཀ་བུམ་གཉིས་ཞེས་པའི་སྒྲ་ལྟ་བུ། དེ་ཡང་རྩོད་པའི་ཚེ་ན། ཚོགས་སྤྱི་དངོས་སུ་བརྗོད་པའི་མཉན་བྱ་དེ། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། སྒྲའི་སྒོ་ནས་དབྱེ་ན་མིང་ཚིག་གཉིས་ལས། སྒྲའི་རྣམ་དབྱེ་བརྒྱད་ཀྱི་ཤིང་ལ་སྦྱར་ན། ཤིང་ཞེས་པ་དང་པོ། ལྷག་མ་ཤིང་ལ་རླུང་གིས་སྐྱོད་ལྟ་བུ་ནས་འབོད་པའི་བར་བརྒྱད་ལྟ་བུའི་ལྷག་མ་བདུན་ཚོགས་བརྗོད་ཀྱི་ཚིག་ཏུ་གྱུར་པའི་སྒྲར་རུང༌། དེས་ན་ཚོགས་བརྗོད་ཀྱི་སྒྲ་དང་རིགས་བརྗོད་ཀྱི་སྒྲ་གཉིས་གང་རུང་ལའང་མིང་གིས་མ་ཁྱབ་སྟེ། ཚིག་ཀྱང་ཡོད་པའི་ཕྱིར་ཏེ། ཚོགས་སྤྱི་ལ་ཤིན་ཏུ་མང་བའི་ཕྱིར། རྡུལ་དུ་མ་འདུས་པའི་གོང་བུ་དང་ཚོགས་སྤྱི་དོན་གཅིག །ཚོགས་བརྗོད་དང་རིགས་བརྗོད་ཀྱི་སྒྲ་ཡིན་མིན་ཅི་རིགས་ལ་མུ་བཞི་ཡོད་དེ། ཚོགས་བརྗོད་ཁོ་ན་ཡིན་ལ་རིགས་བརྗོད་མ་ཡིན་པ་ཀ་བུམ་གཉིས་ཞེས་པ་ལྟ་བུ་དང༌། རིགས་བརྗོད་ཁོ་ན་ཡིན་ལ་ཚོགས་བརྗོད་མ་ཡིན་པ་ཤེས་བྱ་ཞེས་པ་ལྟ་བུ། གཉིས་ཀ་ཡིན་པ་བུམ་པ་ཞེས་པ་ལྟ་བུ། རྟག་དངོས་གཉིས་ཞེས་པ་ལྟ་བུ་གཉིས་ཀ་མ་ཡིན་པའི་སྒྲ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཀ་བུམ་གཉིས་ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་ཕྱིར། རྡུལ་དུ་མ་འདུས་པས་ཚོགས་སྤྱི་ཡིན་ཞིང་ཡིན་པ་མེད་པས་རིགས་སྤྱི་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤེས་བྱ་དེ་རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། བུམ་པ་དེ་རང་གི་རིགས་ལ་ལྟོས་ནས་རིགས་སྤྱི་དང༌། རང་གིས་གཟུགས་དྲི་སོགས་ལ་ལྟོས་ནས་ཚོགས་སྤྱི་ཡིན་པའི་ཕྱིར། རྣམ་བཤད་ལས། གཉིས་ཀ་ཡིན་པ་ནི་བུམ་པ་ཞེས་བརྗོད་པ་ལྟ་བུ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་ཡིན་པ་མེད་པའི་རྟག་པ་ཡིན་པས་རིགས་སྤྱི་ཚོགས་སྤྱི་གང་ཡང་མ་ཡིན་པའི་ཕྱིར། རྣམ་བཤད་ལས། གཉིས་ཀ་མ་ཡིན་པ་ནི་དེ་དག་ལས་མ་གཏོགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར།

རྩོད་སྤོང་ལ་ཁོ་ན་རེ། ཚོགས་བརྗོད་དང་རིགས་བརྗོད་ཀྱི་སྒྲ་གང་རུང་ཡིན་ན་མིང་ཡིན་དགོས་པར་ཐལ། སྒྲ་ཡིན་ན། དེ་གང་རུང་ཡིན་མི་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ དེ་གཉིས་གང་ཡང་མ་ཡིན་པའི་དེ་ཡོད་པའི་ཕྱིར། ནགས་ཚལ་རྣམས་རླུང་གི་བསྐྱོད་ཅེས་པའི་སྒྲ་ཆོས་ཅན། མིང་ཡིན་པར་ཐལ། དེ་གཉིས་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཚོགས་སྤྱི་དངོས་སུ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། ཚོགས་སྤྱི་ལས་ཀྱི་སྒོ་ནས་དངོས་སུ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེ་དེར་ཐལ། ཚོགས་བརྗོད་ཀྱི་སྒྲའི་གནས་བརྒྱད་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། མིང་མ་ཡིན་པར་ཐལ། ཚིག་ཡིན་པའི་ཕྱིར། དེར་ཐལ། ཏིང་སུ་བ་གང་རུང་གི་མཐའ་ཅན་གྱི་ཚིག་ཡིན་པའི་ཕྱིར་ཏེ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ཚིག་ཡིན་པའི་ཕྱིར། དེར་ཐལ། དེའི་མཚན་གཞི་ཡོད་པའི་ཕྱིར། ཡང་ཁོ་ན་རེ། ཀ་བ་ཞེས་པའི་ངག་དང་བུམ་པ་ཞེས་པའི་ངག་གཉིས་ཀ་ཆོས་ཅན། ཁྱོད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན་ཚོགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་ཚོགས་བརྗོད་ཀྱི་མིང་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཚོགས་བརྗོད་ཀྱི་མིང་དུ་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚོགས་བརྗོད་ཀྱི་མིང་དུ་མ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་འགལ་བའི་ཚོགས་སྤྱི་དུ་མའི་མིང་བསྡུས་པ་དེ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ངག་དེ་གཉིས་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། དེ་གཉིས་རེ་རེ་ནས་དེ་ཡིན་པའི་ཕྱིར། འདོད་ན། ཁྱོད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན་རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། རིགས་བརྗོད་ཀྱི་སྒྲ་ཐ་དད་དུ་མ་འདུས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཀ་བ་ཡང་དེ་མ་ཡིན། བུམ་པ་ཡང་དེ་མ་ཡིན་པའི་ཕྱིར། རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲ་རིགས་དང་ཚོགས་ཅན་ལ་འཇུག་པ་མཚུངས་པར་ཐལ། དེ་གཉིས་མི་འགལ་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཚོགས་བརྗོད་ཀྱི་སྒྲས་ཚོགས་ཅན་དངོས་སུ་བརྗོད་པར་མི་བྱེད། རིགས་བརྗོད་ཀྱི་སྒྲས་རང་གི་རིགས་ཅན་རྣམས་བརྗོད་པའི་ཕྱིར། ལུང་རིགས་ཀྱིས་བཤད་ཟིན་ཏོ། །

སྨྲས་པ།

རྨོངས་ཞེན་ཚིག་སྤྱི་ཙམ་མིན་སྐྱབས་གསུམ་རིན་ཆེན་རིགས་པ་བྱེ་བས་གྲུབ། །

ཁྱི་ཕག་འང་ངེས་འབྱུང་ཚོར་གདུང་ཙམ་མིན་འདུ་བྱེད་སྲིན་མོའི་མཚང་བརྒྱ་མཐོང༌། །

དྲི་མ་རང་བཞིན་ལ་མིན་རྟག་མིན་གཞན་མིན་གཉེན་པོ་མཐོང་བས་གཞོམ་ཚུལ་རྟོགས། །

འཁོར་ལོ་བཞི་ལྡན་རྟེན་འདི་ཡིད་བཞིན་ནོར་བུར་མཁྱེན་ནམ་ཤེས་རབ་ཅན། །

འཇིག་རྟེན་གསུམ་འདི་དབྱར་གྱི་དགའ་ཚལ་ཟླ། །འགྲོ་བའི་སྐྱེ་འཆི་ཆུ་ཡི་གཉེར་མ་ཡིན། །སྲིད་པའི་ཕུན་ཚོགས་གློག་གི་སྣང་བ་འཛིན། །སེམས་ཀྱི་རྒྱལ་པོའི་གདན་དེ་གནོན་རེ་རན། །མཁའ་ཁྱབ་མ་རྣམས་ངལ་བའི་ཚུལ་བསམ་སྟེ། །མཁས་གྲུབ་བྱེ་བས་གཤེགས་པའི་དབུ་སེམས་ལམ། །འཇུག་ངོགས་མཆོག་དེར་ཞུགས་ནས་སྐུ་བཞིའི་གར། །ཆོས་སྐུའི་སྒོ་བརྒྱ་གདངས་དེར་བྱེད་པར་སྤྲོ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ལྷག་མ་བཞི་བཤད་པའི་གཞུང་སོ་སོར་སྟོན་པ།

གཉིས་པ་སྐྱེ་བ་རྩོད་པ་དང་ལན་གཉིས་ལས། དང་པོ་ནི། རྩ་བར། གོམས་ལས་ཁྱད་པར་འགྱུར་ན་ཡང༌། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །ཞེས་བྱུང༌། དོན་ནི། དཔྱོད་པ་བ་ན་རེ། སྙིང་རྗེ་གོམས་པས་ཅུང་ཟད་ཁྱད་པར་འགྱུར་ཡང་ཚད་ཅན་ལས་འདས་ནས་མཐའ་མེད་དུ་མི་འཕེལ་ཏེ། ཚད་ཅན་དུ་ངེས་པའི་ཕྱིར། དཔེར་ན་མཆོངས་དང་ཆུའི་ཚ་བ་བཞིན་ཟེར། གཉིས་པ་ལན་ཡོད་དེ། དཔེ་མི་མཚུངས་པ་དང༌། དེ་ལ་རྩོད་བ་སྤོང་བ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། བརྩེ་སོགས་མཐའ་མེད་དུ་འཕེལ་བའི་རྒྱུ་ངོས་གཟུང་དུ་ཡོད་པ་གང་ཞིག །དེ་མཆོངས་བ་དང་ཆུའི་དྲོད་ལ་མེད། བརྩེ་བ་དང་སོགས་སྒྲས་བསྟན་པའི་ཤེས་རབ་ཏིང་འཛིན་རྣམས་ལ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བརྩེ་བ་དང་ཤེས་རབ་ཆོས་ཅན། ཁྱོད་མཐའ་མེད་དུ་མི་འཕེལ་བ་མ་ཡིན་ཏེ། ཁྱོད་རྟེན་བརྟན་པ་དང་གོམས་ཟིན་འབད་རྩོལ་སླར་བསྐྱར་མ་ལ་ལྟོས་མི་དགོས་པའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་གྲུབ་པའི་ཕྱིར་དང༌། རྟེན་མི་བརྟན་པ་མཐའ་མེད་དུ་མི་འཕེལ་ཡང་ཁྱོད་རྟེན་བརྟན་པའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་རོ། །རྩ་བར། བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །རྟེན་མི་བརྟན་པ་ཉིད་འགྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན། །རང་བཞིན་དེ་འདྲ་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མཆོངས་དང་ཆུའི་དྲོད་རྟེན་མི་བརྟན་པ་དང་སླར་ཡང་འབད་རྩོལ་ལ་ལྟོས་པ་ཅན་ཡིན་པས་ན་མཐའ་མེད་དུ་མི་འཕེལ་བའི་ཕྱིར། རྩ་བར། དེ་ལ་ཕན་འདོགས་ནུས་པ་རྣམས། །ཞེས་པ་ནས། ཁྱད་པར་འཕེལ་ཡང་རང་བཞིན་ཉིད། །མིན་ཕྱིར། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། བརྩེ་བ་དང་ཤེས་རབ་སོགས་རྟེན་བརྟན་པ་དང་གོམས་ཟིན་སླར་བསྐྱར་མི་དགོས་པས་ན་ངམ་ངམ་ཤུགས་ཀྱིས་མཐའ་མེད་དུ་འཕེལ་བའི་ཕྱིར། གང་ཚེ་བྱས་གྱུར་པ། །ཡང་རྩོལ་ལ་ལྟོས་མི་འགྱུར་ན། །ནས། བརྩེ་བ་ལ་སོགས་བློ་དེ་དག །གོམས་པར་གྱུར་ན་གང་ན་གནས། །ཞེས་གསུངས་པའི་ཕྱིར།

གཉིས་པ་རྩོད་སྤོང་ནི། རྩ་བར། བརྩེ་རང་ས་བོན་ལས་བྱུང་བ། །ཞེས་སོགས་ཀྱིས་བཤད། འདི་དག་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱིས་གོམས་པ་མཐར་ཕྱིན་རུང་བར་བཤད་པས་མཐར་ཐུག་ཐེག་པ་གཅིག་ལ་སྦྱར་ཡང་ཤིན་ཏུ་ལེགས་པར་གོ་སྟེ་རྒྱས་པར་མ་སྤྲོས། གསུམ་པ་ནི། བརྩེ་ལྡན། ནས། དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་པའི་བར་གྱིས་སྟོན་པ་བདག་མེད་རྟོགས་པའི་ཤེས་རབ་དེ་འཆད་པར་གྲུབ་སྟེ། མདོར་བསྟན། རྒྱས་བཤད་དང༌། དོན་བསྡུ་གསུམ་གྱིས་བཤད་པའི་ཕྱིར། དང་པོ་ནི། རྩ་བར། བརྩེ་ལྡན་སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་རྒྱས་བཤད་ལ་བདེན་བཞིའི་གནས་ལུགས་རྟོགས་བྱེད་ཀྱི་ཐབས་དང༌། དེ་རྟོགས་ཚུལ་གཉིས། དང་པོ་ཡོད་དེ། ལུང་དང་རིགས་པས་བདེན་བཞི་ལ་དཔྱོད་པ་དེ་ཡིན་པའི་ཕྱིར། རྩ་བར། ལུང་དང་རིགས་པས་རྣམ་དཔྱོད་པ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། སྡུག་ཀུན་ལ་རྟོགས་ཚུལ་དང༌། འགོག་ལམ་ལ་རྟོགས་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །ཞེས་སོགས་ཚིག་རྐང་ལྔ་བྱུང༌། གཉིས་པ་གྲུབ་སྟེ། རྩ་བར། དེ་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །ཞེས་པ་ནས། དེ་མི་མཐུན་ཕྱོགས་ཀྱང་དེས་འགྱུར། །ཞེས་བྱུང༌། དེ་ལ་འོ་ན་འཁོར་བའི་རྩ་བ་དང་དེའི་གཉེན་པོ་དང༌། དེ་མངོན་དུ་འགྱུར་ཚུལ་གང་ཞེ་ན། དེ་གསུམ་ཡོད་དེ། དང་པོ་གང་ཟག་གི་བདག་འཛིན་དང༌། དེའི་གནོད་བྱེད་དེ་དེ་དང་འཛིན་སྟངས་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་གཉེན་པོ་དང༌། བསྐལ་ཆེན་དུ་མར་ཐབས་སྣ་ཚོགས་གོམས་པས་དེ་མངོན་དུ་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་ཞེས་བྱུང༌། གཉིས་པ་གྲུབ་སྟེ། རྩ་བར། དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེའི་རྒྱུ་མཚན་གྱིས་སྐྱོན་ཡོན་མ་ལུས་པ་མངོན་དུ་གྱུར་པས་ཐུགས་གསལ་བ་དང༌། རྒྱུ་མཚན་དེས་ན་ཉོན་མོངས་པར་མ་ཟད་བག་ཆགས་ཀྱང་མ་ལུས་པར་སྤངས་པས་གཞན་དོན་མཐར་ཕྱིན་པ་དང༌། དེས་ན་ཉན་རང་ལས་ཁྱད་པར་འཕགས་པ་དང༌། དེའི་རྒྱུ་མཚན་གྱིས་ཐབས་གོམས་པ་མཐར་ཕྱིན་པའི་ཐུབ་པ་སྟོན་པ་མཐར་ཐུག་ཡིན་ཞེས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། རྣམ་པ་དུ་མར་ཐབས་མང་པོར། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། རྩ་བར། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར། འོ་ན། འདིའི་སྟོན་པ་སྟོན་པ་མཐར་ཐུག་ཁོ་ནར་ངེས་སམ་ཞེ་ན་མ་ཡིན་ཏེ། བྱང་སེམས་གནས་སྐབས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྟོན་པ་མཐར་ཐུག་གི་རྒྱུ་ཡིན་པས་འབྲས་བུའི་མིང་གིས་བསྟན་པའི་ཕྱིར། རྣམ་བཤད་ལས། གཞན་དོན་དུ་གོམས་པར་བྱས་པའི་སློབ་ལམ་དུས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། སྟོན་པར་འདོགས་པའི་རྒྱུ་མཚན་ཡོད་དེ། སྟོན་པ་མཐར་ཐུག་དེའི་རྒྱུའི་དོན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

གསུམ་པ་ལ་རང་དོན་ཕུན་ཚོགས་དང་གཞན་དོན་ཕུན་ཚོགས་བཤད་པ་གཉིས། དང་པོ་ལ། ཁྱད་པར་གསུམ་ལྡན་བདེར་གཤེགས་སུ་བསྟན་པ་དང༌། དེ་ལ་རྩོད་སྤོང་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། རྩ་བར། རྒྱུ་སྤངས་ཡོན་ཏན་གསུམ་བདེར་གཤེགས། །ཉིད་ཡིན་ཞེས་བྱུང༌། སྡུག་བསྔལ་གྱི་རྒྱུ་བག་ཆགས་དང་བཅས་པ་སྤངས་པ་ཆོས་ཅན། བདེར་གཤེགས་ཉིད་ཡིན་ཏེ། ལེགས་པར་སྤངས་པ་དང༌། སླར་མི་ལྡོག་པར་སྤངས་པ་དང༌། མ་ལུས་པ་སྤངས་པའི་ཡོན་ཏན་གསུམ་ལྡན་གྱི་སྤངས་པ་མཐར་ཐུག་ཡིན་པའི་ཕྱིར། སྐབས་འདིར་སྒྲིབ་གཉིས་ཤེས་དགོས་ཀྱང༌། འདིར་མི་རྟག་སོགས་བཅུ་དྲུག་ལ་ཉོན་མོངས་ཅན་མ་ཡིན་པའི་ཤེས་པ་ཤེས་སྒྲིབ་ཏུ་བསྟན་ཅིང་གཟུང་འཛིན་རྫས་གཞན་མི་སྟོན་པའི་རྒྱུ་མཚན་ཡོད་དེ། ཐེག་པ་གསུམ་གའི་རིགས་ཅན་ལ་མཁོ་བའི་ལམ་ཐུན་མོང་དུ་སྟོན་པའི་སྐབས་ཡིན་པའི་ཕྱིར། རྣམ་བཤད་ལས་ལེའུ་འདིར་ཉོན་སྒྲིབ་དང་མི་རྟག་སོགས་བཅུ་དྲུག་ལ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་དེ་ཉིད་ཤེས་སྒྲིབ་ཏུ་བྱས་པའི་སྒྲིབ་གཉིས་སྤངས་པ་ཙམ་བདེར་གཤེགས་སུ་སྟོན་གྱི། གཟུང་འཛིན་རྫས་ཐ་དད་དུ་ཞེན་པའི་རྟོག་པ་ལ་ཤེས་སྒྲིབ་ཏུ་བྱས་པའི་སྤངས་པ་མ་བསྟན་ཏེ། ཞེས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པས་ཊཱིཀ་ཆེན་ལས་ཀྱང༌། ཅིའི་ཕྱིར་ཤེས་བྱའི་སྒྲིབ་པའི་བག་ཆགས་མ་ལུས་པ་སྤོང་པ་བྱེད་པའི་གཉེན་པོ་ཆོས་ཀྱི་བདག་མེད་པ་བསྒོམ་པའི་ཚུལ་དག་མ་བཤད་ཅེ་ན་བདེན་མོད་ཀྱི། ཞེས་པ་ནས་རེ་ཞིག་ཆོས་ཀྱི་བདག་མེད་དངོས་སུ་བསྟན་པའི་སྣོད་དུ་མི་རུང་བ་དག་རྗེས་སུ་བཟུང་བའི་ཕྱིར།

ལེའུ་གཉིས་པ་འདིར་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྟོན་ན་འང་ཆོས་ཀྱི་བདག་མེད་མ་བཤད་ལ། ཞེས་པ་ནས། ལེའུ་གསུམ་པར་ཆོས་ཀྱི་བདག་མེད་པ་རྒྱས་པར་གཏན་ལ་འབེབས་པ་ཡིན་ལ། འོན་ཀྱང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་གཞན་དག་ནི་ལེའུ་འདིར་རྒྱས་པར་བཤད་ཟིན་པའི་དབང་དུ་བྱས་ནས་དེར་མི་འཆད་དོ། །ཞེས་གསུངས་པའི་ཕྱིར། རྗེ་རིན་པོ་ཆེའི་དགོངས་པ་ཡང་སྲས་ཀྱི་ཐུ་བོ་ཟླ་བྲལ་གཉིས་ཀྱིས་བཤད་པ་ལྟར་གནས་ཏེ། ལམ་བསྒྲིགས་སྔར་བཤད་པས་ཤེས་པའི་ཕྱིར། རྒྱན་འགྲེལ་བཤད་གཉིས་དང་གསུམ་གྱིས་བཤད་ཚུལ་སྔར་ལྟར་རོ། །དེས་ན་བསྟན་བཅོས་གཅིག་ཀྱང་སྐབས་སོ་སོ་གྲུབ་མཐའ་སོ་སོར་བཤད་དགོས་ཏེ། ཤེར་མདོའི་དགོངས་པ་བཀྲལ་ཚུལ་གཉིས་བཤད་པ་ལྟ་བུ་མང་བའི་ཕྱིར། གཞུང་དེ་དག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡེ་ཤེས་དང་རྟོགས་པ་དང་སྤྱོད་པ་མ་འདྲེས་པ་གསུམ་དུ་བསྡུས་ནས་བསྟན་ཏེ། ཊཱིཀ་ཆེན་ལས། འདིས་ནི་ཡེ་ཤེས་དང་རྟོགས་པ་དང་སྤྱོད་པ་མ་འདྲེས་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཉེ་བར་བཟུང་བ་ཡིན་ནོ། །དོན་འདི་དག་ཀྱང༌། རྣམ་པ་དུ་མར་ཐབས་མང་པོར་ཞེས་པ་ནས། གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་པའི་བར་གྱིས་སྟོན་པར་བྱེད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། དེས་ན་གསུང་རབ་སྤྱིའི་རྣམ་འགྲེལ་ཡིན་ཚུལ་ལ་དེ་འདྲ་ཤེས་དགོས་སོ་ཤེས་ལྡན་དག་ཅེས་ཀྱང་འདོམས་པར་བྱེད་དོ། །ཐུབ་དབང་གི་སྤངས་པ་ཆོས་ཅན། ལེགས་པར་སྤངས་པ་ཡིན་ཏེ། སྡུག་བདེན་གྱི་རྟེན་མི་བྱེད་པའི་ཕྱིར། འདིས་ཕྱི་རོལ་པའི་ཐར་པ་ལས་ལྷག་ཚུལ་བཤད། རྩ་བར། སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། སླར་མི་ལྡོག་པར་སྤངས་པ་ཡིན་ཏེ། བདག་ལྟའི་ས་བོན་སྤངས་པའི་ཕྱིར། འདིས་ཉན་རང་སློབ་པ་འཁོར་བར་སྐྱེ་ཡང་དགྲ་བཅོམ་པ་མི་སྐྱེ་ཚུལ་བཤད། རྩ་བར། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། སྒོ་གསུམ་གྱི་གནས་ངན་ལེན་མ་ལུས་པ་སྤངས་པ་ཡིན་ཏེ། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་ལ་གོམས་པར་བྱས་པའི་སྟོབས་ཀྱིས་སྤངས་པའི་ཕྱིར། རྩ་བར། ལུས་ངག་སེམས་ཀྱི་གནས་ངན་ལེན། །ནས། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་གསུངས་པའི་ཕྱིར།

གཉིས་པ་ལ། རྩོད་པ་དང༌། ལན་གཉིས། དང་པོ་ནི། རྩ་བར། ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར། ཞེས་བྱུང༌། གཉིས་པ་ནི། རྩ་བར། འདི་ལྡོག་ལ། །ཐེ་ཚོམ་ཟ་བ་དེའི་ཕྱིར་འཁྲུལ། །ནས། དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་བྱུང༌། འདི་དག་གྲགས་ཆེའོ། །གཉིས་པ་གཞན་དོན་ཕུན་ཚོགས་ནི། རྩ་བར། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེ་ཕྱིར་ཚད་ཡིན་ཞེས་བྱུང༌། མདོར་ན་ལུགས་འབྱུང་གི་སྐབས་འདིར་སྐྱོབ་པ་རྟགས་ཀྱི་བསྒྲུབ་བྱར་བྱས་ནས། གཞན་གསུམ་སྔར་ལྟར་རིམ་གྱིས་སྒྲུབ་བྱེད་དུ་བཀོད་པ་ན་མཐར་ཐུག་པའི་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་ཡིན་ཏེ། དེ་ཐེག་ཆེན་གྱི་ལམ་ལ་དང་པོར་འཇུག་པའི་སྒོ་ཡིན་པའི་ཕྱིར། རྩ་བར། སྒྲུབ་བྱེད་ཐུགས་རྗེ་ཞེས་གསུངས་པའི་ཕྱིར།

ལུགས་བཟློག་བཤད་པ།

གཉིས་པ་ལུགས་བཟློག་བཤད་པ་ལ་སྐྱོབ་སོགས་བཞི་བཤད་པ་དང༌། དེ་ལས་ཚད་མར་གྲུབ་པ་གཉིས། དང་པོ་ལ་སྐྱོབ་པ་བཤད་པ་དང༌། སྐྱོབ་པ་དང་བདེར་གཤེགས་སོགས་ཕྱི་མ་ཕྱི་མས་སྔ་མ་སྔ་མ་དཔོག་ཚུལ་གཉིས། དང་པོ་ལ། བདེན་བཞི་སྟོན་པ་འཕྲིན་ལས་ཀྱི་སྐྱོབ་པར་བསྟན་པ་དང༌། བསྟན་བྱ་བདེན་བཞིའི་རང་བཞིན་གཏན་ལ་དབབ་པ་གཉིས། དང་པོ་ནི། རྩ་བར། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་བྱུང༌། དོན་ནི། ཚད་མ་མདོའི་མཆོད་བརྗོད་ལུགས་འབྱུང་སྒོ་ནས་ལམ་གང་ནས་བཅོམ་ལྡན་འདས་སུ་གཤེགས་ཚུལ་དེ་ལྟར་མ་ཟད། ཡང་ན་རྟགས་ཡང་དག་གིས་མཆོད་བརྗོད་ལུགས་བཟློག་བྱས་ནས་ཀྱང་བཤད་ཚུལ་ཡོད་དོ། །འབྲས་རྟགས་དང༌། རང་བཞིན་གྱི་རྟགས་ཡང་དག་ཅི་རིགས་ཀྱི་སྒོ་ནས་ལུགས་བཟློག་ཏུ་བཤད་རིགས་པའི་ཕྱིར་ཏེ། སྐྱོབ་པའི་རྟགས་ཀྱིས་བདེ་གཤེགས་དང༌། བདེ་གཤེགས་རྟགས་ཀྱིས་སྟོན་པ་གྲུབ་པའི་ཕྱིར། རྩ་བར། ཡང་ན་ཞེས་དང༌། ལྷས། ད་ནི་ལུགས་ལས་བཟློག་སྟེ་འབྲས་བུ་ཕྱི་མ་ཕྱི་མ་རྟོགས་པའི་སྒོ་ནས་རྒྱུ་ཡང་དག་པར་སྟོན་པར་བསྟན་པའི་ངོ་བོ་ཅན་གྱི། ཞེས་དང༌། ཤཱཀྱས། འབྲས་བུ་ཕྱི་མ་ཕྱི་མའི་རྒྱུ་ནི། ཕྱི་མ་ཕྱི་མ་ཡིན་ཏེ། སྔ་མ་སྔ་མ་ཞེས་བྱ་བའི་དོན་ཏོ། །དེ་གྲུབ་པ་ཡང་དག་པར་སྟོན་པས་ཞེས་བྱ་བ་ནི་སྐྱོབ་པ་ཉིད་ཀྱིས་བདེ་བར་གཤེགས་པ་ཉིད་དང༌། བདེ་བར་གཤེགས་པ་ཉིད་ཀྱིས་སྟོན་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་དེ། ཞེས་གསུངས་པའི་ཕྱིར། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། དེ་ལ་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་མཛད་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར། འདི་དག་གི་སྐབས་སུ་བདེན་བཞིའི་རྣམ་གཞག་ནི་ཕར་ཕྱིན་སྐབས་དང་པོར་བཤད་ཟིན་པ་དང་འདྲ་བས་དེས་ཤེས་པར་བྱ་དགོས་སོ། །

གཉིས་པ་བདེན་བཞིའི་བསྟན་ཚུལ་ཡོད་དེ། རྩ་བར། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་སོགས་ཀྱིས་སྡུག་བདེན་བཤད། རྩ་བར། རེས་འགའ་བ་ཉིད་ཡིན་པས་ན། །ཞེས་སོགས་ཀྱིས་ཀུན་འབྱུང་བདེན་པ་དང༌། རྩ་བར། དེ་ནི་གཏན་དུ་བ་མིན་ཏེ། །སོགས་ཀྱིས་འགོག་བདེན་དང༌། རྩ་བར། བཤད་ཟིན་ལམ་དེ་གོམས་པ་ལས། །སོགས་ཀྱིས་ལམ་བདེན་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། དེས་སྡུག་བདེན་ངོས་བཟུང༌། འོག་ཏུ་རེས་འགས་མི་རྟག་པར་བསྒྲུབ། ད་ལྟར་གྱི་ཉེས་པའི་རྟེན་དང་སྔོན་གྱི་ལས་ཉོན་ཀྱི་རྒྱུའི་གཞན་དབང་གི་རྟགས་གཉིས་ཀྱིས་སྡུག་བསྔལ་བར་སྒྲུབ། མི་རྟག་པའི་དང་གཞན་དབང་གི་རྟགས་གཉིས་ཀྱིས་བདག་མེད་པར་སྒྲུབ། རང་དབང་བའི་བདག་གིས་བྱིན་གྱིས་བརླབས་པ་མ་ཡིན་པའི་རྟགས་ཀྱིས་སྟོང་པར་སྒྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །སོགས་ཀྱིས་སྡུག་བསྔལ་རྒྱུར་བཅས་བཤད་ཅིང་རྒྱུ་མེད་སོགས་བཀག་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཅེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། ཉེས་པའི་རྟེན་ཕྱིར་དང༌། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། རྩ་བར། བདག་མིན་ཞེས་གསུངས་པའི་ཕྱིར། ལྔ་པ་གྲུབ་ལྟེ། རྩ་བར། བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབ་པ་མིན། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་ཀུན་འབྱུང་བསྟན་ཚུལ་གྲུབ་སྟེ། རྩ་བར། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་སོགས་ཀྱིས་ཀུན་འབྱུང་གི་རྒྱུའི་རྣམ་པ་བསྟན། རྩ་བར། རྟག་རྣམས་བཀག་ཅིང་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ། །ནུས་མེད་ཕྱིར་རོ་ཞེས་པས་དེའི་ཀུན་འབྱུང་གི་རྣམ་པ་བསྟན། རྩ་བར། སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །ཞེས་པས་དེའི་རབ་སྐྱེས་རྣམ་པ་བསྟན་ཏེ། རྣམ་བཤད་ལས། ཡོངས་འཛིན་དང་ཀུན་འཛིན་ཅེས་པ་འདིར་ལེན་པ་ལ་བརྗོད་པས། སྲིད་པའི་རྐྱེན་གྱི་ལེན་པ་ཞེས་མངོན་པར་འགྲུབ་བྱེད་ཀྱི་རྒྱུ་འབྲས་བསྟན་པ་ཡིན་ནོ་ཞེས་དང༌། ཊཱིཀ་ཆེན་ལས། འདིར་ཡོངས་སུ་འཛིན་པ་ཞེས་པ་ནི་ལེན་པ་ལ་ཟེར་བ་ཡིན་པས། སྲིད་པའི་རྐྱེན་གྱི་ལེན་པ་ཞེས་མངོན་པར་འགྲུབ་བྱེད་ཀྱི་རྒྱུ་བསྟན། ཞེས་གསུངས་པ་མཐུན་ཞིང༌། རྩ་བར། བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཞེས་པས་རྐྱེན་གྱི་རྣམ་པ་བསྟན་པའི་ཕྱིར་ཏེ། སྲེད་པ་འཁོར་བར་སྐྱེ་བའི་རྟེན་ཡིན་པ་ཤེས་བྱེད་ཀྱིས་ཀྱང་གྲུབ་པའི་ཕྱིར། སྲེད་པ་མེད་པར་འཁོར་བར་སྐྱེ་བ་མ་མཐོང་ཞེས་སྔོན་གྱི་སློབ་དཔོན་རྣམས་གསུངས་པའི་ཕྱིར། དབུ་མ་ལས། སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་པ་ལྟ་བུ་ཡིན་པའི་ཕྱིར། རྩ་བར། ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས། །ཞེས་སོ། །འདིའི་འཕྲོས་དོན། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །ཞེས་སོགས་ཀྱི་སྐབས་སུ་རྟེན་འབྲེལ་གྱི་རྣམ་གཞག་འདིར་བཤད་ན་མང་དོགས་པས་ལེགས་བཤད་གསེར་འཕྲེང་དང་ལམ་རིམ་ཆེན་མོ་ལས་ཤེས་པར་བྱ་ཞིང་དཀའ་གནས་གཞན་དུ་བཤད་ཟིན་ཏོ། །རྩ་རྟགས་གསུམ་པ་འགོག་བདེན་གྱི་བསྟན་ཚུལ་གྲུབ་སྟེ། སློབ་དཔོན་ལྷ་དབང་བློས་འགོག་ལམ་གྱི་རྣམ་པ་སོ་སོར་གཞུང་གི་མཚམས་མ་སྦྱར་ཡང་རྒྱན་མཁན་པོས་སྦྱར་བ་ལྟར་རིགས་པ་གང་ཞིག །འགོག་པའི་རྣམ་པ་ཡང་བསྟན་ཞི་བ་ཡང་བསྟན་གྱ་ནོམ་ཡང་བསྟན་ཅིང༌། ངེས་འབྱུང་གི་རྣམ་པ་ལམ་གྱི་ངེས་འབྱིན་དང་འཇུག་པ་གཅིག་ཏུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། དེ་ཡང་ལྷ་དབང་བློས་འགོག་ལམ་ལ་རྣམ་པ་སོ་སོར་གཞུང་མཚམས་མ་བཅད་པར་འཆད་ཀྱང་རྒྱན་མཁན་པོས་འདི་ལྟར་མཚམས་ཕྱེ་ནས་འཆད་པ་ཉིད་གཞུང་ལ་འགྲིག་པར་མངོན་ནོ། །ཞེས་དང༌། རྣམ་བཤད་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་པས་སྡུག་བསྔལ་འགག་པའི་འགོག་པ་ཐར་པར་བཤད་པའི་སྒོས་འགོག་པའི་རྣམ་པ་བསྟན་ཅིང་ལྷག་མས་རྩོད་སྤོང་བྱེད་པའི་ཕྱིར། ཊཱིཀ་ཆེན་ལས། དེ་ལྟར་སྡུག་བསྔལ་འགག་པའི་ཐར་པ་སྒྲུབ་པའི་སྒོ་ནས་འགོག་པའི་རྣམ་པ་བཤད་ནས་ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། སྡུག་བསྔལ་ཤེས་ལ་འགལ་མེད་པས། །འདུ་བྱེད་སྔ་མ་འཇུག་པ་ཅན། །ཞེས་སོགས་ཀྱིས་ཉོན་མོངས་མ་ལུས་པ་སྤངས་ཀྱང་སེམས་ཅན་ལ་བརྩེ་བ་མི་འགལ་བ་བཤད་པའི་སྒོ་ནས་ཉོན་མོངས་མ་ལུས་དང་བྲལ་བའི་ཞི་བའི་རྣམ་པ་བསྟན། རྩ་བར། དེ་བདག་མིན་པའི་ཆོས་ལ་ནི། །ཞེས་པ་ནས། གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་པའི་བར་གྱིས་སྙིང་རྗེ་གསུམ་གྱི་ཁྱད་པར་དང་རྟེན་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། ཉོན་མོངས་མ་ལུས་པར་སྤངས་པའི་སྤངས་པ་ལ་རྩོད་པ་སྤོང་པའི་སྒོ་ནས་གཉིས་པ་ཞི་བའི་རྣམ་པ་བཤད་པ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྷ་ཤཱཀ་ལུགས་ལ་དགྲ་བཅོམ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་མེད་པའི་ཕྱིར། སྡུག་བསྔལ་ཤེས་ལ་འགལ་མེད་པས། །ཞེས་པའི་མཚམས་སྦྱོར་འགྲེལ་པར། ལྷས། སེམས་ཅན་ལ་དམིགས་པ་ཅན་གྱི་སྙིང་རྗེ་ནི་དོན་དམ་ཅན་མིན་གྱི་འོན་ཀྱང་ཆོས་ལ་དམིགས་པ་ཅན་ཡིན་ནོ། །ཞེས་དང༌། དེའི་འགྲེལ་བཤད་དུ་ཤཱཀྱས། སྙིང་རྗེ་ནི་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའོ། །ཞེས་པ་ནས། འདོད་ཆགས་དང་བྲལ་བ་དག་ལ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཁས་མི་ལེན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྡང་མེད་ཀྱི་དགེ་རྩ་དེ་སྙིང་རྗེའི་མཚན་ཉིད། དབྱེ་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་མེད་ཀྱི་སྙིང་རྗེ་གསུམ་ཡོད། སྒྲུབ་པ་རང་དབང་བའི་སེམས་ཅན་གྱི་རྣམ་པ་ཤར་བའི་སྒོ་ནས་དེ་ཉིད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། སོ་སྐྱེའི་བདག་མེད་མ་རྟོགས་པའི་སྙིང་རྗེ་མཚན་གཞི། སྒྲུབ་པ་རང་དབང་བའི་སེམས་ཅན་གྱི་རྣམ་པ་ཤར་བ་ནི་སེམས་ཅན་ལ་དམིགས་པའི་དོན་ཡིན་ནོ། །ཕུང་སོགས་ཀྱི་ཆོས་ཙམ་སེམས་ཅན་དུ་བཏགས་པའི་རྣམ་པ་ཤར་པའི་སྒོ་ནས་དེ་ཉིད་སྡུག་བསྔལ་དང་བྲལ་བར་འདོད་པའི་བརྩེ་བ་དེ་ཆོས་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། མཚན་གཞི་ཉན་རང་སློབ་པའི་མི་རྟག་སོགས་ཀྱི་རྣམ་པས་དྲངས་པའི་སྙིང་རྗེ་དང༌། བདག་མེད་གཉིས་རྟོགས་པའི་བྱང་སེམས་ཀྱི་སྙིང་རྗེ་ལྟ་བུ། ཕུང་སོགས་ཆོས་ཙམ་སེམས་ཅན་དུ་བཏགས་པའི་རྣམ་པ་དང་མི་རྟག་པའི་རྣམ་པ་སོགས་གང་རུང་ཤར་བ་ནི་ཆོས་ལ་དམིགས་པའི་དོན་ཡིན་ནོ། །ཐུན་མོང་གི་དབང་དུ་བྱས། གདགས་གཞི་ཕུང་སོགས་ཀྱི་ཆོས་ཙམ་ཀྱང་གཟུང་འཛིན་རྫས་གཞན་དུ་བདེན་པར་མེད་པ་ལ་སེམས་ཅན་དུ་བཏགས་པའི་རྣམ་པ་ཤར་བའི་སྒོ་ནས་དེ་ཉིད་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་བརྩེ་བ་ནི་དམིགས་མེད་ཀྱི་སྙིང་རྗེའི་མཚན་ཉིད། མཚན་གཞི་ཐེག་ཆེན་འཕགས་རྒྱུད་ཀྱི་སྙིང་རྗེ་ལྟ་བུ། གདགས་གཞི་ཕུང་སོགས་ཀྱི་ཆོས་ཙམ་གཟུང་འཛིན་རྫས་གཞན་མེད་པའི་རྣམ་པ་ཤར་བ་ནི། དམིགས་མེད་ལ་དམིགས་པའི་དོན་ཡིན་ཏེ། དམིགས་ཞེས་པ་དམིགས་ཡུལ་དང་དོན་མི་གཅིག་ལ་རྣམ་པའང་མ་ཡིན་པའི་ཕྱིར་རོ། །གཞན་དུ་བཤད་ཟིན་པས་མ་སྤྲོས། མཁས་རྨོངས་མང་པོས་དམིགས་མེད་ཀྱི་སྙིང་རྗེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འདོད་པ་མི་འཐད་པར་ཐལ། མ་རིག་པ་དང་འཛིན་སྟངས་དངོས་འགལ་གྱི་དངོས་གཉེན་མ་ཡིན་པའི་ཕྱིར། རྩ་བར། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སློབ་པའི་དམིགས་མེད་ཀྱི་བརྩེ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དོན་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དེར་ཐལ། འགྲོ་བ་སྒྱུ་མ་ལྟ་བུ་ལ་སྙིང་བརྩེ་བ་དེ་དམིགས་མེད་ཀྱི་སྙིང་རྗེ་སྐྱེ་ཚུལ་ཡིན་པའི་ཕྱིར། འཇུག་པ་ལས། འགྲོ་བ་གཡོ་བ་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །འགྲོ་ལ་སྙིང་རྗེར་གྱུར་ཅེས་གསུངས་པའི་ཕྱིར། སློབ་པའི་འཁོར་གསུམ་ཡོངས་དག་གི་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་མ་ཡིན་པའི་ཕྱིར། དེར་ཐལ། དེར་སྣང་དེས་སྟོང་གཉིས་ཚོགས་པའི་སྒྱུ་མ་ལྟ་བུའི་སྒོ་ནས་བྱས་པའི་སྦྱིན་པ་དང་ཚུལ་ཁྲིམས་སོ་སོར་འཇོག་པའི་ཕྱིར། མདོ་སྡེ་རྒྱན་ལས། སྒྱུ་མའི་གླང་པོའི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང༌། །གཉིས་པོ་དག་ཏུ་ཉེ་བར་དམིགས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་གཉིས་མེད་ཀྱང༌། །གཉིས་པོ་དག་ཏུ་ཉེ་བར་དམིགས། །ཞེས་པས་དོན་དམ་དཔྱོད་ངོར་གཟུང་འཛིན་གཉིས་སུ་བདེན་པར་མེད་ཀྱང་དེ་གཉིས་སུ་དམིགས་པའམ་སྣང་བ་དེ་སྒྱུ་མ་ལྟ་བུའི་དོན་དུ་བཤད་པའི་ཕྱིར། དེ་ལ་ཁོ་ན་རེ། ཉན་རང་དགྲ་བཅོམ་པ་ཚེ་འདིའི་ཕུང་པོ་སྙིང་རྗེའི་དབང་གིས་མི་འདོར་བར་གནས་པ་ཡོད་ན་ཉན་རང་དགྲ་བཅོམ་པ་སྙིང་རྗེའི་དབང་གིས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་འཛིན་པ་ཡོད་པར་ཐལ་ལོ། །དཔེར་ན་བྱང་སེམས་བཞིན་ཞེ་ན། འདིའི་ལན་རྒྱན་མཁན་པོ་དང་ཉི་མ་སྦས་པ་སོགས་ཀྱིས་ལྔར་ལྟར་བཤད་ལ། ལྷ་ཤཱཀ་གི་གསུང་ན་རེ། དེ་ལ་ཁྱབ་པ་མེད་དེ། དགྲ་བཅོམ་པ་སྔོན་ལས་ཀྱི་འཕེན་པ་མ་ཟད་ནས་སྡོད་པའམ་དེ་ཟད་ཀྱང་སྙིང་རྗེའི་དབང་གིས་ཅུང་ཟད་གནས་པ་ཡོད་ཀྱང་བྱང་སེམས་ལྟར་བསམ་བཞིན་འཁོར་བའི་སྐྱེ་བ་ཚད་མེད་མི་ལེན་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། རྩ་བར། འདུ་བྱེད་ནུས་པ་མ་ཟད་ན། །གང་དེ་གནས་པ་ཉེས་མེད་ཉིད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེར་མ་ཟད་སྙིང་རྗེ་ཆུང་བས་ཡུན་རིང་དུ་འཁོར་བ་མ་སྟོངས་བར་དུ་གནས་པའི་འབད་རྩོལ་སྔར་ཡང་མ་བྱས་ལ་ད་ལྟར་ཡང་མེད་པའི་ཕྱིར། རྩ་བར། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང༌། །གནས་པའི་འབད་རྩོལ་ཆེན་པོ་མེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱང་སེམས་སྙིང་རྗེ་ཤིན་ཏུ་ཆེ་བས་འཁོར་བའི་བར་དུ་བཞུགས་པའམ་སྨོན་ལམ་དབང་གིས་བཞུགས་པའི་ཕྱིར། རྩ་བར། གང་དག་བརྩེ་བ་ཆེན་པོ་བ། །གཞན་གྱི་79ངོར་ནི་བཞུགས་པ་ཡིན། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་བཞི་པ་གྱ་ནོམ་པའི་རྣམ་པ་ཡང་བསྟན་པར་གྲུབ་སྟེ། རྩ་བར། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེད་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས། །ཞེས་གསུངས་པའི་ཕྱིར།

(79) པར་ཐེངས་གཉིས་པ། དོན།

འདི་མཐའ་དཔྱད་པ་ལ་དགག་བཞག་སྤངས་གསུམ་ལས། དང་པོ་ཁ་ཅིག་.....ཇོ་ཤཱ་ག་སོགས་ན་རེ། ངོ་བོ་ཉིད་སྐུ་འགོག་བདེན་མཐར་ཐུག་སྒྲུབ་པ་རང་དབང་བ་དང༌། དེ་མངོན་དུ་བྱེད་པའི་ཡེ་ཤེས་རྟག་པ་སྒྲུབ་པ་རང་དབང་བར་འདོད་ཟེར་བ་དང༌། ཁ་ཅིག་.....ཕྱི་རོལ། ཐར་པ་སྒྲུབ་པ་རང་དབང་བའི་རྟག་པ་དང༌། དེ་མངོན་དུ་བྱེད་པ་པོ། རྟག་དངོས་ཁས་ལེན་པར་བྱེད་དོ། །དེ་གཉིས་ཀ་མི་འཐད་པར་ཐལ། དགག་བྱ་བཅད་པ་ལ་མི་ལྟོས་པའི་སྒྲུབ་པ་རང་དབང་བའི་ཐར་པ་རྟག་པ་དང་བདག་རྟག་པ་མེད་པར་ཐལ། དངོས་མེད་ལ་སྒྲུབ་པ་རང་དབང་བ་མི་སྲིད་པའི་ཕྱིར། སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། རྣམ་འགྲེལ་ཊཱིཀ་ཆེན་ལས་བླུན་པོ་ཁ་ཅིག་ངོ་བོ་ཉིད་ཀྱི་སྐུ་འགོག་པའི་བདེན་པ་མཐར་ཐུག་སྒྲུབ་པ་རང་དབང་པའི་རྟག་པ་དང༌། ཞེས་གསུངས་པའི་ཕྱིར།

རང་ལུགས་ལ་དགག་བྱ་དང༌། དེ་འགོག་པའི་རིགས་པ་དང༌། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་གསུམ། དང་པོ་ནི། གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་ཡུལ་ཙམ་བཀག་པས་མི་ཆོག་སྟེ། འཇིག་ལྟ་ཉི་ཤུའི་འཛིན་ཚུལ་བཀག་ཀྱང་རྫས་ཡོད་འཛིན་པའི་ལྷན་སྐྱེས་ཀྱི་ཡུལ་མི་ཁེགས་པའི་ཕྱིར། ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་དེ། ཕུང་པོའི་ཚོགས་པ་དང་ཡ་གྱལ་དང་རྒྱུན་གང་ཡང་མ་ཡིན་པའི་རང་དབང་བའི་གང་ཟག་དང་བྱེད་པ་པོར་ཞེན་པ་ཡོད་པའི་ཕྱིར། དེར་ཐལ། དེས་ཕུང་པོའི་ཚོགས་པ་ཙམ་ལའང་བདག་ཏུ་ཞེན་པ་དེ་མིན། དེའི་ཡ་གྱལ་ཡིད་ཤེས་ཙམ་ལའང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་ད་ལྟའི་ཕུང་པོ་དང་ལྷའི་ཕུང་པོ་བརྗེ་ས་བྱུང་ན་སྔ་མ་འདོར་ཞིང་ཕྱི་མ་ལེན་པ་པོར་ཞེན་འདུག་པའི་ཕྱིར། རྩ་བར། མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །ཞེས་དང༌། རྣམ་བཤད་ལས། ཞེན་པ་དེས་ཕུང་པོའི་ཚོགས་པ་འདི་ཙམ་ལ་གང་ཟག་ཏུ་བརྟགས་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་ད་ལྟར་བློ་མི་གསལ་བ་འདི་ཀུན་མཁྱེན་པའི་བློ་ལྟ་བུ་དང་བརྗེ་ས་བྱུང་ན་བརྗེ་ཕོད་པར་ཞེན་པའི་ཕྱིར། རྣམ་བཤད་ལས། དེས་ཡིད་ཀྱི་ཤེས་པ་ཙམ་གང་ཟག་ཏུ་ཟད་པར་བརྟགས་པའང་མིན་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་ཕུང་པོའི་ཚོགས་རྒྱུན་དང་ཡ་གྱལ་བར་ལའང་བརྟགས་པའམ་དེ་མ་ཡིན་པའི་གང་ཟག་རང་དབང་བ་དེ་གང་ཟག་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དང༌། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པར་སྒྲུབ་པའི་རྟགས་ཀྱི་དགག་བྱ་ཡིན་ནོ། །གཉིས་པ་ནི། གང་ཟག་ཆོས་ཅན། ཁྱོད་ཕུང་པོ་ལ་བཏགས་ཙམ་མ་ཡིན་པའི་རང་དབང་བ་མེད་དེ། དེ་ལྟར་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། ཞེས་པའི་རྟགས་ཀྱིས་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་པའི་བདག་མེད་འགྲུབ་པའི་ཕྱིར། རྣམ་བཤད་ལས། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་གྲུབ་བོ། །ཞེས་གསུངས་པའི་ཕྱིར། ཡང་ན་གཅིག་དུ་བྲལ་གྱི་རྟགས་ཀྱིས་གང་ཟག་གི་བདག་མེད་གྲུབ་སྟེ། སྡུག་བདེན་གྱི་ཁྱད་ཆོས་སྟོང་པ་དེ་འགྲུབ་པའི་ཕྱིར། ཁྱད་པར་བཅུ་དྲུག་གི་གཙོ་བོ་སྟོང་ཉིད་དང་ལྷག་མ་དེའི་སྨིན་བྱེད་ཡིན་པའི་ཕྱིར། རྩ་བར། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང༌། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། དགག་བྱ་ངོས་ཟིན་ནས་ཇི་ལྟར་འཚམས་པས་རིགས་པ་རེ་ལ་བརྟེན་ཏེ་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་མི་འདུག་པའི་ངེས་པ་ཡང་དང་ཡང་དུ་དྲངས་ཏེ་མཉམ་པར་བཞག་ཅིང༌། ཕུང་པོའི་ཚོགས་རྒྱུན་ལ་གང་ཟག་བཏགས་ཙམ་དུ་ཉན་ས་ལྟར་ཤེས་པར་བྱའོ། །

རྩོད་སྤོང་ལ་ཁོ་ན་རེ། གང་ཟག་མིང་གིས་བཏགས་ཙམ་ཡིན་པར་ཐལ། དེ་ཕུང་པོའི་ཚོགས་རྒྱུན་ལ་མིང་གིས་བཏགས་ཙམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཕུང་པོའི་ཚོགས་ཙམ་ལ་བཏགས་པ་ཤིང་རྟ་རང་གི་ཡན་ལག་ཚོགས་པ་ལ་བཏགས་པ་བཞིན་ཡིན་པའི་ཕྱིར། ལེགས་ལྡན་གྱིས་ཉན་ཐོས་སྡེ་བའི་མདོ་དྲངས་པ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །སེམས་ཅན་དུ་ནི་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གང་ཟག་དོན་དམ་པར་གྲུབ་པའི་ཕྱིར། དེར་ཐལ། དེ་དངོས་པོ་ཡིན་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་སྟེ། རྩ་བར། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། གང་ཟག་ཆོས་ཅན། དོན་དམ་པར་མ་གྲུབ་པར་ཐལ། ཕུང་པོའི་རྒྱུན་ལ་མིང་གིས་བཏགས་ཙམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཙམ་སྒྲས་ཕུང་པོ་ལ་མ་ལྟོས་པའི་རྫས་ཡོད་གཅོད་ཀྱི་རང་མཚན་གྱིས་གྲུབ་པ་མི་གཅོད་པའི་ཕྱིར། མ་གྲུབ་ན། བཏགས་ཡོད་ཀྱི་དངོས་པོ་མི་སྲིད་པར་ཐལ་ལོ། །རང་མཚན་ལ་རྫས་ཡོད་ཀྱིས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་རང་འགྲེལ་ལས། དེ་ལྟ་བས་ན་གང་ཟག་ནི་བཏགས་པའི་ཡོད་པ་ཡིན་ཏེ། ཕུང་པོ་དང་རྒྱུན་ལ་སོགས་པ་བཞིན། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། གང་ཟག་ཆོས་ཅན། རང་ངོས་ནས་མ་གྲུབ་པར་ཐལ། ཕུང་པོ་ལ་མིང་གིས་བཏགས་ཙམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཕུང་པོའི་རྒྱུན་དང་ཚོགས་པ་གང་ཟག་ཏུ་འཇོག་པའི་ཕྱིར། མཛོད་རང་འགྲེལ་ལས། དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་དེ་བཞི་དང༌། གཟུགས་ཅན་མིག་གི་དབང་པོ་དང༌། དེ་སྙེད་ཅིག་ལ་མི་ཉིད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་ལྔ་པ་ངེས་འབྱུང་བསྟན་ཚུལ་ཡང་གྲུབ་སྟེ། རྣམ་འགྲེལ་ཊཱིཀ་ཆེན་ལས། ངེས་འབྱུང་གི་རྣམ་པ་ནི་ལམ་བདེན་གྱི་ངེས་འབྱིན་གྱི་རྣམ་པ་དང་འཇུག་པ་གཅིག་གིས་འཆད་པས་སྐབས་འདིར་ཟུར་དུ་མ་གསུངས་སོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་བཞི་པ་ལམ་བདེན་གྱི་རྣམ་པ་བཤད་ཚུལ་གྲུབ་སྟེ། དེའི་ལམ་གྱི་རྣམ་པ་ཡང་བཤད། ངེས་འབྱིན་གྱི་རྣམ་པ་ཡང་བཤད། རིག་པའི་རྣམ་པ་ཡང་བཤད། སྒྲུབ་པའི་རྣམ་པ་ཡང་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ནི་རྩ་བར། བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར་ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩོད་ལན་དང་བཅས་ཏེ་ཉོན་མོངས་སྤངས་པའི་ངེས་འབྱིན་གྱི་རྣམ་པ་བཤད་པའི་ཕྱིར། རྩ་བར། གལ་ཏེ་གནས་གྱུར་ཀྱང༌། །ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན། །མ་ཡིན་ནུས་པ་མེད་ཕྱིར་རོ། །ཞེས་སོགས་ཀྱིས་བཤད་པའི་ཕྱིར། གསུམ་པ་གྲུབ་སྟེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཉོན་མོངས་ཀྱི་གཉེན་པོ་རིག་པར་གྲུབ་པའི་ཕྱིར། དེར་ཐལ། དེ་འཇིག་ལྟ་མ་རིག་པ་དང་འཛིན་སྟངས་འགལ་བ་དང༌། དེའི་འཛིན་སྟངས་ཡུལ་གྱི་རང་བཞིན་ལ་ཞུགས་པའི་མ་འཁྲུལ་བ་གཉིས་ཀྱིས། དེའི་གཉེན་པོ་རིག་པར་སྒྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །སོགས་དང༌། གཉིས་པ་གྲུབ་སྟེ། རྩ་བར། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །ནས། འགལ་བར་རབ་ཏུ་སྒྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། གཞན་གྱི་ཐར་ལམ་བཀག་ནས་རང་ལུགས་ཀྱི་ཐར་ལམ་སྒྲུབ་པར་བྱེད་པའི་ཕྱིར། རྩ་བར། གང་ཞིག་བདག་མཐོང་དེ་ལ་ནི། །ཞེས་པ་ནས། ནུས་པ་འདྲེས་སོགས་འགྱུར་མ་ཡིན། །ཞེས་པའི་བར་གྱིས་བཤད་པའི་ཕྱིར། རྩ་བར། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །ཞེས་སོགས་ཀྱི་སྐབས་སྤང་གཉེན་གྱི་རྣམ་བཞག་དང་གཉེན་པོ་ཆུང་ངུས་སྒྲིབ་པ་ཆེན་པོ་སྤོང་ཚུལ་སོགས་མཛོད་ཀྱི་བཤད་ཚུལ་བཞིན་ཤེས་པར་བྱ་སྟེ། འདིར་མང་དོགས་ནས་མ་སྤྲོས་ཏེ། མཛོད་དུ་བཤད་ཟིན་ལ། ཤེས་སྒྲིབ་སྤངས་ཚུལ་ཕར་ཕྱིན་ལྟར་གསུམ་པའི་སྐབས་སུ་ཤེས་པར་གྱིས། གཉིས་པ་དེ་དག་ཀུན་ལས་ཚད་མར་སྒྲུབ་པ་ནི། རྩ་བར། བརྩེ་བས་ལེགས་དང༌། ཞེས་སོགས་བྱུང༌། གཉིས་པ་ཚད་མའི་སྒོ་ནས་བསྟོད་པའི་དགོས་པ་ཡོད་དེ། སྟོན་པའི་གསུང་རབ་ལས་དགོངས་འགྲེལ་བཞིན་མངོན་རྗེས་ཀྱི་ཚད་མ་བསྟན་པའི་དོན་རང་བཟོ་སྤངས་ཏེ། མདོ་མཛད་པས་བཤད་ཚུལ་ལེགས་པར་གྲུབ་བོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། རྩ་བར། དེ་ལྟའི་དངོས་སྟོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི། །ཚད་མའི་དེ་ཉིད་གྲུབ་དོན་དེ། །ཞེས་གསུངས་པའི་ཕྱིར།

སྨྲས་པ།

དྲི་མེད་རིགས་པ་བྱེ་བས་ཐར་པའི་ལམ། །

ཤིང་རྟའི་སྲོལ་ཆེན་ལས་ཀྱང་ཆེ་བའི་སྲོལ། །

རིགས་པའི་དབང་ཕྱུག་གཉིས་དང་སྙིགས་དུས་ཀྱི། །

རྒྱལ་བ་གཉིས་པ་ཡབ་སྲས་རྣམས་ཀྱིས་ཕྱེ། །

ཨེ་ཧོ་ཨེ་མ་འཁོར་བའི་སྡུག་བསྔལ་འདམ། །ད་སྤོང་ཐར་པའི་ལམ་ཆེན་མདོ་སྔགས་ཀྱི། །བཞེད་པའི་ཐེག་པ་ཞོན་ནས་སྐུ་གསུམ་གྱི། །ལྷུན་གྲུབ་དགའ་ཚལ་སྤྱོད་ལ་འབད་རིགས་སོ། །འགྲོ་དྲུག་སོ་སོར་གནས་ཤིང་རྒྱང་རིང་ཡང༌། །ཡང་ཡང་མ་བྱས་འཁྲུལ་བའི་ཆང་གིས་མྱོས། །མཐོ་རིས་ཐར་པའི་ལམ་སྟོར་འདི་རྣམས་ལ། །སྙིང་བརྩེ་མི་སྐྱེ་བེམ་པོའམ་སྨྱོན་པ་ཅི། །མཁས་ཀྱང་རང་དོན་ཁོ་ན་ལ་ལྷུངས་པ། །དེ་ཡི་ཡོན་ཏན་སེར་སྣའི་ནོར་བཞིན་དུ། །རང་གཞན་དོན་གཉིས་མཐར་མིན་ཕལ་པ་བཞིན། །ཆགས་བྲལ་ཉན་རང་གཉིས་ཀྱང་མཁས་མི་བསྟོད། །དང་པོ་རྩལ་དམན་དུས་ནས་སྐྱེ་དགུའི་གཉེན། །སེམས་ཀྱི་ཟླ་བ་གཞན་ཕན་བདུད་རྩི་འབུམ། །ལེགས་སྨོན་རྒྱུ་སྐར་བྱེ་བས་རབ་བཀྲ་བའི། །ཐུབ་དབང་ཁྱོད་ལ་དུས་ཀུན་མགོས་ཕྱག་འཚལ། །དེ་ལྟར་རྨད་བྱུང་ལམ་བཟང་ལུང་རིགས་ཀྱི། །ས་གསུམ་ཀུན་གསལ་སྔོན་མེད་བཅུ་གཉིས་བདག །བྱས་པས་ཕན་བདེའི་འོད་སྣང་ལུས་ཅན་ལ། །ཐར་ལམ་མིག་ཏུ་རྟག་ཏུ་འབར་གྱུར་ཅིག །

ཅེས་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལེགས་པར་བཤད་ཟིན་ཏོ། །སརྦ་མདྒ་ལཾ། །

                  རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།