ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་ཉེར་ལེན་ངོས་བཟུང་བ།
ཉེར་ལེན་ངོས་བཟུང་བ།
གཉིས་པ་དཔེ་སྒྲུབ་བྱེད་ཀྱི་ཚད་མ་དགག་པ་ལ། ལུང་གི་སྒྲུབ་བྱེད་མི་འཐད་པ་དང༌། རིགས་པའི་སྒྲུབ་བྱེད་མི་འཐད་པ་གཉིས། དང་པོ་ནི། རྩ་བར། ཚད་མས་མ་གྲུབ་དོན་ཅན་གྱི། །ཞེས་བྱུང༌། གཉིས་པ་དེ་སྒྲུབ་པའི་རིགས་པ་དགག་པ་ལ། བརྟགས་ནས་དགག་པ་དང༌། རྩོད་པ་སྤོང་པ་དང༌། འབྲས་བུ་ལྡོག་པའི་རྒྱུ་ཁྱད་པར་ཅན་ངོས་བཟུང་བ་གསུམ། དང་པོ་ནི། རྩ་བར། གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། །སོགས་རྐང་པ་བདུན་བྱུང༌། གཉིས་པ་ནི། རྩ་བར། རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །སོགས་རྐང་པ་གསུམ་བྱུང༌། གསུམ་པ་ནི། རྩ་བར། རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །ནས། དེ་ཙམ་གྱིས་ནི་ལྡོག་པ་མིན། །ཞེས་པའི་བར་ཚིགས་བཅད་གཉིས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། སྐྱེ་བ་ཡོངས་སུ་ལེན་པ། ཞེས་སོགས་ཀྱིས་ལུས་ཡིད་ཀྱི་ཉེར་ལེན་ཡིན་པ་བཀག་ནས། རང་གི་ཉེར་ལེན་ངོས་འཛིན་པ་ལ་འདི་བྱུང༌། གཉིས་པ་ནི། སྒྲོན་མེ་ཆོས་ཅན། ཁྱོད་སྒྲོན་མེའི་འོད་ཀྱི་ཉེར་ལེན་ཡིན་ཏེ། ཁྱོད་སྒྲོན་མེའི་འོད་རང་གི་ཐུན་མོང་མ་ཡིན་པའི་རྫས་རྒྱུན་དུ་སྐྱེད་བྱེད་ཡིན་པའི་ཕྱིར།
མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། གཟུགས་མེད་ནས་འདོད་པར་སྐྱེས་མ་ཐག་པའི་མིག་དབང་གི་དངོས་ཀྱི་ཉེར་ལེན་མེད་ཟེར་ན། འོ་ན་གཟུགས་མེད་ནས་འདོད་པར་སྐྱེས་མ་ཐག་པའི་མིག་དབང་གི་ལྷན་ཅིག་བྱེད་78རྐྱེན་མེད་པར་ཐལ། དེའི་ཉེར་ལེན་མེད་པའི་ཕྱིར། ཁྱབ་སྟེ། དེའི་ཉེར་ལེན་གྱིས་འབྲས་བུ་དེ་བསྐྱེད་པའི་གྲོགས་ལྷན་ཅིག་བྱེད་རྐྱེན་གྱིས་བྱེད་པའི་ཕྱིར། འདོད་ན། དེ་ལ་རྒྱུ་མེད་པར་ཐལ། དེ་ལ་ཉེར་ལེན་ཡང་མེད་ལྷན་ཅིག་བྱེད་རྐྱེན་ཡང་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟག་ཏུ་ཡོད་པའམ་མེད་པར་འགྱུར་པར་ཐལ། དེ་རྒྱུ་མེད་པར་འབྱུང་བའི་ཕྱིར། དེ་ལ་ཁ་ཅིག་ན་རེ། གཟུགས་མེད་ཁམས་ནས་འཆི་ཁའི་སེམས་དེ་དེའི་ཉེར་ལེན་ཡིན་པར་ཐལ། མཛོད་ལས། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དེ་ལ་བརྟེན་པ་ཙམ་དུ་བསྟན་པའི་ཕྱིར། རྩ་བར་ཡང༌། དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་གསུངས་པ་དང་མཐུན་པའི་ཕྱིར། འདོད་མི་ནུས་ཏེ། བེམ་རིག་ཕན་ཚུན་ཉེར་ལེན་བྱེད་མི་རུང་བའི་ཕྱིར། རྩ་བར། གང་གི་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །ཞེས་དང༌། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པའི་ཕྱིར། དེ་ལ་ཉན་ཐོས་སྡེ་པ་ཁ་ཅིག་ན་རེ། གཟུགས་མེད་ཁམས་ནས་འཆི་ཁའི་དབང་པོ་གཟུགས་ཅན་པ་དེས་དེའི་ཉེར་ལེན་བྱེད་ཟེར་ན། འོ་ན། གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེར་གཟུགས་མེད་པར་ལུང་རིགས་གཉིས་ཀྱིས་བཤད་པའི་ཕྱིར། མཛོད་ལས། གཟུགས་མེད་པ་ན་གཟུགས་མེད་དེ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། སྔར་གྱི་གཟུགས་མེད་སྔོན་གྱི་འདོད་ཁམས་ནས་འཆི་ཁ་མའི་དབང་པོ་གཟུགས་ཅན་དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་ཟེར་ན། འོ་ན། འདོད་པ་ནས་གཟུགས་མེད་དང༌། དེ་ནས་འདོད་པར་སྐྱེ་འགྱུར་གྱི་འདོད་པའི་སྐྱེས་བུ་འཆི་ཁ་མ་དེ་ཆོས་ཅན། ཁྱོད་ཤི་མ་ཐག་འདོད་ཁམས་སུ་སྐྱེ་པར་ཐལ། ཁྱོད་ཀྱི་དབང་པོ་གཟུགས་ཅན་པ་དེས་ཕྱི་མའི་འདོད་ཁམས་སུ་སྐྱེས་མ་ཐག་པའི་དབང་པོ་གཟུགས་ཅན་པའི་དངོས་ཀྱི་ཉེར་ལེན་བྱེད་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། དབང་པོ་གཟུགས་ཅན་སྔ་ཕྱི་དེ་གཉིས་ཀྱི་བར་དུ་རིགས་མི་མཐུན་པས་ཆོད་ཀྱང་རིགས་མཐུན་གྱིས་མ་ཆོད་པས་དངོས་ཀྱི་ཉེར་ལེན་ཡིན་ནོ། །ཟེར་ན། འོ་ན། གཟུགས་མེད་པ་ཚེ་ཚད་རྫོགས་པའི་དབང་དུ་བྱས་ནས་དེ་འདྲའི་འདོད་པའི་སྐྱེ་བ་སྔ་མའི་འཆི་ཁའི་དབང་པོ་གཟུགས་ཅན་ཆོས་ཅན། ཁྱོད་དེ་འདྲའི་གཟུགས་མེད་པ་ཤི་ནས་འདོད་པར་སྐྱེས་མ་ཐག་གི་དངོས་ཀྱི་ཉེར་ལེན་མ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་ཀྱི་བར་བསྐལ་པ་དུ་མས་ཆོད་པའི་ཕྱིར། མ་ཁྱབ་ན། ཚེ་ཐོག་མ་མེད་པའི་དབང་པོ་གཟུགས་ཅན་སྔ་མ་དག་ཀྱང་དེའི་དངོས་ཀྱི་ཉེར་ལེན་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། གཞན་ཡང༌། དེའི་བརྒྱུད་པའི་ཉེར་ལེན་མེད་པར་ཐལ། དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར་རོ། །གཞན་ཡང༌། དེ་དེའི་དངོས་རྒྱུ་ཡིན་པར་ཐལ། དེ་དེའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། སོགས་སྤྲོས་པས་ཆོག །ཡང་ཁ་ཅིག་ན་རེ། དངོས་པོ་དེ་ལ་ཕན་འདོགས་བྱེད་དངོས་པོ་དེའི་རྒྱུའི་མཚན་ཉིད་ཟེར་ན། འོ་ན། རྣམ་ཤེས་དང་མཚུངས་ལྡན་གྱི་ཚོར་བ་ཆོས་ཅན། རྣམ་ཤེས་ཀྱི་རྒྱུ་ཡིན་པར་ཐལ། རྣམ་ཤེས་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་ཕན་འདོགས་པའི་ཕྱིར། དེར་ཐལ། རང་གི་འཁོར་ཚོར་པ་མེད་ན་རྣམ་ཤེས་ཀྱིས་ཡུལ་ཉམས་སུ་མྱོང་མི་ནུས་པའི་ཕྱིར། མཛོད་ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་ཤེས་ཀྱི་སྐྱེད་བྱེད་ཡིན་པར་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དངོས་པོ་དེའི་རྒྱུ་ལ་དེའི་སྔར་ཡོད་པ་དགོས་པའི་ཕྱིར། དེར་ཐལ། དེའི་སྔར་མེད་ན་དེ་སྐྱེད་པའི་ནུས་པ་མེད་ཅིང༌། རྒྱུ་ཕྱིས་འབྲས་བུ་དང་དུས་མཉམ་ནའང་དེ་སྐྱེད་པ་ལ་ཕན་པ་སྦྱོར་མི་ཐུབ། དེས་ན་རྒྱུ་སྔར་ཡོད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། མངོན་སུམ་ལེའུའི་ཡིད་མངོན་སྐབས་ཀྱི་རྩ་བར། སྔར་མེད་ནུས་པ་མེད་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་རྩ་བར། ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེའི་རྩ་བར། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་དང༌། གྲུབ་དབང་འདུལ་དཀར་བ་གྲགས་པ་དཔལ་ལྡན་གྱི་ཊཱིཀ་ཆུང་ལས། ཁྱབ་པ་ཡོད་དེ། རྒྱུ་ཐམས་ཅད་རང་འབྲས་ཀྱི་སྔར་ཡོད་པ་ཡིན་པའི་ཕྱིར། རིན་ཆེན་འཕྲེང་བ་ལས་ཀྱང༌། སྔར་སྐྱེས་པ་དང་ལྷན་ཅིག་སྐྱེས། །རྒྱུ་མིན་ཞེས་གསུངས་པའི་ཕྱིར། འདིས་དངོས་པོ་དེའི་རྒྱུ་དྲུག་ལ་དེའི་རྒྱུ་མཚན་ཉིད་པར་འདོད་པ་ལེགས་པར་བཀག་ཟིན་ཏོ། །
(78) པར་ཐེངས་གཉིས་པ། རྐྱེན་ཡང་མེད་པར།
གཞན་ཡང༌། སྐབས་འདིར་རྒྱུ་བས་འབྲས་བུ་སྔ་པ་དང་རྒྱུ་དང་དུས་མཉམ་པ་མི་རུང་བར་ཐལ། འབྲས་བུ་དེའི་ལྡོག་བྱེད་ཀྱི་རྒྱུ་ཡིན་ན་འབྲས་བུ་དེའི་སྔར་ཡོད་པ་ཙམ་གྱིས། འབྲས་བུ་དེ་སྐྱེ་བ་ལ་ཕན་འདོགས་པ་དང༌། དེ་དེའི་སྔ་ལོགས་སུ་སྐྱེས་པ་མེད་ན་འབྲས་བུ་དེ་སྐྱེ་བ་ལྡོག་པ་གཉིས་ཚང་བའི་སྒོ་ནས་རྟག་ཏུ་བདེན་པར་ཁྱོད་རྒྱུ་དེའི་རྗེས་སུ་འཇུག་པ་དགོས་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། དེའི་རྒྱུ་མཚན་གྱིས་འདི་ཡོད་ན་ཞེས་རྣམ་དབྱེ་བདུན་པའི་སྒྲ་རྒྱུའི་དོན་དུ་མཛད་པའི་ཕྱིར། དཔེར་ན་ཆར་བབས་ན་ལོ་ཐོག་སྐྱེ་ཞེས་པ་ལྟ་བུ་བཞིན་ཡིན་པའི་ཕྱིར། མདོ་ལས། འདི་ཡོད་པས་ན་འདི་འབྱུང༌། ཞེས་གསུངས་པའི་ཕྱིར། རྩ་བར། གང་ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་དེ་ཕྱིར་བདུན་པ་དང༌། །ཞེས་གསུངས་པའི་ཕྱིར་དང༌། མདོ་དང་རྩ་བར་ཡོད་པས་ཞེས་པ་འགྱུར་གྱིས་མ་ཐོན་ཏེ། འདི་ཡོད་ན་ཞེས་དང༌། གང་ཞིག་ཡོད་ན་ཕན་འདོགས་ཞེས་བཤད་དགོས་པའི་ཕྱིར། ཀུན་མཁྱེན་དབྱིག་གཉེན་གྱིས་རྟེན་འབྲེལ་མདོ་འགྲེལ་ལས། འདིར་འདི་ཡོད་ན་ཞེས་བྱ་བ་ནི་ཡོད་པར་གྱུར་ནའོ། །འདི་བྱུང་བ་ནི་སྐྱེ་བའོ། །དེ་ལྟར་ན་བདུན་པ་རྒྱུའི་དོན་དུ་རིག་པར་བྱའོ། །དཔེར་ན་ཆར་བབས་ན་ལོ་ཐོག་སྐྱེའོ། །སད་བབས་ན་ལོ་ཐོག་འཇིག་གོ །ཞེས་བྱ་བ་ལྟ་བུ་སྟེ། ཞེས་གསུངས་པའི་ཕྱིར་རོ། །རིན་ཆེན་འཕྲེང་བར་རྗེས་སུ་འགྲོ་ལྡོག་གཉིས་ཀས་བཤད་དེ། རྗེས་འགྲོ་ནི་རིན་ཆེན་འཕྲེང་བ་ལས། འདི་ཡོད་པས་ནི་འདི་བྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །ཞེས་དང༌། ལྡོག་འགྲོ་ནི། རིན་ཆེན་འཕྲེང་བ་ལས། རིང་པོ་ཡོད་ན་ཐུང་ངུ་ཉིད། །རང་གི་ངོ་བོ་ལས་མ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་གཉིས་པ་གྲུབ་སྟེ། དེའི་རྒྱུ་མཚན་གྱིས་བཅོམ་ལྡན་འདས་ཀྱིས་འདི་སྐྱེས་པ་ལས་ཞེས་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་རྒྱུའི་དོན་དུ་མཛད་པའི་ཕྱིར། དཔེར་ན་མེ་དང་འབྲེལ་བ་ལས་ཚོས་པ་དང༌། ལག་པ་བརྡབ་པ་ལས་སྒྲ་འབྱུང་ཞེས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། མདོ་ལས། འདི་སྐྱེ་པས་ན་འདི་ལྟ་སྟེ། །ཞེས་གསུངས་པའི་ཕྱིར་ཏེ། རྩ་བར། རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །ནས། སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྟེན་འབྲེལ་མདོ་འགྲེལ་ལས། འདི་སྐྱེ་བས་ཞེས་བྱ་བ་ནི་བྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་འབྱུང་བ་སྟེ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ལྔ་པ་རྒྱུའི་དོན་ཡིན་པར་རིག་པར་བྱའོ། །དཔེར་ན་མེ་དང་འབྲེལ་བ་ལས་ཚོས་པར་འགྱུར་བ་དང༌། ལག་པ་སོགས་བརྡབ་པ་ལས་སྒྲ་འབྱུང་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རིན་ཆེན་འཕྲེང་བ་ལས། འདི་ཡང་རྗེས་སུ་འགྲོ་ལྡོག་གཉིས་ཀས་བཤད་དེ། རྗེས་འགྲོ་ནི། རིན་ཆེན་འཕྲེང་བ་ལས། འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་བྱུང་བས་འོད་བཞིན་ནོ། །ཞེས་དང༌། ལྡོག་འགྲོ་ནི། རིན་ཆེན་འཕྲེང་བ་ལས། མར་མེ་འབྱུང་བ་མེད་པའི་ཕྱིར། །འོད་ཀྱང་འབྱུང་བ་མེད་པ་བཞིན། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་གཉིས་དོན་མི་གཅིག་པར་ཐ་དད་པ་ཡིན་པར་ཐལ། རྣམ་དབྱེ་བདུན་པ་ལྔ་པ་སྦྱར་བའི་ཕྱིར། མ་ཁྱབ་སྟེ། དོན་སོ་སོ་བ་མེད་ཀྱང་དགོས་པ་ཤིན་ཏུ་ཐ་དད་པའི་ཕྱིར། དང་པོ་གྲུབ་སྟེ། རྟེན་འབྲེལ་མདོ་འགྲེལ་ལས་ཀྱང༌། ཚིག་འདི་གཉིས་ལ་དོན་གྱི་བྱེ་བྲག་ཐ་དད་པ་ཅི་ཞིག་ཡོད་ཅེ་ན། ཅི་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་སོགས་མང་ངོ༌། །གཉིས་པ་གྲུབ་སྟེ། དང་པོ་ཙམ་ལས་མ་བརྗོད་ན། གྲངས་ཅན་གྱིས་ཡོད་པ་སྐྱེ་བར་འདོད་པ་དང༌། སྔར་མ་བྱུང་བ་སྐྱེད་པར་མི་འདོད་པ་རྟག་པའི་དབང་ཕྱུག་དང་རྟག་པའི་དུས་དང་སྐྱེས་བུ་རྟག་པ་སོགས་སྐྱེ་བར་འདོད་པ་མི་ཁེགས་པའི་ཕྱིར། མཛོད་འགྲེལ་དང་ཀ་ཤཱི་སོགས་ཀྱིས་བཤད་པའི་ཕྱིར། རྟེན་འབྲེལ་མདོ་འགྲེལ་ལས་ཀྱང༌། གང་ཡང་རུང་བ་ཞིག་བརྗོད་ན་གྲངས་ཅན་པའི་དོན་ཡོད་པའམ་སྐྱེ་བར་རྟོགས་པར་འགྱུར་ཏེ། ཞེས་པ་ནས། འདི་སྐྱེས་པས་འདི་སྐྱེས་པ་སྟེ་ཞེས་བྱ་བར་མ་བརྗོད་ན་ནི་རྒྱུ་རྟག་པ་དགག་པ་མ་བྱས་པར་འགྱུར་རོ། །ཞེས་སོགས་གསུངས་པའི་ཕྱིར། སྤྲོས་པས་ཆོག །
ཡང་ཉེར་ལེན་ལ་སྣ་ཚོགས་སྨྲ་སྟེ། བོད་ཁ་ཅིག །ཞི་འཚོའི་བཞེད་པར་བྱས་ནས་འབྲས་བུ་དེའི་ཐུན་མོང་མ་ཡིན་པར་བསྐྱེད་པ་འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད་དང༌། འབྲས་བུ་དེ་ཐུན་མོང་དུ་བསྐྱེད་པ་འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཟེར། གཞན་དག་ན་རེ། འབྲས་བུ་དེའི་ངོ་བོ་སྐྱེད་པ་འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད། འབྲས་བུ་དེའི་ཁྱད་པར་སྐྱེད་པ་འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཟེར། ལ་ལ་ན་རེ། འབྲས་བུ་དེ་དངོས་སུ་སྐྱེད་པ་འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད། འབྲས་བུ་དེ་བརྒྱུད་ནས་སྐྱེད་པ་འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཟེར། ཡང་འགའ་ཞིག་ཤཱཀ་བློའི་ཚིག་ཟིན་དགོངས་པར་བྱས་ནས་འབྲས་བུ་དེ་རང་དང་འདྲ་བར་སྐྱེད་པ་འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད་དང༌། འབྲས་བུ་དེ་རང་འདྲ་མ་ཡིན་པར་བསྐྱེད་པ། དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཟེར། དང་པོ་ཞི་འཚོའི་དགོངས་པ་ཡིན་ལ། དེ་ལ་འོ་ན། མིག་དབང་ཆོས་ཅན། མིག་ཤེས་ཀྱི་ཉེར་ལེན་དུ་ཐལ། མིག་ཤེས་ཐུན་མོང་མ་ཡིན་པར་སྐྱེད་བྱེད་ཡིན་པའི་ཕྱིར། དཔེར་ན་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ལྟ་བུ་ཡིན་པའི་ཕྱིར། ཚད་མ་མདོ་ལས། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་དང༌། རང་འགྲེལ་ལས། ཐུན་མོང་མ་ཡིན་པ་ལ་ཐ་སྙད་བྱེད་པ་ཡང་མཐོང་སྟེ། དཔེར་ན། རྔའི་སྒྲ་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྒྱང་ཕན་གྱི་ལུགས་ཁས་ལེན་རིགས་པར་ཐལ་ལོ། །དེ་སོགས་སྤྲོ། དམ་བཅའ་གཉིས་པ་ལ། མིག་ཤེས་སྐད་ཅིག་དང་པོ་ཆོས་ཅན། མིག་ཤེས་སྐད་ཅིག་གཉིས་པའི་ལྷན་ཅིག་བྱེད་རྐྱེན་དུ་ཐལ། དེའི་ཁྱད་པར་སྐྱེད་བྱེད་ཡིན་པའི་ཕྱིར། དེར་ཐལ། དེའི་མི་རྟག་པ་སོགས་སྐྱེད་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེའི་ཉེར་ལེན་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། མིག་ཤེས་སྐད་ཅིག་གཉིས་པའི་ངོ་བོ་སྐྱེད་བྱེད་ཡིན་པར་ཐལ། དེའི་ཉེར་ལེན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མིག་ཤེས་སྐད་ཅིག་གཉིས་པའི་ངོ་བོར་གྱུར་པའི་དོན་དམ་པ་མེད་པར་ཐལ། དེའི་ངོ་བོ་མི་རྟག་པ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། བདེན་གཉིས་ངོ་བོ་གཅིག་མི་རུང་བར་ཐལ་ལོ། །དམ་བཅའ་གསུམ་པ་ལ། རྣམ་ཤེས་ཀྱི་རྫས་རིགས་ཀྱི་རྒྱུན་ཐོག་མེད་ནས་མི་འཇོག་པར་ཐལ། རྣམ་ཤེས་ཀྱི་བརྒྱུད་པའི་རྫས་རྒྱུན་མེད་པའི་ཕྱིར་ཏེ། རྣམ་ཤེས་ཀྱི་ཉེར་ལེན་ལ་དངོས་ཀྱི་ཉེར་ལེན་གྱིས་ཁྱབ་པའི་ཕྱིར། རྟགས་ཁས། གཞན་ཡང༌། རྣམ་ཤེས་རང་གི་དངོས་ཀྱི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཚོགས་ལས་མ་སྐྱེས་པར་ཐལ། དེའི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་མེད་པའི་ཕྱིར། རྟགས་ཁས། འཁོར་གསུམ། འབྲས་བུ་སྐྱེ་བ་ལ་རྒྱུ་རྐྱེན་གཉིས་ཚོགས་མི་དགོས་པར་ཐལ་ལོ། །བཞི་པ་ལ་རིགས་སྨྲ་ཁ་ཅིག་ན་རེ། ས་དང་ཆུ་ལུད་ཆོས་ཅན། མྱུ་གུའི་ཉེར་ལེན་ཡིན་པར་ཐལ། མྱུ་གུ་རང་དང་འདྲ་བར་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། ས་བོན་དང་མྱུ་གུ་ཡང་མི་འདྲ་བ་ཡིན་པར་ཐལ། ཁ་དོག་དང་དབྱིབས་མི་འདྲ་བའི་ཕྱིར། དེས་ན་ཕྱོགས་གཅིག་འདྲ་བ་ཀུན་ལ་ཡོད། མཐའ་དག་འདྲ་བ་ལྡོག་པ་ཐ་དད་ལ་མེད་ཟེར་བ་རྣམ་པར་མ་ཕྱེ་པའི་རྩོད་པར་སེམས་སོ། །འོ་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་འདྲ་བའི་དཔེ་ཞིག་མེད་པར་ཐལ། ཕྱོགས་གཅིག་འདྲ་ན་འདྲ་བས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཆོས་མི་མཐུན་པའི་དཔེ་འདུས་མ་བྱས་ཀྱི་ནམ་མཁའ་བཤད་པའི་ཕྱིར། གཞན་ཡང༌། ཤེས་པར་མཚུངས་ན་མཚུངས་པས་ཁྱབ་པར་ཐལ། རྒྱུ་མཚུངས་པས་མཚུངས་པར་ཁས་བླངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་ངན་འགྲོ་བ་དང་དེ་དང་རྒྱུད་གཅིག་པའི་སངས་རྒྱས་མཚུངས་པར་ཁས་ལེན་དགོས་པས་རིགས་པའི་དབང་ཕྱུག་ཏུ་མི་འགྱུར་བར་རྨོངས་པའི་དབང་ཕྱུག་བྱེད་ཅིང་འཇིག་རྟེན་གྲགས་པ་དང་འགལ་བའི་ཕྱིར། རྩ་བར་འདོད་ན། སྣང་མུན་མཐུན་པར་ཐལ། བདག་མེད་རྟོགས་པའི་རིགས་ཤེས་དང་བདག་འཛིན་མཐུན་པའི་ཕྱིར། ཁྱབ་པ་སླ། མ་གྲུབ་ན། དེར་ཐལ། ཤེས་པར་མཚུངས་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། ངོ་མཚར་བར་ཐལ། དེས་རང་གི་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་ཕྱིར། རང་ཚིག་གིས་འགལ་ལོ། །དེས་ན་མཐུན་མི་མཐུན་གཙོ་ཆེ་ཆུང་སོགས་ཀྱི་འཇོག་གི་ཕྱོགས་གཅིག་ཁོ་ནས་མཐུན་པ་ཁོ་ནར་བཤད་པ་གཏན་མི་རུང་མོད། དེ་ལྟར་མི་ཤེས་པའི་མཁས་རློམ་དང་བླུན་པོ་དུ་མས་སྣོད་སྟོང་ལ་ལག་པ་བརྡབ་པའི་སྒྲ་ཁོ་ན་འབྱིན་པར་བྱས་སོ། །སྤྲོ་སླ།
དེ་ལ་ཁོ་ན་རེ། དེ་དང་འདྲ་ན་རྣམ་པ་ཐམས་ཅད་ནས་འདྲ་བས་ཁྱབ་པར་ཐལ། དེ་དང་ཕྱོགས་གཅིག་འདྲ་ན་འདྲ་བས་མ་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱིར་དཔེར་ལེན་ཚུལ་དེ་འདྲ་མི་འདྲ་དང་གཙོ་ཆེ་ཆུང་ལ་ལྟོས་དགོས་པའི་ཕྱིར། འདོད་མི་ནུས་ཏེ། དེ་དང་རྣམ་པ་ཐམས་ཅད་ནས་འདྲ་ན་ཤེས་པ་མིན་དགོས་པའི་ཕྱིར། རྩ་བར། བདག་ཉིད་ཀུན་གྱིས་འདྲ་བ་ན། །ཤེས་པ་ཤེས་པ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར། ཡང་མི་ཤེས་པ་ཁ་ཅིག་ན་རེ། འབྲས་བུ་རྣམས་རང་གི་ཉེར་ལེན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དགོས་ཀྱི་རང་གི་ལྷན་ཅིག་བྱེད་རྐྱེན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་དེ། རྩ་བར། ཉེར་ལེན་འགྱུར་བ་མེད་པར་ནི། །ཞེས་པའི་མཚམས་སྦྱོར་དུ། ལྷས། གཞན་ཕན་པར་འདོོགས་པར་བྱེད་པ་ཞེས་བྱ་བར། དེ་ལྡོག་པས་ན་ཕན་པར་བྱ་བ་རྒྱུན་ཆད་པ་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།དེ་ཕན་བྱེད་ཕུན་ཚོགས་ཀྱི་ཡན་ལག་ཡོད་ན་ཕན་འདོགས་ལ་མེད་ན་མི་འབྱུང་མ་ཡིན་པའི་རྣམ་དབྱེ་སོ་སོར་བཤད་པ་ཙམ་ཡིན་པའི་ཕྱིར་ཏེ། དེའི་རྒྱུ་ཡན་ལག་མཐའ་ཡས་པའི་ཕྱིར་དང་པོར་བཤད་ཟིན་ཏོ། །འདོད་མི་ནུས་ཏེ། ས་བོན་སྐྱ་བོས་མྱུ་གུ་སྔོན་པོ་སྐྱེད་པ་ལྷན་ཅིག་བྱེད་རྐྱེན་ཆུ་ལུད་སོགས་ལ་ལྟོས་པའི་ཕྱིར། རྩ་བར། གང་ཡོད་ཉིད་ན་གང་སྐྱེ་འམ། གང་འགྱུར་ན་ཡང་རྣམ་འགྱུར་བ། །ཞེས་སོགས་དང༌། སྲིད་པའི་སྲེད་ལས་རྣམ་རྒལ་བས། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་དེའི་ཚིག་ཐོས་ཀྱང་དོན་སྤྱི་ཅི་ཡང་མ་ཆགས་པས་ནེ་ཙོར་གྱུར་པས་ནོངས་སོ། །
རང་ལུགས་ལ། རང་འབྲས་སྐྱེད་བྱེད་ནི་རྒྱུའི་མཚན་ཉིད། དེ་དུས་ཀྱིས་དབྱེ་ན་དངོས་རྒྱུ་དང༌། བརྒྱུད་རྒྱུ་གཉིས། འབྲས་བུ་དེ་དངོས་སུ་སྐྱེད་པ་ནི་འབྲས་བུ་དེའི་དངོས་རྒྱུའི་མཚན་ཉིད། འབྲས་བུ་དེ་བརྒྱུད་ནས་སྐྱེད་པ་ནི་འབྲས་བུ་དེའི་བརྒྱུད་རྒྱུའི་མཚན་ཉིད། རྒྱུ་ལ་སྐྱེད་ཚུལ་གྱིས་དབྱེ་ན་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས། འབྲས་བུ་དེ་རང་གི་རྫས་རྒྱུན་དུ་ཐུན་མོང་མ་ཡིན་པར་གཙོ་བོར་སྐྱེད་པའི་དངོས་པོ་དེ། འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད། དཔེར་ན་ས་བོན་དེ་མྱུ་གུའི་ཉེར་ལེན་དང༌། ཡན་ལག་བཅུ་པ་སྲིད་པའི་དུས་ཀྱི་རྣམ་ཤེས་སྐྱེ་སྲིད་ཀྱི་རྣམ་ཤེས་ཀྱི་ཉེར་ལེན་ལྟ་བུ་སྟེ། འདི་ཞི་འཚོ་ལྷ་ཤཱཀ་གི་དགོངས་པའོ། དེ་ལ་དངོས་ཀྱི་ཉེར་ལེན་དང༌། བརྒྱུད་པའི་ཉེར་ལེན་གཉིས། ས་བོན་སྐད་ཅིག་ཐ་མ་མྱུ་གུའི་དངོས་ཀྱི་ཉེར་ལེན་དང༌། ས་བོན་སྐད་ཅིག་དང་པོ་མྱུ་གུའི་བརྒྱུད་པའི་ཉེར་ལེན་ལྟ་བུ། འབྲས་བུ་དེ་རང་གི་རྫས་རྒྱུན་དུ་མི་སྐྱེད་ཀྱང༌། དེ་སྐྱེད་པའི་དངོས་པོ་ནི་འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། དཔེར་ན་མྱུ་གུའི་རྒྱུར་གྱུར་པའི་ཆུ་སོགས་ལྟ་བུ། དབྱེ་ན། དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་དང་བརྒྱུད་པའི་ལྷན་ཅིག་བྱེད་རྐྱེན་གཉིས། མྱུ་གུའི་རྒྱུར་གྱུར་པའི་མྱུ་གུ་དང་བར་མ་ཆོད་པའི་ཆུ་སོགས་མྱུ་གུའི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་དང༌། དེའི་རྒྱུར་གྱུར་པའི་ཆུ་སོགས་སྐད་ཅིག་དང་པོ་མྱུ་གུའི་བརྒྱུད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་ལྟ་བུ། ནང་ལ་སྦྱར་ན་ཚེ་འདིའི་མིག་དབང་སྐད་ཅིག་དང་པོ་བར་མཐའ་གསུམ་གྱི་སྐད་ཅིག་ཐ་མའི་དངོས་ཀྱི་ཉེར་ལེན་བར་མ་དང༌། དེའི་བརྒྱུད་པའི་ཉེར་ལེན་སྐད་ཅིག་དང་པོ་ལྟ་བུ། དེས་ན་ཚེ་ཕྱི་མའི་མིག་དབང་སྐད་ཅིག་དང་པོའི་ཉེར་ལེན་ཡང་ཡོད་དེ། ཚེ་འདིའི་མིག་དབང་སྐད་ཅིག་ཐ་མ་དེ་དེ་ཡིན་པའི་ཕྱིར། དཔེར་ན་ཚེ་འདིའི་མི་འདོད་ལྷར་སྐྱེ་བའི་མིའི་མིག་དབང་ཐ་མས་སྐྱེ་འགྱུར་འདོད་ལྷའི་བར་དོའི་མིག་དབང་དང་པོའི་ཉེར་ལེན་བྱེད་པ་བཞིན། རྩ་བར། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་འདོད་པ་ནས་གཟུགས་མེད་དང་དེ་ནས་འདོད་པར་སྐྱེ་བའི་མིག་དབང་གི་དངོས་ཀྱི་ཉེར་ལེན་གཟུགས་མེད་ཁམས་པའི་སེམས་ཐ་མའི་སྟེང་ན་ཡོད་དེ། སྔར་འདོད་ཁམས་སུ་འཆི་ཚེ་སེམས་ཀྱི་སྟེང་དུ་དབང་པོ་གཟུགས་ཅན་པའི་བག་ཆགས་བཞག་པའི་སྟོབས་ཀྱིས་གཟུགས་མེད་ཁམས་པའི་འཆི་ཁའི་སེམས་ཐ་མའི་སྟེང་ན་དབང་པོ་གཟུགས་ཅན་སྐྱེད་པའི་ས་བོན་ནམ། ནུས་པ་ཐ་མ་དེས་དེའི་ཉེར་ལེན་བྱེད་པའི་ཕྱིར། དེར་ཐལ། སྔོན་གྱི་གཟུགས་འདོད་པའི་བག་ཆགས་གཟུགས་མེད་ཐ་མའི་སེམས་སྟེང་ན་ཡོད་པ་མངོན་དུ་གྱུར་ཏེ་གཟུགས་ལ་འདོད་པའི་དབང་གིས་ནུས་པ་དེས་ཉེར་ལེན་བྱེད་པའི་ཕྱིར། རྩ་བར། དེ་ལྟར་ལུས་ལ་ཡོན་ཏན་འགྱུར། །བདག་ལ་ཆགས་པ་དང་ལྡན་པས། །ཞེས་དང༌། སྲེད་པ་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྐྱེ་རྒྱུ་ཞེས་པ་ཡན་ཆད་ཀྱི་དོན་གྲུབ་པའི་ཕྱིར་དང༌། མཛོད་ལས་ཀྱང༌། གཟུགས་མེད་པ་ན་གཟུགས་མེད་དོ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྐང་པ་ཕྱི་མའི་མཚམས་སྦྱོར་བའི་རང་འགྲེལ་ལས། ད་ནི་ཇི་ལྟར་ན་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་གཟུགས་རྒྱུན་ཆད་པ་ལས་ཡང་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །གཟུགས་ནི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཏེ། ཡོངས་སུ་བསྒོས་ཞེས་པས་ཉེར་ལེན་བག་ཆགས་བསྟན། སེམས་འཇུག་པ་རྙེད་ཅེས་པས་ལྷན་ཅིག་བྱེད་རྐྱེན་བསྟན་པ་གཉིས་ཤིན་ཏུ་གསལ་བའི་ཕྱིར།
རྩོད་སྤོང་ལ་ཁོ་ན་རེ།.....རློམ་པ། འོ་ན། གཟུགས་མེད་ཁམས་སུ་གཟུགས་ཡོད་པར་ཐལ། དེ་ན་གཟུགས་ཀྱི་ས་བོན་ཡོད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ། ཁྱབ་སྟེ། དེའི་ས་བོན་དེ་བེམ་རིག་གང་རུང་མ་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། འོ་ན། དངོས་པོ་ལ་བེམ་རིག་གཉིས་སུ་གྲངས་མ་ངེས་པར་ཐལ་ལོ་ཞེ་ན། འདོད་པ་ཁོ་ན་ཡིན་ཏེ། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡོད་པའི་ཕྱིར། ཁྱབ་སྟེ། དངོས་པོ་ལ་མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སྐྱེས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་ཁོ་ན་རེ། བུམ་པ་སྐྱེད་བྱེད་ཡིན་པ་བུམ་པའི་རྒྱུའི་མཚན་ཉིད་ཡིན་པར་ཐལ། འབྲས་བུ་དེའི་སྐྱེད་བྱེད་ཡིན་པ་འབྲས་བུ་དེའི་རྒྱུའི་མཚན་ཉིད་ཡིན་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ། འདོད༌། རི་བོང་རྭ་ཆོས་ཅན། བུམ་པའི་རྒྱུ་ཡིན་པར་ཐལ། བུམ་པ་སྐྱེད་བྱེད་ཡིན་པའི་ཕྱིར། དེར་ཐལ། བུམ་པ་རྒྱུ་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁོ་ན་རེ། མིག་དབང་ཆོས་ཅན། མིག་ཤེས་ཀྱི་ཉེར་ལེན་ཡིན་པར་ཐལ། མིག་ཤེས་ཀྱི་རྫས་རྒྱུན་སྐྱེད་བྱེད་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མིག་ཤེས་ཀྱི་རྒྱུན་སྐྱེད་བྱེད་ཡིན་པའི་ཕྱིར་ཏེ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། མིག་ཤེས་རང་གི་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་དང་བདག་རྐྱེན་གསུམ་གྱིས་བསྐྱེད་པ་མ་ཡིན་པར་ཐལ། དེ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ལས་སྐྱེས་པའི་ཕྱིར་ན་མ་ཁྱབ་སྟེ། དབྱེ་བསྡུ་ཙམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གསུམ་གྱི་འབྲས་བུ་མིག་ཤེས་གཅིག་ཡིན་ཀྱང་ལག་རྗེས་སོ་སོར་ཡོད་པའི་ཕྱིར། སྔོན་འཛིན་མིག་ཤེས་ལ་སྔོན་པོའི་རྣམ་པ་འཆར་བ་དང་སྔོན་པོ་གསལ་རིག་གི་ཆ་དང་གཟུགས་ཁོ་ན་འཛིན་པ་གསུམ་ཚང་བའི་ཕྱིར། རྩ་བར། དེ་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དམིགས་བརྟགས་བཞིན། ཚུལ་གཉིས་ཀྱང་ཤེས་དགོས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn