ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་མདོ་སེམས་མཐུན་མོང་གི་རིགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:55:04     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

གསུམ་པ་མདོ་སེམས་ཐུན་མོང་གི་རིགས་པ་ནི། ཐ་མལ་བ་འཆི་བའི་རྣམ་རྟོག་ཆོས་ཅན། རིག་པ་ཕྱི་མ་དང་མཚམས་སྦྱོར་ཏེ། སྲེད་པ་དང་བཅས་པའི་རིག་པ་ཡིན་པའི་ཕྱིར། དཔེར་ན་སྲེད་བཅས་ཀྱི་རིག་པ་སྐད་ཅིག་བར་མ་བཞིན། ཐ་མལ་བའི་འཆི་ཁའི་དབང་པོ་ཐ་མ་ཆོས་ཅན། དབང་པོ་ཕྱི་མ་གཞན་དང་མཚམས་སྦྱོར་ཏེ། ལུས་ལ་སྲེད་པ་དང་བཅས་པའི་དབང་པོ་ཡིན་པའི་ཕྱིར། དཔེར་ན་དབང་པོ་སྐད་ཅིག་དབུས་མ་བཞིན་ཞེས་བཀོད་པ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་དབང་བཅས་ཀྱི་ལུས་སྔ་ཕྱི་ཡིད་ཤེས་ཀྱིས་སྒྲུབ་པར་རྟོགས་ཐུབ་པའི་ཕྱིར། རྩ་བར། དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བའི་ཕྱིར། །ནས། དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་དང༌། ཀ་མ་ལ་ཤཱི་ལའི་དེ་ཉིད་བསྡུས་པའི་འགྲེལ་པར། འདོད་ཆགས་དང་བཅས་པའི་སེམས་ཡིན་པ་དེ་ནི། རང་གི་ཉེ་བར་བླང་བར་བྱ་བའི་སེམས་གཞན་སྐྱེད་པར་ནུས་པ་ཡིན་ཏེ། ཆགས་པ་དང་བཅས་པའི་སྡར་གྱི་གནས་སྐབས་ཀྱི་སེེམས་བཞིན། ཐ་མལ་བའི་འཆི་སེམས་ཀྱང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །ཞེས་གསུངས་པའི་ཕྱིར།

བཞི་པ་དེ་དག་གི་དགོས་པ་ལ་སྐྱེ་བ་སྔ་མ་སྒྲུབ་པའི་དགོས་པ། ཕྱི་མ་སྒྲུབ་པའི་དགོས་པ་དང༌། ཐུན་མོང་གི་རིགས་པའི་དགོས་པ་གསུམ། རིག་པའི་ཐོག་མ་ཐུག་མེད་དུ་ངེས་པའི་སྒོ་ནས་སྐྱེ་བ་སྔ་མ་སྒྲུབ་པའི་དགོས་པ་ཡོད་དེ། དེ་ལ་བརྟེན་ནས་འཁོར་བ་ལ་ཐོག་མ་གཏན་མེད་དུ་འགྲུབ། དེ་ལ་བརྟེན་ནས་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་རེ་རེས་ཀྱང་མ་གྲངས་མེད་བྱས་པས་སེམས་ཅན་ཐམས་ཅད་མར་ཤེས་ཤིང༌། འགྲོ་བ་དྲུག་གི་བདེ་སྡུག་གི་ལོངས་སྤྱོད་ལ་ཞེན་ལོག་དང༌། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཕ་མ་དྲན་པའི་དྲིན་གཟོ་དང་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་ཞིང༌། དེ་ལ་བརྟེན་ནས་དེ་དག་སྐྱོབ་པའི་སྐྱབས་མཐར་ཐུག་རྫོགས་པའི་སངས་རྒྱས་ཁོ་ནར་ཚད་མས་ངེས་པའི་སྒོ་ནས་མི་ལྡོག་པའི་ཐེག་ཆེན་སེམས་བསྐྱེད་དང་རྒྱལ་སྲས་ཀྱི་སྤྱོད་པ་མཐར་ཕྱིན་པ་རྣམས་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་གྲུབ་མཐའ་བཞི་ཀས་བཞེད་པའི་ཕྱིར། མཛོད་ལས། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱི་མངོན་འདུས་བྱས། །ནས། སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ །སྲིད་པའི་འཁོར་ལོ་ཐོག་མ་མེད། །ཅེས་དང༌། ཚད་མ་རྒྱན་ལས་ཀྱང༌། སྐྱེ་བོ་རྣམས་ཀྱི་ཞན་པ་ཡང༌། །ཞན་འཇུག་གོམས་པ་ཡིན་དེའི་ཕྱིར། །སྲིད་པའི་འཁོར་ལོ་ཐོག་མ་མེད། །ཅེས་གསུངས་པའི་ཕྱིར་དང༌། དབུ་སེམས་གྲགས་ཆེའོ། །རྩ་རྟགས་ཀྱི་ཟུར་གཉིས་པ་གྲུབ་སྟེ། སའི་དངོས་གཞིར་མདོ་དྲངས་པ་ལས། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད་མ་སྐྱེས་པ་དང་མ་སོང་བ་དང་མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའོ། །ཡུན་རིང་པོ་འདས་པ་ནས་གང་ཁྱེད་ཀྱི་ཕ་མའམ་ཕུ་ནུའམ། སྲིང་མོའམ་སློབ་དཔོན་ནམ་མཁན་པོའམ་བླ་མའམ་བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་གསུམ་པ་གྲུབ་སྟེ། སློབ་དཔོན་ཙནྡྲ་གོ་མིས། འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་བརྒྱར་མ་མྱོང་བདེ་བ་དེ་གང་ཞིག །ཅེས་སོགས་དང༌། དཔའ་བོས་མྱ་ངན་བསལ་བ་ལས། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུང་བ། །རྒྱ་མཚོའི་ནང་གི་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་བཞི་པ་དེ་ལ་བརྟེན་ནས་དྲིན་དྲན་དྲིན་གཟོ་དང་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡང་སྐྱེ་བར་གྲུབ་སྟེ། སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀླུང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོགས་དང༌། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལེགས་སོ། །ཞེས་སོགས་ལམ་རིམ་དུ་དྲངས་པ་ལྟར་ཡིན་པའི་ཕྱིར། རྩ་བའི་རྟགས་ཀྱི་ཟུར་ལྔ་པ་དེ་ལ་བརྟེན་ནས་དེ་དག་སྐྱོབས་པའི་སྐྱབས་མཐར་ཐུག་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་སྐྱེ་བ་གྲུབ་སྟེ། སངས་རྒྱས་མ་ཐོབ་བར་དུ་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་ཙམ་ཡིན་པས་སྐྱབས་འཚོལ་དགོས་ཤིང༌། འཚང་རྒྱ་བའི་ཐབས་འཆུགས་པ་མེད་ཅིང་མྱུར་ཤོས་སེམས་བསྐྱེད་ལྷག་ཅིང་བཟང་པར་སངས་རྒྱས་བྱང་སེམས་འཕགས་པ་ཐམས་ཅད་ཀྱིས་གཟིགས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་དང༌། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་བྱེད། །ཅེས་སོགས་དང༌། ལམ་རིམ་ལས། བསྐལ་པ་དུ་མའི་བར་དུ་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་ཆེས་ཕྲ་བར་བྱས་ཏེ་ལམ་རྣམས་ལ་དཔྱད་པ་ན་འདི་ཉིད་འཚང་རྒྱ་བའི་ཐབས་དམ་པར་རྒྱལ་བ་སྲས་བཅས་ཀྱིས་གཟིགས་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པའི་ཕྱིར།

གཉིས་པ་སྐྱེ་བ་ཕྱི་མ་སྒྲུབ་བྱེད་རིགས་པས་གཏན་ལ་ཕབ་པ་ལ་གནས་སྐབས་དང་མཐར་ཐུག་ལ་ལྟོས་པའི་དགོས་པ་གཉིས་ཡོད་དེ། ཕྱི་མར་ངན་སོང་དུ་སྐྱེ་བའི་རྒྱུ་དང་འབྲས་བུ་ངན་སོང་གི་སྡུག་བསྔལ་བསམ་པས། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་དང་གནས་སྐབས་ཀྱི་དོན་ནམ་དགོས་པ་མངོན་མཐོའི་རྟེན་བཟང་བརྒྱུད་མར་འབྱུང་བ་ཐོབ་པར་བྱེད། སྐྱེ་བ་ཕྱི་མར་རིགས་དྲུག་སོ་སོར་ལས་ཉོན་མ་ཟད་བར་དུ་སོ་སོར་འཁོར་ཚུལ་དང་དེའི་རྒྱུའི་གཙོ་བོ་སྲེད་པ་དང་དེ་ཡང་རྒྱུ་མ་རིག་པས་བྱེད་ཚུལ་ཤེས་ནས་སྐྱེས་བུ་འབྲིང་གི་ལམ་དང་ཐར་པ་ཐོབ་པར་མ་ཟད། འགྲོ་དྲུག་ཕ་མ་དང་དེའི་སྡུག་བསྔལ་བསལ་བའི་ཆེད་དུ་རང་ལ་དེ་ལྟར་ནུས་པ་མེད་ཀྱང་སངས་རྒྱས་ཐོབ་ན་ཡོད་པར་ཤེས་ཏེ། གཞན་དོོན་དང་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་ལམ་ཀྱི་གཞུང་ཤིང་བྱས་ནས་མཐར་ཐུག་གི་དགོས་པའི་དོན་གཉིས་མཐར་ཕྱིན་འགྲུབ་ལ། དེ་དག་ཐམས་ཅད་སྐྱེ་བ་ཕྱི་མ་ཚད་མས་ངེས་པ་ལ་རག་ལས་པའི་ཕྱིར། རྟགས་ཟུར་པོ་གྲུབ་སྟེ། ངན་འགྲོའི་རྒྱུ་ནག་པོའི་ལས་ཀྱིས་བསྐྱེད་ཚུལ་གྱི་ལས་འབྲས་མི་བསླུ་བ་ལ་ཡིད་ཆེས་ཀྱི་དད་པ་དང་དཀོན་མཆོག་གི་ཡོན་ཏན་རིགས་པས་གྲུབ་པའི་དད་པ་གཉིས་མངོན་མཐོ་སྒྲུབ་བྱེད་གཙོ་བོ་དང་ངེས་ལེགས་ཀྱི་རྒྱུའི་སྔོན་འགྲོའི་གཙོ་བོ་ཡིན་པའི་ཕྱིར། བཤེས་སྤྲིངས་ལས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །ཞེས་པ་ནས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །དེ་ཡི་སྒྲུབ་བྱེད་མདོར་བསྡུ་ན། མདོར་ན་དད་དང་ཤེས་རབ་པོ། །ཞེས་གསུངས་པའི་ཕྱིར་དང༌། རྩ་བའི་རྟགས་ཟུར་གཉིས་པ་གྲུབ་སྟེ། སྔར་མ་ཟད་ད་དུང་ལམ་ཉམས་སུ་མ་བླངས་ན། འགྲོ་བ་བ་ལང་དུ་སྐྱེས་པ་ལྟ་བུ་རེ་རེའི་འོ་མ་རྒྱ་མཚོའི་ཆུ་ལས་མང་འཐུང་དགོས་པའི་ཕྱིར། བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲངས་པའི་འཁོར་བ་པའི། །དེ་བས་ཆེས་མང་ཉིད་གཅིག་བཏུང་འཚལ་ལོ། །ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་ཟུར་གསུམ་པ་གྲུབ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་གསུངས་པ་ལྟར། ཕྱི་ནང་གི་སྟོན་པའི་ཁྱད་པར་རྟོགས་ཤིང༌། མ་རྣམས་ལ་འཁོར་བ་ལ་མཐའ་འདི་ཙམ་ཞེས་གཟུང་དུ་མེད་པས་མཐའ་མེད་དུ་འཁྱམས་པ་ལ་སྙིང་རྗེ་སྐྱེ་བའི་ཕྱིར། བཞི་བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། །ཞེས་དང༌། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྡལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

གསུམ་པ་མདོ་སེམས་ཐུན་མོང་གི་དེ་ལྟར་བཀོད་པའི་དགོས་པ་ཡོད་དེ། བྱེ་མདོ་སོགས་ཀྱང་རྗེས་སུ་བཟུང་བ་དང་དེ་དག་གི་ལུགས་ལ་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་དང་བསྟུན་པ་ཙམ་ཡིན་པའི་ཕྱིར། མཛོད་ལས། ཐ་མ་མིན་མཚུངས་དེ་མ་ཐག །ཅེས་དང༌། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན། ཞེས་གསུངས་པ་དང་མཐུན་པའི་ཕྱིར། ཊཱིཀ་ཆེན་གཉིས་ལས་ཀྱང་གཞུང་འདི་གཙོ་བོ་དེ་ལ་སྦྱར་ཞིང་མཐར་ཐུག་ཐེག་པ་གཅིག་ཁོ་ན་བསྟན་ན་མི་རུང་བར་བཤད་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། གཞུང་འདི་དག་གིས་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པར་བསྟན་པར་འདོད་ན་གྲུབ་མཐའི་རྣམ་གཞག་མ་ཆགས་པའི་གཏམ་མོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞུང་འདི་དག་ཅེས་བཀར་ཞིང་ཐེག་པ་གཅིག་ཏུ་ངེས་པར་བསྟན་པར་འདོད་ན་ཞེས་ཐེག་པ་གཅིག་ཁོ་ན་བསྟན་པ་བཀག་པས་བསྟན་ཙམ་མི་འགོག་པའི་ཕྱིར་ཏེ། མཁས་གྲུབ་ཊིཀ་ཆེན་ལས་ཀྱང༌། འདི་དག་ནི་སྐབས་འདིར་ཡང་མཐར་ཐུག་ཐེག་པ་གཅིག་ཏུ་བཞེད་པར་འདོད་པའི་ལུགས་སོ། །ཞེས་གསུངས་པའི་ཕྱིར།

བློ་གསར་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་འབྲས་རང་མི་དམིགས་པ་གསུམ་གྱིས་སྒྲུབ་ཚུལ་གྱི་དཔེ་རེ་བྱས་ན། རྡོར་ཏིང་ལ་གནས་པའི་ཉན་ཐོས་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། ཁྱོད་ལ་མྱུར་དུ་ཟད་པ་ཡོད་དེ། ཁྱོད་རང་གི་རྒྱུ་ལ་གནོད་བྱེད་གཉེན་པོ་སྟོབས་ལྡན་དངོས་སུ་འཇུག་པ་ཡོད་པའི་ཕྱིར། དཔེར་ན་མེ་སྟོབས་ལྡན་དང་ཉེ་བས་གྲང་འབྲས་སྤུ་ལོང་བྱེད་ཟད་པ་མཐོང་བ་བཞིན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་ཉན་ཐོས་ཀྱི་ཉེར་ལེན་ཕུང་པོའི་རྒྱུ་ལ་གནོད་བྱེད་གཉེན་པོ་སྟོབས་དང་བཅས་པའི་སྐབས་ཡིན་པའི་ཕྱིར། ཞེས་པའི་རང་བཞིན་གྱི་རྟགས་ཡང་དག་གིས་གྲུབ་སྟེ། དེ་ཟད་པ་ཙམ་སྒྲུབ་ན་རྒྱུ་འགལ་དམིགས་ཡིན་ཀྱང་དེ་ཟད་པ་ཡོད་པ་སྒྲུབ་པ་གཙོ་ཆེ་བས་མ་ཡིན་དགག་ཡིན་པས་རང་བཞིན་གྱི་རྟགས་ཡིན་པའི་ཕྱིར། རྗེའི་ལམ་བསྒྲིགས་ལས། ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་རང་ལྡོག་ནས་སྒྲུབ་པའི་ཚུལ་ཕྱོགས་ཙམ་བཤད་པར་བྱ་སྟེ། གང་རང་གི་རྒྱུ་ལ་གནོད་བྱེད་སྟོབས་ལྡན་ཡོད་པ་དེ་ལ་ཟད་པ་ཡོད་པས་ཁྱབ་སྟེ། དཔེར་ན་མེ་དང་ཉེ་བས་གྲང་འབྲས་སྤུ་ལོང་བྱེད་ཟད་པ་མཐོང་བ་བཞིན། སྡུག་བསྔལ་གྱི་ཕུང་པོ་འདིའི་རྒྱུ་ལ་ཡང་གནོད་བྱེད་སྟོབས་ལྡན་དམིགས་སོ། །ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །ཞེས་པ་ནས། རྟགས་དེའི་གྲུབ་དོན་སྡུག་བསྔལ་གཉེན་པོའི་སྟོབས་ཀྱིས་ཟད་པ་ནི་ཐར་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་རྡོར་ཏིང་གི་སྦྱོར་བ་ལ་གནས་པའི་བྱང་འཕགས་རྒྱུད་ཀྱི་གཟུང་འཛིན་རིག་གསུམ་རྫས་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་རྟོག་པ་ཆོས་ཅན། ཁྱོད་ལ་ཟད་པ་ཡོད་དེ། ཁྱོད་རང་ཉིད་ལ་གནོད་བྱེད་གཉེན་པོ་སྟོབས་ལྡན་དང་བཅས་པ་ཚད་མས་དམིགས་པའི་ཕྱིར། དཔེར་ན་མེ་སྟོབས་ལྡན་དང་ཉེ་བས་གྲང་རེག་ལོག་པ་མཐོང་བ་བཞིན། ཁྱོད་ལ་ཡང་གནོད་བྱེད་གཉེན་པོ་སྟོབས་ལྡན་ཚད་མས་དམིགས་སོ་ཞེས་པའི་རང་བཞིན་གྱི་རྟགས་ལས་ཆོས་ཀྱི་བདག་འཛིན་ཟད་པས་མི་གནས་པའི་མྱང་འདས་གྲུབ་ཅིང་རང་བཞིན་གྱི་རྟགས་ཡིན་ཚུལ་བཤད་ཟིན་པ་དེའི་ཕྱིར། ལམ་བསྒྲིགས་ལས། ཡང་གང་ལ་གཉེན་པོ་སྟོབས་ལྡན་མཐོང་བ་དེ་ལ་གཉེན་པོའི་སྟོབས་ཀྱིས་ཟད་པ་ཡོད་པས་ཁྱབ་སྟེ། དཔེར་ན་མེ་དང་ཉེ་བས་གྲང་རེག་ལོག་པ་མཐོང་བ་བཞིན། གཟུང་འཛིན་རིག་གསུམ་རྫས་དད་དུ་འཛིན་པའི་རྟོག་པ་ལ་ཡང་གནོད་བྱེད་སྟོབས་ལྡན་དམིགས་སོ། །ཞེས་བྱ་བའི་རྟགས་ལས་ཆོས་ཀྱི་བདག་འཛིན་ཟད་པའི་སྤངས་པ་ཡོད་པར་འགྲུབ་ལ། ཞེས་པ་ནས། ཆོས་ཀྱི་བདག་འཛིན་ཟད་པ་དང་ཚོགས་པ་གཅིག་པའི་བདེན་བཞིའི་གནས་ལུགས་རྟོགས་པ་དེ་ལ་ཀུན་མཁྱེན་ཞེས་བྱའོ། །ཚུལ་འདི་དག་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱིས་སྒྲུབ་པའི་ཚུལ་ཕྱོགས་ཙམ་ཡིན་ཏེ། འདི་དག་ལ་དཔག་ནས་མཐའ་དག་ཁོང་དུ་ཆུད་པར་བྱ་ཡི། ཞེས་སོགས་གསུངས་པའི་ཕྱིར། ཡང་བྱང་སེམས་རྒྱུན་མཐའི་སྐད་ཅིག་གཉིས་པའི་འཕགས་པ་རྣམ་གྲོལ་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཆོས་ཀྱི་བདག་འཛིན་ཟད་ནས་མེད་དེ། ཁྱོད་བདག་འཛིན་གྱི་གཉེན་པོ་གནོད་བྱེད་སྟོབས་ལྡན་མཐར་ཕྱིན་པའི་ཡེ་ཤེས་ཀྱིས་ཐུགས་ལ་ཁྱབ་པར་ལྡན་པའི་འཕགས་པ་ཡིན་པའི་ཕྱིར། དཔེར་ན་མེ་སྟོབས་ལྡན་གྱིས་ཁྱབ་པའི་གཞིར་གྲང་རེག་མི་གནས་པ་བཞིན། ཁྱོད་ཀྱང་ཆོས་ཀྱི་བདག་འཛིན་གྱི་གནོད་བྱེད་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་མཐར་ཐུག་གིས་རྒྱུད་ལ་ཁྱབ་པ་ཡིན་ནོ། །ཞེས་པའི་རང་བཞིན་འགལ་དམིགས་ཀྱི་རྟགས་ཀྱིས་མི་གནས་པའི་མྱང་འདས་སྒྲུབ་པ་ཡིན་ནོ། །

འབྲས་རྟགས་ནི་བདེན་བཞིའི་གནས་ལུགས་ཆ་ཚང་ཕྱིན་ཅི་མ་ལོག་པར་རང་སྟོབས་ཀྱིས་གསུངས་མ་ཐག་པའི་ངག་ཆོས་ཅན། དེ་ཀུན་མཁྱེན་པ་རྣམ་དག་སྔོན་དུ་སོང་སྟེ། བརྗོད་པ་རྣམ་པར་དག་པའི་ཚིག་ཡིན་པའི་ཕྱིར། དཔེར་ན་བདག་མེད་སྟོན་པའི་བཀའ་བཞིན་ཞེས་པ་ལྟ་བུ་ཡིན་ཏེ། བཞི་བརྒྱ་པ་ལས། སངས་རྒྱས་ཀྱིས་གསུང་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡི་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་དང༌། རྩ་བར། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པའི་ཕྱིར། ལམ་བསྒྲིགས་ལས། ཡང་ན་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཆོས་ཅན། མཁྱེན་པ་རྣམ་དག་སྔོན་དུ་སོང་སྟེ། བརྗོད་པ་རྣམ་དག་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་གྲུབ་སྟེ། ཞེས་སོགས་གསུངས་པའི་ཕྱིར། དེའི་འཕྲོས་དོན་གཞན་ཡང་ལེའུ་དང་པོར་བཤད་པའི་རྟགས་རིགས་སོ་སོའི་དགོས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་ངེས་ཅན་དུ་དགོས་པ་ཡང་ཡིན་ཏེ། བཤེས་གཉེན་འཚོལ་བ་དང་སློབ་མའི་རྒྱུད་རྟོགས་པར་བྱེད་པ་ལ་ངག་སྨྲ་བརྗོད་ཀྱི་འབྲས་རྟགས་ལས་གཞན་སེམས་ཤེས་དགོས་པས་འབྲས་རྟགས་རིགས་གསུམ་གྱི་ཐོག་མར་བཤད་པས་ལམ་དུས་ཀུན་ལ་ཤིན་ཏུ་གལ་ཆེ། མི་རྟག་སྡུག་བསྔལ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ཡོད་པར་སྒྲུབ་པ་སོགས་ལ་རང་བཞིན་གྱི་རྟགས་ཡང་དག་དགོས། བདག་གཞན་ལ་བརྙས་པ་དང་ཆོས་ལ་སྐུར་བ་དགག་པར་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དགོས། བདག་མེད་ཕྲ་རགས་ཀྱི་ལྟ་བ་གཏན་ལ་འབེབས་པ་དང༌། རྒྱུ་འདི་ལོག་པས་འབྲས་བུ་འདི་མི་འབྱུང་བ་དང༌། འབྲས་བུ་འདི་ཡོད་པས་རྒྱུ་འདི་སྔོན་དུ་སོང་བ་སོགས་ཀྱི་ལས་འབྲས་སེམས་པ་ལ་འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་དགོས། ཐར་པ་སྒྲུབ་པའི་མཐུན་དཔེ་དང་སྤང་གཉེན་གྱི་གནོད་བྱ་གནོད་བྱེད་ཀྱི་ཚུལ་ཤེས་པ་ལ་སྤྱིར་འགལ་དམིགས་ཀྱི་རྟགས་ཡང་དག་དང༌། ཁྱད་པར་དུ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་དང་འགལ་འབྲེལ་གྱི་རྣམ་གཞག་ཀྱང་ཤེས་དགོས། ཤིན་ཏུ་ལྐོག་གྱུར་ཁམས་གསུམ་གྱི་ཚེ་ཚད་ལུས་སོགས་ངེས་པར་བྱེད་པ་ལ་ཡིད་ཆེས་ཀྱི་རྟགས་ཡང་དག་དགོས་པ་སོགས་ཡོད་པའི་ཕྱིར། དེས་ན་རྣམ་འགྲེལ་ལེའུ་དང་པོས་ཀྱང་གཏན་ཚིགས་དེ་དང་དེས་ཐར་པ་དང་ཐམས་ཅད་མཁྱེན་པ་དང་ལམ་གྱི་རྣམ་པ་རིགས་པས་སྒྲུབ་ཚུལ་ལེགས་པར་བཤད་པ་ཡིན་ཏེ། དེར་དཔེའི་སྒོ་ནས་རིགས་པས་བཤད་པ་དོན་ལ་དེ་ལྟར་སྦྱོར་བ་སློབ་དཔོན་ལྷ་ཤཱཀ་རྒྱན་གསུམ་སོགས་ཀྱིས་བཤད་པའི་ཕྱིར། གཞན་དུ་ན་མངོན་རྟོགས་རྒྱན་སྐབས་དང་པོས་ཀྱང་རྣམ་མཁྱེན་མ་བསྟན་པར་ཐལ་བ་དང༌། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །ནས། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པས་སེམས་བསྐྱེད་སོགས་ལམ་མ་བསྟན་པར་འགྱུར་བར་ཤིན་ཏུ་མཚུངས་པའི་ཕྱིར། ཞེས་དཔྱོད་ལྡན་བློ་གྲོས་ཀྱི་ནོར་དང་ལྡན་པ་རྣམས་ཀྱི་ཐུགས་ལ་བཞག་ནས་བླུན་པོས་ཐར་པ་དང་ཐམས་ཅད་མཁྱེན་པ་རིགས་པས་སྒྲུབ་པའི་ལེགས་བཤད་གཞན་སྡེ་དང་ཐུན་མོང་གི་བསྟན་བཅོས་ཡིན་ནོ་ཞེས་པའི་སྨྱོན་པ་དང་ལུག་བོང་གི་རྨོངས་སྐད་རྒྱང་རིང་དུ་དོར་བར་གྱིས་ཤིག །

རྩོད་སྤོང་ལ་ཁོ་ན་རེ། རྣམ་འགྲེལ་ལེའུ་གཉིས་པའི་སྐབས་འདིར་མཐར་ཐུག་ཐེག་པ་གཅིག་པའི་ལུགས་མི་རིགས་པར་ཐལ། འདིར་མཐར་ཐུག་ཐེག་པ་གསུམ་པའི་ལུགས་ཁོ་ན་བྱེད་དགོས་པའི་ཕྱིར། དེར་ཐལ། འདིར་མཐར་ཐུག་ཐེག་པ་གསུམ་པའི་ལུགས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། ལུགས་གཉིས་ཀ་བཤད་པའི་ཕྱིར། རྩ་བར། འདོད་ཆགས་བྲལ་བས་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྩ་བར། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན། །རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །ནས། དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རིགས་པ་དེས་མཐར་ཐུག་ཐེག་པ་གཅིག་སྒྲུབ་པར་པཎ་གྲུབ་དུ་མས་བཤད་ཅིང་རིགས་པའང་ཤིན་ཏུ་གསལ་བའི་ཕྱིར། ཡང་ཁོ་ན་རེ། ཉན་རང་དགྲ་བཅོམ་པ་ལྷག་མེད་ཀྱི་ཚེ་སེམས་རྒྱུན་ཆད་པ་ཁོ་ན་དང་མཐར་ཐུག་ཐེག་པ་གསུམ་ཁོ་ནར་ཐལ། ཐར་ལམ་གསལ་བྱེད་ལས། གཞུང་འདི་དག་གིས་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པར་བསྟན་པར་འདོད་ན་གྲུབ་མཐའི་རྣམ་གཞག་མ་ཆགས་པའི་གཏམ་མོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཞུང་འདི་ལ་ལུགས་གཉིས་ཡོད་པས་ཐེག་དམན་གྱི་སྐབས་སུ་དེ་ལྟར་ཁས་ལེན་ན་གྲུབ་མཐའ་མ་ཕྱེད་པའི་སྐྱོན་ཡོད་ཅེས་པའི་དོན་ཡིན་པའི་ཕྱིར། ཡང་ཁོ་ན་རེ། རིག་པ་ཡིན་ན་རང་གི་དངོས་ཀྱི་ཉེར་འབྲས་སུ་གྱུར་པའི་རིག་པ་ཡོད་པས་ཁྱབ་པར་ཐལ། དེ་ཡིན་ན་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། རིག་པ་ཡིན་ན་རང་གི་འབྲས་བུར་གྱུར་པའི་རིག་པ་ཡོད་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ཡིན་ན་རང་གི་འབྲས་བུར་77གྱུར་པའི་རིག་པའི་རྐྱེན་བྱེད་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་ཁ་མའི་གང་ཟག་གི་རྒྱུད་ཀྱི་རིག་པ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཡོད་པར་ཐལ། རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འདུ་ཤེས་མེད་པ་བའི་རྒྱུད་ལ་རིག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་རིག་པ་མེད་པར་ཐལ། དེའི་རྒྱུད་ལ་རྣམ་པར་ཤེས་པ་རགས་པ་མེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་རིག་པ་ཤིན་ཏུ་ཕྲ་བ་ཡོད་པའི་ཕྱིར། དེར་ཐལ། འདུ་ཤེས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་གི་རྒྱུད་ཀྱི་རྣམ་ཤེས་ཀྱི་དངོས་ཀྱི་ཉེར་ལེན་ཡོད་པ་གང་ཞིག །བེམ་པོ་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། འདུས་བྱས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་གསུངས་པའི་ཕྱིར། དེ་སྐད་དུ། སྡེ་བདུན་རྒྱན་ལས། དེས་ན་སྙོམས་འཇུག་ལས་ལྡང་ཁའི་ཡེ་ཤེས་སྐད་ཅིག་ཐ་མ་དེ། ལངས་མ་ཐག་པའི་ཤེས་པ་སྐད་ཅིག་དང་པོའི་ཉེར་ལེན་དང༌། དེ་མ་ཐག་རྐྱེན་ཡིན་པར་འགྲུབ་པས། དེ་མ་ཐག་རྐྱེན་གཞན་བཙལ་མི་དགོས་སོ། །ཞེས་གསུངས་པའི་ཕྱིར།

(77) པར་ཐེངས་གཉིས་པ། གྱུར་པའི་རྐྱེན།

གཞན་ཡང་རྣམ་འགྲེལ་ལས་འཇིག་ལྟ་མ་རིག་པར་འཇོག་པ་ཐེག་ཆེན་གྱི་མདོའི་དོན་མ་ཡིན་པར་ཐལ། སྐབས་འདིར་མཐར་ཐུག་ཐེག་པ་གཅིག་ཏུ་བཞེད་པའི་ཐེག་ཆེན་མི་འདོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཆོས་མངོན་པའི་སྡེ་སྣོད་ལས་མཛོད་ལྟར་མ་རིག་པ་མ་རྟོགས་ལོག་རྟོག་གཉིས་ལས་མ་རྟོགས་པ་ཡུལ་དེར་རྨོངས་ཙམ་ལས་ཕྱིན་ཅི་ལོག་ཏུ་ཞུགས་མ་ཟིན་པའི་ཆ་ལྟ་མིན་ཁོ་ན་ལ་འཇོག་པའི་ཕྱིར། ལམ་རིམ་ལས། སློབ་དཔོན་ཐོགས་མེད་སྐུ་མཆེད་ནི་ཡང་དག་པའི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཡང་དག་པའི་དོན་ལ་རྨོངས་པ་གཉིས་ལས་ཕྱི་མར་བཞེད་དེ། ཞེས་གསུངས་པའི་ཕྱིར་དང། མཛོད་ལས་ཀྱང༌། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟ་ངན་དང་མཚུངས་ལྡན་དང༌། དེ་ལྟ་ངན་ཉོན་མོངས་བྱེད་ཡིན་པས་མ་རིག་པ་ལ་ལྟ་མིན་དགོས་པར་བཤད་པའི་ཕྱིར། རྩ་བར་འདོད་ན། འདིར་འཇིག་ལྟ་མ་རིག་པར་འཇོག་པ་མདོ་ཏིང་ངེ་འཛིན་རྒྱལ་པོ་དང་མདོ་སྡེ་ས་བཅུ་པའི་དགོངས་པ་མ་ཡིན་པར་ཐལ། དེ་ལྟར་འཇོག་པ་ཐེག་ཆེན་གྱི་མདོའི་དོན་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། འཇིག་ལྟ་བདག་མེད་རྟོགས་པའི་རིག་པའི་འགལ་ཟླ་ཡིན་པས་མ་རིག་པར་འཇོག་པ་མདོ་དེ་གཉིས་ཀྱི་དགོངས་པར་ལྷ་ཤཱཀ་རྒྱན་གསུམ་གྱིས་བཞེད་པའི་ཕྱིར། ལྷས། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ཏུ་ཤེས་རབ་ཀྱིས་གཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་འཛིན་པའི་ངོ་བོ་ཡིས་ནི་མ་རིག་པ་ཡིན་ནོ། ཞེས་གསུངས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མདོ་དེ་དང་དེ་དག་གི་གསུངས་ཚུལ་ནི། ལྷས་དེའི་འཕྲོར་འགྲེལ་པ་ལས། འདི་ལྟ་སྟེ། འཕགས་པ་ཟླ་བའི་སྒྲོན་མེའི་ཏིང་འཛིན་ལས་མི་ཤེས་པ་མེད་པ་གང་ཞེ་ན། གང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་སྒྲོ་འདོགས་པ་མེད་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འགྲེལ་པ་དེ་ཉིད་ལས། ས་བཅུ་པའི་མདོ་ལས་ཞེས་སོགས་གསུངས་པའི་ཕྱིར་དང༌། ཤཱཀྱས་ཀྱང་དེ་དག་གི་དོན་བཤད་པའི་ཕྱིར་དང༌། རྒྱན་ལས་ཀྱང༌། མདོ་དེ་དང་དེ་ལས་གསུངས་པའི་ཕྱིར་རོ། །དེ་ལ་མ་རིག་པ་དང་བྲལ་བ་གང་ཞེ་ན། ཞེས་སོགས་ཏིང་འཛིན་རྒྱལ་པོ་དང༌། ཡང་རྒྱན་ལས་དེ་བཞིན་དུ་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་སྐྱེ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། ཞེས་སོགས་ས་བཅུ་པའི་མདོའི་ལུང་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སྐབས་འདིར་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཁས་ལེན་རིགས་པར་ཐལ། མདོ་ཏིང་འཛིན་རྒྱལ་པོ་ལས། བདེར་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་གསུངས་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། ཐེག་ཆེན་གྱི་སེམས་ཙམ་པ་ཁ་ཅིག་དང་དབུ་མ་པའི་ལུགས་ལ་དེ་ལྟར་ཡིན་ཞེས་བཤད་པ་ཡིན་པའི་ཕྱིར།

སྨྲས་པ།

སྒྲུབ་དང་སུན་འབྱིན་རྣམ་དག་ཤིང་རྟ་བདུན། །

ཆོས་དབྱིངས་ནམ་མཁའི་ངོས་ལ་ལེགས་དྲངས་པས། །

ཕྱོགས་གླང་གྲགས་པའི་རིང་ལུགས་འོད་སྟོང་གིས། །

ཐར་དང་ཐམས་ཅད་མཁྱེན་ལམ་གསལ་ཞིང་འབར། །

རིགས་པའི་དབང་ཕྱུག་འབྲས་རང་མ་དམིགས་པས། །རིམ་བཞིན་བཤེས་གཉེན་སློབ་མ་བརྟགས་པ་ནས། །ཀུན་མཁྱེན་བར་གྱི་སྤང་གཉེན་སྒྲུབ་པའི་དོན། །རིང་དུ་འདོར་བ་ལྷུར་ལེན་བླུན་འགའ་འཁྱམས། །རྟགས་གསུམ་སྒྲུབ་དང་སུན་འབྱིན་མི་ཤེས་དང༌། །ལུང་རིགས་དང་འགལ་ཆོས་ཅན་བདག་མེད་རགས། །འགོད་པའི་རིགས་སྨྲའི་གཟུགས་བརྙན་དྭངས་པའི་ཆུར། །གཟུགས་བརྙན་ཟ་བར་འདོད་པའི་གཉིས་སྐྱེས་མང༌། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                   རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།