ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་ཚད་མས་བསལ་བ་བསྟན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:52:21     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

                                                                                                                                                   ཚད་མས་བསལ་བ་བསྟན་པ།

གཉིས་པ་ཀུན་གྱི་བྱེད་པོ་ཡིན་པ་ལ་ཚད་མས་བསལ་བ་བསྟན་པ་ལ། རྟག་པ་རྒྱུར་མི་རུང་བར་བསྟན་པ་དང༌། རང་ལ་མཚུངས་པ་སྤངས་པ་གཉིས། དང་པོ་ནི། རྩ་བར། དངོས་དེ་རྒྱུ་ཡིན་པ། ནས། མ་ཡིན་ཁྱད་པར་མེད་ཕྱིར་རོ། །ཞེས་པའི་བར་ཤོ་ལོ་ཀ་བདུན་དང་རྐང་པ་གསུམ་བྱུང། གཉིས་པ་རང་ལ་མཚུངས་པ་སྤངས་པ་ལ། རྩོད་པ་དང༌། ལན་གཉིས། དང་པོ་ནི། རྩ་བར། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་བྱུང༌། ཚུ་རོལ་མཛེས་པ་བ་དང༌། སྤྱོད་པ་བ་དག་སོགས་ན་རེ། སངས་རྒྱས་པ་ཁྱོད་ཀྱིས་དབང་ཕྱུག་བཀག་པ་མི་འཐད་དེ། ཤིན་ཏུ་ལྐོག་གྱུར་མངོན་སུམ་དུ་རྟོགས་པའི་ཚད་མའི་སྐྱེས་བུ་དང་ཀུན་མཁྱེན་མེད་པའི་ཕྱིར་ཏེ། དེ་བསྐྱེད་པའི་རྒྱུ་དང་ཤེས་བྱེད་ཀྱི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་དང༌། དེས་བཤད་པའི་དོན་ལ་ནན་ཏན་བྱེད་པ་ཡང་མེད་པའི་ཕྱིར། ཞེས་འདོད་དོ། །གཉིས་པ་ལན་ལ། ཀུན་མཁྱེན་འཚོལ་དགོས་པའི་རྒྱུ་མཚན་དང༌། ཀུན་མཁྱེན་འཚོལ་བའི་ཚུལ་བཤད་པ་དང༌། རྩ་བའི་ཀུན་མཁྱེན་ངོས་གཟུང་བ་དང་གསུམ། དང་པོ་ནི། རྩ་བར། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས། །དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །ཅེས་བྱུང༌། འདི་གསུམ་དཔྱིས་ཕྱིན་པ་མ་གོ་ན་སྐྱབས་འགྲོ་དང་བླང་དོར་མོས་པ་ཡིད་བྱེད་དང་ཡིད་དཔྱོད་ལས་མི་ཡོང་སྟེ། རྗེ་རིན་པོ་ཆེས་མདུན་ལེགས་མ་ལས། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡིས་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ཞེས་གསུངས་པའི་ཕྱིར་དང༌། རྗེ་བཙུན་བྱམས་པས་ཀྱང་རྒྱུད་བླ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །ཞེས་དང༌། དཔའ་བོས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་གྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང༌། ཕྱོགས་གླང་གིས་སྤེལ་བསྟོད་ལས། ལེགས་བཤད་ཆེན་པོ་སྐུ་སྲོག་གིས། །ཚིགས་སུ་བཅད་པ་ཕྱེད་ཙམ་ཡང༌། །གང་ཞིག་ཤེས་རབ་རྣམ་སྤེལ་ཕྱིར། །ཇི་ལྟར་རྗེས་སུ་མཆི་བར་བགྱི། །ཁྱོད་ཉིད་གཅིག་པུས་རྣམ་མཁྱེན་མཛད། །ཅེས་གསུངས་པ་ལྟར། སངས་རྒྱས་ཁོ་ན་སྐྱབས་སྟོན་པར་འཛིན་དགོས་པའི་ཕྱིར། སྔགས་ཀྱི་སྐབས་སུ་ཡང་ཆོས་གྲགས་ཕྱིན་ཆད་ཀྱི་སངས་རྒྱས་ཡེ་ཤེས་དང་རྒྱལ་བས་བྱིན་དང༌། དཔལ་འབྲས་རྡོ་རྗེ་དང༌། ཨ་བྷྱ་དང་ཐ་ག་ན་སོགས་དུ་མས་རྣམ་འགྲེལ་རང་ནས་བཤད་པའི་ཕྱིར་རོ། །དེ་ཡང་བཞི་བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་མི་སྐྱེ་བར་འགྱུར། །ཞེས་པ་ལྟར་འཁོར་བ་ཐོག་མེད་ནས་ད་དུང་དུ་ཡང་འཁོར་བ་འདིར་འཇིགས་པ་ལས་ཉོན་གྱི་ཆུ་སྲིན་གྱིས་ཡང་ཡང་ཟ་བའི་མཐའ་མི་མཐོང་བས། སྡུག་བསྔལ་དེ་སེལ་ཐབས་མི་ཤེས་པ་སྟོན་པར་བྱེད་པ་ལས་འདི་འཁྲུལ་ལམ་སྙམ་པའི་དོགས་པ་ཅན་གྱི་སྡུག་བསྔལ་ཞི་བའི་ཐབས་ལེགས་པར་ཤེས་པའི་ཤེས་ལྡན་འཚོལ་དགོས་ཤིང༌། དེས་བསྟན་པས་མི་ཆོག་པར་བསྟན་པ་ལྟར་སྒྲུབ་པ་ནན་ཏན་བྱེད་པ་གཉིས་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས། །ཞེས་དང༌། ཕྱོགས་གླང་གིས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་ན། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་པའི་ལན་དུ་དཔའ་བོས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོངས་ཡེ་མི་མངའ་ཞིང༌། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད། །ཅེས་དང༌། ཕྱོགས་གླང་གིས། ཇི་སྲིད་བདག་ལ་སེམས་ཡོད་ན། །གང་གི་བསྟན་ལ་གནས་པ་སྟེ། །གང་བསྟོད་གང་ལ་བསྙེན་བཀུར་བགྱི། །ཞེས་དང༌། ལན་དུ་དཔའ་བོས། གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པའི་ཕྱིར། སྐྱབས་འགྲོ་ཆུང་སྐད་མི་འདུག་པས་ལེགས་པར་གོ་བ་གཅིག་དགོས།

གཉིས་པ་ཀུན་མཁྱེན་འཚོལ་བའི་ཚུལ་ནི། རྩ་བར། དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །ཅེས་བྱུང༌། ཤེས་ལྡན་དེ་ཡང་གྲོལ་བ་དོན་གཉེར་དེའི་བསྒྲུབ་བྱ་འཁོར་བ་དང་ཉོན་མོངས་ལས་གྲོལ་བྱེད་ཀྱི་ཡེ་ཤེས་མངོན་སུམ་མཁྱེན་ནམ་མི་མཁྱེན་སྙམ་དུ་དཔྱད་ནས་བཙལ་བར་བྱ་ཡི། སྲིན་བུའི་གྲངས་མཁྱེན་མི་མཁྱེན་སྙམ་དུ་དཔྱད་པར་མི་བྱ་སྟེ། གྲངས་དེ་འདྲ་མཁྱེན་པ་མི་མཁོ་ཞིང་རང་གི་སྡུག་བསྔལ་དང་དེའི་རྒྱུ་ཉོན་མོངས་ཞི་བ་དང༌། དེའི་ཐབས་འཚོལ་བ་དེའི་ཕྱིར། འོ་ན། དེའི་ཚེ་བཤེས་གཉེན་དུ་འཛིན་པའི་སྔོན་དུ་བདེན་བཞི་མཁྱེན་པའི་ཡོན་ཏན་ཡོད་པར་ཤེས་ན་བདེན་བཞི་རང་གིས་ཀྱང་ཤེས་པས་བཤེས་གཉེན་འཚོལ་བ་དོན་མེད། མི་ཤེས་ན་བསྟེན་བྱར་རུང་མི་རུང་མི་ཤེས་གང་འཕྲད་པ་བསྟེན་ནམ་ཞེ་ན། སྐྱོན་མེད་དེ། འདིར་བཤེས་གཉེན་འཚོལ་མཁན་ནི་རྟོག་ལྡན་ཡིན་པས། དེའི་ཡོན་ཏན་རགས་པ་ཚད་མས་ངེས་ཤིང་ཅུང་ཟད་དང་ཕྲ་བ་ཡིད་དཔྱོད་ཀྱིས་ཀྱང་ཤེས་ལ། གཞན་ལ་དྲིས་པ་དང་གྲགས་པ་སོགས་ཀྱིས་ཀྱང་ཤེས་པའི་ཕྱིར།

གསུམ་པ་རྩ་བའི་ཀུན་མཁྱེན་ངོས་བཟུང་བ་ནི། རྩ་བར། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་བོར་མཐོང་ངམ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། །གལ་ཏེ་རིང་བོར་མཐོང་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་བྱུང༌། དོན་ནི་ཤེས་བྱ་ཆོས་ཅན། བདེན་བཞི་མངོན་སུམ་དུ་མཁྱེན་པ་མཐར་ཕྱིན་པར་མཛད་པའི་ཐུབ་དབང་བཅོམ་ལྡན་འདས་ཉིད་ཀུན་མཁྱེན་དང་ཚད་མའི་སྐྱེས་བུར་འདོད་ཀྱི། སྲིན་བུའི་གྲངས་ཐམས་ཅད་རིག་པ་དང༌། ཐག་རིང་པོའི་དོན་མཐོང་བ་གཉིས་ཀུན་མཁྱེན་དང་ཚད་མའི་སྐྱེས་བུ་མིན་ཏེ། བདེན་བཞིའི་བླང་དོར་གྱི་དེ་ཉིད་དང༌། དེའི་ཐབས་དང་བཅས་རིག་པར་མཛད་པ་མཐར་ཕྱིན་པ་དེ་ཡིན་པའི་ཕྱིར། སྔར་དབང་ཕྱུག་བཀག་པས་ཐམས་ཅད་བཟོ་ཤེས་པ་ཀུན་མཁྱེན་དུ་བཀག་ཅིང༌། འདིས་གྲངས་ཐམས་ཅད་དང་རིང་པོ་རིག་པ་གཉིས་ཀུན་མཁྱེན་དུ་བཀག་པའི་ཕྱིར། ཊཱིཀ་ཆེན་ལས། སྔར་ནི་ཐམས་ཅད་ཤེས་པ་ཀུན་མཁྱེན་གྱི་མཚན་ཉིད་དུ་འདོད་པ་བཀག་ཅིང༌། འདིས་སྲིན་བུའི་གྲངས་དང་རྒྱང་རིང་པོ་སོགས་མཐོང་བ་ཀུན་མཁྱེན་གྱི་མཚན་ཉིད་དུ་འདོད་པ་བཀག་སྟེ་བླང་དོར་གྱི་གནས་མ་ལུས་པ་མངོན་སུམ་དུ་མཁྱེན་པ་གྲོལ་བ་དོན་གཉེར་ལ་ཉེར་མཁོའི་ཀུན་མཁྱེན་གྱི་མཚན་ཉིད་དུ་སྒྲུབ་པར་མཛད་པ་ཡིན་ནོ། །ཞེས་དང༌། རྣམ་བཤད་ལས། དེས་ན་གཞན་དག་ཐམས་ཅད་བཟོ་ཤེས་པ། ཞེས་པ་ནས། ཤེས་བྱའི་གནས་ལུགས་ཇི་ལྟར་གནས་པ་ལྟར་གཟིགས་པ་ལ་ཀུན་མཁྱེན་དུ་སྟོན་པར་མཛད་དོ། །ཞེས་གསུངས་པའི་ཕྱིར། ལེའུ་འདིས་སྐྱེས་བུ་གསུམ་གྱི་ལམ་བསྟན་པར་གྲགས་པ་ལྟར་ཡིན་པས་འདིས་བཤེས་གཉེན་ཚོལ་བ་དང་ནན་ཏན་བྱེད་པ་དང་བཤེས་གཉེན་གྱི་མཚན་ཉིད་ཚང་བར་སྟོན་ཏེ། འདོད་དོན་གཙོ་བོ་ཤེས་དགོས་ཀྱི་ཕལ་པ་རྩིས་དང་བཟོ་སོགས་མ་ཡིན་པར་བཤད་དོ། འོ་ན། རྒྱང་ཕན་གྱི་དབང་ཤེས་ཀྱིས་ཐམས་ཅད་རིག་པ་མི་འཐད། ཐམས་ཅད་རིག་ན་འཁོར་བ་ཐོག་མ་མེད་པ་མི་འཐད་པར་བཤད་པ་ལ་ཇི་ལྟར་སྒྲུབ་སྙམ་ན། རྒྱན་ལས། ཚད་མ་སླུ་མེད། ནས། སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཡན་ཆད་ཚད་མ་གྲུབ་པའི་ལེའུ་དང༌། དེ་ནས། མ་ཡིན་ཁྱད་པར་མེད་ཕྱིར་རོ། །ཡན་ཆད་དབང་ཕྱུག་དགག་པའི་རྣམ་འགྲེལ་དང་རྒྱང་ཕན་དགག་པའི་ལེའུ་དག་ན་གསལ་བར་ཡོད་པས་དེར་ལྟོས། འདིར་མདོ་སྡེ་པ་ཆོས་ཐམས་ཅད་དངོས་སུ་རྟོགས་པར་འདོད་དེ། དུས་གསུམ་ཇི་ལྟར་གནས་པ་ལྟར་ལུང་དང་རྟགས་ལ་མ་ལྟོས་པར་ཅིག་ཅར་དངོས་སུ་རྟོགས་པར་འདོད་པའི་ཕྱིར། ཚད་ཆེན་ལས། ཡང་ན་རྣལ་འབྱོར་ནུས་བྱུང་བའི། །འདས་དང་མ་འོངས་ལྟར་གསལ་བ། །རྟགས་དང་ལུང་ལ་མ་ལྟོས་པའི། །ཡིད་ནི་རྣལ་འབྱོར་པ་ལ་ཡོད། །ཅེས་གསུངས་པའི་ཕྱིར། དེའི་དཀའ་འགྲེལ་ལས། འདི་ཡང་མདོ་སྡེ་པ་རྣམས་ཀྱིས་མི་འདོད་དེ། ཐམས་ཅད་དུ་བཅོམ་ལྡན་འདས་དངོས་སུ་གཟིགས་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་མདོ་སྡེ་བས་འདོད་པའི་ལུགས་བསྟན་པའི་ཕྱིར། ཡང་ན་རྣལ་འབྱོར་ནུས་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་གསུངས་པའི་ཕྱིར། འདིར་ཐམས་ཅད་མཁྱེན་ཚུལ་ལ་དཔྱད་པ་དགོས་ཀྱང༌། སུས་མ་སྨྲས་ཤིང་ཡི་གེ་མངས་དོགས་ཤིང་གཞན་དུ་བཤད་པས་མ་སྤྲོོས་སོ། །

བསམ་པ་ཕུན་ཚོགས།

གཉིས་པ་ཀུན་བཏུས་མཆོད་བརྗོད་ཀྱི་ཁྱད་པར་ལྷག་མ་ཕན་བཞེད་དང་སྟོན་པ་དང་བདེར་གཤེགས་དང་སྐྱོབ་པ་བཞི་བཤད་པའི་སྒོ་ནས་ཚད་མའི་སྐྱེས་བུའི་མཚན་ཉིད་དང་དེར་བགྲོད་པའི་ལམ་ངོས་གཟུང་བ་ལ་ཕན་བཞེད་སོགས་ཁྱད་པར་གྱི་ཆོས་བཞི་སྒྲུབ་པ་དང༌། དེ་ལས་ཚད་མར་སྒྲུབ་པ་གཉིས། དང་པོ་ལ་བསམ་པ་ཕུན་ཚོགས་ངོས་གཟུང་བ་དང༌། དེ་ལས་སྦྱོར་བ་ཕུན་ཚོགས་སྐྱེ་ཚུལ་དང༌། དེ་གཉིས་ལས་འབྲས་བུ་ཕུན་ཚོགས་འབྱུང་ཚུལ་གསུམ། དང་པོ་ལ་བསམ་པ་དང་པོའི་སྒྲུབ་བྱེད་དུ་བསྟན་པ་དང༌། དེ་མ་གྲུབ་པ་སྤངས་པ་གཉིས། དང་པོ་ནི། རྩ་བར། སྒྲུབ་བྱེད་ཐུགས་རྗེས་གོམས་ལས་དེ། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་གསུངས་པའི་འགྲོ་ལ་ཕན་བཞེད་ཀྱི་ལྷག་མ་དེ་རྒྱས་པར་འཆད་པར། འདི་ནས། ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་པའི་བར་བྱུང་སྟེ། ལྷས། སྒྲུབ་བྱེད་ཐུགས་རྗེ་གོམས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆགས་བྲལ་ཆགས་དང་མི་གཙང་བཞིན། །ཞེས་བྱ་བའི་བར་འདིས་ནི་འགྲོ་ལ་ཕན་བཞེད་པ་ཉིད་བཤད་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཀུན་མཁྱེན་ཡེ་ཤེས་ཆོས་ཅན། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མ་ཡིན་པར་ཁྱོད་འབྱུང་བའི་ཐུན་མོང་མ་ཡིན་པའི་ས་བོན་ལྟ་བུའི་རྒྱུ་བྱང་སེམས་ཀྱི་ཐུགས་རྗེ་ལྷག་བསམ་དང་སྙིང་རྗེ་ཆེན་པོ་གཉིས་དང་ཐེག་ཆེན་སེམས་བསྐྱེད་གསུམ་ལ་སྐྱེ་བ་དུ་མར་གོམས་པའི་སྒྲུབ་བྱེད་ལས་བྱུང་བའི་ཕྱིར། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང༌། ཞེས་གསུངས་པའི་ཕྱིར།

མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཐེག་ཆེན་སེམས་བསྐྱེད་དང་སྙིང་རྗེ་ཆེན་པོ་རྒྱུ་བསམ་པ་ཕུན་ཚོགས་དང༌། བདག་མེད་རྟོགས་པའི་ཤེས་རབ་དེ་རྒྱུ་སྦྱོར་བ་ཕུན་ཚོགས་ཡིན་ཟེར་ན། འོ་ན། སེམས་བསྐྱེད་ཆོས་ཅན། འབྲས་བུ་ཕུན་ཚོགས་མ་ཐོབ་གོང་གི་བྱང་སེམས་ཀྱི་རྒྱུད་ཀྱི་དེ་ཡིན་པར་ཐལ། རྒྱུ་བསམ་པ་ཕུན་ཚོགས་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་ལམ་དུས་དང་འབྲས་དུས་གཉིས་འགལ་བའི་ཕྱིར་དང༌། རྒྱུ་སྨོས་པའི་དོན་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སངས་རྒྱས་ས་ན་ཁྱོད་ཡོད་པའི་ཕྱིར། གཞན་ཡང༌། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། བྱང་སེམས་རྒྱུད་ཀྱི་མཁྱེན་པ་ཡིན་པར་ཐལ། རྒྱུ་སྦྱོར་བ་ཕུན་ཚོགས་ཡིན་པའི་ཕྱིར། ཁྱབ་པ་སྔར་བཞིན། འདོད་མི་ནུས་ཏེ། ཁྱོད་ལམ་མ་ཞུགས་དང་སངས་རྒྱས་ཀྱི་ས་གཉིས་ཀ་ན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པའི་རབ་ཏུ་ཕྱེ་བའི་སྙིང་རྗེ་དེ་སྙིང་རྗེ་ཆེན་པོའི་མཚན་ཉིད། དེ་ཡང་འདིར་བསྟན་པ་ལ་བསམས་ནས་ཟེར་ན། འོ་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་དེ་འདྲ་བའི་སྙིང་རྗེ་ཆེན་པོ་ཆོས་ཅན། འདིར་བསྟན་སྙིང་རྗེ་ཆེན་པོ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ཏེ། ཉན་རང་དགྲ་བཅོམ་ལ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་གཅེས་པའི་བུ་མི་གཙང་བའི་ཁྲོན་པར་ལྷུང་བ་ལ་མི་བཟོད་པ་ལྟ་བུའི་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར། ཐོགས་འགྲེལ་དུ་དྲངས་པའི་བློ་གྲོས་རྒྱ་མཚོས་ཞུས་པ་ལས། དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ཏེ་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་མ་དང་གཉེན་དེ་ཉན་རང་གི་དཔེ་ཡིན་པའི་ཕྱིར། མདོ་དེ་ཉིད་ལས། མ་དང་གཉེན་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྷུང་བའི་སེམས་ཅན་མཐོང་ནས་ཀྱང་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། གདོན་པར་ནུས་པ་ནི་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ། །ཞེས་གསུངས་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་བུ་གཅིག་པ་ལྟ་བུའི་སྙིང་རྗེ་ནི་སྙིང་རྗེ་ཆེན་པོར་སྒོམ་རིམ་དང་ལམ་རིམ་ཆེ་བར་བཤད་པའི་ཕྱིར། རྩ་བར་འདོད་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དགྲོལ་བར་རང་གི་ཁུར་དུ་ལེན་པའི་སྙིང་རྗེ་ཡིན་པར་ཐལ། ཐེག་ཆེན་གྱི་སྙིང་རྗེ་ཆེན་པོ་ཡིན་པའི་ཕྱིར། ཁྱབ་ཅིང༌། འདོད་མི་ནུས་ཏེ། ཐེག་དམན་གྱི་སྙིང་རྗེ་ཆེན་པོ་ཡིན་པའི་ཕྱིར། རྒྱུད་བླའི་དར་ཊཱིཀ་ལས། བུ་གཅིག་པ་མི་གཙང་བའི་དོང་དུ་ལྷུང་བ་ལ་མ་ལ་བརྩེ་བ་ཅི་ཙམ་ཡོད་པ་ལྟར་ཉན་ཐོས་དང་རང་སངས་རྒྱས་འཕགས་པ་རྣམས་ལ་ཡང་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་འབྱུང་ཡང༌། སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱའོ་སྙམ་པའི་ཁུར་དུ་བླངས་པ་དེ་མེད་པས་ཐེག་པ་ཆེན་པོ་ལས་དམན་པའོ། །ཞེས་གསུངས་པའི་ཕྱིར། འདི་མཁས་པའི་ལེགས་བཤད་དང་འཇམ་དཔལ་ཞལ་ལུང་གིས་ཐོན་ཀྱང་ཕལ་ཆེར་གྱིས་མ་གོ་ནས་སྣ་ཚོགས་ལབ་པ་མི་འཐད་དེ། རྣམ་འགྲེལ་ལས་ཀྱང། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་བྱུང་སྐབས་འདིའི་དེའི་མཚན་ཉིད་ཟེར་བ་དང༌། ཁ་ཅིག །དེ་འདྲ་བའི་བརྩེ་བ་ཡིན་པར་དམིགས་པ་ཟེར། སྔ་ཕྱི་གཉིས་ཀ་མི་འཐད་པར་ཐལ། དེ་ལ་ཐུགས་རྗེའི་རྣམ་པ་དང་ངོ་བོ་གཉིས་ཀ་མ་ཚང་བའི་ཕྱིར། དེར་ཐལ། དེ་ལ་ཐུགས་རྗེའི་རྣམ་པ་མ་ཚང་བ་གང་ཞིག །ཐུགས་རྗེའི་ངོ་བོ་ཡང་མ་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བ་ཙམ་མ་ཡིན་པར་གཏན་ཟད་དུ་ཁུར་དུ་ཁྱེར་བ་གཉིས་མེད་པའི་ཕྱིར། རྟགས་སླ། ཁྱབ་སྟེ། དེ་མེད་ན་སྒྲུབ་བྱེད་ཀྱི་ཐུགས་རྗེའི་དོན་ཡང་མ་ཚང་བར་གྲུབ་མཐའ་བཞི་ཀ་འདོད་པའི་ཕྱིར་དང༌། ལྷས་ཀྱང༌། སྒྲུབ་བྱེད་ཐུགས་ཕན་གདགས་པའི་ལན་ལ་སོགས་པ་ལ་ལྟོས་པ་མེད་པ་ཅན་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཤིན་ཏུ་སྡུག་བསྔལ་དང་བྲལ་འདོད་པའི་རྣམ་པ་ཅན། ཞེ་སྡང་མེད་པ་ནི་ཐུགས་རྗེ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤཱཀྱས། ཁམས་གསུམ་གྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྙོམས་པའོ། །འདིས་ནི་ཡུལ་ཆེན་པོ་ཅན་ཉིད་དུ་སྟོན་པའི་ཕྱིར་ཐུགས་རྗེ་ཆེན་པོ་བཤད་དོ། །ཞེས་གསུངས་པའི་ཕྱིར། འདིས་ཁ་ཅིག་སངས་རྒྱས་མ་ཡིན་པ་ལ་ཐུགས་རྗེ་མེད་ཟེར་བ་དང༌། ལ་ལས་སྙིང་རྗེ་ཆེན་པོ་ཐམས་ཅད་ཡིན་སྙམ་པ་སོགས་དུ་མ་ཁེགས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ངོ་བོ་ཞེ་སྡང་མེད་པའི་སེམས་བྱུང་ང་གཅིག་གི་གཅིག་ཏུ་ཕུང་པོ་ལྔ་པ་ལྟར་ཡིན་པའི་ཕྱིར། ཤཱཀྱས། རྣམ་པ་དང་རང་གི་ངོ་བོ་བསྟན་པའི་ཕྱིར། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་མི་སྐྱེ་བའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་ཤིན་ཏུ་སྡུག་བསྔལ་དང་བྲལ་བ་གང་ཡིན་པ་དེ་འདོད་པའི་རྣམ་པ་ཞེ་སྡང་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་ཕྱི་མ་ལ་འོ་ན། དེ་འདྲ་བའི་སྙིང་རྗེ་ཡིན་པར་དམིགས་པ་ཆོས་ཅན། ཤེས་པ་ཡིན་པར་ཐལ། སྙིང་རྗེ་ཡིན་པའི་ཕྱིར། མ་གྲུབ་ན། སྙིང་རྗེ་ཆེན་པོའི་མཚན་ཉིད་ཡིན་པ་འབུད། མ་གྲུབ་ན། བུམ་པ་ཡིན་པར་གྲུབ་པ་བུམ་པ་ཡིན་པར་ཐལ་ལོ། །

རང་ལུགས་ལ། རང་གི་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ་སྙོམས་པར་དམིགས་ནས་སྡུག་བསྔལ་མཐའ་དག་དང་གཏན་ནས་བྲལ་བར་ཁུར་དུ་འཁྱེར་བའི་ཆ་ནས་བཞག་པའི་ཞེ་སྡང་མེད་པའི་བརྩེ་བ་དེ། ཐེག་ཆེན་གྱི་སྙིང་རྗེ་ཆེན་པོའི་མཚན་ཉིད། དེ་ལ་དབྱེ་ན་རྒྱུ་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་དང༌། འབྲས་བུ་ཐུགས་རྗེ་ཆེན་པོ་གཉིས་ཡོད། དང་པོ་ལམ་མ་ཞུགས་ནས་རྒྱུན་མཐའི་བར་དུ་ཡོད། གཉིས་པ་དང་སངས་རྒྱས་ཀྱི་སའི་ཐུགས་རྗེ་ཆེན་པོ་དོན་གཅིག །དེའི་སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པས་ཐེག་ཆེན་འཇུག་སྒོ་སེམས་བསྐྱེད་ཡིན་པར་བསྟན་ཅིང༌། དེའི་རྩ་བ་ཡང་སྙིང་རྗེ་དང་བཅས་པ་ཕྱིན་དྲུག་སོགས་སྐྱེ་བ་དུ་མར་གོམས་པར་བྱས་པ་མཐར་ཕྱིན་པའི་ཚད་མའི་སྐྱེས་བུ་འགྲུབ་པར་བསྟན་ཏེ། 75ཇི་ལྟར་སྒྲུབ་རིགས་ཙམ་གྱིས་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་ངེས་པ་ལས་སྒྲུབ་དགོས་པའི་ཕྱིར་ཏེ། དེ་འདྲ་བའི་ཡིད་ཤེས་བརྟན་པ་ལས་གོམས་པ་མཐར་ཕྱིན་པའི་ཆོས་ཀུན་མཁྱེན་པ་མཐར་ཐུག་པ་སྒྲུབ་ཅིང་། གྲོལ་བ་དོན་གཉེར་ལ་བདེན་བཞིའི་མི་རྟག་སོགས་དངོས་སུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ལས་ཉོན་མོངས་པ་ཟད་པར་བྱེད་པ་སྒྲུབ་པའི་ཕྱིར།

(75) པར་ཐེངས་གཉིས་པ། དེ་ལྟར།

གཉིས་པ་མ་གྲུབ་པ་སྤོང་བ་ལ། རྩོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། རྩ་བར། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་བྱུང༌། དེ་ལ་སྦྱོར་བ་དང་མཐའ་དཔྱད་པ་གཉིས། རྒྱང་ཕན་དང་ཁྱད་པར་དུ་འཇིག་རྟེན་མིག་དང་གཞོན་ནུ་མ་ལེན་སོགས་ན་རེ། ཐུབ་དབང་སྙིང་རྗེ་སྐྱེ་བ་དུ་མར་གོམས་པས་ཚད་མའི་སྐྱེས་བུར་འཁྲུངས་པ་མ་ཡིན་ཏེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཏེ། ཡིད་བློ་རྟོག་པ་ནི་ལུས་ལ་བརྟེན་པས་ལུས་ཞིག་པ་ན་དེ་ཡང་འཇིག་པའི་ཕྱིར། དཔེར་ན་སྒྲོན་མ་ལ་འོད་ལྟར་ལུས་ཀྱི་འབྲས་བུའམ། ཆང་དང་མྱོས་པའི་ནུས་པ་ལྟར་ལུས་ཀྱི་ཡོན་ཏན་ནམ། རྩིག་པ་ལ་རི་མོ་ལྟར་རང་བཞིན་གྱི་ཚུལ་གྱིས་བརྟེན་ཏོ་ཞེས་ཟེར་ཏེ། ལྷས། བློ་ནི་ལུས་ལ་བརྟེན་པ་ཉིད་ཀྱི་ཕྱིར། ཡོན་ཏན་གྱི་ལུས་སམ། འབྲས་བུ་ཉིད་དང༌། ནུས་པ་འདོད་པ་ཞིག་ན། བློའི་མཚན་ཉིད་ཅན་གྱི་ཆོས་སམ་འབྲས་བུའམ་ནུས་པ་མེད་པས་སྐྱེ་བ་དང་འཆི་བའི་རྒྱུན་མེད་པའི་ཕྱིར། སྐྱེ་བའི་རྒྱུན་མང་པོ་དག་ཏུ་གང་ལ་གོམས་པ་ཡིན་ཞེ་ན། ཞེས་དང༌། རྒྱན་ལས་ཀྱང༌། བློ་ནི་ལུས་ཀྱི་བདག་ཉིད་དང༌། །ལུས་འབྲས་ལུས་ཀྱི་ཡོན་ཏན་ཡིན། །འདིར་ནི་ལུགས་གསུམ་ལ་བརྟེན་ཏེ། །གོམས་པ་སྲིད་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། འདིའི་ཕྱོགས་སྔ་ལ་སྐྱེ་བ་སྔ་ཕྱི་མི་འདོད་པ་ཁོ་ནས་ཁྱབ་ཟེར་ན། མུ་སྟེགས་སྤྱོད་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་སྐབས་འདིའི་ཀུན་མཁྱེན་ཡོད་པར་སྒྲུབ་པའི་ཕྱོགས་སྔ་མ་ལ་བློ་སྐྱེ་བ་སྔ་ཕྱིར་གོམས་པ་མེད་པར་འདོད་པ་དང༌། སྐྱེ་བ་སྔ་ཕྱི་ལ་གོམས་རྒྱུ་ཡོད་ཀྱང་གོམས་པ་མཐར་ཕྱིན་མི་འདོད་མཁན་དང་གཉིས་གང་རུང་ཡིན་པའི་ཕྱིར། དེར་ཐལ། འཇིག་རྟེན་མིག་སོགས་དང་པོ་དང༌། རྒྱལ་དཔོག་པ་གཉིས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བློ་ལུས་ལ་བརྟེན་པ་མི་རིགས་པར་བཤད་ཟིན་པའི་ཕྱིར། རྩ་བར། མ་ཡིན་བརྟེན་ནི་བཀག་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་འདོད་ཚུལ། རྩ་བར། གོམས་ལས་ཁྱད་པར་འགྱུར་ན་ཡང༌། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འགོག་པ་ལ། རྩ་བར། བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །ཞེས་སོགས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱང་ཕན་འདིའི་དངོས་བསྟན་གྱི་ཕྱོགས་སྔ་ཟེར། ལ་ལ་རྒྱང་ཕན་ཡིན་ན་སྐྱེ་བ་སྔ་ཕྱི་གང་ཡང་ཁས་མི་ལེན་པས་ཁྱབ་ཟེར་རོ། །དང་པོ་མི་འཐད་པར་ཐལ། རྒྱང་ཕན་ཉི་ཤུ་སོགས་མིང་དང་རྣམ་གྲངས་ཅི་རིགས་བཤད་པའི་ཕྱིར། གཉིས་པ་ཡང་ཤིན་ཏུ་ཐ་ཆད་ཡིན་པར་ཐལ། སྐྱེ་བ་ཁས་ལེན་ཀྱང་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་རྒྱང་ཕན་ཡོད་པའི་ཕྱིར། གཞན་དུ་བཤད་ཟིན་པས་མ་སྤྲོས་ཏེ། ལོག་རྟོག་འགོག་པའི་དཔེ་ཙམ་མོ། །

རང་ལུགས་ལ། འདིའི་ཀུན་མཁྱེན་སྒྲུབ་པའི་ཕྱོགས་སྔ་ལ་རྒྱང་ཕན་པ་དང༌། རྒྱལ་དཔོག་པ་སོགས་ཡོད་དེ། དེ་གཉིས་ཀའི་འདོད་པ་རིམ་བཞིན་དུ་འདིར་བཀག་ཅིང༌། ཚད་ཆེན་སོགས་ལས་བཤད་པའི་ཕྱིར།

སྐྱེ་བ་སྔ་ཕྱི་བཤད་པ།

གཉིས་པ་དེ་དགག་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་ནི། རྩ་བར། མ་ཡིན་བརྟེན་ནི་བཀག་ཕྱིར་རོ། །ཞེས་བྱུང༌། གཉིས་པ་ལ། སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་འགོད་པ་དང༌། དེ་མེད་པའི་སྒྲུབ་བྱེད་དགག་པ་གཉིས། དང་པོ་ནི། རྩ་བར། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར་མཚམས་སྦྱོར་བར། །ནས། ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་བྱུང༌། དོན་ནི་ཐ་མལ་སྐྱེས་མ་ཐག་པའི་དབུགས་འབྱུང་རྔུབ་དང༌། མིག་སོགས་དབང་པོ་དང་བློ་རྣམས་རེ་རེ་ནས་ཆོས་ཅན། རང་གི་རིགས་འདྲ་སྔ་མ་ལ་ལྟོས་བཅས་ཡིན་གྱི་ལུས་འབའ་ཞིག་ལས་སྐྱེས་པ་མིན་ཏེ། རིགས་འདྲ་སྔ་མ་སྔོན་སོང་གི་དབུགས་འབྱུང་རྔུབ་སོགས་ཅན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་ཧ་ཅང་ཐལ་ནས་རྒྱུ་འབྲས་ཀུན་མེད་པར་ཐལ་བ་དང༌། འབྱུང་བ་ཀུན་སྲོག་ཆགས་སུ་ཐལ་བ་སོགས་འཇུག་པའི་ཕྱིར། སྐྱེ་བ་ཡོངས་སུ་ལེན་པ་ན། །ནས། ཧ་ཅང་ཐལ་ཕྱིར། ཞེས་གསུངས་པའི་ཕྱིར། ཞེས་སྐྱེ་བ་སྔ་མ་གྲུབ། ཐ་མལ་བ་འཆི་ཁའི་ཡིད་བློ་རྟོག་པ་ཆོས་ཅན། རང་འབྲས་རིག་པ་ཕྱི་མར་མཚམས་སྦྱོར་ཏེ། ཆགས་ཅན་གྱི་རིག་པ་ཡིན་པའི་ཕྱིར། རྩ་བར། མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ། །ཞེས་གསུངས་པའི་ཕྱིར། ཞེས་སྐྱེ་བ་ཕྱི་མ་གྲུབ། ལྷག་མས་ཁྱབ་སྒྲུབ་ལུང་འགལ་རིགས་འགལ་སྤངས་པ་སོགས་བྱེད།

གཉིས་པ་དེ་མེད་པའི་སྒྲུབ་བྱེད་དགག་པ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་གསུམ། དང་པོ་ལ་རྟགས་མ་ངེས་པ་དང༌། དཔེ་མ་གྲུབ་པ་གཉིས། དང་པོ་ནི། རྩ་བར། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་བྱུང༌། ཐ་མལ་བའི་འཆི་ཁའི་སེམས་ཆོས་ཅན། སེམས་ཀྱི་རིགས་འདྲ་ཕྱི་མར་མཚམས་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། དཔེར་ན། ཆགས་བྲལ་འཆི་ཁའི་རིག་པ་བཞིན་ཞེས་པའི་རྟགས་འགོད་ཟེར། རྟགས་དེ་མ་ངེས་པར་ཐལ། ཐ་མལ་བའི་འཆི་ཁའི་སེམས་རིགས་འདྲ་ཕྱི་མར་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར། གཉིས་པ་ནི། རྩ་བར། དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཅེས་བྱུང༌། སྤྱི་དོན་དང་མཐའ་དཔྱད་པ་གཉིས། དང་པོ་ནི། དགྲ་བཅོམ་ཐ་མའི་སེམས་གང་ཡིན་པ་དེ་ཡང་ཆོས་ཅན། ཐ་མལ་བའི་འཆི་སེམས་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་མེད་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཏུ་འདོད་མི་རིགས་པར་ཐལ། དེ་ཚད་མ་གང་ལས་ཀྱང་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། མངོན་སུམ་ཚད་མས་མི་འགྲུབ་པར་ཁོ་རང་འདོད་ཅིང༌། རྗེས་དཔག་ཚད་མ་མེད་པར་འདོད་པ་དང་འགལ་བའི་ཕྱིར། རྣམ་བཤད་ལས། རྟགས་མ་གྲུབ་ན། དེ་འགོག་པ་ལ་བརྩོན་པ་འགལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ལ་འོ་ན་རང་ལུགས་ལ་ཡང་དགྲ་བཅོམ་པ་ཐ་མའི་སེམས་ཡོད་མེད་གང་ཡང་མི་འཐད་པར་ཐལ། དགྲ་བཅོམ་ཐ་མའི་སེམས་ཁས་ལེན་པ་ཡང་མི་འཐད་པ་གང་ཞིག །དེ་ཁས་མི་ལེན་པ་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། རིག་པའི་རྟགས་ཀྱིས་ཐ་མལ་བའི་འཆི་སེམས་རིག་པ་ཕྱི་མར་མཚམས་སྦྱོར་བར་སྒྲུབ་པའི་རྟགས་མ་ངེས་པར་ཐལ། མ་གྲུབ་པ་དེའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། སེམས་ཙམ་པའི་ལུགས་ལ་མ་ངེས་པའི་ཕྱིར་ཏེ། ཐེག་དམན་དགྲ་བཅོམ་ལ་ཞི་བགྲོད་གཅིག་པུ་བ་དང་ཡོངས་འགྱུར་དགྲ་བཅོམ་གཉིས་ཡོད་པའི་ཕྱིར། ཁྱབ་སྟེ། དགྲ་བཅོམ་དེ་གཉིས་ཀྱི་ཞི་བགྲོད་གཅིག་པུ་བ་སངས་མི་རྒྱ་བ་གང་ཞིག །ཕྱི་མ་ཡོངས་འགྱུར་བའི་དགྲ་བཅོམ་པ་འཚང་རྒྱ་བའི་ཕྱིར། དང་པོ་གྲུབ་སྟེ། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས། ཉན་ཐོས་ཀྱི་རིགས་ཞི་བ་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། མཐར་ཐུག་ཐེག་གསུམ་སེམས་ཙམ་པས་ཀྱང༌། ཟག་མེད་དབྱིངས་ན་ལྷག་མེད་པ་ཡོད་པར་བསྡུ་བར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། དགོངས་འགྲེལ་ལས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདི་དགྲ་བཅོམ་ལྷག་བཅས་དུས་བསྐུལ་ཚུལ་ཡིན་གྱི་ལྷག་མེད་དུས་བསྐུལ་བ་མེད་པར་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་རྣམས་འདོད་ལ། ཤེས་སྒྲིབ་སྤངས་ཏེ་གྲོལ་བ་སངས་རྒྱས་པར་འདོད་པས་སོ། །འདིར་ཉན་ཐོས་སྡེ་བ་ལ་དགྲ་བཅོམ་ལྷག་མེད་ཀྱི་ཚེ་བེམ་རིག་རྒྱུན་ཆད་པར་འདོད་པ་གྲགས་ཆེ་ཡང༌། དེ་དུས་འཁོར་བའི་བེམ་རིག་རྒྱུན་ཆད་ཀྱང་ཟག་མེད་ཀྱི་ཕུང་པོ་ལྔ་ཡོད་པར་འདོད་པའི་ཕྱིར། འགྲེལ་བཤད་རྒྱལ་བ་ཅན་ལས། ཉེས་པ་ཐམས་ཅད་ཟད་ཀྱང་སྐྱོན་ཅན་མ་ཡིན་པའི་སེམས་ནི་རྣམ་པར་ཆད་པ་འོས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སྡེ་བདུན་རྗེས་འབྲངས་ཀྱི་མདོ་སེམས་གཉིས་ཀྱིས་འདི་ཁོ་ན་འདོད་པར་དཔྱོད་ལྡན་རྣམས་ཀྱིས་ཚད་མས་གྲུབ་པའི་ཕྱིར། རྣམ་འགྲེལ་ལས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན། །ཞེས་གསུངས་པའི་བརྟག་པ་རེ་རེ་ནས་གྲུབ་པའི་ཕྱིར།

མཐའ་དཔྱད་པ་ལ་དགག་གཞག་སྤོང་གསུམ་ལས། དང་པོ་ལ་མི་ཤེས་པ་ཁ་ཅིག་ན་རེ། མངལ་ནས་བཙས་མ་ཐག་པའི་བྱིས་པའི་རྒྱུད་ཀྱི་རིག་པ་ཆོས་ཅན། རང་གི་རྒྱུ་རིགས་འདྲ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར་རོ། །ཞེས་པའི་རིགས་པས་སྐྱེ་བ་སྔ་མ་སྒྲུབ་ཅིང༌། འཆི་ཁ་མའི་སྐྱེས་བུའི་རྒྱུད་ཀྱི་རིག་པ་ཆོས་ཅན། རང་གི་འབྲས་བུ་རིག་པ་ཕྱི་མ་ལ་མཚམས་སྦྱོར་བར་བྱེད་དེ། རིག་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཡོད་པར་གྲུབ་ཟེར་ཞིང༌། ཐེག་དམན་ལྷག་མེད་ཚེ་བྱེ་མདོ་སེམས་ཙམ་མཐར་ཐུག་ཐེག་པ་གསུམ་པའི་ལུགས་ལ་རིག་པ་ཟག་བཅས་ཟག་མེད་ཐམས་ཅད་རྒྱུན་ཆད་པར་འདོད་པ་ནི། དངོས་འགལ་མི་ཤེས་པའི་བ་ལང་གི་དབང་ཕྱུག་ཏུ་བསྟན་ཏེ། འོ་ན། ཉན་རང་དགྲ་བཅོམ་ལྷག་བཅས་འདའ་ཁ་མའི་རྒྱུད་ཀྱི་རིག་པ་སྐད་ཅིག་ཐ་མ་ཆོས་ཅན། རང་གི་འབྲས་བུ་རིག་པ་ཕྱི་མ་དང་མཚམས་མི་སྦྱོར་བར་ཐལ། ཁྱོད་རྒྱུན་གཏན་ཆད་བྱེད་པའི་རིག་པའི་རྒྱུན་གྱི་སྐད་ཅིག་ཐ་མ་ཡིན་པའི་ཕྱིར། མ་གྲུབ་པ་དང་མ་ཁྱབ་ན་ལྷག་མེད་ཀྱི་ཚེ་རིག་པ་མེད་པར་འབུད་ལ། མཛོད་ལས་ཀྱང༌། ཐ་མ་མིན་མཚུངས་དེ་མ་ཐག །ཅེས་པ་དང་འགལ་བའི་ཕྱིར། འདོད་ན། དེ་འདྲ་བའི་སྐད་ཅིག་ཐ་མའི་རིག་པ་ཆོས་ཅན། རང་གི་འབྲས་བུ་རིག་པ་ཕྱི་མ་དང་མཚམས་སྦྱོར་པར་ཐལ། རིག་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། འདོད་ན། དངོས་སུ་འགལ་ཞིང༌། འོ་ན། རྩ་བར། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་གསུངས་པ་ལས་བཟློག་ནས་འགལ་བ་ཡོད་ཅེས་རྒྱང་ཕན་ལྟར་ཁས་ལེན་པར་ཐལ། ཁྱོད་ཀྱི་དེ་ལ་འདོད་པ་དེའི་ཕྱིར། གཞན་ཡང་མངལ་དུ་སྐྱེས་མ་ཐག་པ་དང༌། མངལ་དུ་བཙས་མ་ཐག་གཉིས་དོན་གཅིག་པར་ཐལ། ཁྱོད་ཀྱིས་ཚེ་འདིའི་ཐོག་མ་ལ་མངལ་དུ་བཙས་མ་ཐག་བཞག་པའི་ཕྱིར། འདོད་ན། མངལ་འཇུག་གི་མདོ་དང་ལམ་རིམ་གཉིས་ལས་མངལ་དུ་གནས་པའི་སྡུག་བསྔལ་དང་མངལ་ནས་བཙས་དུས་ཀྱི་སྡུག་བསྔལ་གཉིས་སྔ་ཕྱིར་གསུངས་པ་མི་འཐད་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་རིམ་ལས། མངལ་ནས་བཙའ་བའི་ཚེ་དང༌། ཞེས་དང༌། སློབ་སྤྲིངས་ལས། དེ་ནི་རིམ་གྱིས་ཏིལ་མར་བཙིར་སྦྱང་སྲ་བ་ཡི། །བཙིར་བ་ལྟར་བྱས་དེ་བཞིན་ཅི་ཞིག་ལྟར་ཏེ་བཙས། །ཞེས་གསུངས་པའི་ཕྱིར་དང༌། བཙས་མ་ཐག་པའི་སྔོན་ཀུན་སྐྱེ་བ་སྔ་མའི་དུས་མ་ཡིན་དགོས་པར་འགྱུར་བ་སོགས་མང༌། གཞན་ཡང་ཚེ་འདིར་སྐྱེས་མ་ཐག་གི་སྐྱེས་བུའི་རྒྱུད་ཀྱི་རིག་པའི་རྒྱུར་གྱུར་པའི་རིག་པ་དེ། དེའི་སྐྱེ་བ་སྔ་མའི་གང་ཟག་གི་རྒྱུད་ཀྱི་རིག་པ་ཡིན་པར་ཐལ། སྐྱེ་བ་སྔ་མའི་སྒྲུབ་ཚུལ་གྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་འདྲ་བའི་སྐྱེས་མ་ཐག་གི་སྐྱེས་བུའི་རྒྱུར་གྱུར་པའི་གང་ཟག་དེ་དེའི་སྐྱེ་བ་སྔ་མའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུ་ཡང་ཡིན་དེ་དང་རྒྱུད་ཐ་དད་ཀྱང་ཡིན་པའི་གཞི་མཐུན་གྱི་གང་ཟག་ཡིན་པའི་ཕྱིར། ཡང་ཁ་ཅིག །དེའི་རིག་པའི་རྒྱུ་ཙམ་མ་ངེས་ཀྱང༌། མངལ་ནས་བཙས་མ་ཐག་པའི་བྱིས་པའི་རྒྱུད་ཀྱི་རིག་པའི་ཉེར་ལེན་ལ་བརྟེན་ནས་དེའི་སྐྱེ་བ་ཡོད་པར་གྲུབ་ཟེར་ནའང་བཙས་མ་ཐག་པའི་སྔོན་མངལ་གྱི་གནས་སྐབས་དེ་སྐྱེ་བ་སྔ་མར་ཐལ་བ་སོགས་སྔར་བཀག་ཟིན།

ཡང་ཁ་ཅིག་ན་རེ། དགྲ་བཅོམ་པ་ཐ་མའི་སེམས་ཡོད་ཟེར། དེ་ལ་ཁ་ཅིག་ན་རེ། འོ་ན། ལྷག་མེད་མྱང་འདས་ཐོབ་ཁ་མའི་དགྲ་བཅོམ་ལྷག་བཅས་པ་དེ་དགྲ་བཅོམ་ཐ་མ་ཡིན་པར་ཐལ། དགྲ་བཅོམ་ཐ་མ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ལྷག་མེད་མྱང་འདས་ལ་གནས་པའི་དགྲ་བཅོམ་ཡོད་པའི་ཕྱིར་ཟེར། ཡང་ཁ་ཅིག །ཐར་ལམ་གསལ་བྱེད་ལས། སེམས་ཅན་དུ་བགྲང་བའི་སྐད་ཅིག་གཞན་གྱི་ཉེར་ལེན་མི་བྱེད་པའི་ཐ་མ་ཞེས་བྱ་ཡི། འབྲས་བུ་ཅུང་ཟད་ཀྱང་མི་བསྐྱེད་པ་ནི་མིན་ཏེ། ཀུན་མཁྱེན་ཡེ་ཤེས་ལ་ཕན་འདོགས་པར་བཤད་པའི་ཕྱིར། ཞེས་གསུངས་པའི་དོན་ཡང་ཉེར་ལེན་བྱེད་པར་གཏན་ནས་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་གང་ལའང་མི་ཟེར་རོ། །འདི་དག་ནི་འཕགས་ཡུལ་ནའང་སྡེ་བ་ཐ་དད་དུ་མ་ཟད་མདོ་སྡེ་པའང་ལུགས་གཉིས་ཡོད་ཅིང༌། སེམས་ཙམ་པ་ལའང་འདོད་ཚུལ་ཐ་དད་པ་ཡོད་པས་རིགས་པ་དང་ལུང་ཉུང་ངུས་འཕགས་ཡུལ་ཤིང་རྟ་ཆེན་པོ་དག་དང་རྗེ་ཡབ་སྲས་གསུམ་གྱི་ལུགས་བོད་རྒན་གྱིས་འོལ་ཚོད་དང་མ་བསྲེས་པར་གསལ་བར་བྱ་ཡི་དཔྱོད་ལྡན་དག་རྣ་བ་བླགས་ཏེ་འདུག་པར་བྱའོ། །མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་ལུགས་གང་ལའང་དགྲ་བཅོམ་ཐ་མའི་སེམས་ཀྱིས་སེམས་ཕྱི་མའི་ཉེར་ལེན་མི་བྱེད་པས་ཁྱབ་པ་མི་འཐད་པར་ཐལ། མཐར་ཐུག་ཐེག་གསུམ་འདོད་པའི་སེམས་ཙམ་པས་ལྷག་མེད་མྱང་འདས་ཀྱི་དབྱིངས་ལ་གནས་པའི་དགྲ་བཅོམ་པ་ཁས་ལེན་པའི་ཕྱིར། བསྡུ་བ་ལས། འདི་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་ལ་གནས་པ་ནི་རྩོམ་པ་ཐམས་ཅད་དང་འབད་པ་ཐམས་ཅད་རྒྱུན་བཅད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྷག་མེད་དབྱིངས་ལ་གནས་པས་དེ་དགྲ་བཅོམ་དང་རྩོམ་པ་འབད་པས་ཐམས་ཅད་རྒྱུན་བཅད་པ་འཁོར་བའི་སྐྱེ་བ་དང་འབད་རྩོལ་རྒྱུན་བཅད་པའི་དོན་ཡིན་པའི་ཕྱིར། གསེར་འཕྲེང་ལས། འགལ་བ་ལྟར་སྣང་བ་ནི་བསྡུ་བར་བཤད་པ་ལས་ཉོན་གྱིས་སྐྱེ་བ་མེད་པ་དང༌། ཞེས་གསུངས་པའི་ཕྱིར། རྣམ་ངེས་དར་ཊཱིཀ་ལས། འདིའི་ལན་སློབ་དཔོན་ཉི་མ་སྦས་པས་ཕུང་པོ་ལྷག་མེད་ཀྱི་གནས་སྐབས་ན་བེམ་རིག་རྒྱུན་ཆད་པར་བཤད་པ་ཕྱི་རོལ་གྱི་དོན་ཁས་ལེན་པའི་ཉན་ཐོས་སྡེ་བའི་ལུགས་འཆད་པའི་དབང་དུ་བྱས་པ་ཡིན། རྣལ་འབྱོར་སྤྱོད་པ་བ་རང་གི་ལུགས་ལྟར་ན་དེའི་གནས་སྐབས་ན་ཡང་བདག་མེད་རྟོགས་པའི་ཤེས་རབ་རིགས་འདྲ་ཡོད་པར་བཞེད་པ་ལྟར་ལན་གདབ་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་མདོ་སེམས་ཀྱི་ལུགས་ལ་སོ་སོར་དེ་ལྟར་འཐད་པར་ཐལ། སློབ་དཔོན་ཉི་མ་སྦས་པས་ཀྱང་དེ་ལྟར་བཤད་ལ་དེ་འཐད་པའི་ཕྱིར། དེར་ཐལ། རྒྱན་གྱི་ཉི་མ་སྦས་པའི་འགྲེལ་བཤད་ལས། ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་ནས་ཡང་ཉོན་མོངས་པ་རྒྱུན་ཆད་པ་ཉིད་ཀྱིས་ཡོངས་སུ་དག་པའི་སེམས་ཡོད་དོ། །མར་མེ་ཤི་བ་བཞིན་དུ་མྱ་ངན་ལས་འདས་པ་ནི་ཕྱི་རོལ་གྱི་ཚུལ་ལ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །ཞེས་དང༌། རྒྱན་གྱི་འགྲེལ་བཤད་རྒྱལ་བ་ཅན་ལས་ཀྱང༌། ཉེས་པ་ཐམས་ཅད་ཟད་ཀྱང་སྐྱོན་ཅན་མ་ཡིན་པའི་སེམས་ནི་རྣམ་པར་ཆད་པར་འོས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསེར་འཕྲེང་ལྟར་རོ། །གཞན་ཡང་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་སེམས་ཙམ་པའི་ལུགས་ལ་ལྷག་མེད་ཚེ་སེམས་རྒྱུན་ཆད་པས་དགྲ་བཅོམ་ཐ་མའི་སེམས་ཆད་པར་བཤད་རིགས་པར་ཐལ། དེ་ལྟར་ལྷག་མེད་དུས་འཁོར་བའི་སེམས་ཕྱི་མ་མཚམས་སྦྱོར་མེད་པར་ཤེར་མདོ་ལས་བཤད། དེས་ན་ཤནྟི་པས་ཀྱང་སྙིང་མཆོག་དང་དག་ལྡན་གཉིས་ཀར་དེ་ལྟར་བཤད། རྒྱན་སྣང་ལས་ཀྱང༌། མཚམས་བཅད་པའི་དོན་དེ་ལྟར་བཤད། གནོད་འཇོམས་ཆུང་བར་ཡང་དེ་ལྟར་བཤད། དེས་ན་གསེར་འཕྲེང་གིས་ཀྱང་བསྡུ་བའི་དོན་འཁོར་བར་སྐྱེ་བ་མེད་པར་བཤད་པ་དྲངས་ཟིན་པའི་ཕྱིར། དང་པོ་གྲུབ་སྟེ། ལམ་ཤེས་ཀྱི་ཤེར་མདོ་ལས། གང་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དེ་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཁོར་བ་བཀར་ནས་སྨོས་པའི་དོན་ཡོད་པའི་ཕྱིར། གཞན་དུ་ན་སེམས་ཀྱི་རྒྱུན་བཅད་ནས་སྨོས་ཆོག་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤནྟི་པའི་འགྲེལ་པ་སྙིང་པོ་མཆོག་ལས། ཡང་དག་པར་སྐྱོན་མེད་པར་ཞུགས་པ་དམན་ལམ་གྱི་མྱང་འདས་ཐོབ་པ་དང༌། མཚམས་བཅད་པ་འཁོར་བའི་ཟམ་པ་བཅད་པ་སྟེ། ཞེས་གསུངས་པའི་ཕྱིར་དང༌། དག་ལྡན་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་དང༌། ཤནྟི་པས་ཀྱང་མཐར་ཐུག་ཐེག་པ་གསུམ་དུ་བཀྲལ་ཚུལ་ཡིན་པའི་ཕྱིར་དང༌། འཁོར་བ་སྨོས་པས་ཟག་མེད་ལ་མཚམས་སྦྱོར་ཡོད་དགོས་སོ། །གསུམ་པ་གྲུབ་སྟེ། རྒྱན་སྣང་ལས། དེ་བས་ན་ཉན་ཐོས་ཆེན་པོ་རྣམས་ཀྱིས་ནི་ཉོན་མོངས་པ་ཉིད་ཀྱིས་ཡང་སྐྱེ་བ་ཞེས་བྱ་བའི་རྩ་བའི་རྒྱུ་ལྡོག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་དོན་བཤད་པའི་གསེར་འཕྲེང་ལས། མཚམས་བཅད་པའི་དོན་ཉོན་མོངས་མ་ལུས་པ་སྤངས་པས་འཁོར་བར་སྐྱེ་བའི་རྒྱུ་ལོག་པ་ལ་བཤད་དོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། གསེར་འཕྲེང་ལས། གནོད་འཇོམས་ཆུང་བར། ནས། མཚམས་བཅད་པའི་དོན་ཉན་ཐོས་འཁོར་བ་ལ་སྐྲག་ནས་དེ་སྤངས་ཏེ། ཞི་བ་དོན་དུ་གཉེར་བ་འདོད་དོ། །ཞེས་གསུངས་པའི་ཕྱིར། ལྔ་པ་གྲུབ་སྟེ། གསེར་འཕྲེང་ལས། བསྡུ་བར་བཤད་པ་ལས་ཉོན་གྱིས་སྐྱེ་བ་མེད་པ་དང༌། ཞེས་གསུངས་པའི་ཕྱིར།

གཞན་ཡང་ལུགས་འདི་ལ་ལྷག་མེད་མྱང་འདས་ལ་གནས་པའི་ཐེག་དམན་དགྲ་བཅོམ་པ་ཡོད་པར་ཐལ། དེ་ནི་སྒྲིབ་པ་མེད་པ་དེ་བཞིན་གཤེགས་པ་དང་མཚུངས་པའི་དགྲ་བཅོམ་པ་ཡིན་ཀྱང་དེ་བཞིན་གཤེགས་པའི་མཛད་པ་མི་སྟོན་པ་དང༌། ལྷག་མེད་མྱང་འདས་ལ་ཐེག་དམན་དགྲ་བཅོམ་པ་གཟུགས་སོགས་དབང་ཐོབ་ཀྱང་དེ་མངོན་དུ་མི་བྱེད་པ་དང༌། དགྲ་བཅོམ་པའི་སྐྱེ་མཆེད་དྲུག་གནས་གྱུར་པ་ལྷག་བཅས་དུས་སྐྱེ་མཆེད་དྲུག་དང་འབྲེལ་ཡང་ལྷག་མེད་དུ་འབྲེལ་བ་མ་ཡིན་པ་རྣམས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་མེད་ཙམ་འདྲ་ཡང་དེ་བཞིན་གཤེགས་པའི་མཛད་པ་མི་སྟོན་པ་སྔོན་སྨོན་ལམ་མ་བཏབ་པ་དང་ལྡང་སེམས་མེད་པའི་ཕྱིར། བསྡུ་བ་ལས། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྒྲིབ་པ་མི་མངའ་བ་དེ་བཞིན་དུ་དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན་ཅིའི་ཕྱིར། དགྲ་བཅོམ་པ་ཡང་དེ་བཞིན་གཤེགས་པའི་མཛད་པ་མི་བྱེད་ཅེ་ན། སྨྲས་པ། སྨོན་ལམ་སྒོམ་པ་མེད་པའི་ཕྱིར། ནས། དེའི་ཕྱིར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན་ཞེས་པའི་དོན་ཡོད་པའི་ཕྱིར་དང། ལྷག་བཅས་དགྲ་བཅོམ་པ་སྒྲིབ་བཅས་ཡིན་པའི་ཕྱིར། བསྡུ་བ་ལས། དགྲ་བཅོམ་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པའི་མཚན་མ་ཐམས་ཅད་ཀྱིི་ཐམས་ཅད་དུ་མ་འགག་པ་དང༌། རྣམ་པར་སྨིན་པ་དང་གནས་ངན་ལེན་གྱི་སྒྲིབ་པ་མ་འགག་པ་དེ་ནི། ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བསྡུ་བ་ལས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ཅི་གཟུགས་ལ་སོགས་པ་ལ་དབང་ཐོབ་པར་བརྗོད་པར་བྱའམ། དབང་ཐོབ་པ་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དབང་ཐོབ་པར་བརྗོད་པར་བྱའོ། །དབང་ཐོབ་པ་ཅི་མངོན་དུ་བྱེད་པར་བརྗོད་པར་བྱའམ། མངོན་དུ་མི་བྱེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ལ་ལ་ནི་མངོན་དུ་བྱེད་ལ། ལ་ལ་ནི་མངོན་དུ་མི་བྱེད་དེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་གཤེགས་པ་མངོན་དུ་བྱེད་ལ་གཞན་གྱིས་མི་བྱེད་པའི་ཕྱིར། བསྡུ་བ་ལས། དེ་བཞིན་གཤེགས་པ་ནས། དེ་ལས་གཞན་པ་ནི་མངོན་དུ་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། །རྩ་རྟགས་གསུམ་པ་གྲུབ་སྟེ། བསྡུ་བ་ལས། ཕུང་པོ་ལྷག་མ་དང་བཅས་པ་ལ་གནས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་བ་ཡིན་ལ་ཕུང་པོའི་ལྷག་མེད་པ་ལ་གནས་པའི་གནས་གྱུར་པ་ནི་སྐྱེ་མཆེད་དྲུག་དང་འབྲེལ་བ་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ལྷག་བཅས་དགྲ་བཅོམ་ཐ་མའི་རིག་པས་སེམས་ཅན་དུ་བགྲང་བའི་སེམས་ཀྱི་ཉེར་ལེན་བྱེད་པར་ཐལ། ལྷག་མེད་དགྲ་བཅོམ་པའི་སེམས་ཀྱི་ཉེར་ལེན་བྱེད་པའི་ཕྱིར་ན་མ་ཁྱབ་སྟེ། ལྷག་མེད་དགྲ་བཅོམ་པ་མཐར་ཐུག་ཐེག་གསུམ་འདོད་པའི་སེམས་ཙམ་པའི་ལུགས་ལ་སེམས་ཅན་གྱི་ཐ་སྙད་དང་སེམས་ཅན་དུ་བགྲང་བའི་ཐ་སྙད་ཀྱི་ཡུལ་མིན་ཞེས་ཁས་ལེན་པའི་ཕྱིར། དེར་ཐལ། དེ་འཕགས་པའི་མཉམ་བཞག་ཁྱད་པར་ལྔ་ལྡན་གྱི་དོན་དམ་སྤྲོས་བྲལ་གྱི་ཡེ་ཤེས་དང་རོ་གཅིག་པ་ཙམ་གྱིས་ཕྱེ་བའི་མཉམ་བཞག་པ་ཡིན་པའི་ཕྱིར། རྟགས་གྲུབ་ཅིང༌། ཁྱབ་སྟེ། དེའི་རྒྱུ་མཚན་གྱིས་སེམས་ཅན་དུ་གདགས་པའི་ཁམས་ཐམས་ཅད་དང་འགྲོ་བ་ཐམས་ཅད་ཀྱི་ཐ་སྙད་དུ་མི་བགྲང་བའི་ཕྱིར། བསྡུ་བ་ལས། དབྱིངས་དེར་ཡོངས་སུ་མྱ་ངན་ལས་འདས་པ་ནི་ལྷ་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་ལ། དྲི་ཟ་ཉིད་དུ་ཡང་མ་ཡིན་ནས། མི་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་སྟེ། མདོར་བསྡུ་ན་དེ་ནི་ཕྱོགས་བཅུའི་སེམས་ཅན་དུ་གདགས་པའི་ཁམས་ཐམས་ཅད་དང༌། འགྲོ་བ་ཐམས་ཅད་དང༌། ནས། དེ་དག་གི་གྲངས་སུ་ཡང་མི་འགྲོ་སྟེ། འདི་ལྟར་དབྱིངས་དེ་ནི་སྤྲོས་པ་མེད་པ་གྲུབ་པ་རྣམས་ཀྱི་སོ་སོ་རང་རང་གི་རིག་པ་དང་མཐུན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། སྒྲིབ་པ་མེད་པའི་ཡེ་ཤེས་ཙམ་དང༌། དབྱིངས་སམ་ཁམས་ཙམ་གྱིས་སེམས་ཅན་དང་འགྲོ་བ་སོགས་ཀྱི་ཐ་སྙད་བྱེད་ན་སངས་འཕགས་ཀྱང་སེམས་ཅན་དུ་ཐལ་བ་བཟློག་ཏུ་མེད་པའི་ཕྱིར་དང༌། སྤྲོས་བྲལ་གྱི་དོན་ཡོད་པའི་ཕྱིར། ཤིན་ཏུ་སྤྲོ་སླ།

གཞན་ཡང་ཁ་ཅིག་ན་རེ། རྣམ་ངེས་དར་ཊཱིཀ་གཞིར་བྱས་ནས་དགྲ་བཅོམ་ཐ་མའི་སེམས་ཀྱིས་རྣམ་མཁྱེན་གྱི་ཉེར་ལེན་བྱེད་པ་མི་སྲིད་པར་འདོད་པ་གཏན་ནས་མི་འཐད་པར་ཐལ། མཐར་ཐུག་ཐེག་པ་གསུམ་འདོད་པའི་ལུགས་ལའང་ཉི་མ་སྦས་ལུགས་ལ་ཤིན་ཏུ་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཞི་བ་བགྲོད་པ་གཅིག་པུ་བས་དགྲ་བཅོམ་ཐ་མའི་སེམས་ཀྱིས་རྣམ་མཁྱེན་གྱི་ཉེར་ལེན་མི་བྱེད་ཀྱང༌། བྱང་ཆུབ་ཡོངས་སུ་གྱུར་པས་ཚེ་བྱིན་གྱིས་བརླབས་ནས་སྐྱེ་བ་གཅིག་གིས་འཚང་རྒྱ་བར་ཁས་ལེན་པའི་ཕྱིར། བསྡུ་བ་ལས། ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་བྱང་ཆུབ་ཡོངས་སུ་འགྱུར་བ་ལ་དགོངས་ནས་རིགས་ཀྱི་བུ་ནོར་གྱི་རང་བཞིན་ཅན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ནས། བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཚེ་གཅིག་ཡིན་ཀྱང་མྱུར་ནའང་བསྐལ་ཆེན་གྲངས་མེད་སུམ་ཅུ་དགོས་པའི་ཕྱིར། མདོ་སྡེ་རྒྱན་ལས། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོག་པ་བུལ་བ་ཡིན་པར་འདོད། །ཅེས་དང༌། བསྡུ་བ་ལས། དེ་ནི་དེ་ལྟར་ཚེ་འདུ་བྱེད་བསྲིང་དུ་ཟིན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤིན་ཏུ་བུལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཉི་མ་སྦས་པས་རྩ་བར། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་པས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པར་བཞེད་པའི་ཕྱིར། རྣམ་འགྲེལ་གྱི་མཁས་གྲུབ་ཊཱིཀ་ཆེན་ལས། འདི་དག་ནི་སྐབས་འདིར་ཡང་མཐར་ཐུག་ཐེག་པ་གཅིག་ཏུ་བཞེད་པར་འདོད་པའི་ལུགས་སོ། །ཞེས་དང༌། ཉི་མ་སྦས་པའི་འགྲེལ་བཤད་ལས་ཀྱང༌། དེས་ན། གང་དག་བརྩེ་བ་ཆེན་པོ་བ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་བྱ་བའི་ཚུལ་གྱིས་འདོད་ཆགས་དང་བྲལ་བ་ཉིད་ལ་ཉམས་དམས་པ་སྲིད་པས་རྒྱུན་ཆད་པ་ནི་མ་ཡིན་ནོ། །ཞེས་བྱ་བར་དགོངས་པའོ། །འདིས་ནི་ཐེག་པ་གཅིག་པའི་ཕྱོགས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་དམ་བཅའ་འཐད་པར་ཐལ། དེར་མ་ཟད་དེ་དག་གིས་རྣམ་འགྲེལ་འདིར་མཐར་ཐུག་ཐེག་པ་གཅིག་དང་གསུམ་དུ་བཞེད་པའི་ལུགས་གཉིས་ཀ་བསྟན་པར་ཁས་ལེན་པའི་ཕྱིར། དེར་ཐལ། མཐར་ཐུག་ཐེག་པ་གཅིག་གི་དབང་དུ་བྱས་ནས་ཆགས་བྲལ་དགྲ་བཅོམ་པ་འཁོར་བར་གནས་པ་སྙིང་རྗེ་ཆེན་པོས་གནས་པར་བཤད། ཡང་ན་མཐར་ཐུག་ཐེག་གསུམ་གྱི་དབང་དུ་བྱས་ནས་ཆགས་བྲལ་ཏེ་དགྲ་བཅོམ་པ་འཁོར་བར་སྔ་མའི་ལས་དབང་གིས་གནས་པར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། འདོད་ཆགས་བྲལ་བས་གནས་པ་ནི། །བརྩེ་བའམ། ཞེས་གསུངས་པར་བཞེད་པའི་ཕྱིར། ཉི་མ་སྦས་པའི་འགྲེལ་བཤད་ལས། འོན་ཏེ་འདོད་ཆགས་དང་བྲལ་བ་ནི་ཉོན་མོངས་པ་མ་ལུས་པ་དང་བྲལ་བའི་ཕྱིར་ན། ཞེས་དང༌། ཡང་དེ་ཉིད་ལས། འདོད་ཆགས་དང་བྲལ་བ་ཉིད་ལ། ཞེས་པ་ནས། འདིས་ནི་ཐེག་པ་གཅིག་པའི་ཕྱོགས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་དག་རྒྱལ་བ་ཅན་གྱིས་ཀྱང༌། དེས་ན་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ནས་ཀྱང༌། དགེ་བའི་བཤེས་གཉེན་དང་ཕྲད་ནས་སྙིང་རྗེ་ལ་སོགས་པ་གོམས་ཤིང་སངས་རྒྱས་ཀྱིས་རྗེས་སུ་གནོན་པར་བྱེད་ལ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། ཡང་ན་ལས་ཀྱིས་ཡིན། །ཞེས་པས་མཐར་ཐུག་ཐེག་གསུམ་གྱི་ཕྱོགས་ཀྱང་བསྟན་པའི་ཕྱིར། དེར་ཐལ། ཡང་ན་ཞེས་སྨོས་པ་སྐབས་ཐ་དད་སྟོན་པའི་ཚིག་ཡིན་པའི་ཕྱིར། ཉི་མ་སྦས་པའི་འགྲེལ་བཤད་ལས། ཐེག་པ་གསུམ་གྱི་ཕྱོགས་ཀྱང་གསུངས་པ་ནི་ཡང་ན་ཞེས་བྱ་བའོ། །སྐབས་ལ་ལྟོས་ནས་བརྗོད་པ་ནི་ཉེས་པ་མ་ཡིན་ནོ་ཞེས་བྱ་བའོ། །ཞེས་གསུངས་པའི་ཕྱིར།

རང་ལུགས་ལ། སྐྱེ་བ་སྔ་མ་སྒྲུབ་པའི་རིགས་པ་དང༌། ཕྱི་མ་སྒྲུབ་པའི་རིགས་པ་དང༌། མདོ་སེམས་ཐུན་མོང་གི་རིགས་པ་དང༌། དེ་དག་གི་དགོས་པ་དང་བཞི་ལས། དང་པོ་ནི། མངལ་དུ་སྐྱེས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་རྣམ་ཤེས་ཆོས་ཅན། རང་གི་ཉེར་ལེན་གྱི་ཤེས་པ་སྔ་མ་ཅན་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་རིག་པ་སྐད་ཅིག་གཉིས་པ་བཞིན། ཁྱབ་སྟེ། རིག་པ་ཡིན་ན་རྒྱུ་མེད་ལས་མ་བྱུང་དགོས་པའི་ཕྱིར། རྩ་བར། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །ཞེས་གསུངས་པའི་ཕྱིར། དགག་རྟགས་བཅུ་དྲུག་སོགས་གང་འོས་འདིར་དོན་ལ་སྦྱོར་དགོས་ཏེ་སྔར་བཤད་པ་དཔེ་ཡིན་པས་སོ། །སྐྱེ་བ་སྔ་མ་གཙོ་བོར་རྒྱང་ཕན་ལ་སྒྲུབ་པ་དགོས་པས་ན་དེ་ལྟར་བསྒྲུབ་དགོས་སོ། །སྦྱོར་བ་དེ་ལ་བརྟེན་ནས་སྐྱེ་བ་སྔ་མ་བདེ་བླག་ཏུ་འགྲུབ་སྟེ། རྟགས་སྦྱོར་དེ་ལ་བརྟེན་ནས་དེ་འདྲ་བའི་གང་ཟག་གི་རིག་པའི་ཉེར་ལེན་དུ་གྱུར་པའི་རིག་པ་འགྲུབ་པའི་ཕྱིར་ཏེ། དེ་ལ་བརྟེན་ནས་དེའི་རྒྱུད་ཀྱི་རིག་པའི་ཉེར་ལེན་གྲུབ་པ་གང་ཞིག །བེམ་པོ་དབང་བཅས་དང་དབང་པོ་མེད་པའི་བེམ་པོ་གཉིས་གང་གིས་ཀྱང་རྣམ་ཤེས་ཀྱི་ཉེར་ལེན་མི་བྱེད། དེས་ན་དེའི་ཉེར་ལེན་ལ་ཤེས་པ་གཅིག་འགྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། འདི་ཁྱབ་བྱེད་མ་དམིགས་པའི་སྒོ་ནས་སྒྲུབ་སྟེ། ལྷས། སྦྱོར་བ་ནི་གང་ལ་གང་གི་ས་བོན་ཡོད་པ་མ་ཡིན་པ་དེ་ནི། དེ་ལས་སྐྱེ་བ་མ་ཡིན་ཏེ། དཔེར་ན་ཆུ་ལ་གཟུང་བར་བྱ་བ་ལྟ་བུའོ། །རྡོ་དང་ཆུ་ལ་སོགས་པ་དག་ལ་ཡང་སེམས་ཉིད་ལ་སོགས་པ་གཞན་དུ་འགྱུར་བའི་ས་བོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཞེས་གསུངས་པའི་ཕྱིར། ཉེར་ལེན་ལ་མ་ལྟོས་ན་ཀུན་ནས་ཀུན་འབྱུང་བར་འགྱུར་བའི་ཕྱིར། རྩ་བར། ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དབང་པོ་བཅས་ལས་ཡིད་ཤེས་མིན། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །སེམས་མེད་ཉིད་ཕྱིར་གཞན་ལས་མིན། །ཞེས་གསུངས་པའི་ཕྱིར། སེམས་མེད་ཡུལ་གྱི་རྟགས་ཀྱིས་དབང་པོ་མེད་པའི་ཡུལ་སེམས་རྟེན་མ་ཡིན་པར་སྒྲུབ་པ་ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཀྱིས་སྒྲུབ་སྟེ། ལྷས། སྦྱོར་བ་ནི་གང་སེམས་མེད་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་མིན་ཏེ། དཔེར་ན་དྲི་མ་ལ་སོགས་པ་བཞིན། དབང་པོ་མེད་པ་ཅན་གྱི་ཡུལ་ཀྱང་སེམས་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྩ་བར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། རིགས་པ་དེ་ལ་བརྟེན་ནས་དེ་འདྲའི་རིག་པ་དེའི་ཉེར་ལེན་རིག་པ་སྔ་མ་ཡོད་པར་གྲུབ་ལ། དེའི་རིག་པ་སྔ་མ་དེ་ཕ་མའི་སེམས་ཀྱི་ཉེར་ལེན་བྱེད་མི་རུང་བའི་ཕྱིར། དེ་ལྟ་མ་ཡིན་ན་ཕ་མ་མང་དུ་ཐོས་པ་དང་བློ་གསལ་བ་ཡིན་ན་བུ་ཡང་མང་དུ་ཐོས་པ་དང་བློ་གསལ་དགོས་པ་ལ། རེ་ཞིག་བར་དུ་བློ་མི་གསལ་བ་དང་བརྡ་མི་ཤེས་ལ་བུ་བླུན་པོ་ཡང་ཡོད་པའི་ཕྱིར། རྩ་བར། ཇི་ལྟར་སེམས་ལ་བརྟེན་བཅས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་ཡོན་ཏན་འགྱུར། །ཞེས་གསུངས་པའི་ཤུགས་ཀྱི་དོན་གྲུབ་པའི་ཕྱིར།

གཉིས་པ་ནི། འཆི་ཁ་མའི་སྐྱེས་བུའི་རྒྱུད་ཀྱི་རིག་པ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་དང་མཚམས་སྦྱོར་བར་བྱེད་དེ། གནོད་མེད་ཀྱི་རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་སྔ་མའི་སྐད་ཅིག་གཉིས་པ་བཞིན། རྩ་བར། ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །ཞེས་དང༌། མི་མཐུན་ཕྱོགས་ཀྱི་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་རིགས་པ་ལས་ཀྱང༌། འདུ་བྱེད་རྣམ་པ་མཚུངས་པར་ལྡན། །ས་ཉིད་འབྲས་བུ་རྣམ་གཉིས་ཉིད། །འཆད་དང་ཆུང་ངུའི་ཡང་དག་འཇོམས། །སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད། །ཅེས་དགེ་མི་དགེ་གཉིས་ཀྱི་ཁྱད་པར་འཆད་པའི་ནང་གི་འཆད་དང༌། སྤོང་པའི་ཁྱད་པར་ཡོད་པའི་ཕྱིར། རྣམ་བཤད་རིགས་པ་ལས། ཡང་དག་པར་འཆད་པའི་ཁྱད་པར་ནི་དགེ་བ་ནི་མི་དགེ་བས་དུས་རེ་ཞིག་ཡང་དག་པར་འཆད་པ་ཡིན་གྱི་མི་དགེ་བ་ནི་དགེ་བས་གཏན་དུ་ཡིན་པས་སོ། །ནས་དང༌། སྤོང་བའི་ཁྱད་པར་ནི་འདི་ལྟར་སྐྱེས་པས་མི་དགེ་བ་སྤོང་གི་དགེ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིའི་རྟགས་ལ་རིག་པ་ཙམ་དང་གནོད་མེད་ཀྱི་རིག་པའི་ཁྱད་པར་འབྱེད་དགོས་པར་གྲུབ་སྟེ། གནོད་བཅས་ཀྱི་རིག་པ་རྒྱུན་ཆད་པ་དང་ཟད་ཐུབ་ཅིང༌། གནོད་མེད་ཀྱི་རིག་པ་གཏན་ཟད་མི་ཐུབ་པར་ཡང་ཡང་ལྷས་བཤད་པའི་ཕྱིར། དེར་ཐལ། དེར་མ་ཟད་ཉན་རང་ལྷག་བཅས་དགྲ་བཅོམ་པ་ཐ་མའི་སེམས་ཀྱང་མཚམས་སྦྱོར་ཞིང་རྒྱུན་མི་ཆད་པར་སློབ་དཔོན་ལྷ་དབང་བློ་བཞེད་པའི་ཕྱིར། ཉན་རང་དགྲ་བཅོམ་ཐ་མའི་གནས་སྐབས་ཀྱི་བློ་ཆོས་ཅན། སྐྱེད་པའི་རྒྱུན་ཆད་པ་མིན་ཏེ། སྐྱེད་པའི་རྒྱུའི་དངོས་པོའི་བློ་ཡིན་པའི་ཕྱིར། དཔེར་ན་རང་གི་རིགས་འདྲ་སྔ་མའི་བློ་བཞིན་ཞེས་པའི་ཁྱབ་བྱེད་འགལ་དམིགས་ཀྱིས་གྲུབ་པའི་ཕྱིར། ལྷས། གང་ཞིག་གནས་སྐབས་གང་ལ་སྐྱེད་པའི་རྒྱུ་ཡོད་པ་དེ་ནི་སྐྱེད་པའི་རྒྱུན་ཆད་པ་མིན་ཏེ། བློ་དེ་ཉིད་ཀྱིས་སྔ་མའི་གནས་སྐབས་ལྟ་བུའོ། །ཐ་མའི་གནས་སྐབས་ཀྱི་བློ་ལ་ཡང་བསྐྱེད་པའི་རྒྱུ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་དང༌། ཡོད་པ་དང་དངོས་པོ་སྐབས་ཀྱིས་འབྱེད་དགོས། དེས་ན་འཁོར་བ་ཐོག་མ་མེད་པའི་རྒྱུན་ཡང་འགྲུབ་སྟེ། འཆི་བ་སོགས་སེམས་མེད་ལྔའི་གནས་སྐབས་སུ་ཡང་སེམས་འཇུག་པ་གསལ་པོ་མེད་ཀྱང་རྒྱུན་ཆད་པ་མ་ཡིན་པའི་ཕྱིར་ཏེ། ལྷས། ཇི་སྟེ་བར་དུ་སེམས་ཆད་པ་ལས་ཇི་ལྟར་རྟོགས་པ་དེ་བཞིན་དུ་གཞན་ལ་ཡང་དེ་ལྟ་བུའི་རྣམ་པ་ཅན་གྱི་རྒྱུན་ཆད་པ་ཁོ་ན་ཡིན་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཞུགས་པའམ་ལེགས་པར་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཆི་བ་དང༌། གཉིད་དང༌། བརྒྱལ་བ་དང༌། འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་འཇུག་སྟེ་སེམས་མེད་ལྔ་པོ་དེའི་སྐབས་སུ་ཡང་སེམས་རགས་པ་དང་འཇུག་པ་གསལ་པའི་རྒྱུན་ཆད་ཀྱང་བློ་གཏན་ནས་མེད་པ་མ་ཡིན་པའི་ཕྱིར། ལྷས། དུས་དེ་སྲིད་དུ་བློ་ཡོད་པ་མེད་པ་ཡིན་གྱི། ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་སློབ་དཔོན་འདིར་རྒྱ་བོད་ཀྱི་ཟུར་ཟ་མཁན་རེ་གཉིས་ཡོད་ཀྱང་དཔལ་ཆོས་ཀྱི་གྲགས་པས་རང་གི་འགྲེལ་པའི་འཕྲོ་རྩོམ་པར་དབང་བསྐུར་ཏེ་སྡེ་བདུན་གྱི་བདག་པོ་རིགས་པའི་དབང་ཕྱུག་མཁས་གྲུབ་ཆེན་པོ་ལྷ་དབང་བློས་གསུངས་པ་དང༌། དེ་བསམ་བཞིན་དུ་སྤྲུལ་པའི་ཟློས་གར་མཛད་པ་ས་སྟེང་གི་མཁས་པ་ཀུན་གྱི་ཅོད་པན་ལ་འཆད་རྩོད་རྩོམ་བའི་གོམས་པ་འཇིགས་པ་མེད་པར་དལ་བུས་ཡང་ཡང་འགོད་པའི་མཁས་གྲུབ་ཐམས་ཅད་མཁྱེན་པ་གཉིས་དགོངས་པ་མཐུན་ཞིང༌། དར་ཊིཀ་ཐམས་ཅད་ཀྱི་ཡང་དགོངས་པ་ཡིན་ཏེ། སེམས་མེད་ལྔའི་སྐབས་སུ་སེམས་ཕྲ་མོ་འཇུག་པ་ཁས་ལེན་དགོས་པའི་ཕྱིར། སྡེ་བདུན་རྒྱན་ལས། འགོག་སྙོམས་ལས་ལངས་མ་ཐག་པའི་ཤེས་པའི་ཉེར་ལེན་གང་ཞེ་ན། ཁོ་བོ་ནི་འདི་ལྟར་སྨྲ་སྟེ། འགོག་པ་ལ་སྙོམས་པར་འཇུག་བཞིན་པའི་སྐྱེས་བུའི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བའི་ཆ་ཤིན་ཏུ་ཕྲ་བའི་ཚུལ་གྱིས་འཇུག་པ་ཅུང་ཞིག་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རིགས་པ་ལྔ་སོགས་ཀྱིས་སྒྲུབ་ཅིང༌། ལྷས་ཀྱང་སེམས་ཅན་འཁོར་བར་སེམས་རྒྱུན་གཏན་ཆད་པ་ལས་སྐྱེའམ་འཇུག་པ་མི་གསལ་བ་ལས་སྐྱེ་ཞེས་དཔྱད་དེ་གཏན་ཆད་མི་རུང་བར་བཤད་པའི་ཕྱིར། ལྷའི་འགྲེལ་པ་ལས་ཀྱང་སེམས་ཅན་དུ་བགྲང་བ་དེ་དག་རྣམ་པ་གཞན་དུ་འགྱུར་བ་དག་ལ་འཆི་བའི་ཐ་སྙད་དུ་བྱེད་པ་དེའི་ཚེ། ཞེས་པ་ནས། འོན་ཏེ་འཇུག་པ་མི་གསལ་བ་ཅན་ཡིན་པས་གཉིད་སྟུག་པོས་བརྒྱལ་བའི་གནས་སྐབས་ལས་76སང་པ་བཞིན་དུ་མཚམས་སྦྱར་བ་ཡིན་པར་འགྱུར་དྲངས་ཏེ། ཞེས་པ་ནས། ཇི་སྟེ་འཇུག་པ་མི་གསལ་བ་དེའི་ཚེ་སེམས་རྒྱུན་ཆད་པ་ཉིད་མ་ཡིན་ཏེ། དཔེར་ན་གསོན་པོའི་གནས་སྐབས་ན་གཉིད་འཐུག་པོ་ལ་སོགས་པའི་གནས་སྐབས་ཀྱི་འཇུག་པ་མི་གསལ་བ་ལྟ་བུའོ། །ཡང་རྐྱེན་ཇི་ལྟ་བ་བཞིན་དུ་བྱ་བ་འཇུག་པ་ཅན་དུ་འགྱུར་རོ། །དེ་ཙམ་གྱིས་ནི་ཤིན་ཏུ་རྒྱུན་ཆགས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་འཆི་བ་སོགས་ལའང་འགལ་བ་མེད་པར་བཤད་པའི་ཕྱིར། ལྷས། དེ་བཞིན་དུ་འདིར་ཡང་འགྱུར་བས་འགལ་བ་མེད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང༌། རྒྱན་ལས་ཀྱང་ཡིད་ཤེས་དང་བཏང་སྙོམས་པར་བཤད་པས་རྣམ་པ་མི་གསལ་བར་བཤད་པའི་ཕྱིར། རྒྱན་ལས་ཀྱང༌། འདི་ལྟར། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །སྐྱེ་དང་འཆི་འཕོ་བཏང་སྙོམས་སོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། ཐར་ལམ་གསལ་བྱེད་ལས་ཀྱང༌། གྲུབ་ཆེན་ལྷ་དབང་བློའི་བཞེད་པ་བཞིན། ཞེས་སོ། །དེས་ན་ཤེས་པ་ལྐོག་གྱུར་མེད་ཟེར་བའི་ཕྱིས་འབྱུང་གི་བླུན་པོ་མཁས་པར་འདོད་པ་དག་དང༌། རིགས་གཏེར་རྩ་བ་སྡོམ་ཙམ་ཡིན་པས་མི་གསལ་ཡང་རང་འགྲེལ་རྫུན་མ་ལ་སོགས་དེའི་འགྲེལ་ཊཱིཀ་དུ་མས་རང་རང་གི་ནང་ཁྲོལ་གྱིས་མཇལ་ཀ་བྱས་སྣང་ངོ༌། །སློབ་དཔོན་གཞན་གྱི་ལུགས་མ་སྤྲོས། དེས་ན་མཐར་ཐུག་ཐེག་པ་གཅིག་དང་གསུམ་དུ་གྲུབ་པའི་ལུགས་གཉིས་ཀར་ཡང་དགྲ་བཅོམ་ཐ་མའི་སེམས་རྒྱུན་མི་ཆད་དེ། དང་པོ་ལྟར་ན་སེམས་ཅན་ཐམས་ཅད་འཚང་རྒྱ་བས་སེམས་རྒྱུན་མི་ཆད། གཉིས་པ་ལྟར་ནའང་ཞི་བགྲོད་ལྷག་བཅས་པས་ལྷག་མེད་པའི་མཉམ་བཞག་ཡེ་ཤེས་ཁོ་ནའི་རྒྱུ་སེམས་ཙམ་པས་ཁས་ལེན་པ་དང༌། ཡོངས་འགྱུར་ལྷག་བཅས་པས་བྱང་སེམས་ཀྱི་ལམ་མཉམ་རྗེས་གཉིས་ཀའི་རྒྱུ་བྱས་ཏེ་འཚང་རྒྱ་བས་འཁོར་བ་མ་སྟོངས་པར་རྒྱུན་མི་ཆད་པར་འདོད་པ་ལུང་རིགས་སྔར་བཤད་པ་སོགས་དུ་མས་གྲུབ་པའི་ཕྱིར།

(76) པར་ཐེངས་གཉིས་པ། སད།

                  རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།