ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་དབྱིབས་སྒྲ་རྟགས་སུ་མི་རུང་བ་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:50:44     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

གཉིས་པ་དབྱིབས་སྒྲ་རྟགས་སུ་མི་རུང་བ་ལ། དབྱིབས་མཐོང་ཙམ་རྟགས་སུ་མི་རིགས་པའི་དཔེ་དང༌། ཧ་ཅང་ཐལ་བ་གཉིས། དང་པོ་ནི། རྩ་བར། རིགས་ཀྱི་ཁྱད་པར་ལ་གྲུབ་པ། །ཞེས་སོགས་རྐང་པ་བཞི་བྱུང༌། གཉིས་པ་ནི། རྩ་བར། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང༌། གཉིས་པ་དེས་རིགས་ཅན་གཞན་ཡང་ཁེགས་པ་ནི། རྩ་བར། འདིས་ནི་སེར་སྐྱ་ལ་སོགས་ཀྱི། །ཞེས་སོགས་རྐང་པ་བཞི་བྱུང༌། དོན་ནི་དབང་ཕྱུག་སུན་འབྱིན་པའི་རིགས་པ་དང་བརྗོད་འདོད་སོགས་བཤད་མ་ཐག་འདིས་ནི་སེར་སྐྱ་བ་དང་སོགས་ཀྱིས་གཅེར་བུ་བའི་ལུགས་ངན་ཡང་ཁེགས་པ་ཡིན་ཏེ། སེར་སྐྱ་བས་བློ་དང་བདེ་བ་རྣམས་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་དང༌། གཅེར་བུ་བས་ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཞེས་པ་རྣམས་ཀྱང་རིགས་པ་དེས་འགོག་ནུས་པའི་ཕྱིར། བློ་ཟེར་ཡང་དབང་པོ་གཟུགས་ཅན་གྱི་མིང་ཡིན། སེམས་མེད་ཀྱང་བེམ་པོ་ཡིན། ལྗོན་ཤིང་ལ་འཆི་བའི་སྒྲ་ཙམ་ལས་དོན་མེད་པས་སོ། །

གསུམ་པ་དེའི་གྲུབ་དོན་སྟོན་པར། དངོས་པོའི་ངོ་བོ་མ་གྲུབ་ན། །ནས། གྲགས་པས་ཡིན་གྱི་བརྗོད་འདོད་མིན། །ཞེས་པའི་བར་ཚིགས་བཅད་བཞི་བྱུང༌། དེ་དག་ནང་ནས་ཤོ་ལོ་ཀ་གཉིས་པ། རྩ་བར། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །ཞེས་སོགས་ཀྱི་དོན་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། རྩ་བར། ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་པས། སྐྱེས་བུས་བྱས་པའི་དབྱིབས་དང༌། དབྱིབས་སྒྲས་འཇུག་རུང་དུ་མཚུངས་པར་ཡོད་པ་དེ་ངོ་བོའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་བཀག་པ་ལ་བརྟེན་ནས། དོན་དེ་རྟགས་ཡང་དག་ཏུ་འགྱུར་བ་ལ་ངོ་བོ་དང་ཁྱད་པར་གཉིས་ཀྱི་ངོ་བོ་གཙོ་བ་དང༌། མིང་དང་དོན་གཉིས་ལས་དོན་གཙོ་བ་གཉིས་ཡོད་པས། དང་པོ་སྟོན་པར། རྩ་བར། དངོས་པོའི་ངོ་བོ་མ་གྲུབ་ན། །ཞེས་སོགས་བཞི་བྱུང༌། གཉིས་པ་མིང་དོན་གཉིས་ལས་དོན་གཙོ་བོར་སྟོན་པར། རྩ་བར། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་བ་ལ་སངས་རྒྱས་པས། །ལུགས་སོགས་སྒྲུབ་བྱེད་བཤད་པ་བཞིན། །ཞེས་བྱུང། གཉིས་པ་ནི། བྱས་པ་ཆོས་ཅན། སྒྲ་ཁྱོད་བརྗོད་པའི་སྒྲའི་བརྗོད་བྱ་མ་ཡིན་ཀྱང༌། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་སྟེ། ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་དེ་ཡིན་པའི་ཕྱིར། དཔེར་ན་སངས་རྒྱས་པས་བྱེ་བྲག་པའི་ངོ་བོར་རྡུལ་ཕྲན་མི་རྟག་པར་སྒྲུབ་པ་ལ་ལུས་ཅན་རྟགས་སུ་བཀོད་པའི་ཚེ་ན་བྱེ་བྲག་པས་ལུས་ཅན་གྱི་སྒྲ་དེ་འབྱུང་བཞིའི་རྡུལ་ཕྲན་ལ་འཇུག་པར་མ་གྲུབ་ཀྱང་འབྱུང་བཞིའི་རྡུལ་ཕྲན་རེག་བྱ་ཅན་ཡིན་པས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་བཞིན་ཡིན་པའི་ཕྱིར།

མཐའ་དཔྱད་པ་ལ་སྔ་མ་ཁ་ཅིག་ན་རེ། རྟགས་ཡང་དག་གི་སྒྲ་དོན་གཉིས་ལས་དོན་གཙོ་སྟེ། ཕྱི་རྒོལ་འུག་པ་བ་ལ་སངས་རྒྱས་པས་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་རེག་བྱ་ཅན་དེ་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་སྨྲ་ཞིང༌། རེག་བྱ་ཅན་དེ་སྤྱིར་བྱེ་བྲག་པའི་ངོ་བོར་རྟགས་ཡང་དག་མ་ཡིན་ཏེ། བྱེ་བྲག་པ་དེ་འབྱུང་བཞིའི་རྡུལ་ཕྲན་རྟག་པར་བདེན་ཞེན་གྱིས་འདོད་པའི་ཕྱིར། སངས་རྒྱས་པས་དེ་ལྟར་བཀོད་པའི་ཚེ་ན་ཡིན་ཏེ། སྔ་རྒོལ་སངས་རྒྱས་པ་ནི་རྟགས་ཀྱི་འགོད་དུས་ལ་ཤིན་ཏུ་མཁས་པའི་ཕྱིར། ཞེས་ཟེར་རོ། །དེ་ལ་ཁ་ཅིག་ན་རེ། འོ་ན། སྔ་རྒོལ་སངས་རྒྱས་པས་ཕྱི་རྒོལ་འུག་པ་བ་ལ་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་རེག་བྱ་ཅན་དེ་ལུས་ཅན་གྱི་རྟགས་ཀྱིས་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཀྱིས་བཤད་ཚུལ་སྔ་མ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ལུས་ཅན་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་ལུས་ཅན་དང་གཅིག་ཡིན་དགོས་པའི་ཕྱིར། ལྡོག་པ་ཐ་དད་པའི་ཚུལ་བཤད་ཟིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སངས་རྒྱས་པས་བྱེ་བྲག་པའི་ངོར་དེ་ལྟར་བཀོད་པའི་ཚེ་རེག་བྱ་ཅན་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སངས་རྒྱས་པས་བྱེ་བྲག་པ་ལ་དེ་ལྟར་བཀོད་པའི་ཚེ་ཕྱི་རྒོལ་བྱེ་བྲག་པའི་ངོར་རེག་བྱ་ཅན་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བྱེ་བྲག་པ་འབྱུང་བཞིའི་རྡུལ་ཕྲ་རབ་སོ་སོ་བ་རྟག་པར་བདེན་ཞེན་གྱིས་དམ་བཅའ་བའི་གང་ཟག་ཡིན་པས། དེའི་ངོ་བོར་རྟགས་ཡང་དག་མ་ཡིན་ཀྱང་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་རྟག་པ་ཆ་མེད་བཞི་རིམ་བཞིན་གཟུགས་དྲི་རོ་རེག་བཞི་ལྡན་དང༌། གཟུགས་རོ་རེག་པ་གསུམ་ལྡན་དང༌། གཟུགས་རེག་གཉིས་ལྡན་དང༌། རེག་བྱ་གཅིག་པུ་དང་ལྡན་པར་ཁས་ལེན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་རྡུལ་ཕྲ་རབ་ལ་རེག་བྱ་ཅན་གྱིས་ཁྱབ་པའི་ཕྱིར། རྟོག་གེ་འབར་བ་ལས། དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་རྡུལ་ཕྲ་རབ་དེ་དག་ཀྱང་རྟག་པ་སྟེ་གྲངས་བཞིན་དུ་ཡོན་ཏན་བཞི་དང༌། ཡོན་ཏན་གསུམ་དང། ཡོན་ཏན་གཉིས་དང༌། ཡོན་ཏན་གཅིག་དང་ལྡན་པ་ནི་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་ངོར་འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་རེག་བྱ་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། རེག་བྱ་ཅན་མ་ཡིན་པ་དེ་དེའི་ངོར་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཕྱིར། ཕྱོགས་གླང་གིས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །སོགས་དང༌། མི་རྟག་རྩོལ་བྱུང་རེག་མིན་པ། །ཞེས་པའི་དོན་ཡོད་པའི་ཕྱིར། རྒྱལ་ཚབ་མཁས་གྲུབ་རྗེ་གཉིས་ཀྱི་རྣམ་བཤད་དུ་རྡུལ་ཕྲན་ཞེས་པ་བརྗོད་པ་དེ་བྱས་པ་ལྟར་འདིར་ཡང་བདེ་ཁྱད་བྱས་པས་རྩོད་དུས་རྡུལ་ཕྲ་རབ་རེ་རེ་བ་ཟེར་དགོས་ཏེ། བྱེ་བྲག་པས་རྡུལ་ཕྲ་རབ་སོ་སོ་བ་རྟག་པ་དང་རྡུལ་ཕྲ་རབ་གཉིས་ཀྱང་རྡུལ་ཕྲ་རབ་དང་མི་རྟག་པར་འདོད་པའི་ཕྱིར། ཚད་ཆེན་དཀའ་འགྲེལ་ལས། དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་རྣམ་པ་གཉིས་ཏེ་རྟག་པ་དང་མི་རྟག་པའོ། །རྟག་པ་ནི་རྡུལ་ཕྲ་རབ་དང༌། ཡིད་ལ་ཟླུམ་པའི་མཚན་ཉིད་ཅན་ནོ། །མི་རྟག་པ་ནི་རྡུལ་ཕྲ་རབ་གཉིས་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ལྷས་ཀྱང༌། དཔེར་ན་བྱེ་བྲག་པར་སངས་རྒྱས་པས་རྡུལ་ཕྲ་རབ་ཉིད་དུ་ལུས་ཅན་ཉིད་ཡིན་པའི་ཕྱིར་མི་རྟག་པ་སྟེ། བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། རྒྱན་ལས་ཀྱང་ངོ༌། །རྩ་བར་འདོད་མི་ནུས་ཏེ། སངས་རྒྱས་པའི་སྔ་རྒོལ་མཁས་པས་བྱེ་བྲག་པ་ལ་དེ་ལྟར་བཀོད་དུས་རྟགས་ཡང་དག་ཏུ་སོང་བའི་ཕྱིར། དེར་ཐལ། སློབ་དཔོན་ཆོས་གྲགས་ཀྱིས་བྱེ་བྲག་པ་ལ་དེ་ལྟར་བཀོད་དུས་དེ་འགོད་པ་སྐབས་སུ་བབས་པའི་ཕྱིར། དེར་ཐལ། སློབ་དཔོན་གྱིས་བྱེ་བྲག་པ་ལ་དེ་ལྟར་འགོད་པ་སྐབས་སུ་བབས་པར་མཁྱེན་ནས་ཕྱི་རྒོལ་ཡང་དག་ཏུ་སོང་དུས་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སློབ་དཔོན་གྱིས་ཕྱི་རྒོལ་བྱེ་བྲག་པ་ལ་དེ་བཀོད་ནས་འགོད་པ་སྐབས་སུ་བབས་དུས་དེ་དེ་འདྲ་བའི་དུས་ཡིན་པར་ཐལ། དེ་འདྲ་བའི་དུས་ཡོད་པའི་ཕྱིར། འདོད་ན། དེ་དུས་ཕྱི་རྒོལ་དེ་བྱེ་བྲག་པ་ཡིན་པར་ཐལ། དེ་དུས་བྱེ་བྲག་པ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཏུ་སོང་དུས་ཡིན་པའི་ཕྱིར་ན་འགལ་ཁྱབ་ལ་བུད། འོ་ན། ལམ་མ་ཞུགས་གང་ཟག་ལམ་ལ་ཞུགས་དུས་སུ་ལམ་མ་ཞུགས་ཡིན་པར་ཐལ། དེ་དུས་ལམ་མ་ཞུགས་ལམ་ལ་ཞུགས་དུས་ཡིན་པའི་ཕྱིར། འཁོར་གསུམ།

ཡང་ཁ་ཅིག །བྱེ་བྲག་པ་ལ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གཅིག་ཡོད་ཟེར་ན། འོ་ན། བྱེ་བྲག་པའི་ལྟ་གྲུབ་བཏང་བའི་བྱེ་བྲག་པ་ཡོད་པར་ཐལ། འབྱུང་བཞིའི་རྡུལ་ཕྲ་རབ་ཀྱི་རེག་བྱ་ལ་མི་རྟག་པས་ཁྱབ་པའི་ཁྱབ་པ་ཁས་ལེན་པའི་དེ་ཡོད་པའི་ཕྱིར། དམ་བཅའ་འཐད་པའི་ཕྱིར། ཁྱབ་ཅིང། འདོད་མི་ནུས་ཏེ། གྲུབ་པའི་རྡུལ་ཕྲ་རབ་རྟག་པས་འཁོར་བ་དང་སྣོད་བཅུད་བསྐྱེད་པར་གཙོ་བོར་བཤད་པའི་ཕྱིར། ཚད་ཆེན་ལེའུ་བཅུ་གསུམ་པ་ལས། གང་འདོད་པའི་རྡུལ་ཕྲན་རྣམས་དེ་རྣམས་རྟག་པའོ། །ཞེས་དང༌། ཡང་དེ་ཉིད་ལས། རྡུལ་ཕྲན་སྐྱེད་པ་བོར་འདོད་པ། །ཞེས་གསུངས་པའི་ཕྱིར། འདིའི་ཡང་རྡུལ་ཕྲན་ཞེས་པ་རྡུལ་ཕྲ་རབ་ཡིན་ཏེ། དེའི་དཀའ་འགྲེལ་ལས། འདིས་ནི་རྡུལ་ཕྲ་རབ། ཅེས་པ་ནས། རྒྱུ་མེད་པ་ཉིད་ཀྱི་རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྤྱོད་འཇུག་སོགས་ལས་ཕྲ་རབ་ལ་བརྗོད་པ་དེ་བྱས་སོ། །དེ་ལ་ཁོ་ན་རེ། སངས་རྒྱས་པས་བྱེ་བྲག་པའི་ངོ་བོར་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། དཔེར་ན་བུམ་པ་ཞེས་བཀོད་པའི་ཚེ་ན་རེག་བྱ་ཅན་ཕྱི་རྒོལ་བྱེ་བྲག་པའི་ངོར་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། རེག་བྱ་ཅན་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག །དེ་ཡིན་ན་དེའི་ཚེ་བྱེ་བྲག་པའི་ངོར་དེ་ལྟར་ཡིན་དགོས་པའི་ཕྱིར། འདོད་ན། རེག་བྱ་ཅན་དེ་བྱེ་བྲག་པའི་ངོ་བོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱེ་བྲག་པ་དེ་རེག་བྱ་ཅན་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་གྲུབ་པའི་གང་ཟག་ཡིན་པར་ཐལ། དེའི་ངོ་བོར་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེས་རེག་བྱ་ཅན་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས་པར་ཐལ། དེས་རེག་བྱ་ཅན་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་ངེས་པའི་ཕྱིར། འདོད་མི་ནུས་ཏེ། དེས་རེག་བྱ་ཅན་དང་རྟག་པའི་གཞི་མཐུན་མེད་པར་མ་རྟོགས་པའི་ཕྱིར། དེར་ཐལ། དེའི་ངོ་བོར་རེག་བྱ་ཅན་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཕྱིར། ཕྱོགས་གླང་གིས་ཕྱོགས་ཆོས་འཁོར་ལོ་ལས། མཐུན་ཕྱོགས་ལ་ནི་ཡོད་པ་དང༌། །མེད་དང་དེ་བཞིན་གཉིས་ཀ་ཡི། །ཞེས་དང༌། ཚད་མ་མདོ་ལས། མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཆོས་ལའང་རྣམ་པ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོར་ནི། །ཡོད་མིན་གཉིས་ཀའི་བྱེ་བྲག་ཕྱིར། །ཞེས་དང༌། རང་འགྲེལ་ལས་ཀྱང༌། ཕྱོགས་ཀྱི་ཆོས་དེ་ཉིད་རྣམ་པ་གསུམ་དུ་དབྱེ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉིས་ཀར་རོ། །ཞེས་གསུངས་པའི་རྣམ་གཉིས་ཀྱི་དོན་ཡོད་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། རེག་བྱ་ཅན་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཟེར། དེ་ལ་གཞན་དག་ན་རེ། བྱེ་བྲག་པ་དེ་རེག་བྱ་ཅན་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་གྲུབ་པའི་གང་ཟག་དང༌། འབྱུང་བཞིའི་རྡུལ་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པར་ཐལ། བྱེ་བྲག་པའི་ངོར་རེག་བྱ་ཅན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཟེར། འདི་རིགས་ལ་འཁྲུལ་ནས་ཆོས་གྲགས་ཀྱི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཟེར་རོ། །དང་པོ་ལ། བྱེ་བྲག་པས་རེག་བྱ་ཅན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་པར་ཐལ། བྱེ་བྲག་པའི་ངོར་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་པར་བསྒྲུབས་ཟིན། གཉིས་པ་ལ། འོ་ན་དཔལ་ལྡན་ཆོས་གྲགས་ཀྱིས་གྲངས་ཅན་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་སློབ་དཔོན་རང་གི་ངོར་བྱས་པ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་བཞིན་དུ་གྲངས་ཅན་ལ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་ཡིན་པར་ཐལ། སློབ་དཔོན་གྱི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སློབ་དཔོན་ཕྱི་རྒོལ་བྱས་པའི་ངོར་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཀྱང། སློབ་དཔོན་གྱི་ངོར་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཕྱི་རྒོལ་བྱས་པའི་ངོར་བྱས་པ་དེ་སྒྲུབ་ཀྱི་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། དེའི་ངོར་བྱས་པས་དེ་སྒྲུབ་མི་དགོས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་རང་གི་ཐུགས་ཀྱི་ངོར་བྱས་པ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་ཚུལ་ཚད་མས་ངེས་ནས་ཕྱི་རྒོལ་གྲངས་ཅན་ལ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གྲངས་ཅན་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། རང་གི་རྟོགས་པ་བཞིན་གཞན་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཞེས་གསུངས་པའི་དོན་ཡོད་པའི་ཕྱིར། རྩ་བར་འདོད་ན། སློབ་དཔོན་གྱིས་གྲངས་ཅན་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་རྒོལ་བ་གཉིས་ཀའི་ངོར་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་གྲུབ་པ་མེད་པར་ཐལ། དེའི་ཚེ་སློབ་དཔོན་གྱི་ངོར་བྱས་པ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། ཁྱབ་ཅིང༌། འདོད་མི་ནུས་པ་གཉིས་ཀ་ཡིན་ཏེ། དེའི་ཚེ་སྒྲུབ་ངག་གི་ཚུལ་གསུམ་སྨྲས་ཀྱང་རྒོལ་བ་གཉིས་ཀའི་གང་རུང་གི་ངོར་ཚུལ་གསུམ་གའི་གཅིག་ཙམ་མ་གྲུབ་ཀྱང་དེ་དེ་སྒྲུབ་ལ་རྟགས་ལྟར་སྣང་ཡིན་པའི་ཕྱིར། རིགས་ཐིགས་ལས། ཚུལ་གསུམ་ལས་གཅིག་མ་སྨྲས་ན་ཡང་སྒྲུབ་པ་ལྟར་སྣང་ཡིན་པའི་ཕྱིར། སྨྲས་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པ་གཉིས་ཀ་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་ན་ཡང་ངོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྒོལ་བ་གཉིས་ཀར་མ་གྲུབ་པ་སྒྲ་མི་རྟག་སྒྲུབ་ལ་མིག་ཤེས་ཀྱི་གཟུང་བྱ་ལྟ་བུ། ཕྱི་རྒོལ་ལ་མ་གྲུབ་པ་སྔ་རྒོལ་གཅེར་བུ་པས་ཕྱི་རྒོལ་སངས་རྒྱས་པར་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་འཆི་བའི་རྟགས་བཀོད་པ་ལྟ་བུ། སྔ་རྒོལ་ལ་མ་གྲུབ་པ་སྔར་གྲངས་ཅན་གྱིས་བདེ་སོགས་སེམས་མེད་དུ་སྒྲུབ་པར་མི་རྟག་པ་དང་སྐྱེ་བ་ཅན་གང་རུང་བཀོད་པ་ལྟ་བུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རིགས་ཐིགས་ལས། ཚུལ་གཅིག་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པའོ་ཞེས་སྒྲུབ་པ་ལ་མིག་གིས་གཟུང་བ་ཉིད་ནི་གཉིས་ཀ་ལ་མ་གྲུབ་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རིགས་ཐིགས་ལས། ཤིང་རྣམས་ལ་སེམས་པ་ཡོད་པར་སྒྲུབ་པར་བྱེད་པ་ལ་ཤུན་པ་ཐམས་ཅད་བཤུས་ན་འཆི་བ་ནི་ཕྱི་རྒོལ་ལ་མ་གྲུབ་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རིགས་ཐིགས་ལས། བདེ་བ་ལ་སོགས་པ་སེམས་པ་མེད་པར་སྒྲུབ་པ་ལ་སྐྱེ་བ་ཅན་ནམ་མི་རྟག་པ་ཉིད་ནི་གྲངས་ཅན་རྒོལ་བ་བདག་ཉིད་ལ་མ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། ཁྱེད་ཀྱིས་དཔལ་ལྡན་ཆོས་གྲགས་གྲངས་ཅན་པའི་མཆེད་པོར་བྱས་ཤིང་འདི་ཙམ་ལའང་རྨོངས་ན་ཤིན་ཏུ་དེ་བས་ཀྱང་ཕྲ་བའི་ཐལ་ཟློག་སོགས་ལ་ཚེ་འདིར་རེ་བ་བསྐྱུངས་དགོས་པར་སྣང་ངོ༌། །

གཞན་ཡང་མངོན་འདུལ་གྱི་རིགས་པ་བྱེད་ཁུལ་དང༌། གོ་ཐོབ་ཡིན་རྒྱུའི་ཚིག་དོན་གང་ལའང་ཟུར་མ་ཐོན་པ་དུ་མ་ན་རེ། སངས་རྒྱས་པས་བྱེ་བྲག་པ་ལ་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། རེག་བྱ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་བྱེ་བྲག་པ་རེག་བྱ་ཅན་གྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་ཟེར། དེ་འདྲ་བའི་སྦྱོར་བ་བཀོད་པའི་བྱེ་བྲག་པ་བྱེ་བྲག་པ་མ་ཡིན་ཟེར། དེ་འདྲའི་སྦྱོར་བ་བཀོད་པའི་བྱེ་བྲག་པ་ཆོས་ཅན། ཡོད་པར་ཐལ། ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར་ན། ཆོས་ཅན་སྐྱོན་ཅན་ཟེར་བ་སྒྲ་དོན་གཉིས་ཀ་ལས་འཁྲུལ་བའི་ངན་སྐད་ཤེས་བྱ་སྒོག་བརྡུང་ཁོ་ནའི་གོ་ཐོབ་ཡིན་ཏེ། རྩོད་དུས་སྦྱོར་བ་74ངག་ཏུ་སྨོས། འདིར་བདེ་ཁྱད་བྱས་ཏེ། འོ་ན་སངས་རྒྱས་པས་བྱེ་བྲག་པ་ལ་དེ་འདྲ་བའི་སྦྱོར་བ་བཀོད་པའི་ཚེ་བྱེ་བྲག་པ་ཕྱི་རྒོལ་ཡང་དག་མ་ཡིན་པར་ཐལ། དེས་དེ་ལ་དེ་འདྲ་བའི་སྦྱོར་བ་བཀོད་པའི་ཚེ་བྱེ་བྲག་པ་སྤྱི་ལྡོག་དེ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཀྱང་མི་རུང༌། དེས་དེ་ལ་དེ་འདྲ་བའི་སྦྱོར་བ་བཀོད་པའི་བྱེ་བྲག་པ་ཀུན་ཕྱི་རྒོལ་ཡང་དག་ཀྱང་མི་རུང་བའི་ཕྱིར། མ་ཁྱབ་ན། དེས་དེ་ལ་དེ་འདྲ་བའི་སྦྱོར་བ་བཀོད་པའི་ཚེ་བྱེ་བྲག་པ་བྱེ་བྲག་པ་ཡིན་པར་ཐལ། དེས་དེ་ལ་དེ་འདྲ་བའི་སྦྱོར་བ་བཀོད་པའི་ཚེ་བྱེ་བྲག་པ་ཡོད། དེའི་ཚེ་དེ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཀྱང་མ་ཡིན་པའི་ཕྱིར། རྟགས་གཉིས་ཀ་དངོས་འགལ་ཡིན། བློ་རྩེ་ཡང་འགལ་ལོ། །མ་ཁྱབ་མཚམས་ཀྱི་རྟགས་དང་པོ་གྲུབ་སྟེ། དེས་དེ་ལ་དེ་འདྲ་བའི་སྦྱོར་བ་བཀོད་པའི་ཚེ་སྦྱོར་བ་དངོས་སུ་བཀོད་ཡུལ་ཀྱི་བྱེ་བྲག་པ་ཕྱི་རྒོལ་དེ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡིན་ཀྱང་བྱེ་བྲག་པ་སྤྱི་ལྡོག་དེ་སྒྲུབ་ཀྱི་ཕྱི་རྒོལ་མ་ཡིན་པའི་ཕྱིར་ཏེ། བྱེ་བྲག་པ་ཡིན་ན་དེ་སྒྲུབ་ཀྱི་དངོས་ཀྱི་ཕྱི་རྒོལ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། དེ་དུས་མ་སྐྱེས་པའི་བྱེ་བྲག་པ་དང༌། དེ་དུས་འགག་ཟིན་པའི་བྱེ་བྲག་པ་ཡོད་པའི་ཕྱིར། འདིས་གཉིས་པ་ཡང་ཤུགས་ཀྱིས་གྲུབ། གཞན་ཡང་སྔ་རྒོལ་གྱིས་ཕྱི་རྒོལ་ལ་རྟགས་སྦྱོར་འགོད་དུས་ལ་དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་ཟིན་ཁོ་ན་ལ་འགོད་པས་ཁྱབ་པར་ཐལ། ཁྱོད་ཀྱིས་སངས་རྒྱས་པས་བྱེ་བྲག་པ་ལ་དེ་འདྲ་བའི་སྦྱོར་བ་འགོད་དུས་ཡིན་ན་དེ་སྒྲུབ་ཀྱི་རྟགས་འགོད་པ་སྐབས་བབས་ཀྱིས་ཁྱབ་པའི་ཕྱིར། འདོད་ན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་དམ་བཅའ་དང་རྟགས་བཀོད་པའི་ཚུལ་སྒྲུབ་དུས་ཀྱི་ཕྱི་རྒོལ་རྒྱུད་མ་སྨིན་པ་གཅིག་དང༌། སྔ་རྒོལ་གྱིས་ཕྱི་རྒོལ་ལ་ཚུལ་གསུམ་བསྒྲུབས་ཟིན་ནས་ཕྱི་རྒོལ་ཡང་དག་ཏུ་སོང་བ་གཉིས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡིན་ན་ཕྱི་རྒོལ་ཡང་དག་ཡིན་པས་ཁྱབ་པར་ཐལ་བ་དང༌། དེ་སྒྲུབ་ཀྱི་རྟགས་ཡིན་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ་བ་དང༌། དེ་སྒྲུབ་ཀྱི་ཚུལ་གསུམ་ལ་ཐོག་མར་ཡིད་དཔྱོད་དང་དེ་ནས་ཚད་མས་ངེས་པའི་རིམ་པ་སོགས་མི་འཐད་པར་ཐལ་བ་དང༌། ཡིད་དཔྱོད་མི་འཐད་པར་ཐལ་བ་སོགས་འཕེན་ཏེ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། དེ་དག་ལ་འདོད་ཀྱང་མི་ནུས་ལ། ཁྱབ་པའང་གྲུབ་སྟེ། རྩ་བར། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་གསུངས་པའི་ཕྱིར་དང༌། སྐལ་བཟང་མིག་འབྱེད་ལས། བྱད་བཞིན་གྱི་གཟུགས་བརྙན་ཇི་ལྟར་སྣང་བ་ལྟར་དུ་མི་བདེན་པར་དབུ་མ་པའི་ལྟ་བ་མ་གོ་བ་དག་གིས་ཀྱང་ངེས་ཟིན་པ་དེ་ཉིད་དཔེར་བྱེད་པ་ཡིན་ནོ། །ཇི་ལྟར་ངེས་ན་བྱད་བཞིན་གྱི་གཟུགས་བརྙན་དབུ་མ་པའི་འདོད་པ་ལྟར་གྱི་བདེན་མེད་དུ་ངེས་ན་གཟུགས་བརྙན་དུ་ཡང་མི་བདེན་པར་ངེས་དགོས་པས། དེ་འདྲ་བའི་བདེན་མེད་དུ་དངོས་སྨྲ་བ་མན་ཆད་ཀྱིས་མ་ངེས་ཀྱང༌། ཞེས་གསུངས་པའི་ཕྱིར་དང༌། ཕྱི་རྒོལ་ཡང་དག་དེས་དཔེའི་སྟེང་དུ་ཚུལ་གསུམ་གྲུབ་དགོས་པའི་ཕྱིར། གཞན་ཡང་གྲུབ་མཐའ་མི་མཐུན་པའི་ཕྱི་རྒོལ་ལ་རྩོད་པའི་སྐབས་དང་རང་གི་གདུལ་བྱ་བཀྲི་བའི་སྐབས་སུ་དེ་སྒྲུབ་ཀྱི་རྟགས་བཀོད་པའི་ཚུལ་གསུམ་གཞི་ནས་སྒྲུབ་མི་དགོས་པར་ཐལ། དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་དེ་སྒྲུབ་ཀྱི་རྟགས་སྦྱོར་འགོད་པའི་སྐབས་ཡིན་ན་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཏུ་གྲུབ་ཟིན་པས་ཁྱབ་པའི་ཕྱིར། འདོད་ན། དོན་མི་ཤེས་པའི་རྨོངས་པའི་ལུགས་ཡིན་ཏེ། རིགས་ཐིགས་དར་ཊིཀ་རིན་པོ་ཆེའི་གཏེར་ལས། གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་དང༌། རང་གི་གདུལ་བྱ་བཀྲི་བའི་སྐབས་གཉིས་ཀར་གསུམ་ག་གཞི་ནས་སྒྲུབ་དགོས་པ་ཡང་སྲིད་དོ། །ཞེས་དང༌། དབུ་མ་རྒྱན་དང་རྒྱན་སྣང་གཉིས་ཀར་ཡང་སྔོན་ལ་སྦྱོར་བ་དང་དེ་ནས་ཚུལ་སྒྲུབ་པར་མཛད་པའི་ཕྱིར། དབུ་མ་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་པར་ནི་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །བདེན་པར་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་ནས་ཚུལ་རྗེས་སུ་སྒྲུབ་པར་མཛད་ལ། རྒྱན་སྣང་ལས། གང་དག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུའོ། །ནས། གཏན་ཚིགས་མ་གྲུབ་པ་ཡང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཕྱོགས་ཙམ་བསྟན་པས་དུ་མས་བཤད་པ་གོ་ནུས་སོ། །

(74) པར་ཐེངས་གཉིས་པ། དག།

རང་ལུགས་ལ་བྱེ་བྲག་པས་རྡུལ་ཕྲན་ལ་རེག་བྱ་ཅན་གྱི་མིང་ལུས་ཅན་ཞེས་པའི་སྒྲ་འཇུག་པར་མི་འདོད་དེ། དེས་ཤེས་བྱ་ལ་རྫས་དང་ཡོན་ཏན་གཉིས་སྤྱི་དང་བྱེ་བྲག་གཉིས་ལས་དང་འདུ་བ་སྟེ་ཚིག་གི་དོན་དྲུག་འདོད་པའི་ནང་ནས་འབྱུང་བཞིའི་ཕྲ་རྡུལ་རྫས་དང༌། ལུས་ཅན་ཡོན་ཏན་ཉེར་བཞིའི་ནང་གི་ཚད་མ་བོང་ཚོད་ལ་འདོད་པའི་ཕྱིར། ཚིག་དོན་དྲུག་ཀྱང་འགལ་བར་འདོད་པའི་ཕྱིར། སྲས་མཆོག་རྣམ་བཤད་མཛད་པ་གཉིས་ཀྱི་དགོངས་པ་ཡིན་ཏེ། རྣམ་བཤད་ལས། དེ་ལ་བརྟགས་པའི་ཆེན་པོ་མ་གཏོགས་པའི་ཚད་གཞན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་ལ། ལུས་ཅན་གྱི་དོན་རེག་བྱ་ཅན་ནི་འབྱུང་བཞིའི་སྟེང་དུ་འགོད་ཚུལ་ལྟར་རྒོལ་བ་གཉིས་ཀས་གྲུབ་པར་འདོད་དོ། །ཞེས་དང༌། རིགས་པའི་རྒྱ་མཚོ་ལས། དེ་ཡང་བྱེ་བྲག་པ་དང་སངས་རྒྱས་པ་གཉིས་ཀྱིས་ལུས་ཅན་གྱི་སྒྲ་དེ་ཉིད་གང་ལ་འཇུག་པ་མཐུན་སྣང་དུ་མ་གྲུབ་སྟེ། འདི་ལྟར་བྱེ་བྲག་པ་ནི་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་ཚད་ཁོ་ན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་ལ། སངས་རྒྱས་པ་རེག་བྱ་ཅན་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་སངས་རྒྱས་པས་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པ་ལ་ལུས་ཅན་རྟགས་སུ་བཀོད་ན་མིང་གིས་ཕྱོགས་ཆོས་མི་འགྲུབ་ལ། དོན་རེག་བྱ་ཅན་འདོད་ན་མ་བརྗོད་ཀྱང་ཕྱོགས་ཆོས་ཡིན་པས་ཕྱོགས་ཆོས་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ལུས་ཅན་ཁོ་ན་བསམ་ནས་བཀོད་ན་དེ་ཙམ་རྟགས་སུ་འགྱུར་བས་མི་འགྲུབ་པར་བཤད་ཟིན་པའི་ཕྱིར། རྣམ་བཤད་ལས། ལུས་ཅན་ཞེས་པའི་སྒྲ་སྦྱོར་བ་ཕྱི་རྒོལ་གཉིས་མཐུན་སྣང་དུ་མ་གྲུབ་སྟེ། ཞེས་དང༌། རིགས་པའི་རྒྱ་མཚོ་ལས། དེ་ལྟར་ལུས་ཅན་ཞེས་པའི་མིང་གང་ལ་འཇུག་པའི་གཞི་མཐུན་སྣང་དུ་མ་གྲུབ་ཀྱང༌། ཞེས་གསུངས་པའི་ཕྱིར་དང༌། ལྷས་ཀྱང༌། དེ་ལ་ལུས་ཅན་གྱི་སྒྲས་སངས་རྒྱས་པ་ལ་རེག་བྱ་དང་ལྡན་པར་གྲག་གི་བྱེ་བྲག་པ་ལ་མ་ཡིན་ནོ། །ཞེས་དང༌། རྒྱན་སྣང་ལས། དེ་ལ་སྒྲ་ནི་ཕན་ཚུན་མངོན་པར་འདོད་པའི་ཡུལ་ལ་གྲུབ་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེས་ལུས་ཅན་ཞེས་བཀོད་ཀྱང་རེག་བྱ་ཅན་བསམ་ན་ཚིག་ལ་མ་བཀོད་ཀྱང་སོང་ཚོད་དེ་རྟགས་སུ་འགྱུར་བའི་ཕྱིར། སྐབས་འདིར་ཡང་སྒྲ་མ་ངེས་ཀྱང་དོན་གང་བསམ་གཙོ་བོར་བཤད་དགོས་པའི་ཕྱིར། རྩ་བར། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་དང༌། རྩ་བར། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་ནམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པ་བཞིན། །ཞེས་གསུངས་པའི་ཕྱིར། འཕོང་སྐྱེན་སྔ་མ་ལ་ནག་པ་སོགས་དུ་མ་ཡོད། ཕྱི་མ་ལ་སྲིད་སྒྲུབ་ཁོ་ནས་ཁྱབ་པའི་ཕྱིར། འདིར། རྩ་བར། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར། །འུག་པ་བ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །ཞེས་དང། ལྷས་ཀྱང༌། གཉིས་ཀ་དག་གི་ཡང་ཕན་ཚུན་མངོན་པར་འདོད་པའི་སྒྲ་མ་གྲུབ་པ་ཉིད་ཡིན་གྱི་དོན་ནི་མིན་ཏེ། གཉིས་ཀས་རྡུལ་ཕྲ་རབ་དང་བུམ་པ་དག་ལ་རེག་བྱ་ཁས་བླངས་པའི་ཕྱིར། ཞེས་དང༌། རྒྱན་ལས་ཀྱང༌། སྒྲ་མ་གྲུབ་ཀྱང་སངས་རྒྱས་པའི་མངོན་པར་འདོད་པའི་གཉིས་ཀ་ལ་གྲུབ་པའི་མངོན་པར་འདོད་པའི་བསྒྲུབ་པར་བྱ་བའི་དོན་གྲུབ་བོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ཀྱི་དོན་ཡང་དེ་ཁོ་ན་ཡིན་ནོ། །ཚད་མ་ལ་འདི་དང་ངོ་བོ་དང་ཁྱད་པར་གཉིས་ལས་ངོ་བོ་གཙོ་བ་གཉིས་ལས་དཀའ་མེད། ཕྱི་ནང་དང་གོང་འོག་གིས་བརྩད་ཚུལ་མང་མོད་ཀྱང་དབང་རྟུལ་རྣམས་ཀྱིས་ལོག་པར་བཤད་པ་ལེགས་པར་བཀྲལ་ཡོད་པ་བློ་ལྡན་དག་གིས་ཤེས་པར་བྱོས་ཤིག །

སྨྲས་པ།

ལྷ་ལས་མི་རྒན་གདོང་བཞི་མིན་ཀྱང་རྗེ། །

ཟླ་མེད་ཁྱོད་ཀྱི་སྲས་མཆོག་བཅུ་གཉིས་བདག །

ཉི་མ་གཉིས་སྤྲུལ་ཚངས་པ་གདོང་བཞི་དང༌། །

ལྷ་ལས་རྒན་ཡང་ར་རིའི་ཟླ་བ་ཙམ། །

འཕགས་ཡུལ་ཕྱི་ནང་པཎ་ཆེན་ཚིག་དོན་དང། །དོན་གྱི་ངོ་བོ་ཁྱད་པར་ལ་རྩོད་ཚུལ། །སྡེ་བདུན་མདོ་བཅས་དབུ་ཚད་རིགས་པ་ཞེས། །བརྒལ་བརྟགས་བྱེ་བའི་མ་མ་འདི་ཡིན་གྱི། །སླ་བར་རོ་འཛིན་མི་སྡོད་གློག་གི་ཟླ། །དཀའ་གནས་འདི་འདྲ་མཐོང་ཚེ་འཛུམ་པའི་ཞལ། །མི་བཞད་མི་གཡོ་སྡེར་བཟོའི་སྐུར་གྱུར་པའི། །སེམས་ལྡན་བེམ་པོར་བྱེད་པའི་སྒྱུ་མ་སུ། །འཕགས་ཡུལ་མཁས་པའི་ལུགས་ཤེས་ཁྱད་པར་དུ། །རྒྱལ་བ་གཉིས་པ་ཡབ་སྲས་རིགས་པའི་ལམ། །ཁོང་ཆུད་འདྲེན་པ་མཉམ་མེད་སངས་རྒྱས་ལ། །ཡིད་ཆེས་དད་པའི་ངལ་གསོ་བླ་མའི་དྲིན། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                   རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།