ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་གྱུར་པ་སྨོས་པའི་དགོས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:45:06     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

གཉིས་པ་ལ་གྱུར་པ་སྨོས་པའི་དགོས་པ་དང༌། དེ་ལ་རྩོད་སྤོང་གཉིས། དང་པོ་ནི། རྩ་བར། མ་སྐྱེས་པ་ནི་བཟློག་དོན་དུ། །སོགས་རྐང་པ་གསུམ་བྱུང༌། གྱུར་པ་སྨོས་པའི་དགོས་པ་གཉིས་ཡོད་དེ། རྣམ་བཅད་ལ་ཀུན་མཁྱེན་པའི་སྐྱེས་བུ་རང་གི་རྒྱུ་ལས་མ་སྐྱེས་པ་ཟློག་པར་བྱེད། ཡོངས་གཅོད་ལ་སྒྲུབ་བྱེད་ཐབས་ཤེས་ཁྱད་པར་ཅན་གོམས་པ་མཐར་ཕྱིན་པའི་ཚད་མའི་སྐྱེས་བུར་འཁྲུངས་པར་གོ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་ཤེས་བྱ་ཐམས་ཅད་བཟོ་ཤེས་པ་ཀུན་མཁྱེན་ཡིན་པ་དགག་པ་དང། ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་མངོན་སུམ་དུ་མཁྱེན་པ་ཀུན་མཁྱེན་དུ་སྒྲུབ་པ་གཉིས། དང་པོ་ལ་ཐམས་ཅད་ཀྱི་བྱེད་པོ་དབང་ཕྱུག་གི་ངོ་བོ་དགག་པ་དང༌། སྒྲུབ་བྱེད་དགག་པ་གཉིས། དང་པོ་ལ། རྟག་པ་དགག་པ་དང༌། མི་རྟག་ན་ཡང་དགག་པ་གཉིས། དང་པོ་ནི། རྩ་བར། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་སོགས་རྐང་པ་བདུན་བྱུང༌། གཉིས་པ་ནི། རྩ་བར། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །མི་རྟག་ན་ཡང་ཚད་མེད་ཉིད། །ཅེས་བྱུང༌། གཉིས་པ་ལ་སྒྲུབ་བྱེད་ལྟར་སྣང་དུ་བསྟན་པ་དང། ཀུན་གྱི་བྱེད་པོ་ཡིན་པ་ལ་ཚད་མའི་བསལ་བ་བསྟན་པ་གཉིས། དང་པོ་ལ་མདོར་བསྟན་དང༌། རྒྱས་བཤད་གཉིས། དང་པོ་ནི། རྩ་བར། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང༌། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་ལ་སྒྲུབ་བྱེད་ཀྱི་དོན་བརྟགས་ལ་དགག་པ་དང༌། དེས་རིགས་གཞན་ཡང་ཁེགས་པ་དང༌། དེས་གྲུབ་དོན་གསུམ། དང་པོ་ལ་དབྱིབས་དོན་རྟགས་སུ་མི་རུང་བ་དང༌། དབྱིབས་སྒྲ་འཇུག་པ་རྟགས་སུ་མི་རུང་བ་གཉིས། དང་པོ་ལ། དབྱིབས་ཁྱད་པར་ཅན་ལ་ཕྱོགས་ཆོས་མ་གྲུབ་པ་དང། དབྱིབས་ཙམ་མ་ངེས་པ་གཉིས། དང་པོ་ནི། རྩ་བར། བྱིན་རླབས་ཡོད་མེད་རྗེས་འཇུག་ཅན། །ཞེས་སོགས་རྐང་པ་བཞི་བྱུང༌། གཉིས་པ་ལ་མ་ངེས་པའི་དཔེ་དང༌། ངེས་ན་ཧ་ཅང་ཐལ་བ་དང༌། འབྲས་མཚུངས་ཀྱི་ལྟག་ཆོད་དུ་ཐལ་བ་སྤངས་པ་གསུམ། དང་པོ་ནི། རྩ་བར། ཐ་དད་དངོས་ལ་རབ་གྲུབ་པ། །སོགས་རྐང་པ་བཞི་བྱུང༌། གཉིས་པ་ནི། རྩ་བར། དེ་ལྟ་ཡིན་ན་རྫ་མཁན་གྱི། །ཞེས་སོགས་རྐང་པ་བཞི་བྱུང༌།

འབྲས་མཚུངས་ཀྱི་ལྟག་ཆོད་བཤད་པ།

གསུམ་པ་འབྲས་མཚུངས་ཀྱི་ལྟག་ཆོད་དུ་ཐལ་བ་སྤངས་པ་དེ་སྟོན་པར། རྩ་བར། བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །ཞེས་སོགས་རྐང་པ་བཞི་བྱུང༌། འདི་དག་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། རྐང་མིག་གིས་ལྟག་ཆོད་ཀྱི་རྣམ་གཞག་མང་དུ་བཤད་པ་འགོག་ཅིང་རྩོད་རིགས་ཀྱིས་གསུམ་བསྡུས་པའང་མི་འཐད། ཅེས་བཤད། ཀུན་བཏུས་ལས། དེ་ལྟར་སྣང་བ་བརྗོད་པའི་ཕྱིར། །ནས། ལྟག་ཆོད་གཞན་ལ་ཕྱོགས་དེ་ཙམ། །ཞེས་པའི་ལྟག་ཆོད་སྔ་མ་བཅུ་དང་ཕྱི་མ་བཞིར་བཤད་པའི་སྔ་མ་བཅུའི་ནང་གི་དྲུག་པ་འབྲས་མཚུངས་ཀྱི་ལྟག་ཆོད་དང་དེར་མི་འགྱུར་ཚུལ་སྟོན་པ་ལ་འདི་བྱུང༌། སྦྱོར་བ་ནི། ཤེས་བྱ་ཆོས་ཅན། རྩོལ་བྱུང་གི་རྟགས་ལས་དུང་སྒྲ་འབྲས་བུར་སྒྲུབ་པར་བྱེད་པ་དེའི་ཚེ། སྔར་ཡོད་ཀྱི་གསལ་བའམ་རྣམ་འགྱུར་རྟགས་སུ་བཀོད་ན་ཁྱབ་པ་མ་ངེས་པ་དང། སྔར་མེད་གསར་བྱུང་གསལ་བའམ་རྣམ་འགྱུར་རྟགས་སུ་འགོད་ན་ཕྱོགས་ཆོས་མ་གྲུབ་ཅེས་རྩོད་པ་འདི་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་མི་རིགས་ཏེ། འབྲས་བུ་གསལ་བའམ་རྣམ་འགྱུར་ལ་སྔར་ཡོད་མེད་ཀྱི་བརྟགས་པ་གཞན་ལ་བྱས་པ་དེ་འབྲས་བུ་དེ་ལ་ལྟོས་པའི་སུན་འབྱིན་ལྟར་སྣང་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། ཚད་མ་རྣམ་ངེས་ལས། མ་ཚང་སོགས་བརྗོད་སུན་འབྱིན་ཡིན། །དེར་སྣང་བ་ནི་ལྟག་ཆོད་དོ། །ཞེས་གསུངས་པའི་ཕྱིར། སྔ་མས་སུན་འབྱིན་ཡང་དག་དང་ཕྱི་མས་ལྟར་སྣང་དང་ལྟག་ཆོད་དུ་གསུངས་པའི་ཕྱིར།

མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་དེ་འབྲས་མཚུངས་ལྟག་ཆོད་ཀྱི་མཚན་ཉིད་ཟེར་ན། འོ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་ཁྱད་པར་གང་ཡང་རུང་བ་ལ་བརྟགས་ནས་སུན་འབྱིན་པའི་ལྟག་ཆོད་ཡིན་ན་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་དགོས་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁས། འདོད་ན། རྩོལ་བྱུང་གི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་རྟགས་འདི་སྒྲུབ་བྱེད་དང་ཕྲད་ནས་སྒྲུབ་པར་བྱེད་དམ་མ་འཕྲད་པར་སྒྲུབ་ཅེས་འཕྲད་མ་འཕྲད་གཉིས་ཀ་བསྒྲུབ་བྱ་སྒྲུབ་ནུས་མེད་པར་རྩོད་པའི་སུན་འབྱིན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལྟག་ཆོད་བཅུའི་དང་པོ་གཏན་ཚིགས་མ་ཡིན་པར་མཚུངས་པའི་ལྟག་ཆོད་ཡིན་པའི་ཕྱིར། དེར་ཐལ། དང་པོ་དེ་དང་དུས་གསུམ་ལ་བརྟགས་ནས་རྟགས་ཀྱིས་བསྒྲུབ་བྱ་ཡང་དག་སྒྲུབ་པ་འགོག་པའི་རྩོད་པ་གཉིས་ཀ་གཏན་ཚིགས་ཐམས་ཅད་སེལ་བའི་ལྟག་ཆོད་ཡིན་པའི་ཕྱིར། མདོ་ལས། འཕྲད་དང་མ་འཕྲད་དག་དང་དུས། །གསུམ་ལའང་རྟགས་སུ་བརྗོད་འདོད་མིན། །འཕྲད་དང་མ་འཕྲད་ལྟག་ཆོད་དེ། །མ་ཚང་གཏན་ཚིགས་རྗེས་མཐུན་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་དག་གི་མ་ཚང་བའི་གཏན་ཚིགས་ཉིད་དང་རྗེས་སུ་མཐུན་པའོ། །གང་གི་ཕྱིར་ཞེ་ན། རིགས་པ་དང་མི་ལྡན་པའི་དཔེར་བརྗོད་ཀྱི་གཏན་ཚིགས་ཐམས་ཅད་བསལ་བའི་ཕྱིར་རོ། །ཞེས་དང༌། དར་ཊིཀ་ལས། རྩོལ་བྱུང་དུ་མ་ཟད་གཏན་ཚིགས་ཙམ་ལ་སྐུར་བ་འདེབས་པའི་སུན་འབྱིན་ལྟར་སྣང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གཞི་རྟགས་ཆོས་གསུམ་གང་རུང་དང་དཔེ་འབྲས་བུ་མཚུངས་པར་རྩོད་པའི་སུན་འབྱིན་ཡིན་པར་ཐལ། འབྲས་མཚུངས་ཀྱི་སུན་འབྱིན་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། འབྲས་བུ་གཞན་ཉིད་ཀྱི་ཆ་ནས། །བསྒྲུབ་བྱ་མི་འགྲུབ་པར་སྟོན་པས། །དེ་ནི་འབྲས་མཚུངས་དེ་ལྟ་བུ། །ཞེས་གསུངས་པའི་ཕྱིར་དང༌། རང་འགྲེལ་ལས། དཔེར་ན། སྒྲ་མི་རྟག་སྟེ། འབྲས་བུ་ཡིན་པའི་ཕྱིར། བུམ་པ་བཞིན། ཞེས་བྱ་བ་ལ་གཞན་བུམ་པའི་འབྲས་བུ་ཉིད་ཀྱིས་བྱས་པ་མི་རྟག་པ་ཡིན་ན་སྒྲ་འདིའོ་ཞེས་ཅི་སྟེ་བྱ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དར་ཊིཀ་ལས། དཔེ་དང་རྩོད་གཞི་འབྲས་བུར་མཚུངས་པའི་ཆ་ནས་སྒྲུབ་བྱེད་ཙམ་ལ་སྐུར་བ་འདེབས་པ་འབྲས་མཚུངས་ཀྱི་ལྟག་ཆོད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་བསྒྲུབ་བྱ་དང་འཕྲད་མ་འཕྲད་རྩོད་ཀྱི་འབྲས་བུ་མཚུངས་མི་མཚུངས་མི་རྩོད་པའི་ཕྱིར། གཞན་ཡང༌། ལྟག་ཆོད་ཡིན་ན་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་གྱིས་ཁྱབ་པར་ཐལ། མཚན་ཉིད་ཟུར་དུ་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ཞེས་པའི་དོན་འཐད་པའི་ཕྱིར། འདོད་ན། རྟགས་མ་བཀོད་པར་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་ལ་སྒྲ་མི་རྟག་པར་ནམ་ཡང་འདོར་མི་རིགས་ཏེ། ཆོས་རྣམས་ཀྱི་རང་བཞིན་གང་ཐོབ་པ་འདོར་མི་སྲིད་པའི་ཕྱིར་རོ། །དེས་ན་དུས་ཀུན་ཏུ་མི་རྟག་པའི་རྗེས་སུ་འབྲང་བས་རྟག་པར་འགྱུར་རོ་ཞེས་པའི་ལྟག་ཆོད་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། དེ་ལྟག་ཆོད་བཅུའི་ནང་ནས་ཕྱི་མ་བརྒྱད་ཀྱི་དང་པོ་ཡིན་པའི་ཕྱིར། ཀུན་བཏུས་ལས། དེ་དག་མི་རྟག་ནུས་མ་ཡིན། །ཕྱོགས་ཀྱི་སྐྱོན་དང་རྗེས་མཐུན་བརྗོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱོགས་སམ་དམ་བཅའ་ལ་སྐྱོན་རྗེས་མཐུན་ལྟར་སྣང་བརྗོད་པའི་ཕྱིར། རང་འགྲེལ་ལས། དཔེར་ན་སྒྲ་མི་རྟག་ཅེས་བྱ་བ་ལ་དེའི་རྟག་པ་མི་རྟག་པ་དང་སྦྱོར་བར་འགྱུར་ཏེ། ཆོས་རྣམས་ཀྱི་རང་བཞིན་གང་ཐོབ་པ་མི་འདོར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྟག་པ་ཉིད་དུ་འགྱུར་རོ། །ཞེས་བྱ་བ་ལྟ་བུ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས། གཞན་ཡང་རྣམ་རྟོག་མཚུངས་པའི་ལྟག་ཆོད་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། འདིར་བཤད་ལྟག་ཆོད་བདུན་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ལ་ཁྱད་པར་མེད་ན་སློབ་དཔོན་ཕྱོགས་གླང་གིས་སོ་སོར་བཅུ་བཞིར་འབྱེད་མི་རིགས་པའི་ཕྱིར་ཏེ། དེ་ཐམས་ཅད་འབྲས་མཚུངས་གཅིག་བུ་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྩོལ་བྱུང་གིས་སྒྲ་མི་རྟག་པར་སྒྲུབ་པའི་དཔེ་བུམ་པར་བཟུང་བར་རྟག་མི་རྟག་ལ་རྣམ་རྟོག་མཚུངས་པའི་སུན་འབྱིན་ལྟ་བུ་ཡིན་པའི་ཕྱིར། ཚད་མ་མདོ་ལས། བྱེ་བྲག་བརྗོད་པའི་ཆོས་མཐུན་པའང༌། །རྣམ་རྟོག་མཚུངས་པའོ། ཞེས་དང༌། རང་འགྲེལ་ལས། དཔེར་བརྗོད་པ་ལས་གཞན་པ་ལ་ཡང་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་བསྲེག་པར་བྱ་བ་དང་བསྲེག་བྱ་མ་ཡིན་པ་ལ་སོགས་པ་བཞིན་རྟག་པ་དང་མི་རྟག་པ་རྣམ་པར་རྟོག་པ་བརྗོད་པས་ན། རྣམ་པར་རྟོག་པ་མཚུངས་པའོ། །ཞེས་གསུངས་པའི་ཕྱིར།

ཡང་ཁ་ཅིག །བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པ་ལ་སྒྲའི་བྱས་པ་དེ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། བུམ་པའི་བྱས་པ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ཞེས་པའི་སུན་འབྱིན་འདི་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ཞེས་ཟེར་བ་ལ། ཁ་ཅིག་ན་རེ། དེ་ཆོས་ཅན། སུན་འབྱིན་ལྟར་སྣང་ཡིན་པར་ཐལ། འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྐབས་འདིར་འབྲས་བུ་བྱེད་པོ་ལ་རྩོད་སྐབས་ཡིན་པས་འབྲས་མཚུངས་ཀྱི་ལྟག་ཆོད་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། སྨྲ་བ་པོའི་ཚིག་ལ་མེད་ཀྱང་བསམ་པས་མ་གྲུབ་འགལ་མ་ངེས་ལྟར་སྣང་བའི་འབྲས་མཚུངས་ཀྱི་ལྟག་ཆོད་གསུམ་ཡོད་པ་གང་ཞིག །འདི་མ་ངེས་པའི་འབྲས་མཚུངས་ཀྱི་དེ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། དེ་ལྟ་བུ། སྨྲ་བ་བོའི་འདོད་པས་རྣམ་པ་གསུམ། ཞེས་གསུངས་པའི་ཕྱིར་དང༌། འབྲས་བུ་ལ་བསམ་ནས་བྱས་པ་དེ་བུམ་སོགས་མི་རྟག་པ་ལ་མེད་སྨྲས་ན་འགལ་བ་ལྟར་སྣང་བའི་དེ་དང༌། དེ་རྟག་པ་ལ་མེད་དོ་སྨྲས་ན། ཐུན་མོང་མིན་པའི་མ་ངེས་པ་ལྟར་སྣང་གི་དེ་དང༌། བུམ་པའི་བྱས་པ་རྩོད་གཞི་སྒྲ་ལ་མེད་དོ་སྨྲས་ན་མ་གྲུབ་པ་ལྟར་སྣང་བའི་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འགྱུར་བའི་ཕྱིར་ཏེ། འབྲས་བུ་ཚིག་ལ་མེད་ཀྱང་བསམ་པས་ལྷུར་ལེན་པའི་ཕྱིར། རང་འགྲེལ་ལས། དེ་ལྟ་བུ་སྨྲ་བ་པོའི་འདོད་པ་རྣམ་པ་གསུམ་གལ་ཏེ་སྨྲ་བ་པོའི་འདོད་པའི། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྟག་ཆོད་སྨྲ་བའི་བསམ་པས་དང་སྐབས་ཀྱི་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འགྱུར་བར་ལྷ་རྒྱན་རྣམ་བཤད་གསུམ་གའི་དགོངས་པ་ཡིན་པའི་ཕྱིར། རྩ་བར། འབྲས་བུ། །སྤྱིས་ཀྱང༌། ཞེས་དང༌། འབྲེལ་བ་ཅན་ནི་ཐ་དད་ཕྱིར། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། །ཅེས་དང༌། ལྷས། འདི་ལྟར་བྱས་པ་ཉིད་ཀྱི་སྤྱི་མི་རྟག་པ་ཉིད་ཀྱི་སྤྱི་ཁྱབ་པ་ཉིད་ལ་བརྟགས་པ་འབྲས་བུ་དང་མཚུངས་པ་ཡིན་ནོ། །ཞེས་དང༌། རྣམ་བཤད་ལས་ཀྱང༌། དེ་བཞིན་དུ་སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ཡང༌། ནས། དེ་རྟག་པ་ལ་ཡང་མེད་དོ་ཞེས་ཟེར་ན། ཐུན་མོང་མ་ཡིན་པའི་མ་ངེས་པ་ལྟར་སྣང་དུ་འགྱུར་རོ། །ཞེས་རྩོད་པ་ཡང་འབྲས་མཚུངས་ཀྱི་ལྟག་ཆོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྒྱན་ལས་ཀྱང༌། འབྲས་མཚུངས་ཀྱི་ལྟག་ཆོད་ཀྱི་རང་བཞིན་ནོ། །ཅི་འདྲའི་སྐྱོན་ཞེ་ན། ཐ་དད་པར་བརྗོད་སྐྱོན་ནོ། །ཐ་དད་པ་བརྗོད་པས་ཉེ་བར་བཀོད་པ་སྟེ། ཅི་འབྲས་བུ་ཉིད་མངོན་པར་གསལ་བར་གྱུར་པ་བཟུང་ངམ། ཅི་སྐྱེ་བར་འགྱུར་བ་ཞེས་འབྲེལ་བ་ཅན་ཐ་དད་པ་ལས་ཐ་དད་པར་བརྗོད་པའི་སྐྱོན་འབྲས་མཚུངས་སོ། །ཞེས་གསུངས་པའི་ཕྱིར་དང༌། སྤྱི་ཞེས་པས་གཞན་སྡེའི་རྒྱུ་ལ་དང་རང་སྡེའི་སྤྱི་བྱེ་བྲག་གི་དང༌། གསལ་བ་ཡང་གཞན་གྱི་འབྲས་བུ་ལ་བྱེད་པའི་ཕྱིར་རོ། །རྩ་བར་འདོད་ན། མཐའ་གཅིག་ཏུ་སུན་འབྱིན་ལྟར་སྣང་ཡིན་པར་ཐལ། སུན་འབྱིན་ལྟར་སྣང་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་ཟིན། འདོད་མི་ནུས་ཏེ། ཁྱོད་སུན་འབྱིན་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་ཀྱང་སྒྲའི་བྱས་པ་ཡང་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན། བུམ་པའི་བྱས་པ་ཡང་དེ་མ་ཡིན། དེ་མ་ཡིན་ན་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་ཁྱབ་ཅེས་ཁས་ལེན་པའི་གང་ཟག་ལ་དེ་འདྲའི་སུན་འབྱིན་སུན་འབྱིན་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དཔེར་ན་ཆོས་མཐུན་ལྟར་སྣང་དང་ཆོས་མི་མཐུན་ལྟར་སྣང་དང༌། རྣམ་རྟོག་མཚུངས་པའི་དེ་དང༌། ཁྱད་པར་མེད་མཚུངས་ཀྱི་དེ་དང༌། ལྟག་ཆོད་ཕྱི་མ་བཞི་བསྒྲུབ་བྱ་ལ་ལྟོས་ནས་སུན་འབྱིན་དུ་སོང་བ་ཡང་ཡོད་པའི་ཕྱིར། དེར་ཐལ། དེ་དག་རང་གི་དམ་བཅའ་སོགས་ཀྱི་སྐྱོན་དུ་རྟོགས་ནུས་ཀྱི་སུན་འབྱིན་ལན་མེད་དུ་སོང་བ་ཡོད་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས། སྐབས་འགར་སྐྱོན་མེད་ན་ནི་སུན་འབྱིན་ཡང་དག་ཏུ་འགྱུར་ཏེ། རྒོལ་བའི་སྤོབས་པ་ནུས་པ་མེད་པར་བྱས་པ་དེའི་ཚེ་སུན་འབྱིན་དང་གཞན་གྱི་ཚེ་ལྟར་སྣང་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ནི་རིགས་པའི་དབང་ཕྱུག་གཉིས་དང་རྒྱལ་དབང་བློ་སོགས་པཎ་ཆེན་དུ་མའི་བཞེད་པ་འཁྲུལ་མེད་རྗེ་ཡབ་སྲས་ཀྱིས་བཀོད་པ་དེ་ཡིན་པའི་ཕྱིར། དེའི་འགྲེལ་བཤད་ལས། ཡང་ཅི་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་དང༌། རྣམ་པར་རྟོག་པ་དང༌། ཁྱད་པར་མེད་པར་མཚུངས་པ་འདི་རྣམས་ཐམས་ཅད་དུ་ལན་ལྟར་སྣང་བ་རྣམས་ཁོ་ནར་འགྱུར་རམ་འོན་ཏེ་འགའ་ཞིག་ཏུ་ལན་རྣམས་སུ་ཡང་ཞེ་ན། དེའི་ཕྱིར་གསུངས་པ་ལན་རྣམས་འགྱུར། ཞེས་གསུངས་པའི་ཕྱིར་དང༌། མདོའི་རྩ་བར། སྐྱོན་ཡོད་མིན་ཏེ་ཕྱོགས་ཕྱི་མ། །ཞེས་ཤྭ་མིས་བསྒྱུར་བ། འགྲེལ་བཤད་ལས། སྐྱོན་མེད་ན་ནི་ལན་རྣམས་འགྱུར། །ཞེས་དཔང་ལོས་བསྒྱུར་བ་ཆེས་ལེགས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པའི་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་དེ་འབྲས་མཚུངས་ལྟག་ཆོད་ཀྱི་མཚན་ཉིད་ཟེར་ན། འོ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་སྦྱོར་འདི་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པའི་རྟགས་སྦྱོར་ཡིན་པར་ཐལ། སངས་རྒྱས་པས་དེ་ལྟར་བཀོད་པ་ལ་རིག་པ་ཅན་པས། སྒྲའི་བྱས་པ་ཡང་དེ་མ་ཡིན། བུམ་པའི་བྱས་པ་ཡང་དེ་མ་ཡིན་པས་བྱས་པ་དེ་མ་ཡིན་ཞེས་སུན་འབྱིན་པ་བསམ་པའི་དབང་གིས་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་པའི་ཕྱིར་ཏེ། ཁོ་བོས་དབང་ཕྱུག་གིས་སྒྲ་སོགས་བསྐྱེད་པར་བསམ་པའི་ཕྱིར། རྩ་བར། ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད། །ཅེས་པའི་དོན་གྲུབ་པའི་ཕྱིར། རྩ་བར་འདོད་ན། རྟགས་སྦྱོར་ཡང་དག་ཡིན་ན་བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། དཔེར་ན་ཚང་མང་བཞིན། ཞེས་པའི་རྟགས་སྦྱོར་ཆོས་ཅན། སྤྱི་རྟགས་སུ་བཀོད་པའི་སྦྱོར་བར་ཐལ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་དེ་ཡིན་པའི་ཕྱིར། རྟགས་སོང༌། དེར་ཐལ། རྟགས་སྦྱོར་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། དུ་བ་དངོས་སུ་བརྗོད་པས་སྤྱི་དངོས་སུ་བརྗོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་དངོས་མིང་ཐ་དད་ཀྱིས་སོ་སོར་གོ་བྱའི་ཆོས་ཡིན་པའི་ཕྱིར། རྣམ་འགྲེལ་ལས། དེ་ཕྱིར་ཁྱད་པར་གང་གི་ཆོས། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་གསུངས་པའི་ཕྱིར།

གཞན་ཡང༌། སྐད་ཅིག་མ་སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་དམ་བཅའ་བའི་ཚིག་དེས་སྒྲ་སྐད་ཅིག་མར་ཡང་དངོས་སུ་དམ་བཅས་པའི་ཕྱིར། ཁྱབ་སྟེ། ཕྱོགས་དམ་བཅའ་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར། རྣམ་ངེས་ལས། བསྒྲུབ་བྱ་བརྗོད་ཕྱིར་ཕྱོགས་ཀྱི་ཚིག །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་པའི་སྐྱོན་འབྱུང་བའི་ཕྱིར། འདི་འདྲའི་རིགས་པའི་ཟུར་ཕྲ་མོ་མ་བྱས་པར་གོ་ཐོབ་ཀྱི་ཁུལ་བྱས་པ་དབུ་ཚད་ཀྱི་དགག་བྱའི་གཙོ་བོར་ཡང་ཡང་བཤད་དོ། །གཞན་ཡང༌། དངོས་པོ་ཡིན་ན་དངོས་པོ་ཞེས་པའི་སྒྲས་དངོས་སུ་བརྗོད་པས་ཁྱབ་པར་ཐལ། སྤྱི་ལ་དེའི་ཕྱིར། འདོད་ན། རིགས་པའི་དབང་ཕྱུག་གཉིས་དང་ཚད་ཆེན་སོགས་ལས་ལྡོག་པའམ་གཞན་སེལ་ལེའུ་བྱས་ནས་བཤད་པ་ལ་དགོས་པ་མེད་པར་ཐལ། འདོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚད་མས་གྲུབ་པའི་དོན་ཁས་བླངས་པའི་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་དེ་འབྲས་མཚུངས་ལྟག་ཆོད་ཀྱི་མཚན་ཉིད་ཟེར་ན། འོ་ན། འབྲས་མཚུངས་ལྟག་ཆོད་ལ་འགལ་བ་ལྟར་སྣང་དང༌། མ་ངེས་པ་ལྟར་སྣང་དང༌། མ་གྲུབ་པ་ལྟར་སྣང་དང་གསུམ་མེད་པར་ཐལ། དེ་ཡིན་ན་དམ་བཅའི་ཁྱད་པར་ལ་སུན་འབྱིན་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་བཏུས་ལས། དེ་ནི་འབྲས་མཚུངས་དེ་ལྟ་བུ། །སྨྲ་པོའི་འདོད་པས་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲུབ་བྱེད་ཡང་དག་ཁས་བླངས་པའི་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་རིགས་གནས་ཀྱི་སུན་འབྱིན་ལྟར་སྣང་དེ་དེའི་མཚན་ཉིད་ཟེར་ཞིང༌། དབྱེ་བའང་འགལ་མ་ངེས་མ་གྲུབ་ལྟར་སྣང་གསུམ་ཁོ་ན་འཆད་དོ། །དེ་ནི་རིགས་པའི་གཞུང་ལ་ངལ་བ་མ་བྱས་པའི་གཏམ་ཡིན་ཏེ། འོ་ན། འབྲས་མཚུངས་ཀྱི་ལྟག་ཆོད་ལ་རྟགས་ཁོ་ནའི་ཁྱད་པར་ལ་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་གིས་ཁྱབ་པར་ཐལ། སྒྲུབ་བྱེད་ཡང་དག་ཁས་བླངས་པ་ལ་བརྟགས་ནས། ཞེས་དང༌། དབྱེ་བ་འགལ་མ་ངེས་མ་གྲུབ་པའི་ལྟག་ཆོད་གསུམ་བྱས་པའི་ཕྱིར། ཁྱབ་སྟ། དེ་གསུམ་གྱི་རྟགས་ཀྱི་ཁྱད་པར་ལ་བརྟགས་པའི་ལྟག་ཆོད་ཡིན་པའི་ཕྱིར། རིགས་སྒོ་ལས། སྒྲུབ་པའི་རྟགས་ལ་མ་གྲུབ་པའི་རྟགས་སུ་བརྗོད་པ་དང༌། མ་ངེས་པ་མེད་པའི་རྟགས་ལ་མ་ངེས་པའི་རྟགས་སུ་བརྗོད་པ་དང༌། མི་འགལ་བའི་རྟགས་ལ་འགལ་བའི་རྟགས་སུ་བརྗོད་པ་དང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ལ་དབྱེ་ན་དྲུག་ཡོད་པའི་ཕྱིར། དེར་ཐལ། སྒྲུབ་བྱེད་ཚང་བ་ལ་མ་ཚང་བར་བརྗོད་པའི་ལྟག་ཆོད་དང༌། ཕྱོགས་སམ་བསྒྲུབ་བྱ་སྐྱོན་མེད་ལ་སྐྱོན་བརྗོད་པའི་དེ། རྟགས་ཡང་དག་ལ་མ་གྲུབ་པར་སུན་འབྱིན་པའི་དེ་དང༌། རྟགས་ངེས་པ་ལ་མ་ངེས་པར་སུན་འབྱིན་པའི་དེ་དང། རྟགས་ཡང་དག་ལ་འགལ་བའི་སུན་འབྱིན་པའི་དེ་དང༌། སྐྱོན་མེད་པའི་དཔེ་ལ་སྐྱོན་དང་བཅས་པར་འཛིན་པའི་འབྲས་མཚུངས་ཀྱི་ལྟག་ཆོད་དང་དྲུག་ཡོད་པའི་ཕྱིར་ཏེ། ཚད་མ་རིགས་པའི་སྒོ་ལས། སྒྲུབ་པར་བྱེད་པའི་སྐྱོན་མི་འབྱུང་བ་ལ་སྐྱོན་བརྗོད་པ་རྣམས་ནི་སུན་འབྱིན་པ་ལྟར་སྣང་བ་རྣམས་ཏེ་ཇི་ལྟར་ན་སྒྲུབ་པར་བྱེད་པ་ཡང་དག་པར་ཚང་བ་མ་ཚང་བ་ཉིད་བརྗོད་པ་དང༌། ཕྱོགས་སྐྱོན་མེད་པ་ལ་ཕྱོགས་ཀྱི་སྐྱོན་བརྗོད་པ་དང༌། གྲུབ་པའི་རྟགས་ལ་མ་གྲུབ་པའི་རྟགས་སུ་བརྗོད་པ་དང༌། མ་ངེས་པ་མེད་པའི་རྟགས་ལ་མ་ངེས་པའི་རྟགས་སུ་བརྗོད་པ་དང༌། མི་འགལ་བའི་རྟགས་ལ་འགལ་བའི་རྟགས་སུ་བརྗོད་པ་དང༌། སྐྱོན་མེད་པའི་དཔེ་ལ་དཔེའི་སྐྱོན་བརྗོད་པ་སྟེ་འདི་རྣམས་སུན་འབྱིན་པ་ལྟར་སྣང་བ་རྣམས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལན་ལྟར་སྣང་བའམ་ལན་འདྲ་བའི་སུན་འབྱིན་ལྟག་ཆོད་ཀྱི་དོན་ཡིན་པའི་ཕྱིར། རྣམ་ངེས་རྩ་བར། དེར་སྣང་བ་ནི་ལྟག་ཆོད་དེ། །ཞེས་དང༌། དེའི་རང་འགྲེལ་ལས། སུན་འབྱིན་པར་སྣང་བ་ནི་ལྟག་ཆོད་དོ། །ཞེས་དང༌། འཐད་ལྡན་ལས། ལྟག་ཆོད་ཅེས་བྱ་བ་ནི་སུན་འབྱིན་པ་དང་འདྲ་བའོ། །ལྟག་ཆོད་ཀྱི་སྒྲ་ནི་འདྲ་བའི་ཚིག་ཡིན་ཏེ། དེས་ན་ལན་དང་འདྲ་བའི་ཚིག་གང་ཡིན་པ་དེ་དག་ནི་ལྟག་ཆོད་ཅེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། འདི་སོ་སོའི་དཔེ་ཡང་འབྲས་བུ་ལ་སྦྱར་བ་སོགས་བཤད་ཟིན་ཏོ། །འདི་དག་ལ་སྤྲོ་བྱ་མང་ཡང་ཉུང་གསལ་དེས་གོ་ནུས་སོ། །

རང་ལུགས་ལ། བློ་གསལ་བར་ཕན་ཆེད་དང་ལན་འདེབས་ཚུལ་རྣམ་པར་མ་དག་པ་སྤོང་བའི་ཆེད་དུ་ལྟག་ཆོད་ཀྱི་མཚན་ཉིད། དབྱེ་བ། ཚིག་དོན་གྱི་གྲངས་དཔྱད་པ་གསུམ། དང་པོ་ནི། ལན་ཕྱིན་ཅི་ལོག་དེ་ལྟག་ཆོད་ཀྱི་མཚན་ཉིད་དེ། རྣམ་ངེས་ལས། ལན་ལོག་པ་ནི་ལྟག་ཆོད་ཡིན་ཏེ། ཞེས་དང༌། མདོའི་དར་ཊཱིཀ་ལས། ཕྱི་རྒོལ་གྱི་ལན་ལོག་པ་མཐའ་དག་ཡིན་ཡང༌། ཞེས་གསུངས་པའི་ཕྱིར། འདི་ཕྱི་རྒོལ་གྱི་ལན་ལྟར་སྣང་གཅིག་དགོས་ཏེ། སྔ་རྒོལ་གྱི་སྒྲུབ་བྱེད་ལྟར་སྣང་བྱས་པ་ལྟག་ཆོད་མ་ཡིན་པའི་ཕྱིར། དབྱེ་ན་སྤྱིར་མཐའ་མེད་ཀྱང་རིགས་ཀྱིས་བསྡུས་ན་བཅུ་བཞི་ཡོད་དེ། གཏན་ཚིགས་མི་འདོད་པར་མཚུངས་པའི་ལྟག་ཆོད་དང༌། རྟགས་ལ་སྐུར་བ་འདེབས་པའི་ལྟག་ཆོད་དང༌། བརྟགས་པ་དང་མཚུངས་པའི་དེ་དང༌། མ་བརྗོད་པར་མཚུངས་པའི་དེ་དང༌། མ་སྐྱེ་བ་མཚུངས་པའི་དེ་དང༌། འབྲས་མཚུངས་ཀྱི་དེ་དང༌། ཆོས་མཐུན་མཚུངས་པའི་དེ་དང༌། ཆོས་མི་མཐུན་མཚུངས་པའི་དེ་དང༌། རྣམ་རྟོག་མཚུངས་པའི་དེ་དང༌། ཁྱད་མེད་མཚུངས་པའི་དེ་དང༌། དམིགས་པ་མཚུངས་པའི་དེ་དང༌། ཐེ་ཚོམ་མཚུངས་པའི་དེ་དང༌། དོན་གོ་མཚུངས་པའི་དེ་དང༌། ཐལ་འགྱུར་མཚུངས་པའི་དེ་དང་བཅུ་བཞིར་འདུ་བའི་ཕྱིར། དང་པོ་ཡོད་དེ། སྔ་རྒོལ་གྱི་བསྒྲུབ་བྱ་སྒྲུབ་ནུས་ཀྱི་རྟགས་ལ་ཕྲད་མ་ཕྲད་བརྟགས་ནས་གཏན་ཚིགས་ཡང་དག་སུན་འབྱིན་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། མ་ཚང་བའི་གཏན་ཚིགས་རྗེས་མཐུན་གྱི་དེའི་མཚན་ཉིད། ཚད་མ་མདོ་ལས། ཕྲད་དང་མ་ཕྲད་ལྟག་ཆོད་དེ། །མ་ཚང་གཏན་ཚིགས་རྗེས་མཐུན་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། སྔ་རྒོལ་གྱིས་བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་བཀོད་པ་ལ་དུས་གསུམ་གྱིས་བརྟགས་ནས་སུན་འབྱིན་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། གཏན་ཚིགས་མི་འདོད་པར་བརྗོད་པའི་དེའི་མཚན་ཉིད། ཚད་མ་མདོ་ལས། དུས། །གསུམ་ལའང་རྟགས་སུ་བརྗོད་འདོད་མིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། སྔ་རྒོལ་གྱིས་དམ་བཅའ་ཡང་དག་བརྗོད་པར་དེ་ལ་བརྟགས་ནས་ཕྱོགས་ཀྱི་སྐྱོན་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ་བརྟགས་པ་མཚུངས་པའི་དེའི་མཚན་ཉིད། ཚད་མ་མདོ་ལས། དེ་དག་མི་རྟག་ནུས་མ་ཡིན། །ཕྱོགས་ཀྱི་སྐྱོན་དང་རྗེས་མཐུན་བརྗོད། །ཅེས་གསུངས་པའི་ཕྱིར། བཞི་པ་ཡོད་དེ། རྒོལ་བས་ཡང་དག་བཀོད་པར་གཏན་ཚིགས་བསྒྲུབ་བྱའི་སྔར་ཡོད་མེད་སོགས་ཀྱིས་བསྒྲུབ་བྱ་སྒྲུབ་མི་ནུས་པར་སུན་འབྱིན་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། མ་བརྗོད་པར་མཚུངས་པའི་དེའི་མཚན་ཉིད། མདོ་ལས། སྔར་བརྗོད་གཏན་ཚིགས་མེད་པ་ཡིས། །བསྒྲུབ་བྱ་མེད་པར་ཐལ་བར་འགྱུར། །མ་བརྗོད་པའང་མཚུངས། ཞེས་གསུངས་པའི་ཕྱིར། ལྔ་པ་ཡོད་དེ། རྒོལ་བས་ཡང་དག་བཀོད་པར་རྟགས་སྔར་རྟགས་མ་ཡིན་པས་མ་གྲུབ་པ་དང་འགལ་རྟགས་གཉིས་ཀྱི་སྐྱོན་བརྗོད་དེ་སུན་འབྱིན་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། མ་སྐྱེས་པ་མཚུངས་པའི་དེའི་མཚན་ཉིད། མདོ་ལས། བརྗོད་པ་ལས་སྔར་བརྟགས་མིན་ཕྱིར། །མ་གྲུབ་པ་དང་འགལ་བའི་ངག །མ་སྐྱེས་མཚུངས་པ་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར། དྲུག་པ་ཡོད་དེ། རྒོལ་བས་ཡང་དག་པར་བཀོད་པ་དངོས་སམ་གང་རུང་གི་འབྲས་བུར་གཞན་དུ་སྒྲོ་བཏགས་ནས་རྟགས་ཆོས་དཔེ་བསྒྲུབ་བྱ་ཅི་རིགས་ལ་སྐྱོན་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། འབྲས་མཚུངས་ཀྱི་དེའི་མཚན་ཉིད། མདོ་ལས། འབྲས་བུ་གཞན་ཉིད་ཀྱི་ཆ་ནས། །ཞེས་སོགས་གསུངས་པའི་ཕྱིར། བདུན་པ་ཡོད་དེ། རྒོལ་བས་དེ་སྒྲུབ་ཀྱི་དཔེ་ཡང་དག་པར་བཀོད་པར་ཆོས་མཐུན་གྱི་དཔེ་ལ་དེ་གཞན་དུ་ཆོས་མཐུན་པར་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། ཆོས་མཐུན་མཚུངས་པའི་དེའི་མཚན་ཉིད། མདོ་ལས། དཔེ་བསྟན་མི་མཐུན་ཕྱོག་དག་ལས། །ཆོས་མཐུན་དཔེ་ཡིས་གཞན་སྒྲུབ་པ། །ཆོས་མཐུན་པར་མཚུངས། ཞེས་གསུངས་པའི་ཕྱིར། འདི་ལ་འགྱུར་སྔ་མར། དེས་བསྟན་མ་དག་དཔེ་བསྟན་ཡིན། །ཞེས་བྱུང༌། བརྒྱད་པ་ཡོད་དེ། རྒོལ་བས་དཔེ་གཉིས་ཡང་དག་བཀོད་པར་གཞན་དུ་སྒྲུབ་པར་བྱེད་པའི་སྐྱོན་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། །ཆོས་མི་མཐུན་པ་མཚུངས་པའི་མཚན་ཉིད། མདོར། གཞན་དག་ནི། ཆོས་མི་མཐུན་པས་མཚུངས་པ་ཉིད། །གཞན་ལ་མ་གྲུབ་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དགུ་པ་ཡོད་དེ། རྒོལ་བས་བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་བཀོད་པར་མི་མཐུན་ཕྱོགས་ལའང་རྣམ་རྟོག་འཇུག་པར་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། རྟོག་མཚུངས་ཀྱི་དེའི་མཚན་ཉིད། མདོ་ལས། བྱེ་བྲག་བརྗོད་པའི་ཆོས་མཐུན་པའང༌། །རྣམ་རྟོག་མཚུངས་པའོ། །ཞེས་གསུངས་པའི་ཕྱིར། བཅུ་པ་ཡོད་དེ། རྒོལ་བས་བསྒྲུབ་བྱ་ཡང་དག་བཀོད་པར་དེ་ལས་གཞན་དུ་བསྒྲུབ་བྱ་དང་གཏན་ཚིགས་ལ་བརྟགས་ནས་མ་གྲུབ་པར་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། ཁྱད་མེད་མཚུངས་པའི་དེའི་མཚན་ཉིད། ཚད་མ་མདོ་ལས། བསྒྲུབ་བྱ་རྟོགས་ཁྱད་མེད་ཕྱིར་ཡང༌། །མ་གྲུབ་པ་ལྟར་སྣང་བར་འདོད། །ཅེས་གསུངས་པའི་ཕྱིར། བཅུ་གཅིག་པ་དམིགས་པ་མཚུངས་པའི་དེ་ཡོད་དེ། རྒོལ་བས་སྐབས་ཀྱི་བསྒྲུབ་བྱ་ལས་གཞན་ཡང་གཏན་ཚིགས་བསྟན་ནས་སྐྱོན་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། དམིགས་མཚུངས་ཀྱི་དེའི་མཚན་ཉིད། མདོ་ལས། བསྒྲུབ་བྱ་ལས་གཞན་གཏན་ཚིགས་ཀྱི། །བསྟན་བྱ་དམིགས་པ་མཚུངས་པའོ། །ཞེས་གསུངས་པའི་ཕྱིར། བཅུ་གཉིས་པ་ཐེ་ཚོམ་གྱི་ལྟག་ཆོད་ཡོད་དེ། རྒོལ་བས་བསྒྲུབ་བྱ་དང་རྟགས་ཡང་དག་བཀོད་པར་ཆོས་ཐམས་ཅད་ནས་བརྟགས་ནས་ཐེ་ཚོམ་བསྐྱེད་པའི་སྐྱོན་བརྗོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། ཐེ་ཚོམ་གྱི་དེའི་མཚན་ཉིད། མདོ་ལས། ཐེ་ཚོམ་བརྗོད་དོན་ཐ་དད་ལས། །གཏན་ཚིགས་ཐེ་ཚོམ་རྩོད་པར་བྱེད། །ཅེས་གསུངས་པའི་ཕྱིར། བཅུ་གསུམ་པ་དོན་གོ་ལྟག་ཆོད་ཡོད་དེ། རྒོལ་བས་རྟགས་ཡང་དག་གི་བསྒྲུབ་བྱ་སྒྲུབ་པ་ལ་བཟློག་པའི་རྟགས་ཆོས་གཉིས་ཀྱི་དོན་ཡང་ཤུགས་ལ་འཕངས་པར་རྩོད་པའི་ཆ་ནས་བཞག་པའི་སུན་འབྱིན་ལྟར་སྣང་དེ། དོན་གོ་ལྟག་ཆོད་ཀྱི་མཚན་ཉིད། མདོ་ལས། དོན་གྱི་འདོད་མིན་མི་མཐུན་ཕྱོགས། །སྒྲུབ་བྱེད་དོན་གོ་མཚུངས། ཞེས་གསུངས་པའི་ཕྱིར། བཅུ་བཞི་པ་ཐལ་འགྱུར་མཚུངས་པའི་ལྟག་ཆོད་ཡོད་དེ། རྒོལ་བས་བསྒྲུབ་བྱ་དང་རྟགས་ཡང་དག་དཔེ་གསུམ་བཀོད་པར་དཔེ་དེར་སྒྲུབ་པའི་རྟགས་སོགས་ནས་རྟགས་ཆོས་ཀྱི་རྗེས་སུ་འགྲོ་ལྡོག་འགོག་པའི་ཆ་ནས་བཞག་པའི་སུན་འབྱིན་དེ། ཐལ་འགྱུར་མཚུངས་པའི་ལྟག་ཆོད་ཀྱི་མཚན་ཉིད། མདོ་ལས། ཐལ་འགྱུར་མཚུངས་པར་འདོད་པ་ཡང༌། །གང་ཡང་གཉིས་ཀ་གཏན་ཚིགས་སམ། །དེ་ནི་དཔེ་ལྟར་སྣང་བ་བཞིན། །ཞེས་གསུངས་པའི་ཕྱིར།

གསུམ་པ་ནི། ལྟག་ཆོད་ལ་སྦྱོར་ཚུལ་གྱིས་དབྱེ་ན་མཐའ་མེད་ཀྱང་བརྗོད་བྱའི་དོན་གྱིས་བསྡུས་ན་བཅུ་བཞིར་ངེས་ཏེ། སྦྱོར་བའི་སྒོ་ནས་མཐའ་མེད་ཀྱང་གཞི་ཆོས་རྟགས་དཔེ་བཞིའི་རྗེས་སུ་འགྲོ་ལྡོག་དང་གྲུབ་མ་གྲུབ་འགལ་མ་ངེས་ཀྱི་ཆ་ནས་ལན་འདེབས་ཚུལ་ལྟར་སྣང་དུ་མ་འདུས་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་ངེས་ལས། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་དང༌། དར་ཊཱིཀ་མཐར་འཛིན་གདུང་སེལ་ལས། གསལ་བའི་དབྱེ་བ་མཐའ་དག་མི་བརྗོད་དེ། ལོག་པར་རྟོག་པ་མཐའ་ཡས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་ལས། ལྟག་ཆོད་ཀུན་ལ་ཕྱོགས་ཙམ་མོ། །ཞེས་དང༌། རང་འགྲེལ་ལས། དེ་དག་ཉིད་ལ་སྦྱོར་བའི་བྱེ་བྲག་ཅུང་ཟད་ཙམ་གྱིས་དབྱེ་བ་མཐའ་ཡས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང༌། དར་ཊཱིཀ་མཐར་འཛིན་གདུང་སེལ་ལས། སྔར་བཤད་པའི་ལྟག་ཆོད་ཀྱི་དབྱེ་བ་དང་དེ་སུན་འབྱིན་པ་ལྟར་སྣང་དུ་གྲུབ་པའི་རིགས་པ་མདོ་ཙམ་སྨོས་པ་ལ་དགོས་པ་ཡོད་དེ། ལྟག་ཆོད་ཀུན་ལ་དབྱེ་བ་དང༌། དེ་ལ་ལན་འདེབས་ཚུལ་ཕྱོགས་ཙམ་མོ་སྟེ། དེ་ལ་བརྟེན་ནས་གཞན་ཡང་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལས་ཀྱང་བསྡུས་ན་དྲུག་ཏུ་འདུ་སྟེ། གཞི་རྟགས་ཆོས་དཔེ་བཞིའི་དབང་གིས་ཡིན་པའི་ཕྱིར་ཏེ། རིགས་སྒོ་ལས། སྒྲུབ་པར་བྱེད་པའི་སྐྱོན་མི་འབྱུང་བ་ལ་སྐྱོན་བརྗོད་པ་ནི་སུན་འབྱིན་པ་ལྟར་སྣང་བ་རྣམས་ཏེ། སྒྲུབ་པར་བྱེད་པ་ཡང་དག་པར་ཚང་བ་ལ་མ་ཚང་བ་ཉིད་བརྗོད་པ་དང༌། ཕྱོགས་སྐྱོན་མེད་པ་ལ་ཕྱོགས་ཀྱི་སྐྱོན་བརྗོད་པ་དང༌། གྲུབ་པའི་རྟགས་ལ་མ་གྲུབ་པའི་རྟགས་སུ་བརྗོད་པ་དང༌། མ་ངེས་པ་མེད་པའི་རྟགས་ལ་མ་ངེས་པའི་རྟགས་སུ་བརྗོད་པ་དང༌། མི་འགལ་བའི་རྟགས་ལ་འགལ་བའི་རྟགས་སུ་བརྗོད་པ་དང༌། སྐྱོན་མེད་པའི་དཔེ་ལ་དཔེའི་སྐྱོན་བརྗོད་པ་སྟེ། འདི་རྣམས་སུན་འབྱིན་ལྟར་སྣང་བ་རྣམས་སོ། །ཞེས་གསུངས་པའི་ཕྱིར། འདིར་ཤིན་ཏུ་ལེགས་ཤིང་འཚམས་སོ། །དཔལ་ལྡན་གྲགས་པ་ལྟར་དེ་བས་ཀྱང་བསྡུས་ན་སུན་འབྱིན་ལྟར་སྣང་གཅིག་པུར་འདུ་སྟེ། ཚིག་གིས་བཅུ་བཞི་པོ་དེར་མ་འདུས་པ་ཡང་ཡོད། དོན་གྱི་ཆ་འགས་བྱས་ན་དེ་དག་གི་ནང་ཕན་ཚུན་ཀྱང་འདུ་བས་དེར་མ་ངེས། སྤྱིའི་མཚན་ཉིད་བྱས་ན་གཅིག་ཁོ་ནར་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། དཔེར་ན་བདག་མེད་དོ་ཞེས་པ་འདིར་དམ་པའི་དོན་ཕན་ཚུན་འགལ་ཏེ་བདག་སྒྲ་དང་མེད་པ་འགལ་བའི་ཕྱིར། ཞེས་པ་ལྟ་བུ་དེར་སྒྲའི་སྒོ་ནས་ཁྱད་པར་མི་འདུ་བའི་ཕྱིར། རྣམ་ངེས་ལས། དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཇི་སྐད་བཤད་པའི་མཚན་ཉིད་ཀྱི་72རྟག་ཆོད་ཀྱི་ནང་དུ་འདུས་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་ངེས་ལས། གལ་ཏེ་དེ་དག་ཀྱང་ཆ་འགས་འདི་ཉིད་ཀྱི་ནང་དུ་འདུའོ་ཞེ་ན། འདི་དག་ཀྱང་ཕན་ཚུན་དེ་ལྟར་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྣམ་ངེས་ལས། དེའི་ཕྱིར་སྤྱིའི་73མཚན་ཉིད་གཅིག་ཉིད་ཅུང་ཟད་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་ཡིན་ན་ནང་དུ་མི་འདུ་བའི་ཕྱིར་རོ། །སྤྱིའི་མཚན་ཉིད་དེ་ནི་སུན་འབྱིན་པ་ལྟར་སྣང་བ་ནི་ལྟག་ཆོད་དོ། །ཞེས་བརྗོད་ཟིན་པ་ཉིད་དོ་ཞེས་གསུངས་པའི་ཕྱིར། སློབ་དཔོན་འདིས་ལུས་ལྟ་བུའི་བསྟན་བཅོས་གསུམ་གར་གཅིག་ཁོ་ནར་བཤད་པའི་རྒྱུ་མཚན་དེ་ཡིན་ནོ། །འོ་ན། བྱེ་བྲག་གི་མཚན་ཉིད་མེད་ན་ལྟག་ཆོད་ཇི་ལྟར་ཤེས་སྙམ་ན་དེ་ཡོད་དེ། སྒྲུབ་པ་དང་སུན་འབྱིན་ཡང་དག་ཤེས་པས་དེ་ཤེས་པའི་ཕྱིར་གསུངས་སོ། །ཡང་རྩོད་སྒྲུབ་ལས་ལྟག་ཆོད་རྣམས་བསྡུས་ནས་ཕྱིན་ཅི་ལོག་གི་སྐྱོན་ཅན་དང༌། རྫུན་པའི་སྐྱོན་ཅན་དང༌། འགལ་བའི་སྐྱོན་ཅན་ཐ་དད་པ་གསུམ་དུ་བཤད་དེ། ཆོས་མཐུན་མཚུངས་པའི་དེ། མི་མཐུན་པའི་དེ། རྣམ་པར་རྟོག་པའི་དེ། བྱེ་བྲག་མེད་པའི་དེ། ཕྲད་མ་ཕྲད་ཀྱི་དེ། འབྲས་མཚུངས་ཀྱི་དེ་དག་ནི་གཏན་ཚིགས་ཀྱི་མཚན་ཉིད་དང་བྲལ་ཞིང་གནོད་པའི་རྟགས་ཡོད་པས་ན་ཕྱིན་ཅི་ལོག་གི་དོན་ཅན་དང༌། ཐལ་འགྱུར་མཚུངས་པ་དང་དོན་གོ་སོགས་དམ་བཅས་པའི་དོན་ཚད་མས་གནོད་པས་རྫུན་པའི་དོན་ཅན་དང༌། མ་སྐྱེས་པ་མཚུངས་པའི་དེ། བརྟགས་པ་མཚུངས་པའི་དེ་སོགས་དམ་བཅའ་དང་ལྷན་ཅིག་མི་གནས་པའི་འགལ་བ་ཉིད་ཀྱི་སྐྱོན་ཡོད་ཅེས་གསུངས་ཏེ། མདོ་ལས། ལྟག་ཆོད་རྣམས་ལ་རྩོད་སྒྲུབ་ཏུ། །ཕྱིན་ཅི་ལོག་དང་རྫུན་ཉིད་དང༌། །འགལ་བ་ཉིད་དེ་སྐྱོན་གསུམ་སྟེ། །ཞེས་གསུངས་པའི་ཕྱིར། དེ་ལ་སློབ་དཔོན་ཕྱོགས་གླང་གིས་གསུངས་པ་དེ་དག་སྐྱོན་གསུམ་གྱིས་ཐ་དད་འཇོག་པ་མི་འཐད་པར་ཐལ། ལྟག་ཆོད་དེ་དག་རེ་རེ་ལའང་ཉེས་པ་དེ་གསུམ་གའི་སྐྱོན་འཇུག་པ་ཡོད་པའི་གནོད་བྱེད་ཀྱི་སྒོ་ནས་སྐྱོན་འདྲེས་པར་གནས་པའི་ཕྱིར། རྩ་བར། གསུམ་པོ་ཐ་དད་དུ་མཚོན་མིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དག་རྣམས་ལ་སྐྱོན་གསུམ་གྱི་གཅིག་ཡོད་ལ་གཞན་མེད་པའི་ཁྱད་པར་འབྱེད་མི་ཐུབ་པའི་ཕྱིར། རང་འགྲེལ་ལས། དེའི་ཕྱིར་ལྟག་ཆོད་རྣམས་ལ་ཕྱིན་ཅི་ལོག་དང་ཡང་དག་པ་མ་ཡིན་པ་དང་འགལ་བ་ཉིད་རྣམས་འདྲེས་པས་སྐྱོན་མེད་པར་བརྗོད་པར་མི་ནུས་སོ། །ཞེས་དང༌། འགྲེལ་བཤད་ལས། དེའི་ཕྱིར་ཞེས་པ་ལ་སོགས་པས་ནི་གང་གི་ཕྱིར་དེ་ལྟར་ཐམས་ཅད་ལ་སྐྱོན་ཐམས་ཅད་སྦྱོར་ཏེ། ཞེས་གསུངས་པའི་ཕྱིར། འདིར་སོ་སོའི་རྩོད་རིགས་དང་གཉིས་ཀའི་བཤད་ཚུལ་སྣང་ཡང་མ་སྤྲོས། རང་འགྲེལ་དང་འགྲེལ་བཤད་གཉིས་སྦྱར་བ་ཁོ་ནས་ཤེས་དགོས་པར་ཡོད་དོ། །

(72) ལྟག་ཡིན་ནམ་སྙམ།

(73) པར་ཐེངས་གཉིས་པ། མཚན་ཉིད་ཅུང་ཟད།

རྩོད་སྤོང་ལ་ཁོ་ན་རེ། ཕྱོགས་གླང་གིས་བཅུ་བཞིར་དོན་གྱི་ཆ་ནས་མ་ངེས་པར་ཐལ། ལྟག་ཆོད་ལ་ད་དུང་འཕེལ་བ་དང་འགྲིབ་པ་དང་རྗོད་བྱེད་དང་རྗོད་བྱེད་མ་ཡིན་པ་དང་འཐད་པ་དང་དཔེ་ཟླ་དང་སྐབས་མཚུངས་པ་སོགས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་གི་དང་པོ་བཞི་ཁྱད་མེད་མཚུངས་པ་དང་རྣམ་རྟོག་མཚུངས་པར་འདུ། འཐད་མཚུངས་ཀྱི་དེ་ཆོས་མཐུན་དང་ཆོས་མི་མཐུན་གྱི་དེ་གཉིས་ཀྱི་ནང་དུ་འདུ། དཔེ་ཟླ་མཚུངས་པའི་དེ་ཡང་ཆོས་མཐུན་མི་མཐུན་མཚུངས་པ་གཉིས་སུ་འདུ། སྐབས་མཚུངས་པའི་དེ་ཐེ་ཚོམ་མཚུངས་པའི་ལྟག་ཆོད་དུ་འདུ་བའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་བཤད་ལས། བཞི་པོ་འདི་རྣམས་ཀྱང་ཁྱད་པར་མེད་པ་མཚུངས་པ་དང་རྣམ་རྟོག་མཚུངས་པའི་ནང་དུ་འདུའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་བཤད་ལས། འཐད་པ་མཚུངས་པ་སྟེ་འདི་ཡང་རྟག་པར་ཆོས་མཐུན་པ་ཉིད་དམ་མི་རྟག་པར་ཆོས་མི་མཐུན་པ་ཉིད་ཀྱི་མ་ངེས་པར་དགྲ་ཟླར་གནས་པར་བྱེད་པའི་ཕྱིར། ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་མཚུངས་པ་དག་གི་ནང་དུ་འདུས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། འགྲེལ་བཤད་ལས། དཔེའི་ཟླ་བོ་མཚུངས་པ་ནི། ཞེས་པ་ནས། འདི་ནི་ཆོས་མི་མཐུན་པར་མཚུངས་པའི་ནང་དུ་འདུ་སྟེ། ནས། ཅི་སྟེ་ནམ་མཁའི་ཆོས་མཐུན་པ་ཉིད་ཡིན་ན་དེའི་ཆོས་མཐུན་པ་ཉིད་མཚུངས་པའོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། འགྲེལ་བཤད་ལས། སྐབས་མཚུངས་པ་ནི་འདི་ལྟ་སྟེ། ནས། དེའི་ཕྱིར་གཏན་ཚིགས་སྐབས་ལས་མི་འདའོ། །ཞེས་པ་འདི་ཡང་ཅུང་ཟད་ཙམ་གྱིས་ཁྱད་པར་ཐ་དད་པ་སྟེ་ཐེ་ཚོམ་མཚུངས་པའི་ནང་དུ་འདུའོ། །ཞེས་གསུངས་པའི་ཕྱིར། འདི་དག་རྒྱ་ཆེར་བཤད་ནུས་ཀྱང་ཡི་གེ་མངས་དོགས་དང༌། འགྲེལ་བཤད་དང་དར་ཊཱིཀ་ལྟོས། ཐུབ་བསྟན་བྱི་དོར་གྱིས་རྩོད་དུས་ཕྱོགས་གླང་གྲགས་པའི་ལུགས་ཤེས་དགོས་གསུངས་པ་དང་རྒྱལ་བ་གོང་མས་པོ་ཏི་ཆེན་པོ་རྡུལ་ཁྲོད་དུ་ཞེས་པའི་ཐུགས་བཞེད་བསྐང་སླད་བྲིས་པ་ཕྱོགས་འདིའི་བློ་གྲོས་ཆེ་ཕྲ་ཐམས་ཅད་ཡིད་རངས་པར་མཛོད་ཅིག་གུ །

སྨྲས་པ།

འཆད་ན་མ་འབྲེལ་བྱུང་རྒྱལ་སྙིང་ཁམས་བྱེད། །

རྩོད་ན་རྒོལ་གཉིས་སྨད་ཁྱེར་ལྟག་ཆོད་བྱེད། །

སྒོམ་ན་ཡིད་བྱེད་འགོག་པ་ལྷུར་ལེན་མཁན། །

འདི་འདྲའི་དུས་ཚོད་གཟིགས་སམ་སྟོན་མཆོག་ཀྱེ། །

འཁོར་བ་ཉེས་པ་བརྒྱ་ཡི་འབྱུང་གནས་དང༌། །མཐོ་དམན་སྐྱིད་སྡུག་ཆུ་རླབས་ལྟར་མཐོང་ཞིང། །ལམ་གྱི་གྲངས་ངེས་གོ་རིམ་དངོས་སྟོབས་ཀྱིས། །སྒོམ་པ་རྒྱལ་བ་རྣམས་ཀྱིས་བསྔགས་ཞེས་ཐོས། །ཕྱོགས་གླང་གྲགས་པའི་རིགས་ལམ་མི་ཤེས་ཤིང༌། །ཇི་ལྟ་ཇི་སྙེད་རྣམ་དབྱེ་མ་དོད་པར། །བླུན་དང་སྒོམ་དང་ངར་འཛིན་དམ་པོས་ལྷ། །སྒོམ་སོགས་རིམ་གཉིས་མོ་གཤམ་བུ་མོའི་བུ། །ལྟག་ཆོད་སྒྲ་དོན་གང་ཡང་མི་ཤེས་ཀྱང༌། །དེ་དག་སྒྲ་དང་རྩོམ་པའི་སྒྱུ་མ་མཁན། །ཐུབ་དབང་མི་དགོངས་སྒྱུ་མ་འདི་ཤེས་ན། །ཚངས་དང་འདོད་ལྷར་མ་སྤྲུལ་འདི་ཅི་ཀྱེ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                  རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།