ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་ཐུབ་པ་ཚད་མར་སྒྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:42:42     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

                                                                                                                              ཐུབ་པ་ཚད་མ།

གཉིས་པ་ཐུབ་པའང་མཚན་ཉིད་དེ་དང་ལྡན་པར་བཤད་པ་ལ། ཚད་མའི་དོན་བཤད་ཟིན་དང་སྦྱར་བ་དང༌། གྱུར་པའི་དོན་བཤད་པ་གཉིས། དང་པོ་ནི། རྩ་བར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། དཔྱད་ཕྱིར་རོ། །ཞེས་པས་མི་བསླུ་བའི་ཚད་མ་བཤད་ནས། དེ་དང་ལྡན་ཞིང་ཚད་མའི་སྐྱེས་བུ་མཐར་ཐུག་པ་གང་ཡིན་ཞེ་ན། བཞི་བཅོམ་དྲུག་ལྡན་གྱི་སྐྱེས་བུ་དེ་དེ་དང་ལྡན་ཞེས་སྟོན་པར་འདི་བྱུང། གཉིས་པ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་མཐར་ཐུག་ཡིན་ཏེ། བདེན་བཞི་ཚད་མས་རྟོགས་པ་མཐར་ཕྱིན་པའི་མི་བསླུ་བའི་སྐྱེས་བུ་ཡིན་པའི་ཕྱིར། ཆོས་མཆོག་ལྟར་གཙོ་བོ་མདོ་སྡེ་པ་བྱས་ནས་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བདེན་བཞི་ཚད་མས་རྟོགས་པའི་སེམས་ཙམ་པ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་པར་ཐལ། བདེན་བཞི་ཚད་མས་རྟོགས་པའི་སྐྱེས་བུ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བདེན་པ་བཞི་རེ་རེ་ནས་ཚད་མས་ངེས་པའི་དེ་ཡིན་པའི་ཕྱིར། དེར་ཐལ། དེ་བཞི་རྗེས་དཔག་གིས་ངེས་པའི་དེ་ཡིན་པའི་ཕྱིར་ཏེ། བདག་མེད་རྟོགས་པའི་སེམས་ཙམ་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། བདེན་བཞི་ལ་ཚད་མའི་སྐྱེས་བུ་ཡིན་པར་ཐལ། ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་སྐྱེས་བུ་དངོས་བཏགས་གཉིས་གང་ལའང་དེ་ལས་དམན་མི་རུང་བའི་ཕྱིར། དེར་ཐལ། ཚད་མའི་སྐྱེས་བུ་ལ་ཐ་མའང་གཞན་གྱིས་བཀྲིར་མི་ཐུབ་པ་དང༌། སོམ་ཉི་ལས་བརྒལ་བ་དང༌། དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པ་དགོས་པའི་ཕྱིར། ཁྱབ་སྟེ། དེ་གསུམ་འཕགས་ལམ་མ་ཐོབ་པ་དང༌། ཆོས་ཀྱི་མིག་མ་ཐོབ་བར་དུ་མི་འབྱུང་བའི་ཕྱིར་ཏེ། སོ་སྐྱེ་ལ་རྟོགས་པ་ཅི་ཙམ་མཐོ་ཡང་རྟོག་གེ་ལ་བརྟེན་པ་དང༌། ཤེས་པ་དེ་ཡང་དུས་གཞན་ན་འགྱུར་བས་མ་ངེས་པ་དང༌། ཤེས་བྱ་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་བློ་གཉིས་གང་གིས་ཀྱང་མ་ཁྱབ་པ་དང༌། དོན་དམ་བདེན་པ་མངོན་སུམ་དུ་མ་རྟོགས་པ་དང༌། སྤོབས་པ་ཟད་མི་ཤེས་པ་མ་ཐོབ་པས་སྐྱོ་བ་ཅན་ལྔ་ཚང་བས་ཁྱབ་པའི་ཕྱིར། མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་རྟེན་པར་འདོད། །ཅེས་གསུངས་པའི་ཕྱིར། །འདི་ཙམ་གྲུབ་མཐའ་གོང་འོག་ཐུན་མོང་ཡིན་ཏེ། ཐེག་དམན་ལ་སྒྲུབ་བྱེད་བྱས་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། བདེན་པ་བཞི་ལ་ཆོས་ཀྱི་མིག་དང༌། རིག་པ་ཐོབ་པར་ཐལ། ཁྱོད་བདེན་བཞི་ལ་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་མ་ཐོབ་ན། ལོང་བ་ལྟ་བུ་ཡིན་པས་བདེན་བཞི་ལ་བསླུ་བའི་ཕྱིར། རྩ་བར། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་གྱི། །ཞེས་གསུངས་པའི་དོན་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཀྱི་མིག་དང་ཆོས་ཀྱི་གཏིང་དཔོག་པའི་རིག་པ་ཐོབ་པ་ལ་མཐོང་ལམ་ཐོབ་དགོས་པའི་ཕྱིར། རྣམ་གྲངས་བསྡུས་པ་ལས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའི་ཕྱིར། མངོན་སུམ་གྱི་ཡེ་ཤེས་གང་ཡིན་པ་དེ་ནི་འཕགས་པའི་ཤེས་རབ་ཀྱི་མིག་སྐྱེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལུང་ལས་ཀྱང༌། ཆོས་ལ་ཆོས་ཀྱི་མིག་ཅེས་པ་ནས། ཆོས་མཐོང་བ་དང༌། ཆོས་ཐོས་པ་དང༌། ཆོས་རིག་པ་དང༌། ཆོས་ཀྱི་གཏིང་རྙེད་པ་དང༌། ནེམ་ནུར་ལས་རྒལ་བ་དང༌། ཐེ་ཚོམ་ལས་རྒལ་བ་དང༌། གཞན་གྱི་དྲིང་ལ་མི་འཇོག་པ་དང༌། གཞན་གྱི་བཀྲིར་མི་ཐུབ་པ་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞི་འགྲེལ་ལས། ཆོས་ཀྱི་མིག་ཅེས་བྱ་བ་འཕགས་པའི་བདེན་པ་བཞི་མཐོང་བས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། རྣམ་གྲངས་བསྡུས་པ་ལས། ཆོས་མཐོང་བ་ནི་སྡུག་བསྔལ་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །ཆོས་ཐོས་པ་ནི་དགེ་སྦྱོང་གི་འབྲས་བུ་མཐུན་པར་ཐོབ་པའོ། །ཞེས་པ་ནས། ཆོས་ཀྱི་གཏིང་སླེབས་པ་ནི་བདེན་པ་མངོན་པར་རྟོགས་པའི་དབང་དུ་བྱས་ཏེ། ཤེས་ནས་དད་པ་རྙེད་པས་སྟོན་པ་དང་ཆོས་དང་དགེ་འདུན་དང༌། བདག་ཉིད་ཀྱིས་འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་རྣམ་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཏིང་རྟོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་ཚད་མ་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་ན་ཚད་མའི་སྐྱེས་བུ་ཡིན་དགོས་པར་ཐལ། བདེན་བཞི་རྟོགས་པའི་ཚད་མ་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་ན་བདེན་བཞི་ལ་ཚད་མའི་སྐྱེས་བུ་ཡིན་དགོས་པའི་ཕྱིར། འདོད་ན་འཇིག་རྟེན་རྒྱང་ཕན་པ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་པར་ཐལ། ཚད་མ་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར། དེར་ཐལ། མངོན་སུམ་ཚད་མ་རྒྱུད་ལྡན་གྱི་སྐྱེས་བུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཁྲུལ་བའི་ཕུང་པོར་གྱུར་པའི་སྐྱེས་བུ་ཡིན་པའི་ཕྱིར་ཏེ། ཐར་པར་མ་ཟད་འཇིག་རྟེན་གྱི་མངོན་སུམ་ལ་གྲགས་པའི་ཕ་མ་སོགས་མེད་པར་འདོད་པའི་བླུན་པོ་ཡིན་པའི་ཕྱིར་ཏེ། རྒྱང་ཕན་པ་ཡིན་པའི་ཕྱིར། གཞན་ཡང་བདེན་བཞི་ཙམ་རྗེས་དཔག་གིས་ངེས་ཀྱང༌། མི་རྟག་སོགས་རྫོགས་པར་མ་རྟོགས་པའི་ལམ་མ་ཞུགས་ཀྱི་མདོ་སྡེ་བ་ཆོས་ཅན། བདེན་བཞི་ལ་ཚད་མའི་སྐྱེས་བུར་ཐལ། བདེན་བཞི་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བདེན་བཞི་ལ་འཁྲུལ་བ་སྐྱེ་བའི་གང་ཟག་ཡིན་པའི་ཕྱིར། རྩ་བར། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྤྲོ་སླའོ། །

ཡང་ཁ་ཅིག་ན་རེ། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་ཚད་མར་གྱུར་པ་ཡིན་ཏེ། དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཟེར་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། འདོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེའི་རྒྱུད་ཀྱི་ཡེ་ཤེས་ཆོས་ཅན། ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་ཚད་མར་གྱུར་པ་ཡིན་ཏེ། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཟེར་ན། འདི་དང་སྔ་མ་གཉིས་ཀས་རྟགས་འགོད་ཚུལ་མི་འཐད་པར་ཐལ། ལྷ་ཤཱཀ་ལྟར་ནའང་མི་འཐད། རྒྱན་ལྟར་ན་ཕྱོགས་སུ་ཡང་མ་སོང་བའི་ཕྱིར། དང་པོ་དེར་ཐལ། ལྷས། དེ་བཞིན་བཅོམ་ལྡན་ཚད་མ་ཉིད། ཅེས་ཚད་མ་གཉིས་དཔེར་ལེན་ཚུལ་གཉིས་བཤད་པའི་དཔེ་དོན་གཉིས་ཀའི་ཁྱད་པར་གཉིས་གཉིས་ཀྱི་གཅིག་ཀྱང་མ་བྱུང་བའི་ཕྱིར། ལྷས། དེ་བཞིན་བཅོམ་ལྡན་ཚད་མ་ཉིད། །འདི་ཚད་མ་དང་ཡང་ཅི་ཞིག་མཚུངས་ན། གང་གིས་ན་ཚད་མ་དང་འདྲ་བས་ཚད་མ་ཉིད་ཡིན། ཚད་མའི་མཚན་ཉིད་རྣམ་པ་གཉིས་ཉིད་དང་མཚུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལྡན་པ་དང་མཚུངས་པའི་སྐད་དོད་བཱན་དང་པ་ཏ་ཡོད་ཀྱང་གྲུབ་འབྲས་པཱ་རིང་ཡོད་པ་སོགས་མི་ཤེས་པ་བདེན་ཡང༌། ས་བཅད་རགས་པ་ཡང་མ་ཤེས་འདུག་གོ །གཞན་ཡང༌། གསར་དུ་མི་བསླུ་བའི་ཤེས་པ་ཙམ་རྟགས་སུ་འགོད་པ་ཤིན་ཏུ་ཐ་ཆད་ཡིན་པར་ཐལ། དཔེ་ཚད་མ་འགོད་ན་ཡང་མི་བསླུ་བ་དང༌། མ་ཤེས་དོན་གསལ་ཞེས་འགོད་དགོས་པའི་ཕྱིར། དེར་ཐལ། དཔེ་ལ་དེ་གཉིས་ཚིག་དེ་ལྟར་དགོས་པ་གང་ཞིག །དཔེ་དེ་གཉིས་ཀྱི་ལེགས་པ་ལ་སོགས་པའི་རང་བཞིན་ཅན་འཁྲུལ་ཟད་མི་བསླུ་བའི་རང་བཞིན་ཅན་གྱི་སྐྱེས་བུ་འདོད་དོན་ལ་མི་བསླུ་བར་མཛད་པ་དང༌། སྐྱེས་བུའི་མི་ཤེས་པའི་དོན་གསལ་བར་སྟོན་པར་མཛད་པས་ན། རྒྱུ་མཚན་དེ་གཉིས་ཀྱི་ཕྱིར་ཚད་མའི་སྐྱེས་བུའམ་སྐྱེས་བུ་ཚད་མ་ཡིན་ཞེས་བཤད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ལྷས། ཚད་མའི་མཚན་ཉིད་རྣམ་པ་གཉིས་ཉིད་དང་མཚུངས་པ་ཡིན་ནོ། །ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བསྒྲུབ་པར་བྱ་བའི་དོན་ལ་མི་བསླུ་བའི་ཕྱིར་དང༌། མི་ཤེས་པའི་དོན་གསལ་བར་བྱེད་པའི་ཕྱིར་ཚད་མ་ཉིད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྷས། དེ་ལྟར་ན་བཅོམ་ལྡན་འདས་ཀྱང་ངེས་པར་ལེགས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྐྱེས་བུའི་དོན་ལ་མི་བསླུ་བར་མཛད་པ་དང༌། རྟོགས་པ་སྐྱེས་བུའི་དོན་བསྒྲུབ་པར་བྱ་བའི་མི་ཤེས་པ་སྟོན་པར་མཛད་པ་དེའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ངེས་པར་ལེགས་པ་སོགས་ཀྱི་དོན་ནི་བདེར་གཤེགས་ཀྱི་སུ་ག་ཏའི་སུ་བདེ་བ་དང་ལེགས་པ་སོགས་ལ་བྱས་པས་འཁྲུལ་བ་མ་ལུས་པར་སྤངས་པའི་མི་བསླུ་བ་ཚང༌། ག་ཏ་རྟོགས་པ་དང་གཤེགས་པ་དང་སྟོན་པ་ལ་འཇུག་པས་མི་ཤེས་པ་སྟོན་པར་བྱེད་པས་ན་མ་ཤེས་དོན་གསལ་ཡང་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན། ཞེས་དང༌། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ནས། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་གསུངས་པའི་ཕྱིར། འདིས་ནི་ཚད་མའི་སྐྱེས་བུ་དངོས་དང་སྟོན་པ་དངོས་སེམས་ཅན་ལ་མི་ཡོང་བ་གསལ་བར་བཤད་དོ། །རྩ་རྟགས་གསུམ་པ་གྲུབ་སྟེ། དེ་ལྟ་བུའི་བདེར་གཤེགས་ཡིན་པ་དེའི་ཕྱིར་ཚད་མའི་རང་བཞིན་གྱི་སྐྱེས་བུར་བཤད་པ་དེ་ཡིན་པའི་ཕྱིར། ལྷས། དེའི་ཕྱིར་ཚད་མ་ཡིན་ནོ། །

དེ་ལྟར་ན་ཅི་ཙམ་དང་འཇལ་བར་བྱེད་པ་དང་དངོས་པོ་རྟོགས་པའི་མཚན་ཉིད་ཀྱང་གསུམ་སྟེ། ཚད་མ་ཉིད་ཀྱི་ཆོས་མཐུན་པ་ཉིད་ཅན་འཆད་པར་འགྱུར་བ་ཡང་གྲུབ་པར་བྱས་ན་དཔེར་བྱས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འཆད་པར་འགྱུར་བ་ཡང་ཞེས་པ་ནི། རྩ་བར། རྒྱུ་སྤངས་ཡོན་ཏན་གསུམ་བདེར་གཤེགས། །ཉིད་ཡིན། ཞེས་དང༌། ཡང་རྩ་བར། བརྩེ་བས་ལེགས་དང་ཡེ་ཤེས་ལེགས། །བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དང་པོའི་རྒྱུ་བསམ་སྦྱོར་ཕུན་ཚོགས་གཉིས་སྔོན་སོང་དང༌། ལེགས་པར་སྤངས་པ་དང་ཐབས་ལེགས་པ་སྔོན་དུ་སོང་བ་དང༌། བདག་ལྟ་བག་ཆགས་དང་བཅས་པ་སྤངས་པའི་ཡོན་ཏན་གསུམ་བདེ་གཤེགས་ཀྱི་དོན་དང༌། ལུང་ཕྱི་མས་ཐབས་ཤེས་གཉིས་ཀྱི་སྒོ་ནས་འཁྲུལ་བྲལ་སྒྲུབ་བྱེད་ཀྱི་ཚོགས་གཉིས་རྫོགས་པས་ཀྱང་ཚད་མའི་སྐྱེས་བུ་ཡིན་ཞེས་བཤད་པའི་ཕྱིར། རྩ་བར། སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཞེས་གསུངས་པའི་ཕྱིར། ཤཱཀྱས། །གཞན་དག་ནི་གང་གིས་དང་པོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་བྱེ་བྲག་ཐ་དད་པ་རྣམ་པ་སྣ་ཚོགས་ཐམས་ཅད་ཚད་མས་མི་བསླུ་བ་ཅན་དང༌། དེ་དང་འགལ་བ་མེད་པར་སྟོན་པར་མཛད་པའི་སྟོན་པ་པོ་དེ་ནི་ཚད་མ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ནན་ཏན་དུ་མཛད་པ་འབྲས་བུར་གྱུར་པ་ཉིད་ཀྱིས་སྟོན་པས་རྗེས་སུ་དཔོག་གོ །ཞེས་གསུངས་པའི་ཕྱིར་ཏེ། དེ་ལ་ཆོས་ཐམས་ཅད་མ་འཁྲུལ་བར་སྟོན་པ་ལ་དེ་མངོན་སུམ་དུ་རྟོགས་པ་ཡང་དགོས་པའི་ཕྱིར། རྩ་བར། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། ཤཱཀྱས། མངོན་སུམ་མ་མཛད་པར་རྣམ་པ་ཐམས་ཅད་ཚད་མ་དང་མི་འགལ་བར་སྟོན་པ་མི་སྲིད་དོ། །ཞེས་སྨྲའོ། །ཞེས་གསུངས་ཤིང༌། ཤེས་བྱེད་གཉིས་ཀྱང་བཀོད་པའི་ཕྱིར། འདི་ལ་ཡང་དག་པ་གཅིག་མ་གོ་ན་སྐྱབས་འགྲོ་རྣམ་དག་ཀྱང་ཡོང་བ་ཁོ་བོས་མི་ཤེས་སོ། གཞན་ཡང༌། རྩ་རྟགས་གཉིས་པ་རྒྱན་མཁན་པོའི་ལུགས་ལྟར་ན་ཁྱེད་ཅག་གི་གསར་དུ་མི་བསླུ་བའི་ཤེས་པ་རྟགས་སུ་བཀོད་པའི་སྦྱོར་བ་དེ། རྩ་བར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་དོན་སྦྱོར་དུ་འདོད་པ་ཤིན་ཏུ་མི་འཐད་པར་ཐལ། འཁྲུལ་བ་ཐམས་ཅད་བཟློག་པ་དང༌། དོན་དམ་པའི་ཚད་མ་དང༌། ཐམས་ཅད་མཁྱེན་པ་གསུམ་གྱི་སྒོ་ནས་བཤད་དགོས་པའི་ཕྱིར། རྒྱན་ལས། དེ་ཕྱིར་བཤད་པ་ནི། ཡང་དག་མིན་པ་བཟློག་དོན་དུ། འཁྲུལ་བ་བཟློག་པའི་དོན་དུ་བཅོམ་ལྡན་འདས་ཏེ། ཡང་དག་ཉིད་གསུངས་གང་གི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར། དེ་ཉིད་ཐམས་ཅད་མཁྱེན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་དེ་ལྟ་ན་ཡང་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བཅོམ་ལྡན་འདས་ཚད་མ་དམ་པའི་སྐྱེས་བུ་ཡིན་པས་མངོན་སུམ་དང་རྗེས་དཔག་གི་ཐ་སྙད་པའི་ཚད་མ་དང་ལྡན་པས། བསྟོད་མི་རིགས་པར་བཤད་པའི་ལན་དུ་བདེ་གཤེགས་ཀྱི་དོན་དེ་ལྡན་པའི་བཅོམ་ལྡན་འདས་ལ་ཚད་མ་ཉིད་ཅེས་ཕྱོགས་གླང་གིས་བསྟོད་པར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་ལས། འོ་ན། ཇི་ལྟར་བཅོམ་ལྡན་འདས་ཚད་མ་ཡིན། མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་ཐ་སྙད་དུ་ཚད་མ་ཡིན་གྱི། བཅོམ་ལྡན་འདས་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱན་ལས། འདི་ལ་བཤད་པ་ནི་དེ་ལྡན་བཅོམ་ལྡན་ཚད་མ་ཉིད། དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་སོ། །དེ་དང་ལྡན་པས་བཅོམ་ལྡན་འདས་ནི་མངོན་སུམ་གྱི་རང་བཞིན་གྱི་ཚད་མ་ཡིན་ཏེ། ཕྱིས་བསྟན་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཐམས་ཅད་ལ་དེ་སྒྲ་དང་བཞིན་སྒྲ་བྱས་ན། ཆོས་དེ་དང་དེ་རང་རང་གི་ངོ་བོ་བཞིན་དུ་ཐུགས་དེ་སོང་བའམ། གཤེགས་ཤིང་རྟོགས་པ་དེ་བཞིན་གཤེགས་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པའི་ཕྱིར།

རང་ལུགས་ནི། བཅོམ་ལྡན་འདས་འདས་ཤཱཀྱ་ཐུབ་པ་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུར་རིགས་ཏེ། དེ་ལ་ཐར་ལམ་ལེགས་པར་སྟོན་པ་དང༌། བདེན་པ་དང༌། དེ་གསུངས་པ་ལ་བརྩོན་པ་དང་ལྡན་པའི་སྟོན་པ་ཡིན་པའི་ཕྱིར་ཏེ། དཔེར་ན། རང་གི་མཁན་པོ་མཁས་བརྩེ་དང་ལྡན་པའི་སློབ་དཔོན་ལྟ་བུ་ཞེས་རང་བཞིན་གྱི་རྟགས་ཀྱིས་གྲུབ་པའི་ཕྱིར། ལྷས། སྦྱོར་བ་ནི་གང་ཞིག་གང་གི་ཕྱིར། གང་དོན་དུ་གཉེར་བ་ལ་ལེགས་པ་དང་བདེན་པ་སྟོན་པར་བྱེད་ཅིང༌། དེ་སྟོན་པ་ལ་བརྩོན་པ་དང་ལྡན་པ་དེ་ནི་དོན་དུ་གཉེར་བའི་མཁས་པ་དེས། ཚད་མ་ཉིད་དུ་བྱ་བའམ་དེའི་ཚིག་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན། ཇི་སྐད་བཤད་པའི་ཡོན་ཏན་ལྡན་པའི་མཁན་པོ་སློབ་མ་ལ་སྟོན་པར་བྱེད་པའི་ཚིག་སློབ་མ་མཁས་པ་སྐྲུན་པར་བྱེད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱང་གྲོལ་བར་འདོད་པ་རྣམས་ལ་ལེགས་པ་དང་བདེན་པའི་དོན་སྟོན་པར་མཛད་ཅིང་འཆད་པ་ལ་བརྩོན་པ་ཡིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། ལྷག་མ་འོག་ཏུ་སྟོན་པར་འགྱུར་རོ། །དེ་ལ་ཁོ་ན་རེ། ཉན་ཐོས་འཕགས་པ་རྒྱུན་ཞུགས་ཆོས་ཅན། བདེན་བཞི་ལ་ཚད་མའི་སྐྱེས་བུ་ཡིན་པར་ཐལ། བདེན་བཞི་ལ་ཆོས་ཀྱི་གཏིང་དཔོག་པའི་སྐྱེས་བུ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁ་ཅིག་མ་གྲུབ་ན། དེར་ཐལ། བདེན་བཞི་མངོན་སུམ་དུ་རྟོགས་པའི་འཕགས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བདེན་བཞིའི་རང་བཞིན་ལ་འཁྲུལ་བ་བྲལ་བའི་སྐྱེས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་བཞིའི་ངོ་བོ་མ་ལུས་པ་མངོན་སུམ་དུ་མཁྱེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཅན་ཡིན་པའི་ཕྱིར། ཀུན་མཁྱེན་ཡེ་ཤེས་ལ་ཚད་མས་ཁྱབ་པར་བསྒྲུབས་ཟིན་ཀྱང༌། དེ་ལ་ཁོ་ན་རེ། བཅད་ཤེས་མེད་པར་ཐལ། རྟོགས་ཟིན་རྟོགས་པའི་རྣམ་མཁྱེན་ཚད་མ་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། དེས་རྟོགས་ཟིན་རྟོགས་ཙམ་མ་ཡིན་པར་གསར་རྟོགས་ཡང་ཡོད་པའི་ཕྱིར། དེར་ཐལ། རྣམ་མཁྱེན་སྐད་ཅིག་ཕྱི་མ་དང་མཉམ་དུ་སྐྱེས་པའི་དངོས་པོ་དེ་རྣམ་མཁྱེན་སྐད་ཅིག་སྔ་མས་རང་དུས་ན་མ་འོངས་པའི་ཚུལ་གྱིས་མཁྱེན་པའི་ཕྱིར། ཁྱབ་སྟེ། རྣམ་མཁྱེན་སྐད་ཅིག་ཕྱི་མས་དེ་རང་དང་དུས་མཉམ་ཚུལ་དུ་མཁྱེན་པའི་ཕྱིར་དང༌། སྔ་མས་དེ་རང་དང་དུས་མཉམ་པར་མཁྱེན་ཚུལ་མེད་པའི་ཕྱིར་ཏེ། དེ་དང་དུས་མཉམ་དུ་མ་གྲུབ་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དེ་དུས་སུ་དེ་མ་འོངས་པ་ཡིན་པའི་ཕྱིར་དང༌། དངོས་པོ་གནས་ཚུལ་ཐམས་ཅད་མཁྱེན་དགོས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཆོས་གྲགས་ཀྱིས་ཁས་མི་ལེན་པར་ཐལ། རྩ་བར། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཀུན་མཁྱེན་ཡང་ཚུར་མཐོང་དང་རྟོག་གེ་བ་མན་ཆད་ཀྱི་ཇི་བཞིན་བསམ་ལས་འདས་པར་བཤད་པ་ཙམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤེས་བྱ་མ་ལུས་མཁྱེན་པའི་སྒྲིབ་པ་སྤངས་པའི་ཡེ་ཤེས་མངའ་བའི་ཕྱིར། ཚད་ཆེན་ལས། དངོས་སུ་བྱས་པའི་ཁྱད་པར་ཕྱིར། །བག་ཆགས་བཅས་སྐྱོན་མེད་འགྱུར་ཕྱིར། །དེས་ན་ཐམས་ཅད་མཁྱེན་ཉིད་གྲུབ། །སྒྲིབ་པ་ཐམས་ཅད་ལས་གྲོལ་ཕྱིར། །དེ་ཡང་བདེ་བར་གཤེགས་པ་གྲུབ། །ཅེས་གསུངས་པའི་ཕྱིར།

                   རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།