ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 11:41:33     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

           གཉིས་པ་མཚན་གཞིའི་དབྱེ་བ་ནི། རྩ་བར། བློ་ནི་ཚད་མ་ཉིད། །བླང་དང་དོར་བྱའི་དངོས་པོ་ཡི། །ནས། དེ་ཡོད་ན་འདི་ཡོད་ཕྱིར་རོ། །ཞེས་རྐང་པ་ཕྱེད་དང་དྲུག་བྱུང༌། གསུམ་པ་མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཚད་མ་སྟོན་པར། རྩ་བར། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་བྱུང༌།  

          འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཚད་མ་བསླུ་མེད་སོགས་ཀྱིས་ཚད་མའི་མཚན་ཉིད་བཤད་པ་དེ་ངེས་བྱེད་རང་ལས་སམ་གཞན་ལས་ཡིན་ཞེ་ན། ལྷ་ཤཱཀ་ལྟར་ན་སྔོན་འཛིན་མངོན་སུམ་ལྟ་བུ་ཤེས་པ་རང་གི་ངོ་བོ་རང་རིག་གིས་ངེས་ཞེས་སྟོན་པར་རྐང་པ་དང་པོ་དང༌། རང་གི་ཡོངས་སུ་སྤྱད་པའི་གཞི་དང་གཞལ་བྱ་ལ་མི་བསླུ་བ་ཚད་མ་ཡིན་པ་ནི་ཕྱིས་འབྱུང་གི་དོན་བྱེད་སྣང་ཅན་གྱི་ཐ་སྙད་པའི་ཚད་མས་ངེས་ཤེས་སྟོན་པར་རྐང་པ་གཉིས་པ་དང༌། སྐྱེས་བུ་ཀུན་གྱིས་ཀྱང་དེ་ལྟར་མི་རྟོགས་པས་འགའ་ཞིག་ལ་བསྟན་བཅོས་བརྩམས་ཞེས་རྐང་པ་གསུམ་པ་བྱུང༌། དང་པོ་ནི། ལྷས། རང་རིག་པ་ལས་ཚད་མ་ཞེས་བྱ་བའི་ཤེས་པ་དེའི་ཤེས་པ་ཡོད་པ་ཉིད་གྲུབ་པ་ཡིན་གྱི་ཚད་མ་ཉིད་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ་རང་རིག་གིས་བཟུང་ཡང་ངེས་མི་ནུས་པའི་ཕྱིར། ལྷས། དེས་ན་ཤེས་པ་ཡོད་པ་ཉིད་དམིགས་པ་ན་ཚད་མ་ཉིད་བཟུང་དུ་ཟིན་ཀྱང་མ་བཟུང་བ་དང་འདྲ་བ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ལྷས། འོ་ན། ཇི་ལྟར་ཚད་མ་ཉིད་ངེས་པར་བྱ་ཞེ་ན། ཐ་སྙད་ཀྱིས་ནི་ཚད་མ་ཉིད། དུས་ཕྱིས་འབྱུང་བ་ཅན་གྱི་དོན་བྱེད་ནུས་པའི་ཡུལ་ཅན་གྱི་ཤེས་པས་སོ། །ཞེས་བྱུང། གསུམ་པ་ནི། ལྷས། དོན་མེད་པ་ཅན་མ་ཡིན་ཏེ། གང་གི་ཕྱིར་བསྟན་བཅོས། ཞེས་བྱུང༌། གཉིས་པ་ནི་གཞུང་འདི་ཆོས་ཅན། ཚད་མ་ངེས་བྱེད་ཀྱི་སྒོ་ནས་གཉིས་སུ་བཤད་དེ། དེ་ཚད་མ་ཡིན་པའི་རང་སྟོབས་ཀྱིས་ངེས་པས་རང་ངེས་དང༌། རང་སྟོབས་ཀྱིས་མི་ངེས་པར་ཚད་མ་གཞན་གྱིས་ངེས་དགོས་པའི་གཞན་ལས་ངེས་གཉིས་སུ་བསྟན་པའི་ཕྱིར།

           མཐའ་དཔྱད་པ་ལ་གསུམ། དང་པོ་ལ། མཚན་གཞི་ལ་དཔྱད་པ། རང་ངེས་དང་གཞན་ངེས་ལ་དཔྱད་པ་གཉིས། དང་པོ་ལ། པཎ་ཆེན་སོ་སོའི་ལུགས་དགོད། འཐད་མི་འཐད་དཔྱད་པ་གཉིས། དང་པོ་ལ་པཎ་ཆེན་རྒྱལ་དབང་བློའི་གསུང་ན་རེ། མངོན་སུམ་ལ་མ་འཁྲུལ་བས་མ་ཁྱབ་པར་ཐལ། གཟུང་ཡུལ་ལ་འཁྲུལ་བའི་མངོན་སུམ་ཚད་མ་ཡོད་པའི་ཕྱིར། འགྲེལ་བཤད་ཡངས་ལྡན་ལས། འདིར་བསླུ་བ་མེད་པ་འཇུག་པར་བྱེད་པའི་ཤེས་པ་ནི་ཚད་མར་མངོན་པར་འདོད་དེ། ཞེས་གསུངས་པའི་ཕྱིར། མཚན་གཞི་དུང་དཀར་པོ་ལ་སེར་འཛིན་གྱི་དབང་ཤེས་དང༌། མིག་མི་གསལ་བ་ཐག་རིང་པོའི་སྔོན་པོ་མི་གསལ་བར་སྣང་བའི་དབང་ཤེས་དང༌། གྲུ་དང་གླང་པོ་བཞོན་ནས་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་རྣམས་ཀྱང་དུང་དང་སྔོན་པོ་དང་ལྗོན་ཤིང་གསུམ་ལ་ཚད་མ་ཡིན་ཏེ། དེ་དག་འཁྲུལ་ཡང་དངོས་པོ་ལ་འབྲེལ་བའི་དོན་དུང་ལྗོན་ཤིང་སོགས་ལ་མི་བསླུ་བའི་ཕྱིར། འགྲེལ་བཤད་ལས། གང་འདི་མིག་སེར་གྱིས་ཉེ་བར་བསླད་པའི་མིག་ཅན་གྱིས་དུང་དཀར་པོ་ལ་སོགས་པ་ལ་དུང་སེར་པོ་ལ་སོགས་པར་སྣང་བ་དང་ནས། གང་ཡང་གྲུ་དང་བཞོན་པས་བསྐྱོད་པས་བྱས་པའི་ཤིང་སྡོང་ལ་སོགས་གནས་པ་རྣམས་ལ་ཡང་འགྲོ་བའི་བྱ་བ་དང་ལྡན་པའི་རྐང་འཐུང་ལ་སོགས་པར་སྣང་བ་དང་། འདི་ལྟ་བུའི་རྣམ་པ་གཞན་ཡང་དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་བ་དེ་ཡང་དངོས་པོ་ལ་འབྲེལ་བ་ལས་འདོད་པའི་དོན་ལ་མི་བསླུ་བའི་ཕྱིར་འགའ་ཞིག་ལ་ཚད་མ་ཉིད་དུ་དྲང་བར་བྱའོ། །ཞེས་གསུངས་པའི་ཕྱིར། ལོག་པར་སྣང་བཞིན་དུ་ཚད་མར་མི་འདོད་ཟེར་ན། འོ་ན། རྗེས་དཔག་ཀྱང་ཚད་མ་མ་ཡིན་པར་ཐལ། ལོག་པར་སྣང་བའི་ཕྱིར། འོ་ན། མདོ་ལས། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་མངོན་སུམ་ལྟར་སྣང་དུ་བཤད་པ་དང་འགལ་ལོ། །ཞེ་ན། སྐྱོན་མེད་དེ། ཚིག་རྣམས་ངེས་བཟུང་གི་སྙིང་པོ་ཅན་ཡིན་པས་རབ་རིབ་ཀྱིས་གང་མི་བསླུ་བ་དེ་ལ་མངོན་སུམ་ཡིན་ལ་བསླུ་བ་དེར་ནི་ལྟར་སྣང་ཡིན་པའི་ཕྱིར། ཞེས་ཟེར་རོ། །དེ་ལ་པཎ་ཆེན་ཆོས་མཆོག་གི་གསུང་ན་རེ། དུང་དཀར་པོ་སེར་འཛིན་གྱི་དབང་ཤེས་དང༌། ནོར་བུའི་འོད་ལ་ནོར་བུར་འཛིན་པའི་དབང་ཤེས་གཉིས་ཚད་མ་མ་ཡིན་པར་ཐལ། ཡུལ་དུས་རྣམ་པའི་ཆ་གང་ལའང་མངོན་སུམ་མ་ཡིན་པའི་ཕྱིར། དེར་ཐལ། དུང་སེར་འཛིན་དབང་ཤེས་དེ་དུང་གི་ཆ་གང་ལ་ཡང་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་སེར་པོར་སྣང་བ་མ་གཏོགས་དུང་གི་ཆ་གང་ཡང་བཟུང་བ་མི་འཐད་པའི་ཕྱིར། འཐད་ལྡན་ལས། ཡོངས་སུ་སྤྱད་པའི་དོན་འཇུག་པའི་ཡུལ་འཐོབ་པར་བྱེད་པ་ནི་ཞེས་སྨྲ་བ་ན། དུང་ལ་སེར་པོར་ཤེས་པ་དང༌། ནོར་བུའི་འོད་ལ་ནོར་བུར་ཤེས་པ་དང༌། ཤེས་པའི་རྣམ་པ་དེ་ལྟ་བུ་གཞན་དག་ཚད་མ་ཡིན་པར་བརྗོད་དོ། །ཞེས་དང། ཡུལ་དང་དུས་དང་རྣམ་པ་ཐ་དད་པ་ཡང་གཞན་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དུང་གི་ཁ་དོག་དཀར་པོ་ལ་ཚད་མ་མིན་ཀྱང་དབྱིབས་ལ་ཚད་མར་ཐལ། དུང་དཀར་པོ་མི་སྣང་ཡང་དུང་གི་དབྱིབས་སྣང་བའི་ཕྱིར་ཟེར་ན། དུང་གི་ཁ་དོག་མི་སྣང་ལ་དབྱིབས་སྣང་བ་རིིིགས་པ་དང་འགལ་བར་ཐལ། དུང་གི་དབྱིབས་དུང་གི་ཁ་དོག་དཀར་པོ་དང་ངོ་བོ་གཅིག་ཡིན་གྱི་སེར་པོ་དང་ཅུང་ཟད་ཀྱང་མ་འབྲེལ་བའི་ཕྱིར། འཐད་ལྡན་ལས། དཀར་པོ་མ་བཟུང་ན་དེའི་ཆོས་སམ་གཞན་གྱི་དབྱིབས་མ་བཟུང་བས་ན་བསླུ་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། སེར་འཛིན་དབང་ཤེས་དེས་དབྱིབས་དེ་ལ་བརྟེན་ནས་དུང་ཐོབ་བོ་ཟེར་ན་དེ་ཤིན་ཏུ་མི་འཐད་པར་ཐལ། དུང་རྙེད་པ་ཡང་དུང་སེར་འཛིན་དབང་ཤེས་ལས་གཞན་པ་རིལ་འཛིན་དབང་ཤེས་ཀྱིས་རྙེད་པའི་ཕྱིར། འཐད་ལྡན་ལས། དེ་བཟུང་བ་ན་བཟུང་བར་འགྱུར་བར་འཁྲུལ་བས་མ་ངེས་པ་ནི་ཚད་མ་གཞན་གྱིས་ངེས་པར་བྱེད་པ་ཡིན་ཏེ། དཔེར་ན་དངོས་པོའི་སྐད་ཅིག་མ་ཉིད་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར།

           གཉིས་པ་དེ་གཉིས་གང་འཐད་ཅེ་ན། སྔ་མ་ལའང་འཐེན་ཕྱོགས་དང་སེམས་ཙམ་པར་སྦྱར་ན་མི་རུང་བ་ཆེར་མེད་ཀྱང་མདོ་སྡེ་པའི་སྐབས་འདིར་མི་འཐད་དེ། མངོན་སུམ་རྟོག་བྲལ་མ་འཁྲུལ་བར་བཤད་པ་དང༌། དུང་སེར་འཛིན་དབང་ཤེས་ཀྱང་ཁྱོད་ཀྱིས་མངོན་སུམ་དུ་ཁས་ལེན་པའི་ཕྱིར། མདོའི་དར་ཊཱིཀ་ལས། བདག་ཉིད་ཆེན་པོ་རྣམས་ཀྱི་བསམ་པ་རིག་པར་དཀའ་མོད། འདྲེན་བྱེད་དམ་པ་རྣམས་ལུགས་ཕྱི་མ་འཐད་པར་བཞེད་པས་ཕྱི་མ་ལྟར་ཁས་བླང་བར་བྱའོ། །ནས། ལུགས་དེ་ལ་སྣང་ཡུལ་ལ་འཁྲུལ་བའི་མངོན་སུམ་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། སེམས་ཙམ་པ་ལ་སྦྱར་ན་རྒྱལ་དབང་བློའི་ལུགས་ལའང་འཐེན་ཕྱོགས་རུང་སྟེ། སེམས་ཙམ་པས་བརྟན་བྱུང་གི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུ་བཞིས་མ་བསླད་པར་འདོད་ཀྱང། ཤེས་པ་དེ་ལ་མ་འཁྲུལ་བས་ཁྱབ་པ་མདོ་སྡེ་བས་འདོད་ཀྱི་སེམས་ཙམ་པ་མི་འདོད་པའི་ཕྱིར། ཀུན་བཏུས་དར་ཊིཀ་ལས། སེམས་ཙམ་པས་ཤེས་པ་འཁྲུལ་རྒྱུ་དེ་དག་གིས་མ་བསྐྱེད་པར་འདོད་ཀྱང་ཤེས་པ་དེ་ལ་མ་འཁྲུལ་བས་ཁྱབ་པ་མདོ་སྡེ་བ་འདོད་ཀྱི་སེམས་ཙམ་པས་ཁས་མི་ལེན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་རིག་བྱེད་པ་རྣམས་ན་རེ། རིག་བྱེད་ཀྱི་སྒྲ་ཚད་མ་མ་ཡིན་ན་མི་རུང་སྙམ་ནས། ཚད་མ་ནི་རང་ལས་ཚད་མར་ངེས་དགོས་ཟེར་ན་འོ་ན། ཚད་མ་ཡིན་ན་རང་ཉིད་ལས་ཚད་མར་རང་ཉིད་ཀྱིས་གྲུབ་པ་དེ་མི་འཐད་པར་ཐལ། དེའི་དོན་ཚད་མར་རང་ཉིད་ཀྱིས་བསྐྱེད་པ་ཡང་མི་འཐད། རང་ཉིད་ཀྱིས་ཚད་མར་གསལ་བ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རང་ཉིད་ཚད་མར་སྐྱེས་པ་ཡང་མི་འཐད། ཚད་མར་མ་སྐྱེས་པ་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། ཚད་མ་ཆོས་ཅན། ཚད་མས་ཁྱོད་སྐྱེད་མི་དགོས་པར་ཐལ། ཚད་མའི་དུས་སུ་སྐྱེས་ཟིན་པའི་ཕྱིར། གཉིས་པ་མ་གྲུབ་ན། ཚད་མ་ཆོས་ཅན། ཁྱོད་ཀྱིས་ཚད་མ་བསྐྱེད་མི་ནུས་པར་ཐལ། ཁྱོད་རང་མ་སྐྱེས་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། འོ་ན་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་ལ་རྨོངས་པ་མི་སྲིད་པར་ཐལ། ཚད་མ་ཡིན་ན་རང་ཉིད་ཀྱིས་ཚད་མར་གསལ་བར་གྲུབ་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་ལ་རྨོངས་པ་བཟློག་ཆེད་དུ་བསྟན་བཅོས་རྩོམ་པ་དོན་ཡོད་པའི་ཕྱིར་ཏེ། རྩ་བར། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་གསུངས་པའི་ཕྱིར་དང༌། ལྷས་ཀྱང༌། བརྗོད་པའི་ཡུལ་ལ་ཚད་མ་གཞན་མི་འཇུག་པས་བརྗོད་པ་ཚད་མ་ཉིད་མ་ཡིན་པར་མ་གྱུར་ཅིག་སྙམ་པའི་ཚད་མ་རྣམས་རང་ཉིད་ཀྱིས་ཚད་མ་ཡིན་གྱི། ཞེས་པ་ནས། ཚད་མའི་མཚན་ཉིད་བྱེད་པར་མི་འགྱུར་རོ། །ཞེས་སོ། །ཚད་ཆེན་ན་གསལ་ལོ། །

                 ཡང་ཁ་ཅིག་ན་རེ། ཚད་མ་ལ་རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས་ཡོད་ཀྱང༌། ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་དགོས་ཟེར་ན། འོ་ན་དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་དམར་པོ་འཛིན་པའི་དབང་པོའི་མངོན་སུམ་དེ་ཚད་མ་མ་ཡིན་པར་ཐལ། ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། སྣང་བ་དམར་པོ་རང་གིས་ངེས་ཤིང་མེ་ཡིན་མིན་ཐེ་ཚོམ་པའི་དོན་མེ་དེ་བདེན་པའམ་མི་བསླུ་བ་ཚད་མ་གཞན་གྱིས་ངེས་དགོས་ཀྱི་མངོན་སུམ་ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། འགའ་ཞིག་ཡོད་པར་ཞེན་པར་བྱས་པའི་ཡུལ་ཅན་ཅི་མེ་འདི་བདེན་ནམ་འོན་ཏེ་མ་ཡིན་ཞེས་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བ་འདི་ལ་བདག་ཉིད་ཐམས་ཅད་གཞན་ལས་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་དཔྱོད་ལྡན་དག་ན་རེ། རྒྱང་རིང་པོ་ནས་དོན་ལ་མེ་ཡིན་པའི་དམར་པོ་དབང་པོས་འཛིན་པའི་མངོན་སུམ་ཡིན་ན། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པས་ཁྱབ་པར་ཐལ། དེ་འདྲའི་སྣང་བ་རང་ངེས་དང་བདེན་པ་གཞན་ངེས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་བསྒྲུབས་ཟིན། འདོད་མི་ནུས་ཏེ། དེ་འདྲའི་མངོན་སུམ་ལ་དམར་པོ་ངེས་པའི་འོག་ཏུ་མེ་ལ་ཐེ་ཚོམ་ཟ་ན་སྣང་བ་རང་ངེས་དང་བདེན་པ་གཞན་ངེས་ཡིན། དེ་འདྲའི་མངོན་སུམ་གྱིས་སྣང་བ་ངེས་ནས་དེ་མེད་ན་རང་མི་འབྱུང་བ་ལ་ཐེ་ཚོམ་མ་སྐྱེས་པའི་གོང་དུ་ངེས་ན་སྣང་བ་དང་བདེན་པ་གཉིས་ཀ་རང་ངེས་ཡིན། དེ་འདྲའི་མངོན་སུམ་གྱིས་སྣང་བ་ངེས་ཀྱང་ཁྱད་པར་ལ་ཐེ་ཚོམ་འདྲེན་ན་སྣང་བ་རང་ངེས་དང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འཐད་ལྡན་ལས། མངོན་སུམ་གྱི་ཚད་མ་ཉིད་ཀྱང་བདག་ཉིད་ཀྱི་དོན་མེད་ན་མི་འབྱུང་བར་ངེས་པར་བྱེད་པ་ལས་ནི་མ་ཡིན་ཏེ། འོན་ཀྱང་སྣང་བ་ངེས་པར་བྱེད་པ་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མངོན་སུམ་གྱི་ཚད་མར་འགྲོ་བ་གཙོ་བོ་སྣང་བ་ཡིན་པས་དེ་མ་གཞལ་ན་ཚད་མར་མི་རུང་ལ། དེ་གསར་དུ་འཇལ་བས་མངོན་སུམ་ཚད་མའི་བྱ་བ་རྫོགས་པའི་ཕྱིར་ཏེ། འཐད་ལྡན་ལས། དེའི་ཕྱིར་སྣང་བ་ངེས་པས་མངོན་སུམ་གྱི་བྱ་བ་རྫོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྐབས་འདིར་ཞིབ་ཆ་འདི་མ་ཐོན་པས་ལོང་གཏམ་མང་དུ་བྱས་སོ། །གཉིས་པ་གྲུབ་སྟེ། རིགས་ཐིགས་དར་ཊིཀ་ལས། དཔེར་ན་རྒྱང་རིང་པོའི་མེར་སྣང་གི་ཁ་དོག་དམར་བ་འཇལ་བའི་མངོན་སུམ་ཚད་མ་དེ་སྣང་བ་ལ་ཐེ་ཚོམ་མ་སྐྱེས་པའི་གོང་དུ་ངེས་པ་འདྲེན་པས་ཁྱབ་ལ། མེར་སྣང་བ་དེ་སྣང་བ་ལྟར་གྱི་དོན་མེད་ན་རང་ཉིད་མི་འབྱུང་བ་ལ་ཐེ་ཚོམ་མ་དྲངས་པའི་སྔ་རོལ་ཏུ་ངེས་པ་དྲངས་ན་རང་ངེས་དང༌། ཐེ་ཚོམ་འདྲེན་ན་གཞན་ངེས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་ངེས་གཉིས་བཤད་ཅིང་འདིའི་རང་ངེས་ནི་སྣང་བདེན་གཉིས་ཀ་ལ་རང་ངེས་ཡིན་པའི་ཕྱིར། དེར་ཐལ། དཔེར་ན། སྔོན་པོ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་མངོན་སུམ་ནི་སྣང་བ་དང་ཁྱད་པར་གཉིས་ཀ་ལ་རང་ངེས་ཡིན་པའི་ཕྱིར། འཐད་ལྡན་ལས། གལ་ཏེ་མངོན་སུམ་གྱིས་སྐད་ཅིག་མ་ཉིད་བཟུང་བ་ཡིན་ན་ནི་སྔོན་པོ་ལ་སོགས་པ་ཉིད་ཀྱི་མཐར་ཐུག་པས་དེ་ལ་ཚད་མར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། འདིས་གཟུགས་རེག་སོགས་ཀྱང་ཤེས་པར་བྱ། གསུམ་པ་གྲུབ་སྟེ། འཐད་ལྡན་ལས། ཤིཾ་ཤ་བ་ཉིད་ཀྱི་ཁྱད་པར་མེད་ན་མི་འབྱུང་བར་ངེས་པ་ནི་གཞན་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

           ཡང་ཁ་ཅིག །རང་གིས་གཞལ་བྱ་ལ་ངེས་པ་འདྲེན་པའི་ཚད་མ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། དེ་མི་འདྲེན་པའི་ཚད་མ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཟེར་ན། ཤིན་ཏུ་མི་འཐད་པར་ཐལ། ཚད་མ་ཡིན་ན་རང་གི་གཞལ་བྱ་ངེས་པས་ཁྱབ་པའི་ཕྱིར། དེར་ཐལ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་གཉིས་ཀྱི་ཁྱད་པར་ཚད་མ་གཞིར་བཞག་ནས་རང་ཉིད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་དང་མི་ནུས་ཟེར་ན། དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་པར་ཐལ། ཚད་མ་ཡིན་ན་རང་ཉིད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་པས་ཁྱབ་པའི་ཕྱིར། དེར་ཐལ། རྩ་བར། རང་ལས་རང་གི་ངོ་བོ་རྟོགས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དབང་ཤེས་ལྟ་བུ་རང་རིག་མངོན་སུམ་གྱིས་རྟོགས་པར་བསྟན་གྱི། དབང་ཤེས་རང་གིས་རང་རྟོགས་པར་བསྟན་པ་མ་ཡིན་པའི་ཕྱིར་རོ། །གཉིས་ཀ་ལ། དོན་བྱེད་སྣང་ཅན་གྱི་དབང་པོའི་མངོན་སུམ་ཆོས་ཅན། རང་ཉིད་ལ་ངེས་པ་རང་སྟོབས་ཀྱིས་མི་འདྲེན་པར་ཐལ། ཁྱོད་ཀྱིས་ཁྱོད་རང་ཡུལ་དུ་མི་བྱེད་པའི་ཕྱིར། དེར་ཐལ། ཁྱོད་སེམས་ཅན་གྱི་དབང་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱི་ཡུལ་ལ་གཟུགས་གཅིག་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། ཡང་དམ་པ་ཆེན་པོ་ལོ.....འགའ་ཞིག་གི་གསུང་ལས། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་དོན་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པས་ཁྱབ་ཀྱང༌། རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་ཐ་སྙད་ལ་རང་སྟོབས་གྱིས་ངེས་པ་འདྲེན་ནུས་པ་རང་ངེས་དང་མི་ནུས་པ་གཞན་ངེས་གསུངས། དེ་ལ་ཁ་ཅིག་.....ཆ་ན་རེ། མངོན་སུམ་རྟོག་པར་འདོད་པའི་སྐྱེས་བུའི་རྒྱུད་ཀྱི་གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པར་ཐལ། མངོན་སུམ་ཚད་མ་ཡིན་པའི་ཕྱིར། ཞེས་སུན་འབྱིན་འཕེན་ནོ། །དེ་མི་འཐད་པར་ཐལ། ཁྱབ་པ་གཉིས་མི་རུང་བའི་ཕྱིར་དང༌། ལོ་ཆེན་གྱིས་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། འོན་ཀྱང་དེ་ལ་སྐྱོན་གཏོང་ན་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ལ་རང་ལས་ངེས་ཀྱི་ཚད་མ་མེད་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་ཐ་སྙད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པས་ཁྱབ་པའི་ཕྱིར། འདོད་མི་རུང་སྟེ། བརྡ་ལ་མ་བྱང་བའི་རྒྱུད་ལ་གོམས་པ་ཅན་གྱི་མངོན་སུམ་ཚད་མ་ཡོད་པའི་ཕྱིར་རོ། །འཐད་ལྡན་ལས། དེའི་ཕྱིར་གང་ཞིག་རྨི་ལམ་ལ་སོགས་པས་ཤེས་པ་མ་སླད་པ་དང་ཡུལ་ཉེ་བ་དང་གསལ་བྱེད་མི་མཐུན་པ་མ་ཡིན་པས་དངོས་པོ་བཟུང་བ་ནི་དེའི་རང་བཞིན་མྱོང་བ་ཉིད་ཀྱིས་དོན་བདེན་པར་ངེས་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་མངོན་སུམ་ནི་གོམས་པ་ཅན་གྱི་མངོན་སུམ་ཡིན་པའི་ཕྱིར། འཐད་ལྡན་ལས། དེ་ལྟ་བུར་གྱུར་པ་ནི་འཁྲུལ་བ་མེད་པར་ལན་གཅིག་མ་ཡིན་པར་མཐོང་ནས་ཐ་སྙད་གོམས་པ་ལས་མཚོན་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་ལས་དོན་མེད་ན་མི་འབྱུང་བར་འགྲུབ་བོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་རྒྱང་ཕན་རྒྱུད་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། རང་ཉིད་རང་གི་གཞལ་བྱ་ལ་ཚད་མ་ཡིན་པའི་ཐ་སྙད་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། དེར་ཐལ། རྒྱང་ཕན་པས་རྗེས་དཔག་ཚད་མ་མེད་པར་འདོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། པཎ་ཆེན་ཐར་འབྱུང་སྦས་པའི་རྟོག་གེ་སྐད་ལས། རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཅན་གྱི་ཕྱིར། རང་ཉིད་ཁོ་ན་ལས་ཚད་མའོ། །ཞེས་སློབ་དཔོན་གྱིས་གསུངས་སོ། །ཞེས་གསུངས་པའི་ཕྱིར།

           ཡང་ཁ་ཅིག་ན་རེ།.....འགྲེལ་བྱེད། རིགས་གཏེར་ལས། དང་པོ་བ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་པའི་དགོངས་པར་བྱས་ནས། མངོན་སུམ་དང་པོ་བ་བྱིས་པ་སྐྱེས་མ་ཐག་གི་གཟུགས་འཛིན་དབང་ཤེས་ལྟ་བུ་དང༌། ཡིད་མ་གཏད་པའི་མངོན་སུམ་ནི་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུ་དང༌། འཁྲུལ་རྒྱུ་ཅན་སྨིག་རྒྱུ་ཆུར་འཛིན་གྱི་སྒྲོ་འདོགས་སྐྱེད་པའི་སྨིག་རྒྱུ་འཛིན་པའི་དབང་མངོན་ལྟ་བུ་ཟེར་ན། འོ་ན་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་སྐྱེས་བུའི་རྒྱུད་ལ་སྒྲ་འཛིན་དབང་པོའི་མངོན་སུམ་མེད་པར་ཐལ། དེའི་རྒྱུད་ལ་མངོན་སུམ་དེའི་དེ་མ་ཐག་རྐྱེན་མེད་པའི་ཕྱིར། རྩ་བར། ཆགས་པས་གཞན་སྐྱེད་ནུས་ཉམས་ཕྱིར། །ཞེས་གསུངས་པའི་ཕྱིར། དེས་ན་ཁ་ཅིག་ཡོད་ཁུལ་བྱས་པའང་འདིས་ཁེགས་སོ། །དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། རྩ་བར། ཅིག་ཅར་རིགས་མི་མཐུན་སྐྱེ་ཡང༌། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གར་གྱི་དུས་ལྟ་བུ་ཕྱོགས་གཅིག་ལ་ཡིད་མ་ཞུགས་པའི་དུས་དབང་ཤེས་རིགས་མི་མཐུན་དུ་མ་དུས་ཅིག་ཅར་སྐྱེ་བར་བཤད་པ་ཙམ་ཡིན་པའི་ཕྱིར། གཞན་ཡང༌། སྨིག་རྒྱུ་ལ་ཆུར་འཛིན་པའི་སྒྲོ་འདོགས་དངོས་སུ་སྐྱེད་པའི་མངོན་སུམ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཚད་མའི་བྱ་བ་དངོས་སུ་འགོག་པའི་ཕྱིར། དེར་ཐལ། སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་དངོས་སུ་བསྐྱེད་པའི་ཕྱིར་རོ། ཡང་ཁ་ཅིག་ན་རེ། རང་རིག་མངོན་སུམ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་སྟེ། རིགས་གཏེར་ལས། དོན་རིག་གཉིས་དང་རང་རིག་དང།  །རྗེས་སུ་དཔག་པ་རང་ལས་ངེས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རང་རིག་མངོན་སུམ་ཡིན་ན་རང་གི་གཞལ་བྱ་ལ་ངེས་པ་འདྲེན་ནུས་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། སོ་སྐྱེའི་རྒྱུད་ཀྱི་རྣམ་ཤེས་སྐད་ཅིག་མ་གཅིག་གི་ངོ་བོར་གྱུར་པའི་རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་ཅིང༌། འདོད་ན། ཕྲ་བའི་མི་རྟག་པ་མངོན་སུམ་རྟོགས་པའི་སོ་སྐྱེ་ཡང་ཡོད་པར་ཐལ། དུས་མཐའི་སྐད་ཅིག་མར་གྱུར་པའི་གཞལ་བྱ་མངོན་སུམ་དུ་རྟོགས་ཐུབ་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག་ན་རེ།.....རིགས་གཏེར་རྗེས་འབྲང། གོམས་པ་ཅན་གྱི་མངོན་སུམ་དང༌། དོན་བྱེད་སྣང་ཅན་གྱི་མངོན་སུམ། རང་རིག་མངོན་སུམ་དང་རྗེས་དཔག་བཞི་རང་ལས་ངེས་ཀྱི་ཚད་མ་ཟེར་ན། བུའི་རྒྱུད་ཀྱི་ཕའི་གཟུགས་འཛིན་པའི་མིག་ཤེས་སྐད་ཅིག་གཉིས་པ་དང༌། ཚུར་མཐོང་རྒྱུད་ཀྱི་སྔོན་འཛིན་མངོན་སུམ་སྐད་ཅིག་གཉིས་པ་དང༌། དེའི་རྒྱུད་ཀྱི་རང་རིག་སྐད་ཅིག་གཉིས་པ་གསུམ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བཅད་ཤེས་ཡིན་པའི་ཕྱིར། རྟོག་གེ་སྐད་ལས། གང་དང་པོ་ཁོ་ནར་ཡུལ་ལ་འཇུག་པའི་ཤེས་པ་དེ་ཁོ་ན་ཚད་མ་སྟེ། དེ་ཉིད་ལ་ཕྱིས་སྐྱེས་པའི་ཤེས་པ་གཞན་ནི་མ་ཡིན་ཏེ། བཟུང་ཟིན་པ་འཛིན་པ་ཉིད་ཀྱིས་དེ་ཚད་མ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་གྲགས་ཆོས་མཆོག་ལྷ་ཤཱཀ་ཛེ་ཏཱ་རི་སོགས་ཀྱིས་ཀྱང་དེ་ལྟར་བཤད་ཅིང་འཐད་པའི་ཕྱིར།

           གཉིས་པ་རང་ལུགས་ལ། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་དུ་གནས་པ་མེད་པར་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་རིག་པ་དེ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་དུ་གནས་པ་མེད་པར་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱི་འདྲེན་མི་ནུས་པར་ཕྱིས་འབྱུང་གཞན་སྟོབས་ཀྱིས་ངེས་པ་འདྲེན་དགོས་པའི་གསར་དུ་མི་སླུ་བའི་ཤེས་དེ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། དེ་གཉིས་འཐད་དེ། རྣམ་ངེས་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལ་ཚད་མ་ཉིད། །འགྲེལ་པ་ཡི་ནི་རང་བཞིན་ཏེ། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །ཞེས་དང༌། རྣམ་བཤད་ལས། དེས་ན་མི་བསླུ་བའི་ཆ་རང་སྟོབས་ཀྱིས་ངེས་ན་རང་ངེས་དང་གཞན་སྟོབས་ཀྱིས་ངེས་ན་གཞན་ངེས་སོ་ཞེས་དང༌། རིགས་ཐིགས་དར་ཊིཀ་ལས། གསར་དུ་མི་བསླུ་བའི་ཤེས་པ་གང་རུང་གི་གཞལ་བྱའི་དོན་སྣང་བ་ལྟར་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བ་ལ་ཐེ་ཚོམ་འདྲེན་པ་གཞན་ངེས་དང༌། མི་འདྲེན་པ་རང་ངེས་ཞེས་བྱའོ། །ཞེས་དང༌། རྣམ་ངེས་ཊིཀ་ཆེན་ལས་ཀྱང༌། གསར་དུ་མི་བསླུ་བའི་ཤེས་པ་གང་རུང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་དུ་གནས་པ་མེད་ན་ཚད་མ་རང་ཉིད་མི་འབྱུང་བ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་པ་རང་ངེས་དང༌། གཞན་སྟོབས་ཀྱིས་ངེས་པ་གཞན་ངེས་སོ། །ཞེས་གསུངས་པའི་ཕྱིར།

          དེས་ན་རང་ལས་ངེས་ཀྱི་ཚད་མར་དབྱེ་ན་བརྒྱད་ཡོད་དེ། རང་ཡིན་གྱི་དབང་མངོན་ལྔ་དང༌། མཐའ་གཅིག་ཏུ་རྣལ་འབྱོར་མངོན་སུམ། རྒྱུན་ལྡན་གྱི་རང་རིག་མངོན་སུམ་དང་རྗེས་དཔག་དང་བརྒྱད་ཡོད་པའི་ཕྱིར། རྟོག་གེ་སྐད་ལས། མངོན་སུམ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དེ། ཁ་ཅིག་ནི་གཞན་ལས་སོ། །རྣལ་འབྱོར་བའི་ཤེས་པ་དང༌། རང་རིག་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཅན་གྱི་ཕྱིར་རང་ཉིད་ཁོ་ན་ལས་ཚད་མའོ། །ཞེས་སློབ་དཔོན་གྱིས་གསུངས་སོ། །ཞེས་གསུངས་པའི་ཕྱིར། རང་ལས་ངེས་ལ་བདག་རྐྱེན་དང་བྱེད་ལས་ཀྱིས་བསྡུས་ན་ལྔར་ཡང་ཡོད་དེ། ཚད་ཆེན་དཀའ་འགྲེལ་ལས། གཞན་གྱི་ཞེས་བྱ་བ་སངས་རྒྱས་པ་རྣམས་ཀྱིས་ཏེ། ཅུང་ཟད་རང་ལས་ཚད་མ་ཉིད་དུ་འདོད་དེ། དཔེར་ན་རང་རིག་པའི་མངོན་སུམ་དང༌། རྣལ་འབྱོར་པའི་ཤེས་པ་དང༌། དོན་བྱེད་པའི་ཤེས་པ་དང༌། རྗེས་སུ་དཔག་པ་དང། གོམས་པ་དང་ལྡན་པའི་མངོན་སུམ་ལྟ་བུ་སྟེ། དེ་ནི་འཁྲུལ་བའི་རྒྱུ་སྤངས་པའི་ཕྱིར། གོམས་པའི་སྟོབས་ཀྱིས་རང་ཉིད་ལས་ངེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རང་ངེས་གཞན་ངེས་ཚད་ཆེན་རྩ་འགྲེལ་རྒྱས་སོ། །གཞན་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། རང་ཡིན་གྱི་དབང་མངོན་ལྔ་ཡོད་དེ། དེར་གྱུར་པའི་སྣང་བ་དང་སྤྱི་གང་རུང་ལས་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་དགོས་ཀྱི་དབང་མངོན་གྱི་ཚད་མ་ལྔ་ཡོད་པའི་ཕྱིར། འཐད་ལྡན་ལས། ལ་ལ་ནི་དོན་མེད་ན་མི་འབྱུང་བ་གཞན་ལས་ངེས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཡང་དེ་ལ་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་དང༌། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་དང༌། ཡོད་པ་རང་ལས་ངེས་ཤིང་། བདག་ཉིད་ཀྱི་སྤྱི་དང་ཁྱད་པར་ཐམས་ཅད་གཞན་ལས་ངེས་གསུམ་ཡོད་དེ། དང་པོ་ནི། ཨུཏྤ་ལའི་ཁ་དོག་ཡིན་པའི་རྒྱང་རིང་པོའི་སྔོན་པོ་ཙམ་ངེས་ནས་ཅི་ཨུཏྤལའམ་སྔོན་པོ་གཞན་སྙམ་པའི་ཐེ་ཚོམ་ཟ་དུས་ཀྱི་སྔོ་འཛིན་དུས་ཀྱི་སྔོ་འཛིན་དབང་མངོན་ཚད་མ་ལྟ་བུ། གཉིས་པ་ནི། དོན་ལ་ཤ་བ་ཡིན་པ་ལ་ཡལ་ག་ལོ་འདབ་ལྡན་པའི་ཤིང་དུ་ངེས་ཀྱང་ཤ་བའམ་སེང་ལྡེང་ངམ་སྙམ་པའི་ཐེ་ཚོམ་ཟ་དུས་ཀྱི་ཤིང་འཛིན་དབང་མངོན་ཚད་མ་ལྟ་བུ་དང༌། གསུམ་པ་ནི། མེ་ཡིན་པ་ལ་རྒྱང་རིང་པོ་ནས་མདོག་དམར་པོ་གཅིག་ཡོད་པར་ངེས་ཤིང་ཅི་མེའམ་མེ་མ་ཡིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་པོ་ཡོད་འཛིན་གྱི་དབང་མངོན་ཚད་མ་ལྟ་བུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འཐད་ལྡན་ལས། ལ་ལ་ནི་དོན་མེད་ན་མི་འབྱུང་བ་གཞན་ལས་ངེས་པར་བྱེད་དོ། །ཞེས་དང༌། ཚད་ཆེན་ལས་ཀྱང༌། མི་མཐུན་འཇུག་པ་མེད་ན་ཡང།  །རིགས་མི་མཐུན་དོན་དོགས་པ་ཡིས། །འབྲས་བུ་སྣང་བའི་ཤེས་པ་ནི། །མེད་ན་ཚད་མ་ངེས་མི་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཐད་ལྡན་ལས། དེའི་ཤིང་ཤ་བ་ཉིད་ཀྱི་ཁྱད་པར་མེད་ན་མི་འབྱུང་བར་ངེས་པ་ནི་གཞན་ལས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། འཐད་ལྡན་ལས། འགའ་ཞིག་ཡོད་པར་ཞེན་པར་བྱས་པའི་ཡུལ་ཅན་ཅི་མེ་འདི་བདེན་ནམ་འོན་ཏེ་མ་ཡིན་ཞེས་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བ་འདི་ལ་ཡང་བདག་ཉིད་ཐམས་ཅད་གཞན་ལས་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འགའ་ཞིག་ཡོད་པར་ཞེན་ཞེས་པས་སྣང་བ་དེ་ཡོད་པ་ངེས་པར་བསྟན། བདག་ཉིད་ཐམས་ཅད་ཅེས་པས་གཞལ་བྱའི་དོན་གྱི་སྤྱི་དང་ཁྱད་པར་ཐམས་ཅད་ཅེས་བཤད་དགོས་པས་སྣང་བ་དེའི་སྤྱི་མེ་དང་ཁྱད་པར་བཙོ་སྲེག་གི་དོན་བྱེད་སོགས་གཞན་ལས་ངེས་སུ་བཤད་པའི་ཕྱིར་ཏེ། ཚད་ཆེན་ལས་ཀྱང༌། མེ་ནི་བྱ་བ་བཙོ་སྲེག་གི །རྒྱུ་ཙམ་མཚན་ཉིད་ཅན་ཡིན་ཕྱིར། །དེས་ནི་དོན་བྱེད་སྣང་བ་ཡི། །ཤེས་པ་ཇི་སྲིད་མ་སྐྱེས་པ། །དེ་སྲིད་འཁྲུལ་བའི་རྒྱུ་ཡིས་ནི། །དང་པོ་ཚད་མིན་དོགས་པ་སྐྱེ། །ཞེས་གསུངས་པའི་ཕྱིར།

          རྩོད་སྤོང་ལ་ཁོ་ན་རེ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་མི་འཐད་པར་ཐལ། དེ་འདྲའི་དབང་མངོན་མེད་པའི་ཕྱིར། དེར་ཐལ། དོན་ལ་མེའི་ཁ་དོག་ཡིན་ཞིང་རྟོག་པས་མེའི་ཁ་དོག་ཡིན་མིན་ཐེ་ཚོམ་ཟ་བ་མེད་པའི་ཕྱིར་ན་ཁ་ཅིག་འདིར་མ་ཁྱབ་ཟེར་བའང་རུང་ཙམ་མོ། །དེར་ཐལ། དོན་ལ་མེའི་ཁ་དོག་ཡིན་ན་རྟོག་པས་མེའི་ཁ་དོག་ཏུ་ངེས་པས་ཁྱབ་པའི་ཕྱིར་ཟེར། འོ་ན་དོན་ལ་མེ་ཡིན་ཀྱང་རྟོག་པས་མེ་ཡིན་པར་མ་ངེས་པ་གཅིག་མེད་པར་ཐལ། དོན་ལ་མེ་ཡིན་ན་རྟོག་པས་མེར་ངེས་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། དེ་ལ་མ་ཁྱབ་སྟེ། རྟོག་པ་སྤྱི་ལ་ངེས་པ་མེད་ཀྱང་རྟོག་པ་བྱེ་བྲག་པས་མ་ངེས་ཟེར་ན། དངོས་འགལ་ལ་བུད། དེ་རྟོག་པ་རྫས་སྤྱི་མ་ཡིན་པས་ཚིག་ལས་ཞེ་འདོད་ལ་ཡང་མ་སོང་བའི་རྩོད་ཚུལ་ཡིན་ནོ། །ཡང་ཁོ་ན་རེ། དོན་ལ་མི་རྟག་པ་ཡིན་ཀྱང་རྟོག་པས་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་སྒྲ་འཛིན་དབང་མངོན་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ལ་སྐད་ཅིག་མ་སྣང་བ་གང་ཞིག །དེ་མ་ངེས་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། སྒྲ་དང་སྒྲ་མི་རྟག་པ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་འཛིན་མངོན་སུམ་དེ་སྒྲ་དང་གྲུབ་བདེ་རྫས་གཅིག་རྣམས་ལ་ལྟོས་ཏེ་སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར། རྩ་བར། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། འདིས་དེ་དག་མཐོང་བར་བསྟན་གྱི་གྲུབ་པར་བཤད་པ་མིན་ནོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དེ་ལ་མི་རྟག་པ་དང་སྐད་ཅིག་མ་སྣང་ཡང་མ་ངེས་པའི་ཕྱིར། འཐད་ལྡན་ལས། སྐད་ཅིག་མ་ཉིད་ནི་དངོས་པོ་ལ་སྣང་དུ་ཟིན་ཀྱང་ངེས་པ་མིན་ནོ། །དེས་ན་ཚད་མ་གཞན་གྱིས་ངེས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྒྲ་མི་རྟག་སྒྲུབ་ཀྱི་ཕྱི་རྒོལ་རྣམ་དག་རྒྱུད་ཀྱི་སྒྲ་འཛིན་མངོན་སུམ་དེ་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། དེ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། སྐད་ཅིག་མ་དེ་དེའི་ཡུལ་དང་གཞལ་བྱ་མཐར་ཐུག །སྒྲ་དང་སྒྲའི་དོན་བྱེད་པ་གཉིས་དེའི་ཡུལ་དང་གཞལ་བྱ་མཐར་ཐུག་པའམ་རྫོགས་པ་གཉིས་ཀ་ཡིན་པའི་ཕྱིར། སྒྲ་ཡུལ་སྟེང་དུ་གནས་པ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དང་པོ་གྲུབ་སྟེ། སྐད་ཅིག་མ་དེའི་གཞལ་བྱའི་ངོ་བོ་དང་ཁྱད་པར་གང་དུ་ཡང་མི་རུང་བའི་ཕྱིར། འཐད་ལྡན་ལས། སྐད་ཅིག་མ་ཉིད་ནི་ཁྱད་པར་མ་ཡིན་ཞིང༌། ཁྱད་པར་སྣང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་འདྲ་བ་དེ་ཚད་མ་གཞན་ཁོ་ནས་སྒྲུབ་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་གཉིས་དེའི་སྣང་ཡུལ་གཙོ་བོ་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། དེའི་ཕྱིར་སྣང་བ་ངེས་པས་མངོན་སུམ་གྱི་བྱ་བ་རྫོགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དོན་བྱེད་སྣང་ཅན་གྱི་སྒྲ་འཛིན་དབང་མངོན་ཡིན་པའི་ཕྱིར། དེ་དེ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། ཚད་ཆེན་ལས། དེ་ཡང་དོན་བྱེད་པ་སྣང་བའི། །ཤེས་ལས་གཞན་མཚན་ཉིད་ཅན་མིན། །དོན་བྱེད་པར་ཡང་སྣང་བ་ཡིན། །ཤེས་པར་གསལ་བ་རིག་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་དཀའ་འགྲེལ་ལས། དོན་བྱེད་པའི་ཤེས་པ་དེ་ཡང་རང་རིག་པའི་མངོན་སུམ་གྱི་རང་ཉིད་ཀྱིས་འབྱུང་བ་ཡིན་ཏེ། གསལ་བར་ཉམས་སུ་མྱོང་བའི་ཕྱིར། དེ་མ་ཐག་ཏུ་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱོད་པའི་ཤེས་པ་སྐྱེ་བས་ངེས་པའི་ཕྱིར། རང་ཉིད་ལས་ཡིན་པར་གྲུབ་པ་ཡིན་གྱི་ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་པོའི་མངོན་སུམ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། དེ་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། དེ་ཆོས་ཅན། སེམས་ཅན་རྒྱུད་ཀྱིས་བསྡུས་པར་ཐལ། གཞན་ངེས་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། སངས་འཕགས་རྒྱུད་ཀྱི་གཞན་ལས་ངེས་པའི་ཚད་མ་མེད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་ཚད་མ་ཡིན་ན་མངོན་སུམ་གོམས་པ་ཅན་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་སོགས་མངོན་སུམ་གོམས་པ་ཅན་ཡིན་པའི་ཕྱིར། ཚད་ཆེན་ལས། དེ་ཡི་འབྲས་བུ་མ་མྱོང་ཡང༌། །དང་པོའི་ཤེས་པ་གོམས་བཅས་འཇུག །ཅེས་དང༌། དཀའ་འགྲེལ་ལས། ཤེས་པ་དང་པོ་ལ་ཡང་གོམས་པ་ལ་སོགས་པས་འཁྲུལ་བའི་རྒྱུ་མཚན་གསལ་བ་དེ་ནི་རང་ཉིད་ལས་ཚད་མ་ཉིད་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གོམས་པས་འཇུག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པའི་སྟོབས་ཀྱིས་དཔེར་ན་རྣལ་འབྱོར་པ་རྣམས་ནོར་བུ་དང༌། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ཁ་དོག་དམར་ལམ་པ་ཆོས་ཅན། སངས་འཕགས་རྒྱུད་ཀྱི་ཁྱོད་འཛིན་དབང་མངོན་ཡོད་པར་ཐལ། ཁྱོད་གཟུགས་ཡིན་པའི་ཕྱིར། འདོད་ན། དངོས་འགལ་ལ་བུད། ཡང་ཁ་ཅིག །དེ་འདྲའི་དམར་འབར་བ་འཛིན་པའི་དབང་མངོན་མེ་འཛིན་70དབང་མངོན་མ་ཡིན་པར་ཐལ། དེ་འདྲའི་དམར་འབར་བ་ཁ་དོག་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། མེའི་ཁ་དོག་མཐོང་བས་མེ་མཐོང་བར་འཇོག་པའི་ཕྱིར། མཛོད་ལས། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། འདིས་མེ་མཐོང་བ་ལ་ཚ་བ་ཁོ་ན་མཐོང་དགོས་སྙམ་པ་སོགས་ལོག་རྟོག་བྱེ་བའི་མུན་པ་ལུང་རིགས་ཀྱི་ཉི་ཟེར་གཅིག་གིས་བསལ་ཏེ། དཔྱོད་ལྡན་བློ་ཡི་འདབ་མ་བྱེ་བ་ཁྲག་ཁྲིག་བཞད་པར་བྱས་སོ། །

 (70) པར་ཐེངས་གཉིས་པ། དབང་མངོན་ཡིན་པར་ཐལ།

སྨྲས་པ།

རང་ལས་ངེས་དང་གཞན་ངེས་ཚད་མའི་ལུགས། །

མ་ཕྱེད་འཕགས་ཡུལ་ཕྱི་ནང་པཎ་ཆེན་མང༌། །

སོམ་ཉིའི་རྒྱ་ལས་གྲོལ་71འབད་མ་ཁྲོལ་ན། །

(71) པར་ཐེངས་གཉིས་པ། འབུང།

ལྗོངས་འདིར་ཕྱེ་སྙམ་ཉི་དྲོས་གཏམ་ལབ་མང། །

                 རིགས་པ་ཀུ་ཤའི་རྩེ་ལྟར་མ་འདྲེས་ཀྱང༌། །བློ་གྲོས་རྨོངས་པས་རབ་རིབ་བཞིན་བསྲེས་པས། །ཕྱི་ནང་གྲུབ་མཐའི་རིགས་ལམ་ཤེས་མདུན་ན། །རྡོལ་གཏམ་ངན་པས་རང་རང་རྒྱལ་མཚན་བྱས། །མངོན་སུམ་དང་པོ་གོམས་པ་འཁྲུལ་རྒྱུ་ཅན། །ཞི་འཚོས་བཞེད་ཀྱང་མ་གོ་ལྷ་ཤཱཀ་གིས། །བཤད་སྙམ་སྨིག་རྒྱུའི་ཆུར་བྲེལ་ཕན་ཚུན་གྱིས། །རྟོག་པའི་མྱ་ངམ་ཐང་ལ་ངལ་ངལ་རྒྱུགས། །དང་པོའི་ཚུལ་དང་གོམས་ཚུལ་འཁྲུལ་རྒྱུ་སོགས། །མི་ཤེས་གསར་བཤད་སྙིང་ཁམས་ཐག་བཅད་ཀྱང༌། །ཐེ་ཚོམ་མི་གྲོལ་ཕྱི་ཕྱིར་སོམ་ཉིའི་རྒྱས། །སླར་འཆིང་དར་གྱི་སྲིན་བུའི་ཁ་ཆུ་བཞིན། །ཤེས་འདོད་གྲོལ་བར་འདོད་ན་རིགས་པའི་སྒོ། །ཕྱེ་བ་འདིར་ཞུགས་ཚད་ཆེན་རྩ་འགྲེལ་གྱི། །སྣ་ཚོགས་ནོར་བུ་ད་ལོངས་ཡི་གེའི་ཚོགས། །མངས་དོགས་མ་སྤྲོས་ལུང་རིགས་རིན་ཆེན་འབར། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                      རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།