ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་པའི་མཐའ་དཔྱོད་ལས་ཚད་མིན་གྱི་རྣམ་བཞག་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 11:33:56     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

                     གཉིས་པ་དེ་ལ་མ་ཁྱབ་པ་སྤང་བ་ལ། རྩ་བར། སྒྲ་ལས་བྱུང་བ་ཡང། ནས། དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་པའི་སྐབས་སུ་ཚད་མིན་གྱི་བློ་ལ་དགག་གཞག་སྤོང་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། ཚད་མིན་བློ་ལ་གྲངས་ངེས་མེད་པར་ཐལ། རྩ་བར། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་ལྟག་ཆོད་ཀྱི་གསལ་བའི་དབྱེ་བ་ལ་མཐའ་མེད་པར་གསུངས་ཙམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་དེའི་གསལ་བའི་དབྱེ་བ་མཐའ་མེད་ཀྱང་རིགས་ཀྱི་གྲངས་ངེས་འཐད་པའི་ཕྱིར། དེར་ཐལ། ཤེས་བྱ་ལ་གསལ་བའི་དབྱེ་བ་མཐའ་མེད་ཀྱང་རིགས་ཀྱི་གྲངས་ངེས་རང་སྤྱི་གཉིས་དང་བདེན་གཉིས་སོགས་སུ་ངེས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚད་མིན་གྱི་བློ་ལྔ། འཁྲུལ་ཤེས་དོན་མཐུན་དུང་སེར་འཛིན་ལྟ་བུ་དང་དྲུག་ཏུ་འདོད། དུང་སེར་འཛིན་གྱི་བློ་ཆོས་ཅན། བློ་དོན་མཐུན་མ་ཡིན་པར་ཐལ། ལོག་ཤེས་ཡིན་པའི་ཕྱིར། རྟགས་རང་གིས་ཁས་བླངས་སོ། །ཡང་སྔ་མ་.....ལོ་ཙཱ་ཆ་གཙང་དག་ཚད་མིན་གྱི་བློ་རིགས་བསྡུས་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དུ་འདུས་ཞེས་པ་ལ། ཁ་ཅིག་.....པཎྚི་ཏ་གནས་དྲུག་ན་རེ། དེ་མི་འཐད་པར་ཐལ། བུམ་པ་ཞེས་པའི་སྒྲ་ལས་བུམ་པ་དོན་མཐུན་དུ་འཛིན་པའི་རྟོག་པ་དེ་ཐེ་ཚོམ་དང་ལོག་ཤེས་མ་ཡིན་ལ་མ་རྟོགས་པའི་བློ་ཡང་མ་ཡིན་པའི་ཕྱིར། དེར་ཐལ། དེས་བུམ་པ་མ་རྟོགས་པ་མི་འཐད་པའི་ཕྱིར། རྩ་བར། དེ་མ་རྟོགས་ན་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །ཞེས་དང༌། རྣམ་ངེས་ལས་ཀྱང༌། བརྡ་སྦྱར་བ་ཡང་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ལ་ཞེས་གསུངས་པའི་63ཕྱིར་ན་མ་ཁྱབ་སྟེ། བརྡ་སྦྱར་བ་ལ་བརྟེན་ནས་དོན་64རྟོགས་པའི་ཤེས་པའམ། ཡིད་དཔྱོད་ཀྱི་རྟོགས་པ་ལྟ་བུ་བསྟན་པ་ཙམ་ཡིན་པའི་ཕྱིར། དེ་ལས་གཞན་དུ་སྟོང་ཉིད་ཀྱི་མིང་བརྗོད་པའི་རྗེས་འབྲང་གི་རྟོག་པ་ཆོས་ཅན། སྟོང་ཉིད་རྟོགས་པར་ཐལ། སྟོང་ཉིད་འཛིན་པའི་རྟོག་པ་དོན་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། སྟོང་ཉིད་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲའི་རྗེས་འབྲང་གི་རྟོག་པ་རྟོག་པ་དོན་མཐུན་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། སྟོང་ཉིད་རྟོགས་པའི་བློའི་རྗེས་འབྲང་མ་ཡིན་པར་ཐལ་ལོ། །ཡང་བླ་མ་ལོ་ཙཱ་བ་ཆེན་པོ་ཡབ་སྲས་སོགས་ཚད་མིན་གྱི་བློ་ལྔར་གྲངས་ངེས་པར་བཞེད་དེ། བཅད་ཤེས་ཡིད་དཔྱོད་སྣང་ལ་མ་ངེས་ལོག་ཤེས་ཐེ་ཚོམ་དང་ལྔར་བཞེད། དེ་ལ། ཁ་ཅིག་.....ཆུ་མིག་དཔལ་གྱི་སེདྒེ་ན་རེ། སྒྲོ་འདོགས་དང་མི་འགལ་ཞིང་དོན་བདེན་པ་ཐམས་ཅད་གཅིག་ཏུ་ངེས་པ་ཡིད་དཔྱོད་ཀྱི་མཚན་ཉིད་ཟེར་ན། འོ་ན་སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཆོས་ཅན། སྒྲོ་འདོགས་དང་མི་འགལ་བར་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རང་གི་ཡུལ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་དང་འགལ་བའི་ཕྱིར། དེར་ཐལ། རང་ཡུལ་སྒྲ་མི་རྟག་པ་ལ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་དང་དངོས་འགལ་དུ་ཞུགས་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་ཚིག་གིས་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་.....གནས་དྲུག་ན་རེ། བདེན་བཞི་ལ་དཔྱོད་པའི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཆོས་ཅན། ཚད་མིན་གྱི་བློར་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར། དེར་ཐལ། ལུང་དང་རིགས་པས་རྣམ་དཔྱོད་པ། །ཞེས་གསུངས་པའི་ཕྱིར་ན། ཤིན་ཏུ་མ་ཁྱབ། ལུང་རིགས་ཀྱིས་དཔྱོད་པའི་བློ་ཀུན་ཡིད་དཔྱོད་དུ་འདོད་པ་བཞད་གད་ཆེན་པོ་ཡིན་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་དེ་འདྲའི་སྒོམ་བྱུང་དུ་མ་དབུ་སེམས་ཐམས་ཅད་བཞེད་པའི་ཕྱིར། ཡང་ཁ་ཅིག །རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རིག་པ་ལོག་ཤེས་ཀྱི་མཚན་ཉིད་ཟེར་བ་ལ། གཞན་དག་ན་རེ། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། རང་ཡུལ་ལ་སྒྲོ་འདོགས་ཡིན་པར་ཐལ། རང་ཡུལ་ལ་ལོག་པར་ཞུགས་པའི་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རིག་པ་ཡིན་པའི་ཕྱིར། རྟགས་གྲུབ་ཅིང༌། ཁྱབ་སྟེ། ལོག་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་མི་རྟག་པ་དེ་ཁྱོད་ཀྱི་ཡུལ་ཡིན་པར་ཐལ། ཁྱོད་རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རིག་པ་གང་ཞིག །ཁྱོད་སྒྲ་མི་རྟག་པ་ལ་སྒྲོ་འདོགས་ཡིན་པའི་ཕྱིར། དང་པོ་ཁས། གཉིས་པ་གྲུབ་སྟེ། སྒྲ་རྟག་འཛིན་རྟོག་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲ་དེ་དེའི་སྒྲོ་འདོགས་པའི་གཞི་ཡིན་ཀྱང་སྒྲོ་འདོགས་པའི་འཛིན་སྟངས་ཀྱི་འགལ་ཟླའི་ཡུལ་མིན། སྒྲ་མི་རྟག་པ་དེ་སྒྲ་རྟག་འཛིན་རྟོག་པའི་འགལ་ཟླའི་ཡུལ་ཡིན་ཀྱང་སྒྲོ་འདོགས་པའི་ཡུལ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་སྒྲོ་འདོགས་གཅོད་པའི་གཞི་དང༌། དེའི་འཛིན་སྟངས་ཀྱི་རྣམ་པའི་ཡུལ་མི་གཅིག་པའི་ཕྱིར། དེར་ཐལ། དེའི་དམིགས་རྣམ་གཉིས་མི་གཅིག་པའི་ཕྱིར། མ་གྲུབ་ན། རྫས་སྤྱི་བཅད་ནས། དེ་ཆོས་ཅན། ཁྱོད་ཀྱི་དེ་གཉིས་མི་གཅིག་པར་ཐལ། ཁྱོད་ཞེན་རིག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་དང་སྒྲ་རྟག་འཛིན་རྟོག་པ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་སྒྲོ་འདོགས་གཅོད་པའི་གཞི་གཅིག་ཀྱང་འཛིན་སྟངས་ཐ་དད་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་རིག་པ་ཡིན་པའི་ཕྱིར། དཔེར་ན་བདེན་བཞི་ལ་རྟག་བདེ་སོགས་སུ་འཛིན་པའི་སྒྲོ་འདོགས་བཅུ་དྲུག་དང་དེའི་གཉེན་པོ་སྡུག་བདེན་མི་རྟག་པར་རྟོགས་པའི་ཡང་དག་པའི་ལྟ་བ་བཅུ་དྲུག་བཞིན་ཡིན་པའི་ཕྱིར། རྩ་བར། བདེན་པ་བཞི་ལ་བརྟན་པ་དང༌། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་སྒོམ་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲང་བཅས་འཇོམས་བྱེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། བདེན་པ་བཞི་ལ་ཞེས་པས་ལོག་ཤེས་བཅུ་དྲུག་དང་ཡང་དག་པའི་བློ་བཅུ་དྲུག་པོ་གཉིས་ཀྱི་དམིགས་པ་དེ་བསྟན། བདེན་བཞིའི་སྡུག་བདེན་ལ་བརྟན་པ་སྟེ་རྟག་འཛིན་གྱི་བློ་དང༌། བདེན་འཛིན་དང༌། ངར་འཛིན་དང༌། ང་ཡི་ཞེས་འཛིན་པའི་བློ་སོགས་ལོག་ཤེས་བཅུ་དྲུག་གིས་སྒྲོ་འདོགས་པར་བཤད་པ་གང་ཞིག །བདེན་བཞི་དེ་ཉིད་ལ་ནི་ལོག་རྟོག་དེ་དང་དེ་དག་གི་འཛིན་སྟངས་ཀྱི་འགལ་ཟླའི་དོན་མི་རྟག་སྡུག་བསྔལ་སྟོང་བདག་མེད་སོགས་བཅུ་དྲུག་གི་དེ་ཉིད་རྣམ་པ་ཅན་གྱི་རྗེས་རྟོགས་ཅན་སྒོམ་པས་ལོག་རྟོག་བཅུ་དྲུག་འཇོམས་པར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། བདེན་པ་བཞི་ལ་ནས། སྲེད་ཅེས་པའི་བར་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། དེ་ཉིད་ནས། བཅས་འཇོམས་བྱེད། ཅེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་པ་ཆོས་ཅན། སྒྲ་རྟག་འཛིན་རྟོག་པའི་ཡུལ་མ་ཡིན་པར་ཐལ། དེའི་སྣང་ཡུལ་མ་ཡིན་པ་གང་ཞིག །ཞེན་ཡུལ་ཡང་མ་ཡིན་པའི་ཕྱིར་ན། ཁ་ཅིག་སྤྱིར་མ་ཁྱབ་སྟེ། ཤེས་པ་དེའི་ཡུལ་ལ་དམིགས་ཡུལ་སྣང་ཡུལ་ཞེན་ཡུལ་གསུམ་ཡོད་པའི་ཕྱིར། དེར་ཐལ། རྟོག་པ་རྣམས་ཀྱི་དམིགས་ཡུལ་དང་སྣང་ཡུལ་དང་ཞེན་ཡུལ་གསུམ་མི་འདྲ་བའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་དམིགས་ཡུལ་སྣང་ཡུལ་ཞེན་ཡུལ་གསུམ་མི་འདྲ་བར་ཐལ། ཁྱོད་རྟོག་པ་ཡིན་པའི་ཕྱིར། རྩ་བར། དེ་ཉིད་ལ་ནི་དེ་འགལ་དོན། །ཞེས་དང༌། ལྷས། དེ་དག་དང་འགལ་བ་ནི་མ་རིག་པ་ལ་སོགས་པའི་རྣམ་པར་སྒྲོ་འདོགས་པ་གང་ཡིན་པ་དེ་རྣམས་དང་འགལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར།

(63) པར་ཐེངས་གཉིས་པ། ཕྱིར། ཁྱབ་སྟེ།

(64) པར་ཐེངས་གཉིས་པ། རྟོགས་པའི་དགོས་པའམ།

           གཞན་ཡང༌། སྒྲ་མི་རྟག་པ་སྒྲ་རྟག་འཛིན་རྟོག་པའི་གཞི་མ་ཡིན་པར་ཐལ། དེ་དེའི་སྒྲོ་འདོགས་པའི་འགལ་ཟླ་ཡིན་པའི་ཕྱིར། ལྷས། མ་རིག་པ་དེས་ཀྱང་སྡུག་བསྔལ་ལ་རྟག་པ་ཞེས་བྱ་བའི་རྣམ་པར་འཛིན་པར་བྱེད་དོ། །འདིས་ནི་མི་རྟག་པ་ལ་བཟློག་པར་སྒྲོ་བཏགས་ནས་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་རིག་པ་ཡིན་པར་ཐལ། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རིག་པ་ཡིན་པའི་ཕྱིར་ན་སྤྱིར་མ་ཁྱབ་སྟེ། འོ་ན་ཟླ་གཅིག་ཟླ་གཉིས་སུ་འཛིན་པའི་མིག་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། རྟོག་མེད་ལོག་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། རང་ཡུལ་ལ་ཞེན་པའི་རིག་པ་ཡིན་པར་ཐལ། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་རིག་པ་ཡིན་པའི་ཕྱིར་ན་འགལ་ཁྱབ་ཁོ་ན། འོ་ན། སྐྱེ་བ་སྔ་མ་མེད་པར་འཛིན་པའི་རྟོག་པ་རང་གི་དམིགས་ཡུལ་སྐྱེ་བ་སྔ་མ་ལ་ཞེན་པའི་རིག་པ་ཡིན་པར་ཐལ། དེ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་རིག་པ་ཡིན་པའི་ཕྱིར། རྟགས་གྲུབ་ཅིང༌། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །ཚད་མས་གནོད་ན་ཚད་མས་བསལ་བས་ཁྱབ་ཟེར་ན། ཚད་མའི་གཞལ་བྱ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཆོས་ཅན། ཚད་མས་བསལ་བར་ཐལ། ཚད་མས་གནོད་པའི་ཕྱིར། དེར་ཐལ། ཚད་མ་དེ་རང་གི་གཞལ་བྱ་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ལ་གནོད་བྱེད་ཡིན་པའི་ཕྱིར། དེར་ཐལ། དེ་རང་གི་གཞལ་བྱ་ལ་སྒྲོ་འདོགས་སེལ་བྱེད་ཡིན་པའི་ཕྱིར། དེར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། གསར་རྟོགས་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྩ་བར། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། ཚད་མའི་མཚན་ཉིད་ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པ་སོགས་ཆོས་གསུམ་ལྡན་ཟེར་བ་ལ། གཞན་དག་ན་རེ། སྒྲོ་འདོགས་མྱོང་བའི་རང་རིག་མངོན་སུམ་ཚད་མ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ངོ་བོའི་ཁྱད་པར་སྒྲོ་འདོགས་མི་གཅོད་པའི་ཕྱིར། དེར་ཐལ། སྒྲོ་འདོགས་དང་ངོ་བོ་གཅིག་པའི་ཕྱིར། རྟགས་མ་གྲུབ་སྟེ། སྒྲོ་འདོགས་ལ་སྒྲ་རྟོག་གཉིས་ཡོད་པའི་ཕྱིར། རྩ་བར། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །ནས། སྒྲ་ཡང་དེ་སྙེད་ཁོ་ན་ངེས། ཞེས་གསུངས་པའི་ཕྱིར། ཡང་སྒྲོ་འདོགས་ཀྱི་ཤེས་པ་མྱོང་བའི་རང་རིག་པའི་ཚད་མ་ཆོས་ཅན། ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་བྱེད་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲོ་འདོགས་ཀྱི་ཤེས་པ་དང་ངོ་བོ་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། དེས་གཅད་བྱའི་སྒྲོ་འདོགས་མེད་པར་ཐལ་ལོ། །དེ་སྒྲོ་འདོགས་གཅོད་བྱེད་མིན་ཚུལ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་གཅད་བྱའི་སྒྲོ་འདོགས་ཡོད་པའི་ཕྱིར། དེར་ཐལ། དེས་གཅད་བྱའི་སྒྲོ་འདོགས་ཀྱི་ཤེས་པ་མེད་པར་སྒྲོ་འདོགས་པ་དང་ཡོད་མེད་ཐེ་ཚོམ་པའི་སྒྲོ་འདོགས་ཡོད་པའི་ཕྱིར། རྩ་བར། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པའི་དོན་གྲུབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚད་མ་ཡིན་ན་གསར་དུ་སྒྲོ་འདོགས་གཅོད་བྱེད་ཡིན་པས་ཁྱབ་ཟེར་ན། གཟུགས་འཛིན་མངོན་སུམ་ཆོས་ཅན། སྒྲོ་འདོགས་ཀྱི་ཞེན་ཡུལ་བཀག་པའི་ཚད་མ་ཡིན་པར་ཐལ། སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཚད་མ་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། སྒྲོ་འདོགས་ཆོས་ཅན། གཟུགས་འཛིན་མངོན་སུམ་ཁྱོད་ཀྱི་ཞེན་ཡུལ་བཀག་པའི་ཚད་མ་མ་ཡིན་པར་ཐལ། སྒྲ་འཛིན་མངོན་སུམ་ཁྱོད་ཀྱི་ཞེན་ཡུལ་བཀག་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། སྔར་ལྟར་འཁོར་གསུམ། མ་ཁྱབ་ན་ཁྱབ་པར་ཐལ། གཟུགས་འཛིན་མངོན་སུམ་གྱི་གཞལ་བྱ་ཡིན་ན། སྒྲ་འཛིན་མངོན་སུམ་གྱི་གཞལ་བྱ་མ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར། དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་མངོན་སུམ་ཆོས་ཅན། སྒྲོ་འདོགས་ཀྱི་ཞེན་ཡུལ་བཀག་པར་ཐལ། རང་གི་བསལ་བྱའི་སྒྲོ་འདོགས་ཀྱི་ཞེན་ཡུལ་བཀག་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཚད་མ་ཡིན་པའི་ཕྱིར། འོ་ན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། སྒྲིབ་པའི་གཉེན་པོ་ཡིན་པར་ཐལ། རང་གི་བསལ་བྱའི་སྒྲིབ་པའི་གཉེན་པོ་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁྱབ་པ་འགྲིག །རྟགས་གྲུབ་སྟེ། བར་ཆད་མེད་ལམ་ཡིན་པའི་ཕྱིར།

           གསུམ་པ་ལ་ཁ་ཅིག་ན་རེ། མཐའ་གཅིག་ཏུ་མ་ངེས་པར་སོམ་ཉི་ཟ་བའི་བློ་ཐེ་ཚོམ་གྱི་མཚན་ཉིད་ཟེར་ན། དེ་འདྲའི་རྣམ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་ཅིང༌། འདོད་མི་ནུས་ཏེ། དེ་འདྲའི་གཙོ་སེམས་ཡིན་པའི་ཕྱིར། རྟགས་སླ། ཁྱབ་སྟེ། ཐེ་ཚོམ་ཡིན་ན་སེམས་བྱུང་ཡིན་དགོས་པའི་ཕྱིར། མ་གྲུབ་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་རྣམ་ཤེས་མེད་པར་ཐལ་ལོ། །ཡང་ཁ་ཅིག །ཡུལ་ལ་རྩེ་གཉིས་པའི་སེམས་བྱུང་ཐེ་ཚོམ་གྱིས་མཚན་ཉིད་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་སེམས་བྱུང་ཀུན་འགྲོ་ལྔ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར། མཛོད་ལས། ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག །སོགས་ཀྱི་དོན་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་འགྲོའི་སེམས་བྱུང་ཡིན་པའི་ཕྱིར། ཡང་ཁ་ཅིག །སེམས་རྩེ་གཉིས་པའི་ཐེ་ཚོམ་དང་མཚུངས་ལྡན་གྱི་ཉེ་ཉོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྩ་ཉོན་ཡིན་པར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང༌། །ང་རྒྱལ་མ་རིག་ལྟ་བ་དང༌། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང༌། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཡུལ་ལ་རྩེ་གཉིས་པའི་རྩ་ཉོན་ཟེར་ནའང་ཐེ་ཚོམ་དང་མཚུངས་ལྡན་གྱི་མ་རིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཉོན་མོངས་ཆེན་པོའི་ས་པ་ཡིན་པའི་ཕྱིར། མཛོད་ལས། རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་རྨུག་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྟག་ཏུ་འབྱུང་གི་དོན་གྲུབ་པའི་ཕྱིར། འདོད་ན། རང་ཡུལ་ལ་རང་སྟོབས་ཀྱི་ཐེ་ཚོམ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐེ་ཚོམ་དང་མཚུངས་ལྡན་ཡིན་པའི་ཕྱིར། ཡང་ཁ་ཅིག །རང་ཡུལ་ལ་རང་དབང་དུ་རྩེ་གཉིས་པའི་བློ་ཐེ་ཚོམ་གྱི་མཚན་ཉིད་ཟེར་ན། རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་སྒྲ་རྟག་གམ་སྙམ་པའི་ཐེ་ཚོམ་ཆོས་ཅན། མཚན་ཉིད་དེར་ཐལ། ཐེ་ཚོམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་ཐེ་ཚོམ་པའི་བློ་ཡིན་པའི་ཕྱིར། ཡང་ཁ་ཅིག །དེ་དོན་འགྱུར་གྱི་དེ་དང༌། དོན་མི་འགྱུར་གྱི་དེ་དང༌། ཆ་མཉམ་པའི་གསུམ། སྒྲ་རྟག་གམ་སྙམ་པའི་རྩེ་གཉིས་པའི་བློ་དང་པོ་སོགས་བྱེད་ཟེར་ན། དགྲ་བཅོམ་རྒྱུད་ཀྱི་ཕྱི་དོན་མེད་སྙམ་པའི་རྩེ་གཉིས་པའི་བློ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ་ལོ། །དམ་བཅའ་དང་པོ་དེའི་ཕྱིར།

          བཞི་པ་ཡིད་དཔྱོད་ལ། བོད་སྔ་མ་.....ཆ་ཁ་ཅིག། །མྱོང་བ་དང་རྟགས་ལ་མ་བརྟེན་པར་གསར་དུ་རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་ངེས་པའི་རིག་པ་ཞེས་གསུངས། ཕྱི་མ་ཁ་ཅིག་.....རིགས་གཏེར་རྗེས་འབྲང༌ན་རེ། ཚད་མིན་གྱི་བློ་བཞི་ལས་ཡིད་དཔྱོད་ཟུར་དུ་འདོད་པ་མི་འཐད་པར་ཐལ། ཡིད་དཔྱོད་རྟགས་ལ་བརྟེན་པ་གཅིག་ཡོད་པ་ཡང་མི་འཐད། རྒྱུ་མཚན་མེད་པར་ཡིད་དཔྱོད་ཀྱི་ཡུལ་བདེན་པ་ཡང་མི་འཐད། རང་ཡུལ་བདེན་པ་ངེས་ན་ཚད་མར་འགྱུར་དགོས། བདེན་པ་མ་ངེས་ན་ཐེ་ཚོམ་དང་ཡིད་དཔྱོད་གཉིས་ཀ་ཡིན་པར་འགྱུར། དེས་ན་ཚད་མིན་གྱི་བློ་ལ་བཅད་ཤེས་ལོག་ཤེས་ཐེ་ཚོམ་སྣང་ལ་མ་ངེས་པ་བཞིར་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རྟགས་ལ་མ་བརྟེན་པས་དམ་བཅའ་ཙམ་དང་ཐེ་ཚོམ་མ་ཡིན་པའི་ཕྱིར། རིགས་གཏེར་ལས། ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས། །དམ་བཅའ་ཙམ་ཡིན་ཐེ་ཚོམ་འགྱུར། །ཞེས་སོ། །གཉིས་པ་གྲུབ་སྟེ། རྒྱུ་མཚན་མེད་པའི་དེའི་ཡུལ་བདེན་ན་ཀུན་བདེན་པར་འགྱུར་བའི་ཕྱིར། དེ་ཉིད་ལས། གལ་ཏེ་རྒྱུ་མཚན་མེད་པ་ཡི། །ཡིད་དཔྱོད་བདེན་ན་ཀུན་བདེན་འགྱུར། །ཞེས་སོ། །གསུམ་པ་གྲུབ་སྟེ། དེ་ཉིད་ལས། བདེན་པ་ངེས་ཀྱང་ཚད་མིན་ན། །རྗེས་སུ་དཔག་པའང་མིན་པར་འགྱུར། །ཞེས་སོ། །བཞི་པ་གྲུབ་སྟེ། དེ་ཉིད་ལས། ངེས་པ་མེད་ན་ཡིད་དཔྱོད་ཉམས། །གཉིས་སུ་འགྱུར་ན་ཐེ་ཚོམ་དཀའ། །ཞེས་སོ། །ལྔ་པ་གྲུབ་སྟེ། དེ་ཉིད་ལས། བློ་རིག་བཞིར་འདུས་ཡིད་དཔྱོད་མིན། །ཞེས་སོ་ཟེར། འོ་ན་བུམ་པ་ཞེས་པའི་སྒྲ་ལས་བུམ་པ་དོན་མཐུན་དུ་65རྟོགས་ཙམ་གྱི་རྟོག་པ་ཆོས་ཅན། དེ་བཞི་གང་རུང་ཡིན་པར་ཐལ། ཚད་མིན་གྱི་བློ་ཡིན་པའི་ཕྱིར་ཏེ། མངོན་སུམ་དུ་དོགས་པ་མེད་ཅིང་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། མ་གྲུབ་ན། རྟོག་པ་དོན་མཐུན་ཐམས་ཅད་ཚད་མར་ཐལ་ལོ། །འདོད་ན། དཔྱད་ཤེས་མ་ཡིན་པའི་ལོག་ཤེས་ཐེ་ཚོམ་གང་རུང་ཡིན་པར་ཐལ། དེ་རྟོག་པ་གང་ཞིག །དོན་མ་རྟོགས་པའི་ཕྱིར། འདོད་ན། རྣམ་འགྲེལ་ལས། དེ་མ་རྟོགས་ན་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །འདོད་པ་དེའི་ཕྱིར། དེས་ནི་རྟགས་ལ་མ་བརྟེན་པའི་ཡིད་དཔྱོད་ཁེགས་སོ། །གཞན་ཡང༌། གྲངས་ཅན་ལ་བྱས་རྟགས་ལ་བརྟེན་ནས། ཚུལ་གསུམ་རིམ་གྱིས་ཚད་མས་ངེས་ཚུལ་མེད་པར་ཐལ། དེས་བྱས་པ་རྟགས་སུ་བཀོད་པ་ལ་བརྟེན་ནས། ཚུལ་གསུམ་ལ་ཐོག་མར་གོ་བ་ཆགས་ཀྱང་ཐེ་ཚོམ་པ་ཡིན་པའི་སྐབས་གཅིག་དང༌། དེ་རྗེས་ཚུལ་གསུམ་ཚད་མས་ངེས་པ་སྐྱེད་པ་མ་ཡིན་པའི་ཕྱིར། དེར་ཐལ། དང་པོ་མ་ཡིན་པ་གང་ཞིག། ། ཕྱི་མ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེས་སྦྱོར་བ་དེའི་ཡིད་དཔྱོད་ཀྱིས་དོན་གོ་ཡང་ཐེ་ཚོམ་མ་ཆོད་པའི་སྐབས་མེད་པའི་ཕྱིར། མ་གྲུབ་ན་དངོས་སུ་འགལ། ཁྱབ་སྟེ། དོན་གོ་བ་ལ་ཚད་མས་སྒྲོ་འདོགས་ཆོད་ནས་མཐའ་གཅིག་ཏུ་ངེས་པ་དང༌། དོན་གོ་ཡང་སྒྲོ་འདོགས་མ་ཆོད་པས་མཐའ་གཅིག་ཏུ་མ་ངེས་པ་གཉིས་ཡོད་པ་གང་ཞིག །དང་པོ་རྗེས་དཔག་ཡིན། གཉིས་པ་ཡིད་དཔྱོད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་ལས། དོན་གོ་རྣམ་གཉིས་མཐའ་གཅིག་ཏུ། །ཞེས་དང༌། དེའི་རང་འགྲེལ་ལས། མཐའ་གཅིག་ཏུ་ངེས་པ་དང་མཐའ་གཅིག་ཏུ་མ་ངེས་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་ལས། ངེས་དེ་རྗེས་དཔག ཅེས་དང༌། རང་འགྲེལ་ལས། གང་དུ་མཐའ་གཅིག་ཏུ་ངེས་པ་ཅན་གྱི་གོ་བ་ནི་དཔེར་ན་འཚོད་པ་ལས་སྣོད་དང་བརྟེན་ལ་སོགས་པའི་དོན་འཛིན་པ་ལྟ་བུ་སྟེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། མདོ་ལས། གཅིག་ཤོས་རྫུན། ཞེས་དང༌། རང་འགྲེལ་ལས། མཐའ་གཅིག་ཏུ་མ་ངེས་པ་ཅན་ཉིད་ཀྱི་དོན་གྱིས་གོ་བ་ནི་ཚད་མ་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

(65) པར་ཐེངས་གཉིས་པ། རྟོགས་པ་ཆོས་ཅན།

           ཡང་ཁ་ཅིག་ན་རེ། རང་ཡུལ་ལ་ཞེན་པའི་བསླུ་བའི་ཞེན་རིག་དོན་མཐུན་དེ་ཡིད་དཔྱོད་ཀྱི་མཚན་ཉིད་ཟེར་ན། འོ་ན། །སྒྲ་མི་རྟག་གམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་ཆོས་ཅན། ཡིད་དཔྱོད་ཡིན་པར་ཐལ། རང་ཡུལ་ལ་ཞེན་པའི་བསླུ་བའི་ཞེན་རིག་དོན་མཐུན་པའི་ཕྱིར། དེར་ཐལ། རང་ཡུལ་ལ་ཞེན་པ་གང་ཞིག །བསླུ་བའི་ཞེན་རིག་ཀྱང་ཡིན། དོན་མཐུན་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཐེ་ཚོམ་གྱིས་ཅུང་ཟད་དང་བཅས་ཏེ་ཞེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལ་ཞེན་ན། དེ་ལ་ཐེ་ཚོམ་ཆོད་པས་ཁྱབ་པར་ཐལ་ལོ། །གཉིས་པ་གྲུབ་སྟེ། གཞལ་བྱའི་དོན་དང་མ་ཕྲད་པའི་ཞེན་རིག་ཡིན་པའི་ཕྱིར་ཏེ། རང་གི་གཞལ་བྱ་མ་རྟོགས་པའི་ཞེན་རིག་ཡིན་པའི་ཕྱིར། ཁྱབ་སྟེ། འཇིག་རྟེན་ན་དོན་དང་ཕྲད་པར་བྱེད་པ་ལ་མི་བསླུ་བ་ཞེས་བརྗོད་པ་བཞིན་ནོ། །ཇི་སྐད་དུ། །རིགས་ཐིགས་དར་ཊཱིཀ་ལེགས་བཤད་རིན་ཆེན་གཏེར་ལས། དེ་བཞིན་དུ་ཤེས་པ་ཡང་བསྟེན་པའི་དོན་དང་ཕྲད་པར་བྱེད་ན་མི་བསླུ་བར་རིགས་ལ། ཞེས་གསུངས་པའི་ཕྱིར། སྔར་ཡང་ལྷ་དབང་བློ་སོགས་ཀྱི་ལུང་དྲངས་ནས་བཤད་ཟིན་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། ཞེན་དོན་གྲུབ་པའི་ཞེན་རིག་ཡིན་པའི་ཕྱིར། ཆོས་ཅན་དེའི་ཕྱིར། དེས་ཐེ་ཚོམ་འགོག་པའི་ཆེད་དུ་མཐའ་གཅིག་ཏུ་འཆད་པའི་སྐྱོན་ཡིན་པས་ངོ་ཤེས་དགོས་སོ། །ལྔ་པ་ལ་དཔྱད་བྱ་མང་ཡང་རེ་ཞིག་གཞག་གོ །

           གཉིས་པ་རང་ལུགས་ལ་ཚད་མིན་གྱི་བློ་ལ་མཚན་ཉིད་དང༌། དབྱེ་བ་དང༌། སོ་སོའི་དོན་བཤད་པ་གསུམ། དང་པོ་ནི། གསར་དུ་མི་བསླུ་བའི་ཤེས་པ་མ་ཡིན་པའི་རིག་པ་དེ། ཚད་མ་མ་ཡིན་པའི་བློའི་མཚན་ཉིད། དེ་ལ་དབྱེ་ན་དུ་མ་ཡོད་ཀྱང་རིགས་བསྡུས་ནས་དབྱེ་ན། བཅད་ཤེས་དང༌། ལོག་ཤེས་དང། ཐེ་ཚོམ་དང༌། ཡིད་དཔྱོད་དང༌། སྣང་ལ་མ་ངེས་ཀྱི་བློ་དང་ལྔར་ངེས་ཏེ། དེ་ལས་གཞན་དུ་གྲངས་མེད་པ་དང་གསུམ་དང་བཞིར་འདོད་པ་སོགས་མཐའ་གཞན་དུ་དོགས་པ་བཅད་པའི་ཕྱིར། གསུམ་པ་སོ་སོའི་དོན་ལ། དང་པོ་འོག་ཏུ་འཆད་ལ། གཉིས་པ་ལ་མཚན་ཉིད་དབྱེ་བ་གཉིས། རང་གི་འཛིན་སྟངས་ཀྱི་དོན་ལ་ལོག་པར་ཞུགས་པའི་རིག་པ་དེ། ལོག་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཤེས་པ་དེའི་འཛིན་སྟངས་ཀྱི་དོན་དང་འཇུག་ཡུལ་དང་དེའི་ཤེས་པར་བྱ་བ་གསུམ་གོ་དོན་འདྲ་བ་གང་ཞིག །ལོག་ཤེས་ཀྱི་དེ་གསུམ་སྣང་བ་ཡོད་ལ། ལོག་ཤེས་ཀྱི་དེ་གསུམ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར། དོན་དེ་བཏགས་པར་བྱ་བ་དང་གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ཏོ་ཞེས་གསུངས་པའི་ཕྱིར་དང༌། ལྷས་ཀྱང༌། དོན་མ་རྟོགས་པ་རྟོགས་པར་བྱེད་པ་མ་ཡིན་ན་ཞེས་དང༌། རྒྱན་ལས་ཀྱང༌། མི་བསླུ་བ་ཉིད་ནི་དོན་ཉིད་ཤེས་པ་ལ་མཁོ་བ་མིན་ནམ་ཞེ་ན། དེ་ནི་བདེན་མོད་ཀྱི་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྣང་བ་ལ་མཐའ་མ་བཀག་པའི་ཕྱིར་དང༌། ལུང་ཡང་ཆེས་མང་བའི་ཕྱིར་ཏེ། འཐད་ལྡན་ཆུང་བ་ལས། བསྟན་ཀྱང་མ་ཕྲད་ན་ནི་ལོག་པའི་ཤེས་པ་ཡིན་ལ་ཞེས་དང། རྒྱན་ལས། གལ་ཏེ་མི་བསླུ་བ་མེད་པར་མ་ཤེས་པ་གསལ་བར་བྱེད་པ་ཚད་མ་ཡིན་ན། ཟླ་བ་གཉིས་ལ་སོགས་པའི་རྣམ་པ་ཡང་ཚད་མ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང༌། གསལ་བར་བྱེད་པ་སྣང་བའི་དོན་ཡིན་པའི་ཕྱིར། ལྷས་ཀྱང༌། དོན་སྨོས་པས་ནི་ཟླ་བ་གཉིས་པ་ལ་སོགས་པར་སྣང་བ་ཡང་ཚད་མ་ཉིད་མ་ཡིན་པར་བཤད་དེ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། འཐད་ལྡན་ཆུང་བ་ལས་དེ་བས་ན་ལོག་པའི་ཤེས་པ་གང་ཡིན་པ་དེ་ལས་ནི་དོན་གྲུབ་པ་མ་ཡིན་ལ་ཞེས་དང༌། ལྷས་ཀྱང༌། མི་ཤེས་པ་དེ་བཟུང་དུ་ཟིན་ཀྱང་དོན་མ་ཡིན་པའི་ཕྱིར། ཞེས་དང༌། རྒྱན་ལས་ཀྱང༌། ཟླ་བ་གཉིས་ལ་སོགས་པའི་རྣམ་པ་ཡང་ཚད་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དོན་སྨོས་པའི་ཕྱིར་རོ། །དེ་ནི་དོན་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ལ་དབྱེ་ན་རྟོག་པར་གྱུར་པའི་ལོག་ཤེས་དང༌། རྟོག་མེད་དུ་གྱུར་པའི་ལོག་ཤེས་གཉིས་ཡོད། རང་གི་འཛིན་སྟངས་ཡུལ་ལ་ལོག་པར་ཞེན་པའི་ཞེན་རིག་དེ། རྟོག་པར་གྱུར་པའི་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་སྒྲ་རྟག་འཛིན་དང༌། གང་ཟག་གི་བདག་འཛིན་ལྟ་བུ། རང་གི་འཛིན་སྟངས་ཀྱི་དོན་ལ་ལོག་པར་ཞུགས་པའི་གསལ་སྣང་ཅན་གྱི་ཤེས་པ་དེ་རྟོག་མེད་དུ་གྱུར་པའི་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་གངས་རི་སྔོན་པོར་སྣང་བའི་དབང་ཤེས་དང༌། རྨི་ལམ་གྱི་ཁང་ཁྱིམ་གསལ་བར་སྣང་བའི་ཡིད་ཀྱི་ཤེས་པ་ལྟ་བུ་ཡིན།

           གསུམ་པ་ནི། རང་ཡུལ་ལ་རང་སྟོབས་ཀྱིས་བློ་རྩེ་གཉིས་བྱེད་པའི་ཆ་ནས་བཞག་པའི་རྩ་ཉོན་དེ་ཐེ་ཚོམ་གྱི་མཚན་ཉིད། བསྡུས་ན་རང་ཡུལ་ལ་རང་སྟོབས་ཀྱི་རྩེ་གཉིས་པའི་རྩ་ཉོན་ཐེ་ཚོམ་གྱི་མཚན་ཉིད། དབྱེ་ན་དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་གསུམ་ཡོད། དང་པོ་ནི། སྒྲ་མི་རྟག་སྙམ་པའི་ཐེ་ཚོམ་ལྟ་བུ་དང༌། གཉིས་པ་ནི། སྒྲ་རྟག་སྙམ་པའི་ཐེ་ཚོམ་ལྟ་བུ་དང༌། གསུམ་པ་ནི། སྒྲ་རྟག་གམ་མི་རྟག་སྙམ་པའི་ཐེ་ཚོམ་ལྟ་བུ་ཡིན། ཐེ་ཚོམ་པའི་བློ་ལ་ཐེ་ཚོམ་མ་ཡིན་པ་ཡང་ཡོད་དེ། ཐེ་ཚོམ་པའི་མི་བཞིན་ནོ།

                 བཞི་པ་ཡིད་དཔྱོད་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། མྱོང་བ་དང་རྟགས་ལ་བརྟེན་པའི་ངེས་པ་གཉིས་གང་རུང་མ་ཡིན་པའི་བདེན་པའི་དོན་ལ་གསར་དུ་མཐའ་གཅིག་ཏུ་ངེས་པའི་རིག་པ་དེ། ཡིད་དཔྱོད་ཀྱི་མཚན་ཉིད་ཡིན་ཏེ། མྱོང་བ་དང་རྟགས་ལ་བརྟེན་པའི་ངེས་པ་གཉིས་གང་རུང་མ་ཡིན་པ་ཞེས་པས་ཡིད་དཔྱོད་དང༌། མངོན་སུམ་དང་རྗེས་དཔག་གི་གཞི་མཐུན་གཅོད། བདེན་པའི་དོན་སྨོས་པས་ལོག་ཤེས་གཅོད། གསར་དུ་སྨོས་པས་བཅད་ཤེས་གཅོད། མཐའ་གཅིག་ཏུ་ངེས་པ་སྨོས་པས་ཐེ་ཚོམ་གཅོད་པའི་ཕྱིར། དེ་དག་དང་གཞི་མཐུན་ཡོད་ན་གྲངས་ལྔར་འདོད་པ་མི་འཐད་ལ། སྒྲ་བྱུང་ཚད་མ་འགོག་པའི་མདོ་དང་ཚད་ཆེན་རྣམས་དང་འགལ་བས་གནོད་པའི་ཕྱིར་དང༌། འདི་རྒྱལ་རྔ་བདུན་པའི་བཞེད་པ་ཡིན་པའི་ཕྱིར། དབྱེ་ན་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་དང༌། རྒྱུ་མཚན་མེད་པའི་ཡིད་དཔྱོད་གཉིས། དང་པོ་ལ་རྒྱུ་མཚན་ཡང་དག་ཅན་གྱི་ཡིད་དཔྱོད་དང༌། རྒྱུ་མཚན་ལྟར་སྣང་ཅན་གྱི་ཡིད་དཔྱོད་གཉིས། དང་པོ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་གྱི་རྒྱུད་ཀྱི་སྒྲ་མི་རྟག་པ་གོ་བའི་ཡིད་དཔྱོད་ལྟ་བུ་དང༌། གཉིས་པ་ནི། དེ་འདྲ་མ་ཡིན་པའི་རྒྱུ་མཚན་ལྟར་སྣང་ལས་སྐྱེས་པའི་སྒྲ་མི་རྟག་པར་གོ་བའི་ཡིད་དཔྱོད་ལྟ་བུ། གཉིས་པ་ནི། རྒྱུ་མཚན་མེད་པར་ཕ་མེས་ཀྱི་ཁྲོན་པ་རྙིང་བ་ན་ཆུ་ཡོད་པར་ཤེས་པའི་ཡིད་དཔྱོད་ལྟ་བུ་ཡིན་ནོ། །འདི་སྔ་མ་དག་དང་བསྟུན་པས་ཡིན། སྤྱིར་ཡིད་དཔྱོད་ལ་ལོག་ཤེས་ཀྱང་རུང་བར་ཁ་ཅིག་འདོད་དེ། རྒྱུ་མཚན་ཡང་སྣང་ངོ༌། །

           ལྔ་པ་སྣང་ལ་མ་ངེས་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། རང་མཚན་གསལ་སྣང་ཅན་ཡང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད། དབྱེ་ན་རང་ཡིན་པར་གྱུར་པའི་དབང་མངོན་དང༌། ཡིད་མངོན་དང༌། རང་རིག་མངོན་སུམ་གསུམ་ཡོད། རྣལ་འབྱོར་མངོན་སུམ་མེད་དེ། དེ་ལ་གང་སྣང་ངེས་པས་ཁྱབ་པར་གྲགས་པའི་ཕྱིར། དང་པོ་དེ་ཡིན་པའི་དབང་མངོན་ལྔ་ཡོད་དེ། ཡིད་གཞན་དུ་ཕྱོགས་དུས་ཀྱི་གཟུགས་འཛིན་དབང་མངོན་དང༌། དེ་དུས་ཀྱི་སྒྲ་འཛིན་དབང་མངོན་དང༌། དེ་དུས་ཀྱི་དྲི་འཛིན་དབང་མངོན་སོགས་ཀྱང་རུང་སྟེ། ལེའུ་གསུམ་པའི་རྣམ་འགྲེལ་ལས། ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལ་མི་འགྲོའི་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །འཇུག་པ་མཚུངས་ལ་མཚུངས་པའི་ཕྱིར། །ཐམས་ཅད་ཚེ་གཞན་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཞེ་ན་ཡན་ཆད་ཀྱིས་ཡིད་གཞན་ལ་ཆགས་ཚེ་དབང་ཤེས་གཞན་མི་སྐྱེ་ཞེས་པའི་ལན་དུ། མིན་མན་ཆད་ཀྱིས་སྐབས་ལ་ལར་དབང་ཤེས་ལྔ་ཅིག་ཅར་འབྱུང་བ་དང༌། ཐམས་ཅད་སོགས་ཀྱིས་དེའི་ཚེ་གཅིག་གི་ཡུལ་རྟོགས་ཀྱང་ཐམས་ཅད་མི་རྟོགས་པར་བཤད་པའི་ཕྱིར། ཕྱི་མ་གཉིས་ནི་སོ་སྐྱེའི་རྒྱུད་ཀྱི་སེམས་ཤེས་ཀྱི་མངོན་ཤེས་སྐད་ཅིག་མ་དང་རང་རིག་སྐད་ཅིག་མ་ལྟ་བུ་ཡིན་ནོ། །གསུམ་པ་ཁྱབ་ཆོས་སྤངས་པར་ནི། རྩ་བར། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་གསུངས།

           མཐའ་དཔྱད་པ་ལ་དགག་གཞག་གཉིས། དང་པོ་ལ་ཁ་ཅིག་ན་རེ། ཚད་མ་དང་བཅད་ཤེས་གང་རུང་གང༌། རང་ཡིན་པ་དང༌། རང་གི་ནང་ཚན་དུ་གྱུར་པའི་ཚད་མ་མི་སྲིད་པ་བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། ཁ་ཅིག་ན་རེ། སྒྲ་རྟོགས་པའི་བཅད་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ཏེ། སྒྲ་འཛིན་དབང་མངོན་སྐད་ཅིག་གཉིས་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། སྒྲ་རྟོགས་པའི་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། སྒྲ་ལ་བཅད་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དངོས་རྟོགས་ལ་སྒྲ་མི་འཇོག་པའི་ཕྱིར། དེར་ཐལ། སྒྲ་དེའི་དམིགས་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དམིགས་ཡུལ་ཡིན་པས་རྟོགས་གཞི་ཡིན་ཀྱང་རྟོགས་བྱ་དངོས་མ་ཡིན་པའི་ཕྱིར། མ་གྲུབ་ན། གཅིག་དུ་བྲལ་གྱི་རྟགས་ཀྱིས་སྒྲ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་གིས་ཀྱང་སྒྲ་རྟོགས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། སྒྲ་གང་ཟག་གི་བདག་མེད་པ་ཆོས་ཅན། མེད་དགག་མ་ཡིན་པར་ཐལ། ཁྱོད་དངོས་སུ་རྟོགས་པའི་རྗེས་དཔག་གིས་དངོས་ཤུགས་གང་རུང་ལ་ཆོས་གཞན་སྒྲུབ་པ་འཕེན་པའི་ཕྱིར་སོགས་སྐལ་བཟང་མིག་འབྱེད་ལྟར་སླ། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། སྒྲ་རྟོགས་པའི་མི་བསླུ་བའི་བློ་གང་ཞིག །དེ་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར་ཟེར་ན། རྟགས་དང་པོ་མ་གྲུབ་པར་ཐལ། སྒྲ་དམིགས་ཡུལ་བྱས་ནས་དེའི་ཁྱད་ཆོས་གཞན་འཇལ་བའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པ་ལ་སེལ་འཇུག་དུ་སོང་ཚུལ་ཡོད་པའི་ཕྱིར། གཞན་དུ་ན་སྒྲུབ་འཇུག་གི་རྟོག་པར་ཐལ་ལོ། །གཞན་ཡང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། སྒྲ་རྟོགས་པའི་བཅད་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཀུན་ལ་མཐུན་གྲུབ་ཡིན། སྒྲ་ལ་བཅད་ཤེས་སུ་སོང་ཡང་སྒྲ་མ་རྟོགས་པའི་ཞིབ་ཆ་མ་ཤེས་པས་ནོངས་ཏེ། དེ་རྟོགས་ཟིན་ན་དེ་རྟོགས་པའི་བློ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། སངས་འཕགས་ཚོགས་ལམ་པར་འགྱུར་རོ། །དེ་ལ་ཁོ་ན་རེ། རྫས་སྤྱི་ཆོད། བློ་དེའི་དམིགས་པ་ཡིན་ན་འཛིན་སྟངས་ཀྱི་རྣམ་པ་མ་ཡིན་པས་ཁྱབ་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་དམིགས་པ་དང་འཛིན་སྟངས་མི་གཅིག་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ། རྩ་བར་འདོད་མི་ནུས་ཏེ། དམིགས་རྣམ་གཉིས་ཀ་གཅིག་ལ་བྱས་པ་ཡོད་པའི་ཕྱིར། དེར་ཐལ། བྱས་པ་བྱས་པ་ཡིན་པར་རྟོགས་པའི་ཚད་མ་ལྟ་བུ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། བྱས་པའི་བྱས་པ་རྟོགས་པའི་རྗེས་དཔག་གི་དམིགས་རྣམ་གཅིག་ལ་བྱས་པར་ཐལ། བྱས་པ་བྱས་པར་རྟོགས་པའི་རྗེས་དཔག་གི་དམིགས་རྣམ་གཅིག་ལ་བྱེད་པའི་ཕྱིར། དེར་ཐལ། བྱས་པ་བྱས་པ་ཡིན་པར་རྟོགས་པའི་རྗེས་དཔག་གི་དམིགས་རྣམ་གཅིག་ལ་བྱེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བྱས་པ་དེ་དམིགས་རྣམ་གཉིས་ཀར་བྱས་པའི་ཕྱིར་ཏེ། ཁོ་ཁོ་རང་ཡིན་པར་རྟོགས་པའི་ཕྱིར། འདི་དབུ་ཚད་ལ་རིགས་པ་ཕྲ་དགོས། ཡང་ཁ་ཅིག་ན་རེ། ཚད་མས་རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། གཟུགས་འཛིན་དབང་མངོན་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། གཟུགས་ཚད་མས་རྟོགས་ཟིན་པ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མས་རྟོགས་མ་ཟིན་པའི་ཁྱོད་ཀྱི་རྟོགས་བྱ་མེད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་ཚད་མས་རྟོགས་ཟིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གཟུགས་ལ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། གཟུགས་རྟོགས་པའི་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར།

          ཡང་ཁ་ཅིག་ན་རེ། ཡུལ་དེ་ཚད་མ་སྔ་མས་རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། ཉི་མ་སྔ་མར་ཨུཏྤལ་སྔོན་པོ་མཐོང་ཡང་ཉི་མ་གཉིས་པར་ཨུཏྤལ་སྔོན་པོ་གསར་རྟོགས་ཀྱི་དབང་མངོན་བཅད་ཤེས་ཡིན་པར་ཐལ། ཨུཏྤལ་དེ་ཚད་མ་66སྔ་མས་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེ་དེར་ཐལ། རྒྱུད་ཐ་དད་པས་ཉི་མ་སྔ་མར་རྟོགས་ཟིན་པ་གསར་རྟོགས་ཀྱི་དབང་མངོན་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གསར་རྟོགས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་བཞིན་དུ་རྒྱུད་གཅིག་པ་ཡང་འཕེན། རྣམ་མཁྱེན་ལ་ཚད་མས་མ་ཁྱབ་པར་ཐལ། རྣམ་མཁྱེན་ཕྱི་མའི་རྟོགས་བྱ་ཡིན་ན་རྣམ་མཁྱེན་སྔ་མས་རྟོགས་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཚད་མས་ཁྱབ་པར་བསྒྲུབས་ཟིན་པའི་ཕྱིར། ཡང་ཁ་ཅིག་.....རྒྱ་དམར་ན་རེ། རྗེས་དཔག་ལ་ཡང་བཅད་ཤེས་ཡོད་པར་ཐལ། རྗེས་དཔག་གི་རྒྱུན་ཕྱི་མར་གྱུར་པའི་ངེས་ཤེས་དང་དྲན་ཤེས་ཀྱང་རྗེས་དཔག་ཡིན་པའི་ཕྱིར། དེར་ཐལ། དེ་རྟག་འཛིན་ལ་དངོས་སུ་བརྟེན་པ་མིན་ཀྱང་བརྒྱུད་ནས་བརྟེན་པའི་ཕྱིར་ན་མ་ཁྱབ། རྗེས་དཔག་ལ་རྣལ་འབྱོར་མངོན་སུམ་ཡང་ཡོད་པར་ཐལ། རྟགས་ལས་བདེན་མེད་རྟོགས་པའི་རྗེས་དཔག་དང༌། སྒོམ་བྱུང་གི་རིམ་པས་འབྲེལ་བའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། དེ་ལྟ་མ་ཡིན་པར་ཚུལ་གསུམ་དྲན་པ་ལས་རྒྱུད་ནས་སྐྱེས་པའི་བློ་ཡིན་པ་ཙམ་གྱིས་རྗེས་དཔག་ཏུ་འགྱུར་ན། ཕུང་པོ་བདེན་མེད་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱང་རྗེས་དཔག་ཏུ་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་བཅད་ཤེས་མེད་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མའི་རྗེས་སུ་སྒྲ་མི་རྟག་པར་རྟོགས་པའི་བློ་སྐྱེས་པ་རྗེས་དཔག་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཚུལ་གསུམ་ཚད་མས་ངེས་པ་དྲན་པ་ལས་དངོས་སུ་སྐྱེས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྗེས་དཔག་གི་སྐྱེ་དུས་ལ་དེ་ལྟར་དགོས་པའི་ཕྱིར་ཏེ། མདོ་ལས། རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། རིགས་ཐིགས་ལས་ཀྱང༌། དེ་ལ་རང་གི་དོན་ནི་རྗེས་སུ་དཔག་པར་བྱ་བ་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཤེས་ཚུལ་ཡང་ཚུལ་གསུམ་དྲན་པའི་རྟགས་འཛིན་ཤེས་པ་ལས་དངོས་སུ་སྐྱེས་པ་དགོས་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། བྱས་པའི་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་རྗེས་སུ་སྒྲ་མི་རྟག་རྟོགས་ཀྱི་བློ་རྗེས་དཔག་མ་ཡིན་ཏེ། རྟགས་ཀྱི་ཚུལ་གསུམ་ཚད་མས་ངེས་པ་དྲན་པ་ལས་དངོས་སུ་སྐྱེས་པ་མ་ཡིན་གྱི་རྗེས་དཔག་ཚད་མའི་སྟོབས་ཀྱིས་དྲངས་པའི་ངེས་ཤེས་ཙམ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྗེས་དཔག་ལ་བཅད་ཤེས་མི་རུང་བར་ཐལ། རྗེས་དཔག་ལ་ཚུལ་གསུམ་ཚད་མས་ངེས་པ་དྲན་པའི་རྟགས་འཛིན་ལས་དངོས་སུ་སྐྱེས་པ་མི་དགོས་པར་འདོད་པ་རིགས་པའི་དབང་ཕྱུག་གཉིས་ཀས་རྗེས་དཔག་གཉིས་བཤད་པའི་དགོས་པ་ཅུང་ཟད་ཀྱང་མ་རྟོགས་པའི་རྣམ་འགྱུར་ཡིན་པའི་ཕྱིར། ཚུལ་གསུམ་པའི་རྟགས་བཀོད་པའི་དྲན་པ་ལས་རང་དོན་རྗེས་དཔག་དངོས་སུ་སྐྱེ། སྒྲུབ་ངག་བཀོད་པ་ལས་ཚུལ་གསུམ་ལ་དྲན་པ་དངོས་སུ་སྐྱེས་པའི་ཕྱིར་ཏེ། རྣམ་ངེས་ལས། མ་ཡིན་ཏེ་འཇུག་པ་ཐ་དད་པའི་ཕྱིར་རོ། །ཞེས་དང༌། དེའི་འཐད་ལྡན་ལས། བརྒྱུད་པའི་ཁྱད་པར་མེད་པ་ཡིན་ཡང་དངོས་ཀྱི་འདི་དག་གི་བྱ་བ་ནི་ཐ་དད་པ་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྐད་དུ། རིགས་ཐིགས་དར་ཊཱིཀ་ལས། རང་དོན་ལེའུ་ནི་ཚུལ་གསུམ་པའི་རྟགས་ཡིན་པས་དེ་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ནི་བསྒྲུབ་བྱ་རྟོགས་པ་ཡིན་ནོ། །གཞན་དོན་རྗེས་དཔག་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ནི་ཚུལ་གསུམ་ལ་དྲན་པ་བསྐྱེད་པ་ཡིན་པས། ཞེས་གསུངས་པའི་ཕྱིར། འདི་ལ་སྔོན་གྱི་ཆེར་སྦྱངས་པའི་བློ་ཆེན་མང་པོ་ཡང་འཁྲུལ་སྣང་བས་ལུང་རིགས་གཉིས་ཀྱིས་མ་འཁྲུལ་བར་བཤད་ཡོད་པས་ལེགས་བཤད་ལ་ལེགས་བཤད་དུ་ཤེས་པར་གྱིས་ཤིག །

(66) པར་ཐེངས་གཉིས་པ། སྔ་མས་རྟོགས་པའི།

           ཡང་དཀའ་གནས་གཅིག་ལ། པཎ་ཆེན་ཆོས་མཆོག་གིས་དབང་མངོན་ལྔའི་སྐད་ཅིག་གཉིས་པ་བཅད་ཤེས་སུ་གསུངས་པ་ལ་རིགས་གཏེར་གྱི་རྗེས་འབྲང་དག་ན་རེ། མངོན་སུམ་ལ་བཅད་ཤེས་མི་འཐད་པར་ཐལ། བཅད་ཤེས་ཡིན་ན་ཚད་མ་སྔ་མའི་གཞལ་བྱ་དེ་དྲན་པའི་དྲན་ཤེས་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་བཞིན་དུ་མདོ་དང་རྣམ་འགྲེལ་ལྷ་ཤཱཀ་རྒྱན་རྣམས་ཀྱི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། དྲན་དང་མངོན་འདོད་ཅེས་བྱའོ། །ཞེས་དང༌། རྣམ་འགྲེལ་ལས། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་དང༌། ལྷས། རྣམ་པར་མི་རྟོག་པའི་ཤེས་པ་ཕྱི་མ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཟུང་བའི་དོན་གྱི་ཡུལ་ཅན་དྲན་བཞིན་དུ་སྐྱེ་བ་དེ་ལྟར་ན་ཞེས་དང༌། ཤཱཀྱས། གཟུང་བ་འཛིན་པ་ཞེས་བྱ་བ་ལ་ཚད་མ་ཉིད་མ་ཡིན་པའི་རྒྱུའི་འོ། །ཇི་ལྟར་མིག་གི་རྣམ་པར་ཤེས་པ་གནས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཁ་དོག་ལ་དམིགས་པ་ནི་ཇི་ལྟར་གཟུང་བའི་རྣམ་པ་གཉིས་ལ་བུམ་པ་ཞེས་བརྗོད་པའི་དྲན་པའི་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་དང༌། རྒྱན་ལས་ཀྱང༌། གཟུང་བ་ཉིད་དུ་འཛིན་པ་ན་ཡང་དེ་དྲན་པ་ཉིད་ཡིན་པས་གཟུང་བ་འཛིན་པའི་ཕྱིར་དྲན་པ་གཞན་བཞིན་དུ་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བཅད་ཤེས་ལ་དྲན་པ་འདྲེན་པའི་མངོན་སུམ་བཅད་ཤེས་དང་དྲན་པ་བཅད་ཤེས་དང་ངེས་ཤེས་ཀྱི་བཅད་ཤེས་གསུམ་ཡོད་པས་དྲན་པ་བཅད་ཤེས་སྐབས་གཙོ་བོར་བཤད་པ་ཙམ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། རྟོག་བྲལ་བཅད་ཤེས་མི་འཐད་པར་ཐལ། བཅད་ཤེས་ངོ་བོ་དྲན་པར་མཁས་གྲུབ་ཐམས་ཅད་མཁྱེན་པ་བཞེད་པའི་ཕྱིར། སྡེ་བདུན་རྒྱན་ལས། ལྷ་ཤཱཀ་རྒྱན་གསུམ་སོགས་ཀྱིས་མཐུན་པར་བཅད་ཤེས་ཀྱི་ངོ་བོ་དྲན་པ་ཡིན་པར་བཤད་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཟུང་བ་འཛིན་ཕྱིར་གྱི་དོན་བཤད་ཚུལ་ཙམ་ཡིན་པའི་ཕྱིར། དེར་ཐལ། འདིས་བཅད་ཤེས་གསུམ་གྱི་དྲན་པ་བཅད་ཤེས་འཆད་བྱེད་ཡིན་པ་ལྷ་ཤཱཀ་རྒྱན་རྗེའི་སྲས་ཀྱི་ཐུ་བོ་གཉིས་རྣམས་མཐུན་པའི་ཕྱིར་ཏེ། ཐར་ལམ་གསལ་བྱེད་ལས། ཀུན་རྫོབ་དྲན་པ་བཅད་ཤེས་ནི་ཆོས་ཅན། ཚད་མ་ཉིད་དུ་མི་འདོད་དེ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་བཟུང་ཞིང་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་དེ་ཉིད་སླར་ཡང་དྲན་པས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་དང༌། རིགས་པའི་རྒྱ་མཚོ་ལས། བློ་ཀུན་རྫོབ་པ་དྲན་པ་བཅད་ཤེས་ནི་ཆོས་ཅན། ནས། ཁྱོད་རང་དབང་དུ་རང་གི་གཞལ་བྱ་ཡོངས་སུ་དཔྱོད་པ་མིན་གྱི་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་བཟུང་ཞིང་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་དེ་ཉིད་སླར་ཡང་དྲན་པའི་སྒོ་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚིག་ཀྱང་མཐུན་ལ་ཕྱི་མས་དྲན་པ་བཅད་ཤེས་སུ་གསལ་བར་བཤད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མངོན་སུམ་བཅད་ཤེས་ཡོད་པའི་ཕྱིར། དེར་ཐལ། དེ་མདོ་རྩ་འགྲེལ་དང་པཎ་ཆེན་རྒྱལ་དབང་བློ་དང་པཎ་ཆེན་ཆོས་མཆོག་རྣམས་བཞེད་པའི་ཕྱིར་ཏེ། ཚད་མ་མདོ་ལས། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཞེས་དང༌། རང་འགྲེལ་ལས། གང་ལན་གཅིག་མ་ཡིན་པར་དོན་དེ་ཉིད་སོ་སོར་ངོ་ཤེས་པ་ཡོད་མོད། དེ་ལྟ་ན་ཡང་ཚད་མ་གཞན་ནི་མ་ཡིན་ནོ། །ཞེས་དང༌། དེའི་འགྲེལ་བཤད་ལས། གང་གི་ཚེ་སྐད་ཅིག་མ་ཐ་མ་མ་མཐོང་བས་འདི་ཞིག་གོ །ཞེས་ངེས་པར་གྱུར་པ་དེའི་ཚེ་མངོན་སུམ་གྱིས་མི་རྟག་པ་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་བཟུང་ཟིན་པ་ཁོ་ན་ངེས་པར་བྱེད་དོ། །ཞེས་པས་འདི་ཚད་མ་ཉིད་དུ་མི་འགྱུར་རོ། །དེའི་ཚེ་ལན་གཅིག་མ་ཡིན་པར་ཞེས་པ་འདིས་ཐུན་མོང་གི་ལན་འཆད་པར་འགྱུར་ཏེ། ཐུག་པ་མེད་འགྱུར་ཞེས་པ་འདིས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། 67གང་ཡང་ཤེས་པ་ལ་རྟོག་མེད་དང་རྟོག་པ་དུ་མ་ཡོད་པར་ལན་དུ་མར་འགྲེལ་བཤད་འདིས་བཤད་པའི་ཕྱིར་དང༌། ཆོས་མཆོག་གི་འཐད་ལྡན་ལས་ཀྱང༌། དེའི་རྒྱུན་དུ་གྱུར་པ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(67) པར་ཐེངས་གཉིས་པ། ཡང་ཡང།

           གཞན་ཡང༌། བཅད་ཤེས་ལ་རྟོག་པས་ཁྱབ་པར་ཐལ། བཅད་ཤེས་ཡིན་ན་རྩ་བར། བཟུང་བ་འཛིན་ཕྱིར་ཞེས་པའི་དངོས་བསྟན་ལྟར་དྲན་ཤེས་གཅིག་དགོས་པའི་ཕྱིར། ཁྱབ་པ་ལྷ་ཤཱཀ་རྒྱན་གསུམ་དང་རྣམ་འགྲེལ་གྱི་རྣམ་བཤད་ཀུན་མཁྱེན་གཉིས་ཀྱིས་བཤད་པས་གྲུབ། འདོད་མི་ནུས་ཏེ། ཚད་མ་སྡེ་བདུན་དང་དེ་དག་གི་འགྲེལ་བྱེད་འཕགས་ཡུལ་པཎ་ཆེན་སུས་ཀྱང་བཅད་ཤེས་ལ་རྟོག་པས་ཁྱབ་པར་བཤད་པ་ཅི་ཡང་མེད་པའི་ཕྱིར། དེ་ཡོད་ན་མངོན་སུམ་བཅད་ཤེས་སྐབས་སུ་ཆོས་མཆོག་གིས་དགག་དགོས་པར་དོགས་པ་ཙམ་ཡང་མ་བཤད་པའི་ཕྱིར། རིགས་ཐིགས་དར་ཊིཀ་ལས། ཚད་མ་སྡེ་བདུན་དང༌། དེའི་འགྲེལ་བྱེད་རྒྱ་གར་གྱི་མཁས་པ་སུས་ཀྱང་བཅད་ཤེས་ལ་རྟོག་པས་ཁྱབ་པར་བཤད་པ་མེད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བཅད་ཤེས་ལ་དྲན་ཤེས་ཀྱིས་ཁྱབ་པར་ཐལ། དེ་ལ་རྩ་བར། བཟུང་བ་འཛིན་ཕྱིར་ཞེས་པས་བཤད་པ་དེས་ཁྱབ་པའི་ཕྱིར། འདོད་ན། མདུན་གྱི་བུམ་པ་ཡང་ཡང་ལན་དུ་མར་འཇལ་བའི་དབང་པོ་མངོན་སུམ་སྐད་ཅིག་སྔ་མ་ལས་ཕྱི་མ་དེ་དག་ཆོས་ཅན། དྲན་ཤེས་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། རྟོགས་ཟིན་བྱེད་པ་མ་ཉམས་པར་ཡུལ་དེ་སླར་ཡང་ཡང་ཤེས་པའི་མངོན་སུམ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་བཅད་ཤེས་ཡིན་པའི་ཕྱིར། མདོ་ལས། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཞེས་དང༌། རང་འགྲེལ་ལས། གང་ལན་ཅིག་མ་ཡིན་པར་དོན་དེ་ཉིད། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འགྲེལ་བཤད་ཡངས་ལྡན་ལས། ཡང་གི་སྒྲས་མངོན་སུམ་གྱིས་གཟུང་བ་ཁོ་ན་ལ་སླར་ཡང་ཁ་དོག་ལ་སོགས་པ་མི་རྟག་ཅེས་གང་འཛིན་པ་དེ་ཡང་ཚད་མ་མ་ཡིན་ནོ་ཞེས་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །རྩ་བར་འདོད་ན། དེ་ཆོས་ཅན། རྟོག་པ་ཡིན་པར་ཐལ། དྲན་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དྲན་ཤེས་ལ་རྟོག་པ་གཅིག་དགོས་པའི་ཕྱིར། དྲན་ཤེས་དང་དྲན་པ་མི་གཅིག་པའི་ཕྱིར། འདོད་མི་ནུས་ཏེ། མངོན་སུམ་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་མི་རྟག་པར་རྟོགས་པའི་མངོན་སུམ་གྱིས་དྲངས་པའི་བུམ་པ་མི་རྟག་པར་ངེས་པའི་ངེས་ཤེས་ཆོས་ཅན། དྲན་ཤེས་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། མདོ་ལས། ཡང་ཡང་ཤེས་པའང་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་དངོས་བསྟན་གྱི་མངོན་སུམ་གྱི་བཅད་ཤེས། དྲན་པ་བཅད་ཤེས། །ངེས་ཤེས་ཀྱི་བཅད་ཤེས་68གསུམ་ཀ་ཡོད་པའི་ཕྱིར། འགྲེལ་བཤད་ལས། ཇི་ལྟར་མངོན་སུམ་གྱིས་སྔར་གཟུང་བ་ཁོ་ན་ཕྱིས་69ངེས་པས་ཤེས་པས་འཛིན་ཞེ་ན། ཞེས་དང༌། དར་ཊིཀ་ལས། གྲངས་ཅན་གྱིས་དུ་བའི་རྟགས་ལས་མེ་རྟོགས་ཟིན་མ་བརྗེད་པར་ཡང་ཡང་རྟོགས་པ་ཚད་མར་འདོད་པ་དགག་པའི་ཆེད་དུ་འགྲེལ་པར་ལན་གཅིག་མ་ཡིན་པར་ཞེས་སྨོས་སོ། །ཞེས་གསུངས་པའི་ཕྱིར། གཞན་གཉིས་བཤད་ཟིན་ཏོ། །ཡང་སྔར་གྱི་ཊཱིཀ་བྱེད་མང་པོས་བཅད་ཤེས་ཚད་མ་ཉིད་དུ་མི་འདོད་ཅེས་འཆད་དོ། །འོ་ན། ཕྱོགས་སྔ་སྨྲ་བ་པོས་བཅད་ཤེས་ཚད་མར་ཁས་བླངས་པར་ཐལ། ཁྱོད་ཀྱིས་བཅད་ཤེས་ཚད་མ་མ་ཡིན་པར་སྒྲུབ་པའི་ཕྱིར། ཁྱབ་སྟེ། དེ་ལྟ་མ་ཡིན་ན་ཕ་རོལ་པོས་གྲུབ་ཟིན་པའི་སྐྱོན་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེས་ཚད་མ་མ་ཡིན་པར་གྲུབ་ཟིན་ཀྱང་ཚད་མའི་མཚན་ཉིད་ཁྱབ་ཆོས་ལ་སྐྱོན་བརྗོད་པ་དང་སྦྱར་དགོས་པའི་ཕྱིར། ལྷས། དེ་ཡང་ཚད་མར་འགྱུར་ན་དེ་མི་འདོད་པ་དེ་བས་ན་མཚན་ཉིད་འཁྲུལ་བ་ཞེ་ན། སྐྱོན་དེ་ཡང་ཡོད་པ་མ་ཡིན་ཏེ། བཟུང་བ་ཞེས་གསུངས་པའི་ཕྱིར།

(68) པར་ཐེངས་གཉིས་པ། གསུམ་ཡོད།

(69) པར་ཐེངས་གཉིས་པ། ངེས་པས་འཛིན།

           རང་ལུགས་ལ། རྟོགས་ཟིན་རྟོགས་པའི་ཚད་མིན་གྱི་མི་བསླུ་བའི་ཤེས་པ་དེ་བཅད་ཤེས་ཀྱི་མཚན་ཉིད་ཡིན་ཏེ། སྒྲོ་འདོགས་བཅད་ཟིན་པ་ཤེས་པས་ན་བཅད་ཤེས་ཞེས་བརྗོད་པའི་ཕྱིར། དབྱེ་ན་ཡུལ་འཛིན་ཚུལ་གྱིས་མངོན་སུམ་གྱི་བཅད་ཤེས་དང༌། དྲན་པ་བཅད་ཤེས་དང༌། ངེས་ཤེས་ཀྱི་བཅད་ཤེས་གསུམ་ཡོད། དང་པོ་ལ་དབང་མངོན་ལྔའི་བཅད་ཤེས་ལྔ་དང༌། རྣལ་འབྱོར་མངོན་སུམ་གྱི་བཅད་ཤེས་དང་དེ་དག་གིས་དྲངས་པའི་རྟོག་པ་བཅད་ཤེས་སོགས་ཡོད།

                 རྩོད་སྤོང་ལ་ཁོ་ན་རེ། སྔོན་པོ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཚད་མིན་གྱི་བློ་ཡིན་པར་ཐལ། བཅད་ཤེས་ཀྱི་མཚན་ཉིད་དེའི་ཕྱིར། དེར་ཐལ། བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་རྟོགས་པའི་བཅད་ཤེས་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་ལ་བཅད་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྔོན་པོ་ལ་ལྟོས་ཏེ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། སྔར་སྔོན་པོ་ངེས་པ་སྔོན་དུ་སོང་ཞིང་བྱེད་པ་མ་ཉམས་པའི་སྔོན་པོ་མི་རྟག་པར་རྟོགས་པའི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། སྔོན་པོ་རྟོགས་པའི་བཅད་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན། སྔོན་པོ་ཆོས་ཅན། ཁྱོད་རྟོགས་པའི་བཅད་ཤེས་ཡིན་ན་བཅད་ཤེས་ཡིན་དགོས་པར་ཐལ། ཁྱོད་རྟོགས་པའི་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པའི་ཕྱིར། དེར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འདོད་ན། ཚད་མ་མ་ཡིན་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་ཡིན་པའི་ཕྱིར། དེར་ཐལ། གསར་རྟོགས་ཀྱི་བློ་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་མི་རྟག་པར་གསར་རྟོགས་ཀྱི་བློ་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། འཁོར་གསུམ། བློ་གསར་བ་ཚིག་དང་དོན་གྱི་འཁྲི་ཚུལ་ལ་ཁོ་ན་རེ། སྔོན་པོ་མི་རྟག་པར་རྟོགས་པའི་རྗེས་དཔག་སྔོན་པོ་ལ་བཅད་ཤེས་ཆོས་ཅན། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་པོ། །ཁོ་རང་ལ་དེ་སྔོན་པོ་ལ་བཅད་ཤེས་ཆོས་ཅན། ཤེས་པ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། འདོད་ན། རྗེས་དཔག་གིས་དངོས་པོ་གཞལ་བ་ཚད་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་གཞལ་བ་རྟག་པ་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། སྔོན་པོ་ཞེས་པའི་སྒྲས་སྔོན་པོ་བརྗོད་པ་རྟག་པ་ཡིན་པའི་ཕྱིར་ཏེ། རྩ་བར། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་གསུངས་པའི་ཕྱིར་སོགས་བྱ།


 རྩོམ་སྒྲིག་པ། མང་ར་བ།


                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།