ཀུན་མཁྱེན་རྣམ་འགྲེལ་ལེའུ་གཉིས་མཐའ་དཔྱོད་ལས་ཚད་མ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 11:18:58     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

                                                             ཚད་མའི་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ལས་ལེའུ་གཉིས་པའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

ཕུལ་བྱུང་ཚོགས་གཉིས་རིན་ཆེན་སྨོན་པའི་གྲུས་དྲངས་པའི། །

མགོན་པོ་གང་གི་ཞབས་སེན་དྲན་པའི་ཉི་ཟེར་གྱིས། །

བླུན་ཀྱང་བློ་གྲོས་པད་ཚལ་བྱེ་བ་འབུམ་བཞད་པའི། །

                 རྒྱལ་བའི་ཡབ་གཅིག་ཞབས་ལ་གུས་པས་ཕྱག་བྱས་ཏེ། །ཐར་འདོད་འཇུག་སྒོ་ཚད་མ་མཐར་ཕྱིན་པའི། །སྒྲུབ་བྱེད་ལུགས་འབྱུང་ལུགས་བཟློག་འོད་སྟོང་གིས། །ས་ལམ་དག་པའི་སྣང་བ་ཀུན་གསལ་བའི། །རིགས་ལམ་བྱེ་བའི་བདེར་གཤེགས་འོད་འབྱིན་སྤྲོ། །

                                                                                         ཚད་མ་བཤད་པ།

                 གཉིས་པ་ངེས་བྱ་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་བཤད་པ་ལ། ཚད་མ་མདོའི་ལུང་དགོད་པ་དང༌། དེའི་དོན་བཤད་པ་གཉིས་ལས། དང་པོ་ནི། མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་བྱུང།

           འདི་ལ་མཐའ་དཔྱད་པ་ལ་དགག་གཞག་གཉིས། དང་པོ་ལ་ཁ་ཅིག་ན་རེ། ཚད་མར་གྱུར་པ་ཞེས་པའི་དངོས་བསྟན་གྱི་ཚད་མར་གྱུར་པ་ཡིན་ན་ཚད་མ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མདོའི་རང་འགྲེལ་ལས། ཚད་མར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚད་མ་ཞེས་པས་ཐུབ་པ་བཅོམ་ལྡན་འདས་ཀྱང་གྲོལ་བ་དོན་གཉེར་ལ་བྱང་ཆུབ་གསུམ་རྒྱུ་དང་བཅས་པ་བསྟན་པ་ལྟར་གྱི་དོན་ལ་མི་བསླུ་བས་ན་ཚད་མར་བཏགས་ཤིང༌། གྱུར་པ་ཞེས་པས་དེ་རྒྱུ་ཕུན་ཚོགས་ལས་སྐྱེས་ཚུལ་བཤད་པའི་ཕྱིར། མདོའི་དར་ཊཱིཀ་ལས། ཐུབ་པ་ཡང་གྲོལ་བ་དོན་གཉེར་རྣམས་ལ་བྱང་ཆུབ་གསུམ་རྒྱུ་དང་བཅས་པ་བསྟན་པ་ལྟར་གྱི་དོན་ལ་མི་བསླུ་བར་བྱེད་པ་ཐ་སྙད་པའི་ཚད་མ་དང་མཚུངས་པ་དང༌། དེ་ཡང་རྒྱུ་ཕུན་ཚོགས་ལས་སྐྱེས་པས་ཚད་མར་གྱུར་པ་ཞེས་སྨོས་སོ། །ཞེས་དང༌། ཚད་མའི་ལམ་ཊཱིཀ་རྒྱལ་ཚབ་ཀྱིས་མཛད་པ་ལས། ཚད་མར་གྱུར་པ་ཞེས་པས་བསྟན་པའི་ཚད་མའི་སྐྱེས་བུ་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། སློབ་དཔོན་རྒྱལ་དབང་བློས། ཚད་མ་དང་འདྲ་བས་བཅོམ་ལྡན་འདས་ཚད་མའོ། །ཞེས་དང༌། ཚད་མ་རྒྱན་ལས། ཚད་མ་ཡང་བཅོམ་ལྡན་འདས་དེ་ཉིད་ཡིན་ཏེ། ཚད་མའི་མཚན་ཉིད་ཡོད་པའི་ཕྱིར། ཞེས་གསུངས་པ་གཉིས་མི་འཐད་པར་ཐལ། མདོའི་ཚད་མར་གྱུར་པ་ཞེས་པའི་ཚིག་ཟུར་གྱི་ཚད་མ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་མི་བྱེད་པའི་ཕྱིར། རྟགས་ཁས། དེར་ཐལ། དེ་ཚད་མ་རང་ལ་བྱེད་པའི་ཕྱིར། འཁོར་གསུམ། ཡང་ཁ་ཅིག །གྱུར་པ་ཞེས་པ་དེ་སྐྱེད་པ་ལ་མི་བྱེད་པར་འདྲ་བ་ལ་བྱེད་ཟེར་ན། འོ་ན། ཚད་མར་གྱུར་ཞེས་པའི་གྱུར་པ་སྨོས་པ་ལ་རྣམ་བཅད་དང་ཡོངས་གཅོད་ཀྱི་དགོས་པ་གཉིས་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གྱུར་པ་ཞེས་པའི་རྣམ་བཅད་ལ་རྟག་པའི་ཚད་མ་དགག་པ་དང༌། ཡོངས་གཅོད་ལ་སྟོན་པ་ཚད་མར་སྐྱེད་པའི་རྒྱུ་ལས་བྱུང་ཚུལ་གཉིས་བཤད་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་པར་ཐལ། དེའི་དང་པོ་ཡིན་པ་གང་ཞིག །གཉིས་པ་ཡང་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཀུན་བཏུས་འགྲེལ་བཤད་དྲི་མེད་ཡངས་ལྡན་ལས། གྱུར་པའི་ཚིག་གིས་ནི་མ་བྱུང་བ་རྟག་པ་དབང་ཕྱུག་ལ་སོགས་པའི་ཚད་མ་གཞན་གྱིས་ཡོངས་སུ་བརྟགས་པ་དགག་པའི་དོན་དུའོ། །ཞེས་དང༌། འདི་ཉིད་ལས། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཞེས་ནི་བརྗོད་པ་ཡིན། །ཞེས་དང༌། ལྷ་དབང་བློས། མ་སྐྱེས་པ་རྟག་པའི་ཚད་མ་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེས་མ་སྐྱེས་པ་བཟློག་པའི་དོན་དུ་གྱུར་པ་བརྗོད་ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱལ་དབང་བློས། གྱུར་པ་ནི་སྐྱེས་པ་སྟེ་བྱུང་བ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འདིའི་དངོས་བསྟན་གྱི་ཚད་མ་ལ་ཚད་མས་ཁྱབ་པར་ཐལ། འདིའི་དངོས་བསྟན་གྱི་དེ་ལ་ཚད་མ་ཡང་ཡིན་ལ་གྱུར་པ་ཡང་ཡིན་པ་ཞིག་དགོས་པའི་ཕྱིར། དེར་ཐལ། རྒྱལ་དབང་བློས། ཚད་མ་ཡང་འདི་ཡིན་ལ་གྱུར་པ་ཡང་ཡིན་པས་ཚད་མར་གྱུར་པ་སྟེ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ཚད་མར་གྱུར་པ་ཞེས་པའི་དངོས་བསྟན་གྱི་ཚད་མ་ཡང་ཡིན་གྱུར་པ་ཡང་ཡིན་པས་ན་ཚད་མར་གྱུར་པར་བཤད་ཅེས་པའི་དོན་ཡིན་པའི་ཕྱིར།

                  ཡང་ཁ་ཅིག །སྟོན་པ་ཞེས་པའི་དངོས་བསྟན་གྱི་སྟོན་པ་དེ་སྟོན་པ་སངས་རྒྱས་ལ་བྱེད་ཟེར། ལ་ལ་ན་རེ། དེ་ལ་བྱང་སེམས་དང་སངས་འཕགས་གཉིས་ཡོད་ཅིང་གང་ཟག་ཁོ་ནར་བྱེད་ཟེར་ན། དམ་བཅའ་དང་པོ་ལ། འོ་ན་འདིའི་དངོས་བསྟན་གྱི་སྟོན་པ་དེར་གྱུར་པའི་བྱང་སེམས་ས་བཅུ་བ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། སྟོན་པ་ཤཱཀ་ཐུབ་དང་རྒྱུད་གཅིག་པའི་འདིའི་དངོས་བསྟན་གྱི་བྱང་སེམས་ས་61བཅུ་པ་པ་བགྲོད་པའི་ཕྱིར། དེར་ཐལ། དེ་འདྲའི་བྱང་སེམས་ལ་འབྲས་བུ་སྟོན་པའི་མིང་གིས་བཏགས་ནས་སྐབས་འདིར་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། དར་ཊཱིཀ་མཐར་འཛིན་གདུང་སེལ་ལས། བདག་མེད་འཁོར་དང་བཅས་པ་མངོན་སུམ་གྱིས་རྟོགས་ཟིན་གོམས་པར་བྱེད་པའི་བྱང་ཆུབ་སེམས་དཔའི་གནས་སྐབས་ལ་སྟོན་པ་ཞེས་བྱ་སྟེ། ཞེས་དང༌། རྒྱལ་དབང་བློས་ཀྱང༌། བསྟན་པ་དེའི་བྱེད་པ་པོ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་ལ་སྟོན་པའི་སྒྲས་བརྗོད་དོ། །ཞེས་གསུངས་པ་རྗེ་རིན་པོ་ཆེ་དང་ཕྱོགས་གླང་སོགས་ཀྱི་དགོངས་པ་ཡིན་པའི་ཕྱིར། གཞན་ཡང་སྟོན་པའི་སྒོ་ནས་བསྟོད་པ་དེ་འབྲས་བུ་ཐུབ་དབང་ལ་རྒྱུ་བྱང་སེམས་སྐབས་སུ་ཕྱིན་དྲུག་དང་བདག་མེད་འཁོར་དང་བཅས་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་གོམས་པར་བྱས་ཚུལ་སྐབས་ཀྱི་བསྟོད་པ་མ་ཡིན་པར་ཐལ། སྐབས་འདིའི་སྟོན་པ་དེ་ཐུབ་དབང་ཁོ་ན་ལ་འཆད་པའི་ཕྱིར། རྟགས་སོང། འདོད་ན། དེ་ལ་སྔོན་བྱང་སེམས་སྐབས་སུ་བསྐལ་པ་དུ་མར་གདུལ་བྱའི་སྡུག་བསྔལ་ཟད་བྱེད་ཀྱི་ལམ་སྟོན་པའི་སྒོ་ནས་བསྟོད་པར་འཆད་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མ་རྒྱན་ལས། སྦྱོར་བ་ནི་འགྲོ་བ་ལ་ལམ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། སྦྱོར་བ་དང་སྦྱོར་བ་ཕུན་ཚོགས་གང་བྱས་ཀྱང་སེམས་ཅན་གྱི་གནས་སྐབས་མ་གཏོགས་སངས་རྒྱས་ས་ན་དེ་དག་མེད་པའི་ཕྱིར།

 (61) པར་ཐེངས་གཉིས་པ། བཅུ་པ་ཡོད་པའི་ཕྱིར།

           རང་ལུགས་ལ་ཚད་མ་དང་གྱུར་པ་སོགས་ཀྱི་དོན་ཡོད་དེ། རྒྱུ་འབྲས་ཀྱི་བཅོམ་ལྡན་འདས་འདོད་དོན་ལ་མི་བསླུ་བས་ན་ཚད་མ་དང༌། རྒྱུ་བསམ་སྦྱོར་ཕུན་ཚོགས་ལས་འཁྲུངས་པས་ན་གྱུར་པ་དང། བསམ་པ་ནི་བྱང་སེམས་ཀྱི་བརྩེ་བ་ཐུགས་རྗེ་ཆེན་པོས་འགྲོ་བ་མཐའ་དག་ལ་ཕན་པར་བཞེད་པ་དང། སྦྱོར་བ་ལམ་འབྲས་ཀྱི་དུས་གདུལ་བྱ་ལ་བདེན་བཞི་སྟོན་པས་སྟོན་པ་རྣམས་ཡིན་ལ། དེ་ལ་བརྟེན་ནས་འབྲས་བུ་རང་དོན་ཕུན་ཚོགས་བདེར་གཤེགས་དང༌། གཞན་དོན་ཕུན་ཚོགས་སྐྱོབ་པ་གཉིས་བརྙེས་པའི་ཕྱིར། དང་པོ་གྲུབ་སྟེ། མངོན་མཐོ་ངེས་ལེགས་ཐབས་བཅས་གསལ་བར་བྱེད་པ་དང་དེ་ལ་མི་བསླུ་བས་ཚད་མ་དང་འདྲ་བས་ཚད་མར་བཤད་པའི་ཕྱིར། རྒྱལ་དབང་བློས། ངེས་པར་ལེགས་པ་དོན་དུ་གཉེར་བ་རྣམས་ལ་ཁོང་དུ་མ་ཆུད་པ་དེ་གསལ་བར་བྱེད་པ་དང༌། མི་བསླུ་བ་དེའི་ཕྱིར་ཚད་མ་དང་ཆོས་མཚུངས་པ་ཉིད་ཀྱི་ཚད་མའོ། །ཞེས་དང༌། རྒྱན་རང་འགྲེལ་ལས། འདིར་ནི་བཅོམ་ལྡན་འདས་ཉིད་ཚད་མ་ཡང་དག་པར་སྒྲུབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གྱུར་པ་ཞེས་པས་རྣམ་བཅད་ལ་རྟག་པ་རང་བྱུང་གི་ཚད་མ་རྣམས་གཅོད་ཅིང༌། རྒྱུ་ཕུན་ཚོགས་ལས་སྐྱེས་པ་ཡོངས་གཅོད་ལ་གྲུབ་པའི་ཕྱིར། རྒྱལ་དབང་བློས། གྱུར་པའི་ཚིག་གིས་ནི་མ་བྱུང་བ་རྟག་པ་དབང་ཕྱུག་ལ་སོགས་པའི་ཚད་མ་གཞན་གྱིས་ཡོངས་སུ་བརྟགས་པ་དགག་པའི་དོན་དུའོ། །ཞེས་དང༌། རང་འགྲེལ་ལས། དང་པོར་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། མདོའི་རང་འགྲེལ་ལས། བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ། །ཞེས་དང༌། རྒྱལ་དབང་བློས། འགྲོ་ལ་ཕན་པ་ནི་དོར་བར་བྱ་བ་ཐབས་དང་དག་གིས་འདོར་བ་དང་ལེན་པ་ཕུལ་དུ་བྱུང་བ་དག་སྟེ། དེ་བཞེད་པའི་ངང་ཚུལ་ཅན་ལའོ། །ཞེས་གསུངས་པའི་ཕྱིར། མདོའི་དར་ཊཱིཀ་ལས། འགྲོ་བ་ལ་ཕན་པར་བཞེད་པ་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་སྙིང་རྗེ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། མདོའི་རང་འགྲེལ་ལས། སྦྱོར་བ་ནི་འགྲོ་བ་ལ་བསྟན་པ་སྟོན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལ་བྱང་སེམས་ཀྱི་སྟོན་པ་བཏགས་པའང་ཡོད། སངས་རྒྱས་ཀྱི་སྟོན་པ་གཉིས་པ་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། རྒྱལ་དབང་བློས། བསྟན་པ་དེ་བྱེད་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་ལ་སྟོན་པའི་སྒྲས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། རྒྱལ་དབང་བློས། སྡུག་བསྔལ་ཟད་པར་བྱེད་པའི་ཐབས་ཉེ་བར་སྟོན་པ་ནི་བསྟན་པ་ཡིན་ལ། དེའི་བྱེད་པ་པོ་སྟོན་པ་ཞེས་བརྗོད་དེ་འབྲས་བུའི་གནས་སྐབས་སུའོ། །ཞེས་གསུངས་པའི་ཕྱིར། དེས་ན་འདི་རྒྱུའི་སྐབས་གཙོ་སྟེ། རྒྱུ་བསམ་སྦྱོར་འཆད་པའི་སྐབས་ཡིན་པའི་ཕྱིར། དར་ཊཱིཀ་གི་དགོངས་པའོ། །ཁ་ཅིག་སྟོན་པ་དེ་སངས་རྒྱས་དངོས་ཟེར་བ་དང་བྱང་སེམས་ཟེར་བ་འཁྲུལ་ལོ། །དེ་ནི་བཅོམ་ལྡན་འདས་ཀྱིས་རྒྱུ་བསམ་སྦྱོར་སྐབས་ཡིན་པའི་ཕྱིར། རྒྱན་རང་འགྲེལ་ལས། སྦྱོར་བ་ནི་འགྲོ་བ་ལ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ་ཞེས་དང༌། ཉི་མ་སྦས་པས་ཀྱང༌། སྦྱོར་བའི་གནས་སྐབས་ཀྱི་ཁྱད་པར་བཤད་པ་ནི་སྟོན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་ལྔ་པ་གྲུབ་སྟེ། རང་དོན་བདེར་གཤེགས་ཀྱི་དོན་ཉན་རང་དགྲ་བཅོམ་པ་མན་ཆད་ལ་མེད་པས་ལེགས་པ་དང༌། མི་ལྡོག་པ་དང༌། མ་ལུས་པར་གཤེགས་པའི་ཁྱད་པར་གསུམ་ལྡན་དགོས། གཞན་དོན་སྐྱོབ་པའི་དོན་འགྲོ་བ་སྒྲོལ་བ་གཅིག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། མདོའི་རང་འགྲེལ་ལས། རང་དོན་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ། དོན་གསུམ་ཉེ་བར་བླང་བར་བྱའོ། །ནས། དོན་གསུམ་པོ་དེ་ཡང་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང༌། སློབ་པ་དང་མི་སློབ་པ་རྣམས་ལས། རང་དོན་ཕུན་སུམ་ཚོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོའི་རང་འགྲེལ་ལས། གཞན་དོན་ཕུན་སུམ་ཚོགས་པ་ནི་སྒྲོལ་བའི་དོན་གྱིས་ན་སྐྱོབ་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར།

           གཉིས་པ་དེའི་དོན་རྣམ་འགྲེལ་གྱིས་འཆད་པ་ལ་སྤྱིའི་གཞུང་དོན་བསྡུ་བ་དང༌། གཞུང་སོ་སོའི་དཀའ་གནད་བཤད་པ་གཉིས། དང་པོ་ནི། ཀུན་བཏུས་ཀྱི་ཚད་མར་གྱུར་པ་དང༌། འགྲོ་ལ་ཕན་བཞེད་དང༌། སྟོན་པ་དང༌། བདེ་གཤེགས་དང༌། སྐྱོབ་པ་ལྔའི་དོན་ཚིགས་བཅད་ཀྱི་གོ་རིམ་དང་མཐུན་པར་ལུགས་འབྱུང་དུ་བཤད་པ་དང༌། དེའི་ལུགས་བཟློག་ཏུ་བཤད་པ་དང༌། ཐུབ་པ་ཚད་མའི་སྐྱེས་བུར་བཤད་པའི་དགོངས་པ་དང་གསུམ་ལས། དང་པོ་འཆད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །ནས། དེའི་ཕྱིར་ཚད་ཡིན་ཞེས་པའི་བར་བྱུང༌། གཉིས་པ་འཆད་པར། ཡང་ན་སྐྱོབ། །ནས། བརྩེ་བས་ལེགས་དང་ཡེ་ཤེས་ལེགས། །ཞེས་པའི་བར་བྱུང༌། གསུམ་པ་འཆད་པར། དེ་ལྟའི་དངོས་སྟོན་བསྟོད་པ་ནི། །ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་བྱུང༌། དེ་དག་ལྔ་སོ་སོར་བཤད་ན་དང་པོ་ཚད་མའི་དོན་འཆད་པར། ཚད་མ་སླུ་མེད་ཅན་ཤེས་པ། །ནས། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བྱུང༌། གྱུར་དོན་འཆད་པར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ནས། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་བྱུང༌། གཉིས་པ་འགྲོ་ལ་ཕན་བཞེད་ཀྱི་དོན་འཆད་པར། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ནས། ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་བྱུང༌། གསུམ་པ་སྟོན་པའི་དོན་འཆད་པར། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ནས། གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་གསུངས། བཞི་པ་བདེར་གཤེགས་ཀྱི་དོན་འཆད་པར། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ནས། དེ་ཤེས་པ་དང་གྲུབ་པ་ཡིན། །ཞེས་བྱུང༌། ལྔ་པ་སྐྱོབ་ཀྱི་དོན་འཆད་པར། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ནས། དེའི་ཕྱིར་ཚད་ཡིན། ཞེས་བྱུང་བ་ལུགས་འབྱུང་ལྔས་རྒྱུ་ཡོན་ཏན་ཁྱད་པར་ཅན་གྱི་སྒྲུབ་བྱེད་ལས་འབྲས་བུ་ཚད་མའི་སྐྱེས་བུ་སོགས་ལྔ་སོ་སོར་འགྲུབ་ཚུལ་བཤད་པ་སོ་སོའི་སྐབས་ན་ཤིན་ཏུ་གསལ་བའི་ཕྱིར། རྣམ་བཤད་ལས། ཞེས་རྒོལ་བ་དག་གི་ལོག་རྟོག་དང་པོ་དགག་པའི་ཆེད་དུ་ལུགས་འབྱུང་གི་བཤད་པ་མཛད་ལ་ཞེས་གསུངས་པའི་ཕྱིར་དང༌། རིགས་པའི་རྒྱ་མཚོ་ལས། ཞེས་རྒྱུ་སྔ་མ་སྔ་མ་ལས་འབྲས་བུ་ཕྱི་མ་ཕྱི་མ་འབྱུང་བའི་སྐྱེ་བའི་རིམ་པ་ཉིད་སྟོན་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ལུགས་བཟློག་གི་བདེན་བཞིའི་བླང་དོར་མཐའ་དག་སྟོན་པའི་མཐར་ཐུག་གི་སྐྱེས་བུའི་རྟགས་ཀྱིས། ཤཱཀྱ་སེང་གེ་སྐྱོབ་པ་མཐར་ཕྱིན་པའི་སྐྱེས་བུར་སྒྲུབ་པ་ལ། རྩ་བར། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པ། །སོགས་བྱུང༌།

           གཉིས་པ་སྐྱོབ་པ་མཐར་ཕྱིན་པའི་སྐྱེས་བུའི་རྟགས་ཀྱིས་ཤཱཀྱ་སེང་གེ་བདེར་གཤེགས་གསུམ་ལྡན་གྱི་སྐྱེས་བུར་སྒྲུབ་པ་ལ། རྩ་བར། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །ནས། མི་སློབ་ལས་ལྷག་དེ་ཡི་ཕྱིར། །ཞེས་བྱུང༌། གསུམ་པ་ནི། སྤངས་རྟོགས་གསུམ་ལྡན་བདེར་གཤེགས་ཐོབ་པའི་སྐྱེས་བུའི་རྟགས་ཀྱིས། སྦྱོར་བ་ཕུན་ཚོགས་མཐར་ཕྱིན་པའི་སྟོན་པ་མཐར་ཐུག་གི་སྐྱེས་བུར་སྒྲུབ་པ་ལ། རྩ་བར། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་སོགས་རྐང་པ་གསུམ་བྱུང༌། དེ་བཞིན་བརྩེ་བ་མཐར་ཕྱིན་སྐྱེས་བུས་ལེགས་གསུངས་དང༌། མཁྱེན་པའི་ཡེ་ཤེས་མཐར་ཕྱིན་སྐྱེས་བུས་བདེན་པ་གསུངས་པ་དང༌། ལེགས་པ་དང་བདེན་པ་གསུངས་པ་མཐར་ཕྱིན་པའི་སྐྱེས་བུའི་རྟགས་ཀྱིས། ཤཱཀྱ་སེང་གེ་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་སྒྲུབ་པ་ལ། རྩ་བར། བརྩེ་བས་ལེགས་དང་ཡེ་ཤེས་ལེགས། །ཞེས་སོགས་ཚིགས་བཅད་གཅིག་བྱུང་བའི་ཕྱིར།

           གཉིས་པ་སྐབས་སུ་བབས་པ་གཞུང་སོ་སོའི་དཀའ་གནས་བཤད་པ་ལ། ཐུབ་པ་ཚད་མར་སྒྲུབ་པ་དང༌། དེ་ལ་ཚད་མའི་སྒོ་ནས་བསྟོད་པའི་དགོས་པ་གཉིས། དང་པོ་ལ། ལུགས་འབྱུང་སྒོ་ནས་སྟོན་པ་ལམ་གང་ནས་བྱུང་དང༌། ལུགས་བཟློག་སྒོ་ནས་དེའི་ཤེས་བྱེད་བསྟན་པ་གཉིས། དང་པོ་ལ། ཚད་མར་གྱུར་པའི་དོན་བཤད་པས་ཚད་མའི་སྐྱེས་བུའི་མཚན་གཞི་བསྟན། ལྷག་མ་བཞི་བཤད་པས་ཚད་མའི་སྐྱེས་བུའི་མཚན་ཉིད་དང༌། དེར་བགྲོད་པའི་ལམ་ངོས་གཟུང་བ་གསུམ། དང་པོ་ལ་ཚད་མ་སྤྱིའི་མཚན་ཉིད་དང༌། ཐུབ་པའང་མཚན་ཉིད་དེ་ལྡན་དུ་བཤད་པ་གཉིས། དང་པོ་དེ་འཆད་པར། ཚད་མ་བསླུ་མེད་ཅན་ཤེས་པ། །ནས། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བྱུང༌། མཐའ་དཔྱད་པ་ལ། དགག་གཞག་སྤངས་གསུམ་ལས། དང་པོ་ལ་ཁ་ཅིག །སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཚད་མའི་མཚན་ཉིད་ཟེར། དེ་ལ་གཞན་དག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་ཤེས་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ལ་མཐའ་གཅིག་ཏུ་རྟག་འཛིན་གྱི་སྒྲོ་འདོགས་གསར་དུ་གཅོད་བྱེད་མ་ཡིན་པའི་ཕྱིར་ན། རྟགས་སྒྲས་ཟིན་ཅིང༌། མ་ཁྱབ་སྟེ། དེས་གཅོད་རྒྱུའི་ཐེ་ཚོམ་གྱི་སྒྲོ་འདོགས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། དོགས་པ་མི་གཅོད་པའི་ཕྱིར། ཁྱབ་སྟེ། དོགས་པ་མི་གཅོད་ན་ཚད་མར་མི་རུང་བའི་ཕྱིར། རྣམ་བཤད་ལས། དོགས་པ་ཅུང་ཟད་ཀྱང་མི་གཅོད་པ་ཚད་མར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཐེ་ཚོམ་ཡིན་ན། སྒྲོ་འདོགས་མ་ཡིན་པས་ཁྱབ་པར་ཐལ། སྒྲོ་འདོགས་ལ་མཐའ་གཅིག་ཏུ་ལོག་པར་ཞེན་དགོས་པའི་ཕྱིར། འདོད་ན། སྒྲ་རྟག་གམ་མི་རྟག་རྟག་ལས་ཆེ་སྙམ་པའི་ཐེ་ཚོམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ལོག་རྟོག་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཐེ་ཚོམ་ཡིན་པའི་ཕྱིར། ཁྱབ་སྟེ། སྡེ་བདུན་རྒྱན་ལས། ལོག་རྟོག་ཐམས་ཅད་འཛིན་སྟངས་མཐའ་གཅིག་ཏུ་ངེས་པའི་རྣམ་པ་ཅན་ཡིན་པར་འདོད་པ་ནི་མི་འཐད་དེ། སྒྲ་ཕལ་ཆེར་རྟག་ལས་ཆེ་སྙམ་དུ་འཛིན་པའི་རྟོག་པའང་ལོག་རྟོག་མ་ཡིན་པར་ཐལ་བའི་ཕྱིར་རོ། །འདོད་མི་ནུས་ཏེ། སྒྲོ་འདོགས་ཡིན་པའི་ཕྱིར། དེས་ན་ལོག་རྟོག་དང་ཐེ་ཚོམ་འགལ་བ་མིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མས་སྒྲ་རྟག་འཛིན་ལྷན་སྐྱེས་ལ་མི་གནོད་པར་ཐལ། དེས་དེའི་ཞེན་ཡུལ་མེད་པར་རྟོགས་ཀྱང་མི་གནོད་པའི་ཕྱིར། དེར་ཐལ། སྙིང་པོ་རྒྱན་ལས། དཔེར་ན་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་ཚད་མས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལྷན་སྐྱེས་ཀྱི་ཞེན་ཡུལ་མེད་པར་རྟོགས་ཀྱང༌། ཀུན་བཏགས་མངོན་གྱུར་ལ་གནོད་ཀྱི་ལྷན་སྐྱེས་ལ་མི་གནོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། རྗེས་དཔག་དེས་ཀུན་བཏགས་མངོན་དུ་གྱུར་པ་རེ་ཞིག་ལྡོག་ཀྱང་ལྷན་སྐྱེས་ཡང་ཡང་སྐྱེ་བ་ལ་མི་གནོད་པའི་དོན་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་དངོས་སུ་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲ་རྟག་འཛིན་ལྷན་སྐྱེས་ཀྱི་འགལ་ཟླར་གྱུར་པའི་གཉེན་པོ་མ་ཡིན་པར་ཐལ། དེ་ལ་མི་གནོད་པའི་ཕྱིར། འཁོར་གསུམ། འདོད་ན། དེ་ཆོས་ཅན། དེའི་འགལ་ཟླའི་གཉེན་པོ་ཡིན་པར་ཐལ། དེ་དང་དམིགས་པ་གཅིག་ལ་འཛིན་སྟངས་དངོས་འགལ་དུ་སོང་བའི་ཚད་མ་ཡིན་པའི་ཕྱིར། ཡང་འཁོར་གསུམ། མ་གྲུབ་ན། ལྷན་ཅིག་མི་གནས་འགལ་གྱི་ཤེས་པ་མེད་པར་ཐལ་བ་དང༌། རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་པས། དེ་གཉིས་གནོད་བྱ་གནོད་བྱེད་དུ་མ་བསྟན་པར་ཐལ། དེས་བདག་འཛིན་ལ་གནོད་བྱེད་དང་བདག་འཛིན་དེའི་གནོད་བྱ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །རང་གི་སྣང་ཡུལ་ལ་གསར་དུ་མི་བསླུ་བའི་རིག་པ། ཚད་མའི་མཚན་ཉིད་ཟེར་ན། སྒྲ་བདག་མེད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་ན། རང་གི་སྣང་ཡུལ་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུན་མཐའི་སྔ་རོལ་གྱི་རྟོག་པ་ཡིན་པའི་ཕྱིར། དེ་སོགས་མང༌། བསྟན་ཚུལ་ལ་རིགས་གཏེར་རྗེས་འབྲང་ན་རེ། ལྷ་ཤཱཀ་ལུགས་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མའི་མཚན་ཉིད་ཡོངས་རྫོགས་དངོས་སུ་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་མཚན་ཉིད་ཡོངས་རྫོགས་གཞན་གཅིག་དངོས་སུ་བསྟན་པར་ཐལ། ལྷ་དབང་བློའི་འགྲེལ་པ་ལས། དེ་ལྟ་བས་ན་ཚད་མའི་མཚན་ཉིད་མི་བསླུ་བ་གཅིག་གཅིག་བཤད་དོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །གཞན་མཚན་ཉིད་གཉིས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཞེས་ཟེར། དེ་འགོག་པ་ལ་ཚད་མ་དེ་རང་ལྡོག་ཐ་དད་པ་གཉིས་སུ་ཐལ། མཚན་ཉིད་གཉིས་ཀྱིས་མཚོན་པའི་ཕྱིར།

           དེ་སྐད་དུ། རིགས་གཏེར་ལས། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར། དེ་ལ་འོ་ན། སློབ་དཔོན་ལྷ་དབང་བློས་གསར་དུ་སྦྱར་མི་དགོས་པར་བཞེད་པར་ཐལ། མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་འདོད་པའི་ཕྱིར། རྟགས་ཁས། དེར་ཐལ། ཚད་མ་སླུ་མེད་ཅན་ཞེས་པས་དངོས་སུ་མཚན་ཉིད་ཡོངས་རྫོགས་བསྟན་པའི་ཕྱིར། འདོད་ན། ཚད་མ་སྔ་མས་བཟུང་ཟིན་གཞལ་བའི་ཚད་མ་འདོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བཟུང་ཟིན་འཛིན་པ་ཚད་མ་མ་ཡིན་པའི་རྒྱུར་ལྷ་དབང་བཞེད་པ་གང་ཞིག །རྩ་བར། བཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་པ་འདིའི་གཞུང་སྔ་མའི་དངོས་བསྟན་གྱི་ཚད་མའི་མཚན་ཉིད་ལ། དང་པོའམ་གསར་དུ་དགོས་པར་ལྷ་དབང་བློས་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། ལྷ་འགྲེལ་ལས། མཚན་ཉིད་འཁྲུལ་བ་ཡིན་ནོ་ཞེ་ན། སྐྱོན་དེ་ཡང་ཡོད་པ་མ་ཡིན་ཏེ། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ཅེས་པ་ནས། ཚད་མ་ཉིད་དུ་མི་འདོད་དེ། ཅིའི་ཕྱིར་ཞེ་ན། གཟུང་བ་འཛིན་པའི་རྒྱུ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤཱཀྱས། གཟུང་བ་འཛིན་པའི་ཞེས་བྱ་བ་ལ་ཚད་མ་ཉིད་མ་ཡིན་པའི་རྒྱུའི་འོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྷས་དེའི་འགྲེལ་པར། དེ་ལས་དང་པོར་མཐོང་བ་ཉིད་དེ་འཇུག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་འགྲེལ་བཤད་དུ་ཤཱཀྱས། འདིས་ནི་འདི་སྐད་དུ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་བྱ་བ་འདིའི་ཚད་མའི་སྒྲ་དང་པོར་འཇལ་བར་བྱེད་པ་ནི་ཚད་མ་ཡིན་ནོ། །ཞེས་འགྲེལ་པའི་དོན་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚད་མའི་སྒྲ་ཡན་ཆད་ཀྱིས་པྲ་མ་ནའི་སྒྲ་དོན་ནི་ཞེས་བཤད། དང་པོར་སོགས་ཀྱིས་དང་པོར་འཇལ་བ་སྒྲ་དོན་དང་ཚིག་སྔ་ཕྱི་འབྲེལ་ཚུལ་བཤད་པའི་ཕྱིར། དེར་ཐལ། གཞུང་འདིའི་བསླུ་མེད་ཅན་གྱི་ཤེས་པ་ལ་དང་པོའམ་གསར་དུ་སྦྱར་བས་ཚད་མ་ཐམས་ཅད་ལ་མ་ཁྱབ་པའི་དོགས་པ་སེལ་བ་གང་ཞིག །ཤེས་པ་སྨོས་པས་བྱེ་སྨྲས་དབང་པོ་གཟུགས་ཅན་ཚད་མར་འདོད་པ་སེལ་བའི་ཕྱིར། དང་པོ་གྲུབ་སྟེ། དེའི་མཇུག་ཏུ་ཤཱཀྱས། དེ་བས་ན་དོན་མ་རྟོགས་པ་ཉིད་ཀྱི་རྟོགས་པ་པོ་ཡིན་པས་ན། ནས། ཐལ་ཆེས་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་སྟོན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། བློ་ནི་ཚད་མ་ཉིད། ཅེས་དང༌། ལྷས་དེའི་སྔ་འགྲེལ་དུ་ཤེས་པ་ཉིད་ཚད་མར་འདོད་ཀྱི་དབང་པོ་ལ་སོགས་མ་ཡིན་ནོ། །ཞེ་ན་མི་རུང་བའི་ཕྱིར་དང༌། ཤཱཀྱས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་བྱ་བའི་ཤེས་པ་སྨོས་པ་གང་ཡིན་པ་དེ་ལ། ཞེས་གསུངས་པའི་ཕྱིར། དེས་ན་རྩ་བར། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། ཞེས་པས་མཚན་ཉིད་གཞན་གཅིག་དངོས་སུ་བསྟན་པ་མི་འཐད་པར་ཐལ། དེ་སྔ་ཕྱི་བསྡོམས་ནས་མཚན་ཉིད་ཡོངས་རྫོགས་བསྟན་པའི་ཕྱིར། ཤཱཀྱས། ཡང་ན་གཞན་མེད་པ་ཞེས་བྱ་བ་འདིས་ཁྱབ་པ་ཉིད་སྟོན་ཏེ། གཞན་མཚན་ཉིད་གཉིས་པ་ཡང་བྱར་ཡོད་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཀྱང་སྒྲས་ཀྱང་དེ་ལྟར་སྟོན་པའི་ཕྱིར། དེས་ན་རྣམ་བཤད་ལས། མི་བསླུ་བ་ཙམ་གྱིས་ཚད་མའི་མཚན་ཉིད་རྫོགས་པ་མ་ཡིན་ཏེ། སྔར་མ་ཤེས་པའི་དོན་གྱི་གསལ་བྱེད་དེ་དང་པོའམ་གསར་དུ་ཤེས་ཀྱང་དེའི་མཚན་ཉིད་ཀྱི་ཟུར་དུ་སྨོས་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་རིགས་གཏེར་རྗེས་འབྲང་དག་ན་རེ། ཚད་མའི་རང་ལྡོག་གཉིས་སུ་ཐལ། མཚན་ཉིད་གཉིས་ཡོད་པའི་ཕྱིར། རིགས་གཏེར་ལས། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན། གཞན་དོན་བསྒྲུབ་བྱ་དེ་ཡང་རང་ལྡོག་གཉིས་སུ་ཐལ། མཚན་ཉིད་གཉིས་ཡོད་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། ཀུན་བཏུས་ལས་མཚན་ཉིད་ལྔ་ལྡན་གསུངས། རིགས་སྒོར་ཡན་ལག་གསུམ་ལྡན་དུ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། རང་གི་ངོ་བོ་ཉིད་བསྟན་བྱ། །རང་དང་འདོད་པ་མ་བསལ་བ། །ཞེས་དང༌། རང་འགྲེལ་ལས། དེ་ཡང་རང་གི་ངོ་བོ་དང་ཉིད་བསྟན། རང་དང་འདོད་འགྱུར་ཞེས་པ་ནས། དེ་ལྟ་ན་བསྒྲུབ་པར་བྱ་བ་ཁ་ན་མ་ཐོ་བ་མེད་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཏེ། རང་གི་ངོ་བོ་དང༌། ཉིད་དམ་ཁོ་ན་དང༌། རང་ཉིད་དང༌། འདོད་པ་དང༌། མ་བསལ་བ་སྟེ་དོན་ལྔ་ཚང་དགོས་པའི་ཕྱིར། དར་ཊིཀ་ལས། གཞན་དོན་བསྒྲུབ་བྱར་མཚོན་པ་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང༌། འདིས་ལོག་རྟོག་དུ་མ་བསལ་ལོ། །གཉིས་པ་གྲུབ་སྟེ། རིགས་སྒོ་ལས། དེ་ལ་ཕྱོགས་ནི་རབ་ཏུ་གྲགས་པའི་ཆོས་ཅན་རབ་ཏུ་གྲགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་རང་གི་བསྒྲུབ་བྱ་ཁོ་ནར་འདོད་པ་མངོན་སུམ་ལ་སོགས་པའི་གནོད་པ་མེད་པ་ཅན་འདི་ལྟ་སྟེ། སྒྲ་མི་རྟག་ཅེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་དང་ཆོས་ཅན་གྱི་ཚོགས་དོན་དང༌། རང་གི་བསྒྲུབ་བྱར་འདོད་པ་དང༌། མངོན་སུམ་སོགས་ཀྱིས་མ་བསལ་བའི་གསུམ་ལྡན་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྩ་བར། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པ་གཉིས་ཀས་ཚད་མའི་མཚན་ཉིད་ཡོངས་རྫོགས་རེ་རེ་བསྟན་ཀྱང་ཚད་མ་གཅིག་མཚོན་པས་རྣམ་གྲངས་པ་ཡིན་ཟེར་ན། འོ་ན། མཚོན་བྱ་ཚད་མའི་ལྡོག་པ་ཐ་དད་པར་ཐལ། དེ་གཉིས་ཀས་ཚད་མ་གཅིག་མཚོན་པའི་མཚན་ཉིད་བྱེད་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ལ་དོན་སྤྱི་མི་འདྲ་བ་སོ་སོར་འཆར་བའི་ཕྱིར། རྣམ་བཤད་ལས། འདི་གཉིས་ལ་དོན་སྤྱི་མི་འདྲ་བ་སོ་སོར་འཆར་བའི་ཕྱིར། མཚོན་བྱའི་ལྡོག་པ་ཐ་དད་དུ་འགྱུར་དགོས་སོ། །ཞེས་གསུངས་པའི་ཕྱིར།

           ཡང་ཁ་ཅིག་ན་རེ། ལྷའི་ལུགས་ལ་གཞུང་སྔ་མས་གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་བསྟན། ཕྱི་མས་རང་གི་གཞལ་བྱ་རང་མཚན་སྔར་མ་ཤེས་པ་གསར་དུ་ཤེས་པའི་རིག་པ་དེའི་མཚན་ཉིད་དུ་བསྟན་ཟེར་ན། འོ་ན། འདུས་མ་བྱས་ཀྱི་ནམ་མཁའ་དངོས་མེད་དམ་མེད་དགག་ཏུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱ་རང་མཚན་འཇལ་བའི་རིག་པར་ཐལ། ཚད་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དེའི་དམིགས་རྣམ་གཉིས་ཀར་རང་མཚན་མེད་པའི་ཕྱིར། དེས་ན་ལྷའི་ལུགས་ལ་བསྟན་ཚུལ་དེ་མ་ཡིན་པར་ཐལ། སྔ་མ་འཇིག་རྟེན་ལ་གྲགས་པའི་ཚད་མའི་མཚན་ཉིད་དང༌། ཕྱི་མ་བསྟན་བཅོས་ལ་གྲགས་པའི་ཚད་མའི་མཚན་ཉིད་བསྟན་ནས་62ཚད་མའམ་མཚན་ཉིད་ལ་རྨོངས་པ་བཟློག་པའི་ཕྱིར། དེར་ཐལ། ཚད་མ་འཇིག་རྟེན་ལ་གྲགས་ཟིན་པས་དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་རྩོམ་པ་དོན་མེད་དོ་སྙམ་པའི་ལོག་རྟོག་བཟློག་པའི་ཆེད་དུ་ཡིན་པའི་ཕྱིར། དེར་ཐལ། རིག་བྱེད་པས་རིག་བྱེད་ཀྱི་སྒྲ་ཚད་མར་འདོད་པ་སོགས་དང༌། བྱེ་སྨྲས་དབང་པོ་ཚད་མར་འདོད་པ་སོགས་ཀྱི་ལོག་རྟོག་དང་དེ་ལ་རྨོངས་པ་བཟློག་ཆེད་ཡིན་པའི་ཕྱིར། རྩ་བར། བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན། །ཞེས་དང༌། ལྷས། དེ་ལྟར་ན་ཚད་མ་དག་ནི་རབ་ཏུ་གྲགས་པ་ཉིད་མིན་ནོ། །ཕན་ཚུན་འགལ་བས་མཚན་ཉིད་བྱེད་པས་མཁས་པ་སྙམ་སེམས་པ་དག་གི་ལོག་པར་རྟོག་པ་མཐོང་བའི་ཕྱིར། འཇིག་རྟེན་ནི་སྨོས་ཀྱང་ཅི་དགོས་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །རྒྱན་གྱི་ལུགས་ལ། སྔ་མས་ཐ་སྙད་པའི་ཚད་མའི་མཚན་ཉིད་དང༌། ཕྱི་མས་དོན་དམ་པའི་མཚན་ཉིད་བསྟན་ཟེར་ན། རིགས་གཏེར་རྗེས་འབྲང་ཁ་ཅིག་ན་རེ། བསྟན་བཅོས་རྣམ་འགྲེལ་འདིར་ཚད་མ་སྤྱིའི་མཚན་ཉིད་གཅིག་མ་བསྟན་པར་ཐལ། སྔ་མས་ཐ་སྙད་ཀྱི་ཚད་མའི་མཚན་ཉིད་དང་ཕྱི་མས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པའི་ཕྱིར་ན་ཁ་ཅིག་གིས་མ་ཁྱབ་ཟེར། དེར་ཐལ། རྒྱན་ལས། འདི་ནི་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ལ། སྔ་མ་ནི་ཐ་སྙད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ན། འདིར་མ་ཁྱབ་སྟེ། མཚན་གཞི་དོན་དམ་པའི་ཚད་མའི་སྟེང་ནས་སྤྱིའི་མཚན་ཉིད་འཆད་པའི་ཕྱིར། དཔེར་ན་བྱས་པའི་སྟེང་ནས་ཚུལ་གསུམ་བཤད་པ་ཡིན་པའི་ཕྱིར། རྣམ་བཤད་ལས། འོ་ན་རྒྱན་མཁན་པོས་དེ་ལྟར་བཤད་པ་ཅི་ཞེ་ན། དེ་ནི་དོན་དམ་པའི་ཚད་མའི་མཚན་གཞི་ལ་མཚན་ཉིད་ཀྱི་སྒྲས་བསྟན་པ་ཡིན་གྱི་ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ། ཁོ་རང་ལ་ཚད་མ་མདོར་ཚད་མ་སྤྱིའི་མཚན་ཉིད་ཆད་པའི་སྐྱོན་ཡོད་པར་ཐལ། མདོར། མིང་དང་རིགས་སོགས་སྦྱོར་བ་ཡིས། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པས་མངོན་སུམ་ཚད་མའི་མཚན་ཉིད་དང༌། མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པས་རྗེས་དཔག་ཚད་མའི་མཚན་ཉིད་བསྟན་པ་གང་ཞིག །དེ་ལས་ཟུར་དུ་དེ་སྟོན་པའི་གཞུང་མེད་པའི་ཕྱིར། འཁོར་གསུམ་ཁས་བླངས། གཞན་ཡང། རྒྱན་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ཚད་མ་སྤྱིའི་མཚན་ཉིད་སྟོན་བྱེད་མ་ཡིན་པར་ཐལ། རྒྱན་ལས་ཚད་མ་སྤྱིའི་མཚན་ཉིད་སྟོན་པ་ཆད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེས་སྤྱིའི་མཚན་ཉིད་བསྟན་པར་བཞེད་པའི་ཕྱིར། རྒྱན་ལས། དེ་ལ་ཚད་མའི་མཚན་ཉིད་སྤྱིར་བསྟན་པ་ནི། ཚད་མ་བསླུ་བ་མེད་ཅན་གྱི་ཤེས་པ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚད་མ་གཉིས་ཀྱི་སྤྱིའམ་ཐུན་མོང་དུ་འགྲོ་བའི་མཚན་ཉིད་བསྟན་པར་བཤད་པའི་ཕྱིར། དེའི་ཐད་ཀྱི་ཉི་མ་སྦས་པའི་འགྲེལ་བཤད་ལས། རྣམ་འགྲེལ་དུ་བསྟན་པའི་མཚན་ཉིད་ལ་འཇུག་པ་སྨྲས་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྱིར་ཞེས་བྱ་བ་ནི་གཙོ་བོར་བྱ་བ་དང༌། ནས། ཐུན་མོང་ཉིད་དུ་ཉེ་བར་མཚོན་པ་གྱུར་པ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་པའི་ཕྱིར། རྒྱན་གྱིས་ཚད་མ་སྤྱིའི་མཚན་ཉིད་མ་བཤད་པར་འདོད་པས་རང་བླུན་པར་མ་ཟད་དཔེ་ཡང་མ་མཐོང་བར་སྨྲས་པ་ཡིན་ནོ། །

(62) པར་ཐེངས་གཉིས་པ། ཚད་མའམ་ཚད་ཉིད།

          གཞན་ཡང་ཡ་མ་རིས་མངོན་སུམ་ལེའུའི་འགྲེལ་བཤད་ལས། གང་ཡང་ཚད་མ་བསླུ་བ་མེད་ཅན་གྱི། ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་ཡིན་ལ། མངོན་སུམ་རྟོག་དང་བྲལ་བ་ཅན། །ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ལུང་དོན་མ་གྲུབ་པར་ཐལ། རྒྱན་ལས། ཚད་མ་བསླུ་བ་མེད་ཅན་གྱི་ཤེས་པ་ཞེས་སོགས་ཀྱིས་ཚད་མ་སྤྱིའི་མཚན་ཉིད་དངོས་སུ་བསྟན་པར་ཡ་མ་རིས་མི་བཞེད་པའི་ཕྱིར། རྟགས་སོང་། དེར་ཐལ། རྒྱན་གྱིས་སྤྱིའི་མཚན་ཉིད་མ་བཤད་པའི་ཕྱིར། འཁོར་གསུམ། གཞན་ཡང་མངོན་སུམ་ལེའུའི་འགྲེལ་བར། དེའི་འགྲེལ་བཤད་ཉི་མ་སྦས་པས། དེ་ལྟར་ཚད་མའི་མཚན་ཉིད་ཐུན་མོང་བ་བརྗོད་ནས། རྒྱན་ལས་འདི་ལྟར་སྤྱིའི་མཚན་ཉིད་བརྗོད་ནས་ཁྱད་པར་གྱི་མཚན་ཉིད་བཤད་པ་ཞེས་དང་། ད་ནི་དེའི་དབྱེ་བ་བསྟན་པའི་ཕྱིར། ཞེས་གསུངས་པའི་དོན་མ་གྲུབ་པར་ཐལ། རྒྱན་ལས། ཚད་མ་བསླུ་བ་མེད་ཅན་གྱི་སོགས་ཀྱིས་ཚད་མ་སྤྱིའི་མཚན་ཉིད་དངོས་སུ་མི་སྟོན་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཡང་ཁོ་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཐ་སྙད་ཚད་མའི་མཚན་ཉིད་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པར་ཐལ། འདིའི་ཡུལ་མི་བསླུ་བ་དོན་བྱེད་ནུས་པའི་ཆོས་དང༌། དོན་གསལ་གྱི་དོན་གཉིས་མེད་དོན་དམ་ཡིན་པའི་ཕྱིར། རྩ་བར། དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་ཞེས་དང༌། རྒྱན་ལས། ཡང་ན་འདིར་དོན་གྱི་དམ་པ་བརྗོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ཏེ། རིགས་གཏེར་ལས། མི་བསླུ་མ་ཤེས་དོན་གསལ་གཉིས། །རྣམ་གྲངས་པ་འམ་ཐ་དད་སྨྲ། །ཞེས་པས་ལྷ་དབང་བློས་རྣམ་གྲངས་དང། རྒྱན་ཐ་དད་དེ་འགལ་བར་འདོད་པའི་དོན་ཡིན་པའི་ཕྱིར་ཟེར། འོ་ན་སྒྲ་འཇལ་བའི་ཐ་སྙད་པའི་ཚད་མ་ཆོས་ཅན། དོན་དམ་པའི་ཚད་མ་ཡིན་པར་ཐལ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཚད་མ་ཡིན་པའི་ཕྱིར། འདོད་ན། དོན་དམ་དཔྱོད་བྱེད་ཀྱི་རིག་པ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། སྒྲ་སྟོང་ཉིད་ཡིན་པར་ཐལ། དེ་འཇལ་བའི་ཚད་མ་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། འཁོར་གསུམ། རྨོངས་པའི་དབང་ཕྱུག་གོ །ཡང་གཉིས་སྟོང་གཞལ་བའི་དོན་དམ་པའི་ཚད་མ་ཆོས་ཅན། ཐ་སྙད་པའི་ཚད་མར་ཐལ་ལོ། །སླུ་བ་མེད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། གཉིས་སྟོང་དོན་དམ་མ་ཡིན་པར་ཐལ་ལོ། །དེ་འཇལ་བའི་ཚད་མ་ཐ་སྙད་པའི་ཚད་མ་ཡིན་པའི་ཕྱིར། འཁོར་གསུམ་གྱི་ཕྲེང་བ་རིང་པོ་སྤྲོས་པས་ཆོག་གོ །ཡང་སྔ་རབས་པ་.....དམྱལ་གཙང་ངན་སོགས་དག་ན་རེ། བྲམ་ཟེ་ཆེན་པོ་བདེན་པའི་དོན་རྟགས་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་བཞེད་དེ། ཆོས་གསུམ་ནི། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་དང༌། འཛིན་སྟངས་ཀྱི་ཁྱད་པར་མ་འཁྲུལ་བ་དང༌། བྱེད་ལས་ཀྱི་ཁྱད་པར་སྒྲོ་འདོགས་སེལ་བའོ། །ཞེས་ཟེར་བ་ཚིག་གི་སྒྲ་སྒྲོག་ཙམ་ཡིན་པར་ཐལ། བྲམ་ཟེའི་གཞུང་བོད་དུ་འགྱུར་བ་གང་ལ་ཡང་མེད་ཅིང༌། དེ་ལྟར་བཞེད་པའི་རྒྱ་གཞུང་གི་ཁུངས་ཀྱང་མེད་པའི་ཕྱིར། སྡེ་བདུན་རྒྱན་ལས། བྲམ་ཟེ་དེ་ལྟར་བཞེད་པའི་ཁུངས་གང་ཡང་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་ལེགས་པར་གོ །ཡང་སྔ་རབས་པ་.....ཆ་དམྱལ་གཅོད་ངན་ཆུ་རིགས་སོགས་དག་ན་རེ། སློབ་དཔོན་ཆོས་མཆོག་མི་བསླུ་བ་ཁྱད་པར་གསུམ་ལྡན་ཚད་མའི་མཚན་ཉིད་དུ་བཞེད་དེ། ཁྱད་པར་གསུམ་ནི། ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ་དང་ལྡན་པ། ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པ་དང༌། བྱེད་ལས་ཀྱི་ཁྱད་པར་དོན་ཡོངས་སུ་གཅོད་པ་ལ་གནས་པའི་ནུས་པ་ཞེས་བྱ་བ་ཡིན་ལ། མ་ཁྱབ་པ་གཅོད་པའི་མཚན་ཉིད་ཀྱི་ཟུར་གཅིག་ཁ་བསྐང་བར་བྱའོ། །ཞེས་བཞེད་དོ། །དེ་སྐད་དུ་ཆ་བའི་སྤྱི་དོན་དང་བླ་མ་གཞན་གྱི་སྤྱི་དོན་དང་མཐའ་དཔྱོད་ལས་འབྱུང་ཞིང༌། དེ་ལ་དགག་པ་ལྔ་སོགས་བྱེད་པ་ཤིན་ཏུ་མི་འཐད་པར་ཐལ། དེ་ནི་མཁས་པའི་དགོངས་པ་མ་རྟོགས་བཞིན་དུ་དགག་པ་བྱས་པས་མི་རིགས་པ་ཆེན་པོ་ཡིན་པའི་ཕྱིར། རྣམ་ངེས་ཊཱིཀ་ཆེན་ལས། སྔོན་གྱི་དགེ་བའི་བཤེས་གཉེན་ཆ་པ་ལ་སོགས་པས། ཞེས་པ་ནས། ཆོས་མཆོག་ཆེན་པོའི་དགོངས་པ་ཅི་ཡིན་མ་རྟོགས་བཞིན་དུ་ཞེས་དང༌། སྡེ་བདུན་རྒྱན་ལས། སྒྲོ་འདོགས་འདི་ལྟར་སྨྲ་བས། འགྲེལ་པ་མཁན་པོའི་དགོངས་པ་རྟོགས་པའི་ནུས་པ་མེད་པར་གསལ་བར་བྱས་ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་དག་གིས་ཆོས་མཆོག་ལ་ཅི་ཡང་མི་གནོད་པར་ཐལ། ཆོས་མཆོག་གིས་དེ་ལྟར་མི་བཞེད་པའི་ཕྱིར། དེར་ཐལ། དེས་ཚད་མ་ལ་འཇུག་ཡུལ་དཔྱད་སྟོབས་ཀྱིས་ཡུལ་དེ་དང་དེ་རྟོགས་པ་དང་གསར་རྟོགས་གཅིག་དགོས་པར་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། འཐད་ལྡན་ལས། འཇུག་པ་ཡང་ཁོང་དུ་ཆུད་པ་ལས་གཞན་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཐད་ལྡན་ལས། དེའི་ཕྱིར་ཚད་མ་ཐམས་ཅད་ནི་མ་རྟོགས་པའི་དོན་ཅན་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མ་རྟོགས་པའི་དོན་ཅན་ཞེས་པས་རྟོགས་ཟིན་རྟོགས་པ་མ་ཡིན་པ་བསྟན་པའི་ཕྱིར་ཏེ། རྩ་བར། མ་ཤེས་དོན་གྱི་གསལ་བྱེད་ཅེས་པ་དང་དོན་གཅིག་པའི་ཕྱིར། མ་ཁྱབ་པ་གཅོད་པ་ཁ་བསྐང་བ་ཞེས་པ་དེ་ཡང་བབ་ཆོལ་ཡིན་པར་ཐལ། ཆོས་མཆོག་གི་གཞུང་ལ་དེ་འདྲ་མེད་པའི་ཕྱིར། སྡེ་བདུན་རྒྱན་ལས། མ་ཁྱབ་པ་གཅོད་པ་ཁ་སྐོང་བར་བྱའོ། །ཞེས་བྱ་བ་ནི་སློབ་དཔོན་ཆོས་མཆོག་གི་གཞུང་གང་ནའང་ཟུར་ཙམ་མེད་པས་སྔ་མ་དག་གིས་བབ་ཆོལ་བྱས་པར་ཟད་དོ། །ཞེས་གསུངས་པའི་ཕྱིར། ཡང་བོད་ཀྱི་རྟོག་གེ་བའི་དབང་པོ་ཁ་ཅིག་ན་རེ། སྔར་མ་རྟོགས་པའི་དོན་བདེན་པ་ལ་སྒྲོ་འདོགས་པའི་ཟློག་ཕྱོགས་འགལ་བ་ཚད་མའི་མཚན་ཉིད་དུ་འདོད་དེ། ཆ་བསྡུས་ལས། མ་རྟོགས་དོན་གྱི་གསལ་བྱེད་བྱ་བའི་དོན་ནི། ནས། སྒྲོ་འདོགས་བསྐྱེད་པའི་ནུས་པ་བཟློག་པ་སྟེ། དེ་ལ་བདེན་པ་རྟོགས་པ་ཞེས་བྱ་ཞེས་གསུངས། དེ་ལ་འོ་ན། གཟུགས་སོགས་རྫུན་པ་འཇལ་བའི་ཚད་མ་མི་སྲིད་པར་ཐལ། ཚད་མ་ལ་བདེན་པ་རྟོགས་པས་ཁྱབ་པའི་ཕྱིར། རྟགས་ཁས། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཀུན་རྫོབ་བདེན་པ་མི་སྲིད་པར་ཐལ་ལོ། །འདོད་པའི་ཕྱིར།

           ཡང་ཁ་ཅིག་ན་རེ། མ་ཤེས་དོན་གྱི་གསལ་བྱེད་ཅེས་པའི་དོན། སྔར་ཤེས་ཟིན་པའི་ཡུལ་རྟོགས་པ་ཚད་མ་ཡིན་པ་བསལ་བས་ན། ཚད་མ་ཡིན་ན། སྔར་རྟོགས་ཟིན་མ་བརྗེད་པའི་ཡུལ་མི་འཇལ་བས་ཁྱབ་ཟེར་ན། འོ་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཚད་མ་ཡིན་ནམ་མིན་བརྟགས་ན། དང་པོ་ལྟར་ཡིན་ཟེར་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོས་རྟོགས་ཟིན་མ་བརྗེད་པ་གཞལ་བའི་བློ་ཡིན་བའི་ཕྱིར། དེར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོས་ཆོས་ཐམས་ཅད་རྟོགས་ཟིན་པ་ཁྱོད་ཀྱིས་དུས་སུ་ཡང་དོན་མ་བརྗེད་པར་ཁྱོད་ཀྱིས་གཞལ་བའི་ཕྱིར། འཁོར་གསུམ། རྣམ་མཁྱེན་སྐད་ཅིག་ཕྱི་མ་ཡིན་པའི་ཕྱིར། འདོད་ན། དངོས་སུ་འགལ་ལོ། །གལ་ཏེ་གཉིས་པ་ལྟར་ཚད་མ་མིན་ཟེར་ན། འོ་ན་རྣམ་མཁྱེན་སྐད་ཅིག་གཉིས་པའི་དུས་སུ་གསར་དུ་གྲུབ་རྒྱུའི་དངོས་པོ་མེད་པར་ཐལ། དེ་རྣམ་མཁྱེན་སྐད་ཅིག་གཉིས་པས་གསར་དུ་རྟོགས་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། རྣམ་མཁྱེན་སྐད་ཅིག་གཉིས་པའི་དུས་སུ་གསར་སྐྱེས་ཀྱི་དངོས་པོ་རྣམས་ཆོས་ཅན། རྣམ་མཁྱེན་སྐད་ཅིག་གཉིས་པས་གཏན་ནས་མ་རྟོགས་པར་ཐལ། རྣམ་མཁྱེན་སྐད་ཅིག་གཉིས་པའི་སྔ་རོལ་ཏུ་ཁྱོད་དང་རྣམ་མཁྱེན་སྐད་ཅིག་གཉིས་པ་གང་ཡང་མ་གྲུབ༌། དེ་གཉིས་ཡོད་དུས་སུ་མ་རྟོགས་པ་དེའི་ཕྱིར། རྟགས་ཁས་ཤིང༌། འཁོར་གསུམ་ཡང་ཁས་སོ། །འདོད་མི་ནུས་ཏེ། དེ་དུས་ཀྱི་གསར་སྐྱེས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། རྣམ་མཁྱེན་ཡིན་པའི་ཕྱིར། ཇི་སྐད་དུ་རྣམ་བཤད་ལས། ཁོ་བོས་ནི། ཁ་ནང་དུ་ཕྱོགས་ནས་ཅི་ཙམ་བསམས་ཀྱང༌། ཚད་མ་མ་ཡིན་པའི་ཀུན་མཁྱེན་དང༌། ཚད་མ་ལ་གསར་རྟོགས་ཀྱིས་མ་ཁྱབ་པ་མ་ཚོར། ཞེས་གསུངས་པའི་ཕྱིར། གཞན་ཡང་སངས་རྒྱས་འཕགས་པ་ཐམས་ཅད་ལ། རྩ་བར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །གསུངས་པའི་དོན་མ་ཚང་བར་ཐལ། སངས་འཕགས་ཐམས་ཅད་ཚད་མ་རྒྱུད་ལྡན་གྱི་ཚད་མའི་སྐྱེས་བུ་མ་ཡིན་པའི་ཕྱིར། འདོད་ན། ཚད་མ་མདོ་ལས་སངས་འཕགས་རྣམས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སོགས་ཀྱི་ཚད་མར་གྱུར་པ་ཞེས་པས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་བསྟན་ནས་གྱུར་པ་སོགས་ཀྱིས་དེ་སྒྲུབ་བྱེད་ཀྱི་རྒྱུ་བསྟན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོའི་རང་འགྲེལ་ལས། རབ་ཏུ་བྱེད་པའི་དང་པོར། རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པའི་ཚད་མར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་ཞེས་གསུངས་པའི་དོན་མ་གྲུབ་པར་ཐལ། དེའི་དངོས་བསྟན་གྱི་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་མཐར་ཐུག་ལ་བསྟོད་ཕྱག་མཛད་པ་དེ་དེའི་དོན་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་དངོས་བསྟན་གྱི་ཚད་མ་སྟོན་པ་སངས་རྒྱས་ལ་བྱེད་པའི་ཕྱིར། རྒྱན་ལས། འདིར་བསྟན་བཅོས་ཀྱི་དང་པོར། བཅོམ་ལྡན་འདས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མ་ཡང་དག་པ་ཉིད་དུ་བསྟོད་པ་ཞེས་དང༌། ཡང་དེ་ཉིད་ལས། ཚད་མ་ཡང་བཅོམ་ལྡན་འདས་ཉིད་ཡིན་ཏེ། ཚད་མའི་མཚན་ཉིད་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མི་ཤེས་པ་ཁ་ཅིག་ན་རེ། ཀུན་མཁྱེན་ཡེ་ཤེས་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་བཟུང་ཟིན་བསྣན་ནས་འཛིན་པའི་རིག་པ་ཡིན་པ་གང་ཞིག །རང་གི་ཉེར་ལེན་ཀུན་མཁྱེན་སྔ་མས་མ་རྟོགས་པ་མེད་པའི་ཕྱིར་ཟེར་ན། ཤིན་ཏུ་མི་འཐད་པར་ཐལ། དང་པོའི་བསྣན་ཚུལ་དཔྱད་ན་དངོས་འགལ་འོང་ལ། ལུང་གཞན་དག་གིས་ཁེགས་ཤིང་གཡག་ཞར་གྱི་རང་བཞིན་ཡིན་པས་དོར་རིགས་པའི་ཕྱིར་ཏེ། སྡེ་བདུན་རྒྱན་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་བཅོམ་ལྡན་འདས་ཀྱི་ཚད་མ་ལའང་མཚན་ཉིད་དེ་ལྡན་པར་བཤད་པའི་ཕྱིར། ཚུལ་འདི་ནི་རང་གི་བློ་གྲོས་ཡངས་པ་ཙམ་ཞིག་མཚོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མ་བྱས་ན་སངས་འཕགས་སྐད་ཅིག་ཕྱི་མ་གང་རུང་ཡིན་ན། ཚད་མ་རྒྱུད་ལ་མི་ལྡན་པས་ཁྱབ་པ་སྨྲ་དགོས་པས། ཚད་མའི་སྐྱེས་བུའང་མ་ཡིན་པར་སྨྲ་དགོས། འདི་ནི། རྩ་བར། ལན་ནི་འབྲེལ་མེད་བཞད་གད་དེ། །ཞེས་པའི་བཞད་གད་ཀྱི་རྒྱུ་ཁོ་ན་ཡིན་ནོ། །

          ཡང་ཚིག་ལ་རྩོད་ན་ཁ་ཅིག་ན་རེ། བཅད་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། གསར་དུ་མི་བསླུ་བའི་རིག་པར་སྐྱེས་པའི་ཕྱིར་ན། ཁ་ཅིག་མ་ཁྱབ་ཟེར། དེར་ཐལ། མི་བསླུ་བའི་རིག་པར་གསར་དུ་སྐྱེས་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། རིག་པར་གསར་དུ་སྐྱེས་ན་གསར་དུ་རིག་པར་སྐྱེས་པས་ཁྱབ་པའི་ཕྱིར་ན་ཡང་མ་ཁྱབ། གོང་གི་རྟགས་གྲུབ་སྟེ། མི་བསླུ་བའི་རིག་པར་རང་རྒྱུ་ལས་གསར་དུ་སྐྱེས་པའི་ཕྱིར། དེར་ཐལ། མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་ཡིན་ན་རང་རྒྱུ་ལས་གསར་དུ་སྐྱེས་པས་ཁྱབ་པའི་ཕྱིར། བཅད་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ལ་མི་བསླུ་བའི་རིག་པ་གང་ཞིག །དེའི་ཉེར་ལེན་དུ་གྱུར་པའི་བུམ་པ་འཇལ་བའི་ཚད་མ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་རང་གིས་གཞལ་བ་ལྟར་གྲུབ་པའམ་དོན་བྱེད་པའི་ཕྱིར། རྩ་བར། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་གསུངས་པའི་ཕྱིར། གཉིས་པ་མ་གྲུབ་ན། དེའི་ཉེར་ལེན་བུམ་པ་འཇལ་བའི་ཚད་མ་ཁོ་ཁོ་རང་ཡིན་པར་ཐལ། དེའི་ཉེར་ལེན་བུམ་པ་འཇལ་བའི་ཚད་མ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་བཅད་ཤེས་ཀྱི་ཉེར་ལེན་ཡིན་པར་ཐལ། དེ་བཅད་ཤེས་ཀྱི་ཉེར་ལེན་བུམ་པ་འཇལ་བའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་མེད་ན་བཅད་ཤེས་མེད་དགོས་པར་ཐལ། ཁྱོད་བཅད་ཤེས་ཀྱི་ཉེར་ལེན་ནམ་དངོས་རྒྱུ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་པོ་དེ་ལ་རྒྱུ་ཇི་སྙེད་ཡོད་པ་དེ་གང་རུང་ཡིན་ན་ཁོ་མེད་ན་འབྲས་བུ་དེ་མི་འབྱུང་བས་ཁྱབ་པ་མེད་པའི་ཕྱིར། དེར་ཐལ། དངོས་པོ་དེའི་རྒྱུ་ལ་ཕུན་སུམ་ཚོགས་པའི་རྒྱུ་དང་འཕེལ་བའི་རྒྱུ་ཡིན་ཀྱང་མེད་ན་མི་འབྱུང་གི་རྒྱུ་མ་ཡིན་པ་དུ་མ་ཡོད་པའི་ཕྱིར་ཏེ། དཔེར་ན་ཤར་ནུབ་ཀྱི་ཡུར་ཆུ་གཉིས་ལྡན་གྱི་ནས་ཞིང་སྒོར་མོའི་ནུབ་ཆུ་བཞིན་ཡིན་པའི་ཕྱིར། རྩ་བར། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ཞེས་གསུངས་པའི་ཕྱིར་དང༌། དེ་ལ་དངོས་ཀྱི་ཕན་འདོགས་བྱེད་ཡིན་ན་མེད་ན་མི་འབྱུང་གི་ཕན་འདོགས་བྱེད་ཀྱིས་མ་ཁྱབ་པའི་ཕྱིར། འདིར་ཞིབ་ཆ་གཅིག་དགོས། གོང་དུ་མ་ཁྱབ་མཚམས་ལ་འདོད་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བཅད་ཤེས་མེད་པར་ཐལ། བཅད་ཤེས་ཀྱི་ཉེར་ལེན་བུམ་པ་འཇལ་བའི་ཚད་མ་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་མི་བསླུ་བ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཡིད་དཔྱོད་ཚད་མ་ཡིན་པ་གཅོད་ཆེད་ཡིན་པའི་ཕྱིར། རིག་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དབང་པོ་གཟུགས་ཅན་ཚད་མ་ཡིན་པ་གཅད་པའི་ཆེད་ཡིན་པའི་ཕྱིར། འོ་ན་མི་བསླུ་བ་དང་རིག་པ་སྨོས་པའི་དགོས་པ་དེ་ཙམ་དུ་ཟད་པར་ཐལ། ཁྱོད་ཀྱིས་བཤད་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དང་པོ་ལ་དགོས་པ་དེ་ཙམ་དུ་མ་ཟད་པ་གང་ཞིག །གཉིས་པ་ལ་དགོས་པ་དེས་མ་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། རྨི་ལམ་གྱི་ཤེས་པ་དང་དུང་སེར་འཛིན་སོགས་ལོག་ཤེས་དང་ཐེ་ཚོམ་དང་ཡིད་དཔྱོད་རྟོག་པ་དོན་མཐུན་གྱི་སྒྲ་བྱུང་ཡང་གཅད་པའི་ཆེད་ཡིན་པའི་ཕྱིར། ཛེ་ཏཱ་རིས། བསླུ་བ་མེད་པ་ཅན་སྨོས་པས། བསླུ་བར་བྱེད་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ་བསལ་ལོ། །ཞེས་དང༌། ཐར་འབྱུང་སྦས་པས་ཀྱང༌། བསླུ་བ་མེད་པའི་ཤེས་པ་ནི་ཡང་དག་པའི་ཤེས་པར་བརྗོད་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཤེས་པ་དེ་དག་ལ་མི་བསླུ་བ་ཉིད་ཡོད་པ་ཡང་མ་ཡིན་ཏེ། ཤིང་སྐམ་པོ་མ་ཡིན་སྙམ་པའི་ཤེས་པ་དང༌། སྨིག་རྒྱུ་ལ་ཆུའི་རྣམ་པར་ཤེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ཐེ་ཚོམ་ལོག་ཤེས་སོགས་དངོས་སུ་བསྟན་ལ་ཡིད་དཔྱོད་སོགས་ཚད་མ་ཡིན་པ་དེས་མ་བཅད་ན་གསར་དུ་དང་ཤེས་པ་སྨོས་པ་གཉིས་ཀྱིས་མི་ཆོད་པའི་ཕྱིར། རྟགས་སླ། རྩ་རྟགས་གཉིས་པ་གྲུབ་སྟེ། རིག་པ་སྨོས་པས་ཡུལ་མི་བསླུ་བ་དང་དབང་པོ་དང་སྒྲ་སོགས་བེམ་པོ་མི་བསླུ་བ་ཚད་མ་ཡིན་པ་གཅོད་པའི་ཕྱིར། ཛེ་ཏཱ་རིས། ཤེས་པ་སྨོས་པས་ནི་ཤེས་པ་མ་ཡིན་པའི་དབང་པོ་ལ་སོགས་པ་བསལ་ལོ། །ཞེས་དང༌། ཐར་འབྱུང་སྦས་པས་ཀྱང༌། ཡང་དག་པའི་ཤེས་པ་ཚད་མའོ། །ཞེས་བརྗོད་ན། ཤུགས་ལ་བེམ་པོའི་རང་བཞིན་དབང་པོ་ལ་སོགས་ནི་ཡོངས་སུ་གཅོད་པར་བྱེད་པ་ཉིད་མེད་པའི་ཕྱིར། ཚད་མ་ཉིད་བསལ་ལོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡོངས་སུ་བཅད་དེ་འཇུག་ཅེས་པས་ཡུལ་མི་བསླུ་བ་གཅོད་པའི་ཕྱིར། དེར་ཐལ། ལྷས་ཀྱང༌། མི་བསླུ་བ་དེ་ཡང་དོན་ཡོངས་སུ་བཅད་ནས་འཇུག་པ་ན་ཞེས་གསུངས་པའི་ཕྱིར། ཤཱཀྱའི་འགྲེལ་པ་ལས། ཚད་མ་བསླུ་མེད་ཅན་ཞེས་བྱ་བ་དེ་ཙམ་གྱིས་ཤེས་པ་ཞེས་བྱ་བ་འཐོབ་པར་མི་འགྱུར་ཏེ། ཡུལ་ལ་ཡང་མི་བསླུ་བ་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཤེས་པ་སྨོས་སོ། །ཞེས་གསུངས་པའི་ཕྱིར།

                  མི་བསླུ་བའི་དོན་ལ་ཁ་ཅིག་ན་རེ། མི་བསླུ་བ་ལ་གཉིས་ཡོད་དེ། ཡུལ་མི་བསླུ་བ་དང་ཡུལ་ཅན་མི་བསླུ་བ་གཉིས་སུ་དབྱེར་ཡོད་པའི་ཕྱིར་ཏེ། དོན་བྱེད་ནུས་པའི་དངོས་པོ་རྣམས་ཡུལ་མི་བསླུ་བ་དང༌། རང་གི་གཞལ་བྱ་རྟོགས་པའི་ཤེས་པ་རྣམས་ཡུལ་ཅན་མི་བསླུ་བ་དང་དོན་གཅིག་ཟེར། འོ་ན་ཡུལ་མི་བསླུ་བ་ཡིན་ན། མི་བསླུ་བ་ཡིན་པས་ཁྱབ་པར་ཐལ། མི་བསླུ་བ་གཉིས་སུ་དབྱེ་བ་དེའི་ཕྱིར། འདོད་ན། ཐེ་ཚོམ་དང་ལོག་ཤེས་རྣམས་རེ་རེ་ནས་ཆོས་ཅན། མི་བསླུ་བ་ཡིན་པར་ཐལ། ཡུལ་མི་བསླུ་བ་ཡིན་པའི་ཕྱིར། དེར་ཐལ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ལ་སྣང་བ་ལྟར་དོན་བྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་གྲུབ་ན་ཡུལ་མི་བསླུ་བ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་པའི་ལུང་དོན་གྲུབ་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རང་མངོན་སུམ་དུ་རྟོགས་པའི་རང་རིག་མངོན་སུམ་ལ་སྣང་བ་ལྟར་གྲུབ་པའི་ཕྱིར། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། འཁོར་གསུམ། རྩ་བར་འདོད་མི་ནུས་ཏེ། བསླུ་བ་ཡིན་པའི་ཕྱིར། དེར་ཐལ། བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་རྟོགས་མི་ཐུབ་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ལྷས། བསླུ་བར་བྱེད་པས་ན་བསླུ་བའོ་ཤེས་པ་གང་ལ་བསླུ་བ་ཡོད་པ་དེ་ནི་བསླུ་བ་ཅན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤེས་པའི་བསླུ་བ་ནི་རྟོག་པ་ལ་རང་གི་ཞེན་ཡུལ་མེད་པ་དང༌། རྟོག་མེད་ལ་རང་གི་སྣང་གཞིའི་དོན་མེད་ནས་བསླུ་བ་གཉིས་ཡིན་པའི་ཕྱིར། ཤཱཀ་འགྲེལ་ལས། ཤེས་པའི་ཆོས་བསླུ་བ་ནི་རྣམ་པ་གཉིས་ཏེ། ཞེས་གསུངས་པའི་ཕྱིར། དེས་ནི་དོན་བྱེད་ནུས་པའི་ཆོས་ལ་མི་བསླུ་བས་ཁྱབ་པ་ཡང་ཁེགས་སོ། །ཡང་ཡུལ་ཅན་མི་བསླུ་བ་དང་གཞལ་བྱ་རྟོགས་པའི་ཤེས་པ་དོན་གཅིག་པ་ཡང་ཤིན་ཏུ་ཐ་ཆད་ཡིན་པར་ཐལ། །དབང་པོ་མི་བསླུ་བ་དང༌། བསྟན་བཅོས་མི་བསླུ་བ་དང༌། སྐྱེས་བུ་མི་བསླུ་བ་སྟེ་ཤེས་པ་མ་ཡིན་པའི་ཡུལ་ཅན་མི་བསླུ་བ་གསུམ་ཡོད་པའི་ཕྱིར། དང་པོ་དང་དབང་པོ་མ་འཁྲུལ་བ་དོན་གཅིག །གཉིས་པ་དང་ལུང་ཚད་མ་དོན་གཅིག །གསུམ་པ་དང་ཚད་མའི་སྐྱེས་བུ་དོན་གཅིག་ཡིན་པའི་ཕྱིར།

           གཉིས་པ་རང་ལུགས་ལ་ཚད་མའི་མཚན་ཉིད། དེ་བསྟན་ཚུལ། དབྱེ་བ། མི་བསླུ་བའི་དོན་བཤད་པ་བཞི། དང་པོ་ནི། གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ཏེ། གསར་དུ་སྨོས་པས་བཅད་ཤེས་ཚད་མ་ཡིན་པ་སོགས་གཅོད། མི་བསླུ་བ་སྨོས་པས་ཐེ་ཚོམ་དང་ལོག་ཤེས་དང་ཞེན་དོན་ཡོད་ཀྱང་མི་གཞལ་བའི་རྟོག་པ་དོན་མཐུན་དང་ཡིད་དཔྱོད་མན་ཆད་གཅོད། ཤེས་པ་སྨོས་པས་ཡུལ་མི་བསླུ་བ་དང༌། རྗོད་བྱེད་མི་བསླུ་བ་དང༌། དབང་པོ་མི་བསླུ་བ་དང༌། སྐྱེས་བུ་མི་བསླུ་བ་ཡང་ཚད་མ་ཡིན་པ་གཅོད་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ལ་གསར་རྟོགས་དང༌། ཤེས་པ་དེས་སྔར་ཤེས་ཟིན་དྲན་པའི་དྲན་ཤེས་ལྟ་བུ་མིན་དགོས་པའི་ཕྱིར། ཚད་མའི་སྐད་དོད་པྲ་མཱ་ནའི་པྲ་ནི་པྲ་མ་ཐ་སྟེ་དང་པོ་དང༌། མ་ནི། བྱིངས་མདོ་ལས། མཱན་འཇལ་བ་ལ་འོས་གསར་འཇལ་དུ་བཤད་དགོས་པས་དེ་མ་ཡིན་པ་ཚད་མར་མི་རུང་བའི་ཕྱིར། རྩ་བར། མ་ཤེས་དོན་གྱི་གསལ་བྱེད། ཅེས་དང༌། ཛེ་ཏཱ་རིས། མ་བཟུང་བ་ནི་སྔོན་གྱི་ཤེས་པ་གཞན་གྱིས་ངེས་པར་མ་རྟོགས་པ་སྟེ། དེ་འཛིན་པ་ནི་མ་བཟུང་བ་འཛིན་པའོ། །ཞེས་དང། རྟོག་གེ་སྐད་ལས། དེས་ན་དོན་ནི་འདི་ཡིན་ཏེ། གང་དང་པོ་ཁོ་ན་ཚད་མ་སྟེ་ཞེས་གསུངས་པའི་ཕྱིར། རྩ་རྟགས་ཕྱི་མ་གཉིས་གྲུབ་ཟིན། དེས་ན་གསར་དུ་མི་བསླུ་བའི་ཤེས་པ་དང༌། དང་པོར་འཇལ་བའི་ཤེས་པ་དང༌། གསར་རྟོགས་ཀྱི་ཤེས་པ་དང༌། གསར་འཇལ་གྱི་བློ་དང༌། མ་ཤེས་དོན་གསལ་གྱི་བློ་དང༌། མ་བཟུང་བ་གཞལ་བའི་ཤེས་པ་དང༌། རང་དབང་དུ་འཇལ་བའི་ཤེས་པ་རྣམས་དོན་གཅིག་སྟེ། གསར་དུ་དང་དང་པོར་དང་རང་དབང་དུ་དང་མ་ཤེས་པའི་དོན་གཞལ་བ་དོན་གཅིག །དོན་གསལ་དང་གཞལ་བ་དང་ཡོངས་སུ་བཅད་པ་དང་མི་བསླུ་བ་དང་རྟོགས་པ་རྣམས་དོན་གཅིག་པའི་ཕྱིར།

                 གཉིས་པ་མཚན་ཉིད་དེ་བསྟན་ཚུལ་ཡོད་དེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་མཚན་ཉིད་ཀྱི་མི་བསླུ་བའི་ཤེས་པ་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་མ་ཤེས་པའི་དོན་ཤེས་པའམ་གསར་ཤེས་དགོས་པར་བཤད་པ་དེ་ཡིན་པའི་ཕྱིར། དེར་ཐལ། སྔ་མའི་མི་བསླུ་བའི་དོན་འཆད་པར། རྩ་བར། དོན་བྱེད་ནུས་པར་གནས་པ་ནི། མི་བསླུ་ནས། རྒྱུ་ཅན་མིན། ཞེས་བྱུང༌། བཅད་ཤེས་ཚད་མའི་སྒྲ་དོན་བྱེད་ཚུལ་འཆད་པར། རྩ་བར། བཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་བློ་ཞེས་བྱུང༌། སྔ་མའི་ཤེས་པའི་དོན་འཆད་པར། རྩ་བར། བློ་ནི་ཚད་མ་ཉིད། ནས། དེ་ཡོད་ན་འདི་ཡོད་ཕྱིར་རོ། །ཞེས་བྱུང༌། ཚད་མའི་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་འཆད་པར། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བྱུང༌། ཚད་མའི་མཚན་ཉིད་བཤད་པའི་དགོས་པ་སྟོན་པར། རྩ་བར། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་བྱུང༌། ཚད་མའི་མཚན་ཉིད་ཀྱི་ཟུར་གསར་རྟོགས་སམ་དང་པོ་གཞལ་བའི་དོན་འཆད་པར། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་བྱུང། དེ་ལ་རྩོད་སྤོང་འཆད་པར། རྩ་བར། རང་གི་ངོ་བོ་རྟོགས་འོག་ཏུ། །ནས། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བྱུང༌།

           གསུམ་པ་དབྱེ་བ་ལ་དབྱེ་ཚུལ་དུ་མ་ཡོད་དེ། གཟུང་ཡུལ་གྱི་གཞལ་བྱའི་སྒོ་ནས་མངོན་རྗེས་གཉིས་དང༌། རང་གི་མི་བསླུ་བའི་ཆ་ལ་ངེས་པ་འདྲེན་ཚུལ་སྒོ་ནས་རང་ངེས་གཞན་ངེས་གཉིས་དང༌། རྣམ་པའི་སྒོ་ནས་གཟུང་རྣམ་འཇལ་བའི་གཞན་རིག་ཚད་མ་དང༌། འཛིན་རྣམ་གཞལ་བའི་རང་རིག་ཚད་མ་གཉིས་ཚད་མར་འཇུག་ཚུལ་སྒོས་སེལ་འཇུག་གི་རྗེས་སུ་དཔག་པའི་ཚད་མ་སྒྲུབ་འཇུག་གི་མངོན་སུམ་གྱི་ཚད་མ་གཉིས་སུ་དབྱེར་ཡོད་པ་དེའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་ལ་རང་གི་གཟུང་ཡུལ་དུ་གྱུར་པའི་རང་མཚན་གཞལ་བའི་མངོན་སུམ་གྱི་ཚད་མ་དང༌། རང་གི་གཟུང་ཡུལ་སྤྱི་མཚན་བཟུང་བའི་སྒོ་ནས་གཞལ་བའི་རྗེས་དཔག་གཉིས་སུ་གྲངས་ངེས་པའི་ཕྱིར། ཚད་མ་མདོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་གསུངས་པ་དེའི་དོན་རྣམ་འགྲེལ་འདིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར། འདི་གཉིས་སུ་དབྱེ་བ་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་ཏེ། ཛེ་ཏཱ་རིས། རྣམ་པ་གཉིས། ཞེས་སྨོས་པས། ཚད་མ་གཅིག་དང༌། གསུམ་དང༌། བཞི་དང་ལྔ་དང༌། དྲུག་གོ་སྙམ་པའི་ལོག་པར་རྟོག་པ་རྣམས་བསལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སོགས་མང་ངོ༌། །གྲངས་ངེས་ཚུལ་སོགས་གསུམ་པར་འཆད་དོ། །གཉིས་པ་གྲུབ་སྟེ། དབང་པོ་རྣོན་པོས་མི་བསླུ་བའི་ཆ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ལ། དབང་པོ་རྟུལ་པོས་མི་བསླུ་བའི་ཆ་ལ་གཞན་སྟོབས་ཀྱིས་ངེས་པ་འདྲེན་པའི་ཚད་མ་གཉིས་ཡོད་པའི་ཕྱིར། སློབ་དཔོན་གྱིས་མངོན་སུམ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དེ་ཁ་ཅིག་ནི་གཞན་ལས་སོ། །ཞེས་དང༌། རྟོག་གེ་སྐད་ལས་ཀྱང༌། དོན་གྱི་བྱ་བའི་ཐ་སྙད་རྟོགས་པ་བར་ཆད་མེད་པས་ནི། ཤིན་ཏུ་གསལ་བའི་མངོན་སུམ་ཁོ་ན་ལས་དོན་ལ་རབ་ཏུ་འཇུག་ལ། བློ་ཞན་པས་ནི་དེ་དང་མཐུན་པའི་རྗེས་སུ་དཔག་པ་ལས་སོ། །ཞེས་གསུངས་པའི་ཕྱིར་ཏེ། རྩ་བར་རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ཀྱི་ནི་ཚད་མ་ཉིད། །ཅེས་དང༌། རྣམ་བཤད་ལས་ཀྱང༌། ཚད་མ་ཀུན་རང་ལས་ངེས་པའམ་གཞན་ལས་ངེས་པས་ཁྱབ་པ་མ་ཡིན་ཏེ། རང་ལས་ངེས་ཀྱང་ཡོད་གཞན་ལས་ངེས་ཀྱང་ཡོད། ཅེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། རྣམ་པའི་སྒོ་ནས། རྩ་བར། དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་པས་གཞན་རིག་དང༌། རྩ་བར། རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཞེས་པས་རང་རིག་བཤད་པ་དེའི་ཕྱིར། རྩ་རྟགས་བཞི་པ་གྲུབ་སྟེ། རང་གི་གཟུང་ཡུལ་ལ་ལྡོག་པ་སྟེ། སེལ་བའི་ཆ་ཕྱེ་ནས་སྣང་བས་འཇུག་པའི་རྗེས་དཔག་ཚད་མ་དང༌། རང་གི་གཟུང་ཡུལ་ལ་ལྡོག་པའམ་སེལ་བ་མི་འབྱེད་པར་སྒྲུབ་པས་འཇུག་པའི་མངོན་སུམ་གྱི་ཚད་མ་གཉིས་སུ་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། ལེའུ་དང་པོ་ལས། རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཀུན་འཛིན་ཏེ་སེལ་བ་ལ། །ཉེས་པ་འདི་ནི་ཐལ་མི་འགྱུར། །ཞེས་དང༌། འཐད་ལྡན་ཆེ་བ་ལས། ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གཟུང་བ་སྟེ་སོ་སོར་སྣང་བའི་དོན་དམ་པའམ་སྒྲོ་བཏགས་པ་དང༌། ཞེན་པའི་ཡུལ་ཏེ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལེའུ་དང་པོ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་བས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་དང༌། འཐད་ལྡན་ལས་ཀྱང༌། འདིར་འཇུག་པར་བྱེད་པའི་ཡང་དག་པའི་ཤེས་པ་དེ་རྣམ་པ་གཉིས་ཡིན་གྱི་དོན་བྱེད་པར་སྣང་བ་ནི་མ་ཡིན་ཏེ། དེ་ནི་མངོན་སུམ་ཙམ་དུ་ཟད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

           བཞི་པ་མི་བསླུ་བའི་དོན་བཤད་པ་ལ་མི་བསླུ་བ་གཉིས་ཡོད་དེ། ཡུལ་མི་བསླུ་བ་དང༌། ཡུལ་ཅན་མི་བསླུ་བ་གཉིས་ཡོད་པའི་ཕྱིར། ཡུལ་མི་བསླུ་བའི་དོན་ཡོད་དེ། མི་བསླུ་བའི་བློས་ཡོངས་སུ་བཅད་ནས་ཞུགས་པ་ལྟར་གྱི་དོན་གྲུབ་པ་དེ། བློ་དེའི་ཡུལ་མི་བསླུ་བའི་དོན་ཡིན་པའི་ཕྱིར། ལྷས། དོན་ཡོངས་སུ་བཅད་ནས་འཇུག་པ། ཞེས་པ་ནས། ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོ་མི་བསླུ་བ་ནི་ཡུལ་གྱི་ཆོས་དང༌། ཞེས་གསུངས་པའི་ཕྱིར། མཚན་གཞི་ནི་བྱད་བཞིན་རྫུན་ཡང༌། དེ་ཡོད་པ་ནི་མི་བསླུ་བ་དང༌། བུམ་པ་ནི་རང་དང་ཡོད་པ་དང་མི་རྟག་པ་རྣམས་བློ་དེའི་ཚད་མར་སོང་བ་དང༌། མི་བསླུ་བ་དང་བདེན་པ་ཡིན་པའི་ཕྱིར། དེ་ལྟ་ནའང་བདེན་གཉིས་སྐབས་ཀྱི་བདེན་པ་ཡིན་མི་དགོས་སོ། །བསླུ་བའི་ཤེས་པའི་བཟུང་བ་ལྟར་དོན་ལ་མི་གནས་པ་དེ་བློ་དེའི་ཡུལ་བསླུ་བའི་དོན་ཡིན་ཏེ། བློ་དེ་དོན་དེ་ལ་སོང་ཡང་མི་བསླུ་བ་དང་ཚད་མར་མ་སོང་བའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་བློ་དེ་ཁ་ཕྱོགས་པའི་ཕྱིར། གཉིས་པ་ནི། དཔེར་ན། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཀྱི་ཟླ་བ་ལྟ་བུ་སྟེ། ཇི་སྐད་དུ་ལྷས། དོན་སྨོས་པས་ནི་ཟླ་བ་གཉིས་པ་ལ་སོགས་པར་སྣང་བ་ཚད་མ་ཉིད་མ་ཡིན་པར་བཤད་དེ། མི་ཤེས་པ་དེ་བཟུང་དུ་ཟིན་ཀྱང༌། དེའི་དོན་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེའི་རིགས་པས་སྒྲའི་ཡུལ་དང་སྐྱེས་བུའི་ཡུལ་བསླུ་མི་བསླུ་སོ་སོར་ཤེས་དགོས་སོ། །ཡུལ་ཅན་མི་བསླུ་བ་ལ་ཤེས་པ་མི་བསླུ་བ་དང༌། མི་བསླུ་པའི་སྒྲ་དང༌། མི་བསླུ་བའི་སྐྱེས་བུ་དང༌། མི་བསླུ་བའི་དབང་པོ་བཞི་ཡོད་དེ། ཡུལ་དེ་ལ་མ་འཁྲུལ་བའི་ཤེས་པ་ཡིན་པ་དང༌། ཡུལ་དེ་སྟོན་པ་ལ་མ་འཁྲུལ་བའི་སྒྲ་དང༌། ཡུལ་དེ་སྒྲ་འཛིན་སོགས་ལ་མ་འཁྲུལ་བའི་སྐྱེས་བུ་དང༌། ཡུལ་དེ་སྣང་བ་ལ་མ་འཁྲུལ་བའི་དབང་པོ་རྣམས་ནི་གང་ཡིན་ཚད་ལ་མ་ངེས་ཀྱང༌། ཡུལ་དེ་ལ་ལྟོས་ནས་མི་བསླུ་བ་དང༌། ཚད་མར་བྱ་བ་ཁོ་ན་ཡིན་པའི་ཕྱིར། སྔར་མི་བསླུ་བའི་སྐབས་སུ་བཤད་པས་གྲུབ་པས་མ་སྤྲོས་སོ། །སློབ་དཔོན་ལྷ་དབང་བློས་གཞུང་སྔ་ཕྱིའི་ཚད་མའི་མཚན་ཉིད་ཆ་རེ་བཤད་པ་ལ་མཚན་ཉིད་བཤད་ཅེས་པ་ཡིན་ཏེ། རིགས་རྒྱན་ལས། གཉིས་ཀ་དྲིལ་བས་ཚད་མའི་མཚན་ཉིད་ཡོངས་རྫོགས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱན་མཁན་པོས་གཞུང་སྔ་མས་རང་དབང་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་སྤྱིར་བསྟན་ཐ་སྙད་པའི་ཆོས་ལ་རང་དབང་དུ་མི་བསླུ་བའི་ཤེས་པ་མཚན་གཞིར་བཤད་དེ། མཚོན་སྦྱོར་འདོད་ནའང་རུང་སྟེ། རྩ་བར། དོན་བྱེད་སོགས་ཀྱིས་མི་བསླུ་བའི་ཀུན་རྫོབ་བསྟན་པར་བཞེད་པའི་ཕྱིར་ཏེ། རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཐ་སྙད་ཙམ་གྱི་ཆོས་ལ་རང་གི་ཡོངས་སུ་བཅད་པ་ལྟར་བསླུ་བ་མེད་པ་ཅན་གྱི་ཤེས་པ་ཐ་སྙད་པའི་ཚད་མའི་མཚན་ཉིད་དུ་བསྟན་པར་བཞེད་ཅེས་གསུངས་པའི་ཕྱིར། ལེགས་སོ། །གཞུང་ཕྱི་མས་སྔར་མ་ཤེས་པའི་གཉིས་སྟོང་གི་དོན་དམ་བདེན་པ་གསལ་བར་བྱེད་པ་སྟེ། དོན་དམ་པར་རང་དབང་དུ་ཤེས་པའི་བློ་དོན་དམ་དཔྱོད་པའི་ཚད་མའི་མཚན་ཉིད་དུ་འདོད་པའི་ཕྱིར་ཏེ། རྒྱན་ལས། དོན་དམ་པ་གཉིས་སུ་མེད་པའི་རང་བཞིན་ཡིན་པ་བསམ་པར་བྱེད་པ་དེ་ཉིད་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མའི་མཚན་ཉིད་ཡོངས་རྫོགས་གཅིག་བསྟན་པར་ཐལ། དེས་འཇིག་རྟེན་ལུགས་ཀྱི་ཚད་མའི་མཚན་ཉིད་ཚང་བར་བསྟན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེས་འཇིག་རྟེན་གྱི་ཚད་མའི་མཚན་ཉིད་ཡོངས་རྫོགས་དང་རང་ལུགས་ཀྱི་ཚད་མའི་མཚན་ཉིད་ཀྱི་ཟུར་གཅིག་བསྟན་པ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། འཇིག་རྟེན་ན་མི་བསླུ་བའི་ཤེས་པ་ལ་ཚད་མ་བྱེད་པར་དབུ་སེམས་སོགས་མཐུན་ཡང་བསྟན་བཅོས་ཀྱི་ལུགས་ལ་དེ་ཟུར་གཅིག་ཡིན་པས་དེའི་མཚན་ཉིད་ཀྱི་བསྟན་བཅོས་རྩོམ་པ་དོན་ཡོད་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། ལྷས། ཚད་མ་ནི་རབ་ཏུ་གྲགས་པ་ཉིད། ཅེས་དང༌། འཇིག་རྟེན་ནི་སྨོས་ཀྱང་ཅི་དགོས། ཞེས་དང། ཤཱཀྱས། གཞན་མཚན་ཉིད་གཉིས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་རྗོད་པར་བྱེད་པས་འདི་ནི་གཅིག་གཅིག་ཡིན་ལ་འདི་ནི་གཞན་རྣམ་པ་གཉིས་པ་ཡིན་ནོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཞེས་དང༌། བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང༌། མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན་ཞེས་གསུངས་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། འཇིག་རྟེན་གྱི་མི་བསླུ་བའི་ཤེས་པ་ཙམ་ལ་ཚད་མའི་ཐ་སྙད་གྲགས་ཀྱང་དེ་ཙམ་གྱིས་པྲ་མ་ནའི་སྒྲ་དོན་མི་ཆོག་པས་བསྟན་བཅོས་རྩོམ་པའི་དགོས་པ་ཡོད་པའི་ཕྱིར། རྩ་བར། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་དང༌། དེའི་འགྲེལ་པར་ལྷས། བསྟན་བཅོས་ལས་ཇི་སྐད་དུ་བསྟན་པའི་མཚན་ཉིད་ཀྱི་མི་བསླུ་བ་རིག་པར་བྱས་ནས་རྣམ་པ་འགའ་ཞིག་གིས་འཇུག་པར་འགྱུར་བའི་ཕྱིར་བསྟན་བཅོས་བྱེད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མི་བསླུ་བ་རིག་པར་བྱས་ནས་ཡན་ཆད་ཀྱིས་འཇིག་རྟེན་དང་མཐུན་པའི་མཚན་ཉིད་དང་ཡོངས་རྫོགས་ཀྱི་ཟུར་གཅིག་བསྟན། རྣམ་པ་འགའ་ཞིག་གིས་སོགས་ཀྱིས་ཡོངས་རྫོགས་ཁྱད་པར་བཅུག་ནས་མཚན་ཉིད་ཚང་བར་སྟོན་པའི་བསྟན་བཅོས་བྱེད་པར་བཤད་པའི་ཕྱིར། ལྷ་དབང་བློས། ཚད་མའི་མཚན་ཉིད་ཀྱི་ཟུར་ལ་མཚན་ཉིད་ཀྱི་སྒྲས་བསྟན་པ་ཡིན་ཏེ། ཞེས་དང༌། ཤཱཀྱ་བློས་ཀྱང༌། གཞན་མཚན་ཉིད་གཉིས་པ་ཡང་བྱར་ཡོད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཚིག་ཟུར་དག་ལ་ཞིབ་དཔྱོད་དགོས་སོ། །རྩ་བར་འདོད་ན། ལྷས། མི་བསླུ་བའི་ཤེས་པ་ཙམ་གྱིས་མཚན་ཉིད་རྫོགས་པར་འདོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། བཟུང་བ་འཛིན་ཕྱིར་སོགས་ཀྱིས་བཅད་ཤེས་ཚད་མར་ཐལ་བའི་ཁྱབ་ཆེ་པ་འགོག་པའི་ཆེད་དུ་གསར་འཇལ་སྟོན་པའི་གཞུང་མ་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། གསར་དུ་མི་བསླུ་བའི་དང་པོར་སྦྱོར་དགོས་པར་སྟོན་པའི་ཕྱིར། ཤཱཀྱ་བློས། འདིས་ནི་ཇི་སྐད་དུ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་བྱ་བ་འདིའི་ཚད་མའི་སྒྲ་དང་པོར་འཇལ་བར་བྱེད་པ་ནི་ཚད་མ་ཡིན་ནོ། །ཞེས་འགྲེལ་པའི་དོན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཀུན་བཏུས་ལས་གསུངས་པ་དེ་གཞན་དོན་བསྒྲུབ་བྱའི་མཚན་ཉིད་དང༌། རིགས་སྒོ་ནས་གསུངས་པ་དེ་གཞན་དོན་ཕྱོགས་ཡང་དག་གི་མཚན་ཉིད་ཡིན་པས། རིགས་གཏེར་ལ་གཞན་དོན་བསྒྲུབ་བྱ་ཐ་དད་ཀྱི་སྐྱོན་མེད་ཀྱང་ལྷ་དབང་བློ་ལ་ཚད་མ་གཉིས་སུ་ཐལ་བའི་སྐྱོན་ཡོད་ཟེར་ནའང་མི་འཐད་པར་ཐལ། ལྷ་དབང་བློས་གཉིས་བསྟན་པར་མི་འདོད་པར་བཤད་ཟིན་པའི་ཕྱིར། ཡང་ཁོ་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མའི་མཚན་ཉིད་ཡོངས་རྫོགས་དངོས་སུ་བསྟན་པར་ཐལ། རྣམ་ངེས་དར་ཊཱིཀ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་དང་པོ་དང་གསར་པའི་དོན་ཁོང་ན་གནས་ཀྱང་གསལ་པོར་མེད་པས་ཕྱི་མས་དེ་ལ་དོགས་པ་གཅོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་སུ་མ་བསྟན་ཀྱང་ཁོང་ནས་སམ་ཤུགས་ལ་སྟོན་པའི་དོན་ཡིན་པའི་ཕྱིར། དར་ཊཱིཀ་གིས། དོན་ཁོང་ན་གནས་ཀྱང་གསལ་པོར་མེད་པས་ཞེས་གསུངས་པའི་ཕྱིར།

           ཡང་ཁོ་ན་རེ། ལྷས་བཤད་ཚུལ་དེ་མི་འཐད་པར་ཐལ། རྒྱན་གྱིས་ཚད་མ་བསླུ་མེད་སོགས་སྔ་མས་ཐ་སྙད་པའི་ཚད་མའི་མཚན་ཉིད་བསྟན། མ་ཤེས་དོན་གྱི་སོགས་ཕྱི་མས། དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། གཞུང་སྔ་མས་ཐ་སྙད་ཚད་མ་མཚན་གཞིར་བྱས་ནས་ཚད་མ་སྤྱིའི་མཚན་ཉིད་བསྟན། གཞུང་ཕྱི་མས་ཐོག་མེད་ནས་མ་ཤེས་པའི་གཉིས་སྟོང་གི་གནས་ལུགས་རྟོགས་པའི་དོན་དམ་པའི་ཚད་མ་བསྟན་པའི་ཕྱིར། དེར་ཐལ། གཞུང་དེ་གཉིས་ཀྱིས་ཇི་སྙེད་པ་མཁྱེན་པའི་ཚད་མ་དང༌། ཇི་ལྟ་བ་མཁྱེན་པའི་ཚད་མ་གཉིས་བཤད་ནས་ཐུབ་པ་ཡང་ཇི་ལྟ་ཇི་སྙེད་ཀྱི་ཆོས་གཉིས་ལ་མི་བསླུ་བར་སྒྲུབ་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། རྩ་བར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་དོན་ཐམས་ཅད་མཁྱེན་པ་ཚད་མར་བཤད་པའི་ཕྱིར། རྒྱན་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་སོ། །དེ་དང་ལྡན་པའི་བཅོམ་ལྡན་འདས་ནི་མངོན་སུམ་གྱི་རང་བཞིན་ཚད་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཁྲུལ་བ་མ་ལུས་པ་ཟློག་པའི་དོན་དེ་བཅོམ་ལྡན་འདས་སུ་འཇོག་པས་ན་དེ་ཐམས་ཅད་མཁྱེན་པ་མ་ཐོབ་པ་ལ་མི་རུང་བའི་ཕྱིར། རྒྱན་ལས། དེ་ལྟ་ཡིན་པ་དེའི་ཕྱིར། དེ་ཉིད་ཐམས་ཅད་མཁྱེན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་སྐད་དུ་འདིའི་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། དེ་ལྟར་རྒྱན་མཁན་པོས་གཉིས་སུ་ཕྱེ་བའི་དགོས་པ་ཡང་བཅོམ་ལྡན་འདས་ཀྱི་ཇི་སྙེད་པ་མཁྱེན་པའི། ཞེས་པ་ནས། དོན་དམ་པའི་ཚད་མའི་མཚན་ཉིད་དང་ལྡན་པའི་སྒོ་ནས་ཚད་མར་སྒྲུབ་པའི་ཕྱིར་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྔོན་མེད་པའི་ལེགས་བཤད་སྣང་ཡང་དཀའ་གནས་འདི་དག་གོ་ན་ཐམས་ཅད་མཁྱེན་པའི་ལམ་ལ་བག་ཆགས་བརྟན་པོ་འཇོག་པ་ལ་དཔྱོད་མ་ཐུབ་པར་ཐེ་ཚོམ་གྱི་ཡི་གེ་མང་དུ་བྲིས་སོ། །

                                                                                                                       རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།