ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་གཏན་ཚིགས་དཔེར་བརྗོད་པ་སོགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 11:12:05     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg

 

                    གསུམ་པ་ལ་གཏན་ཚིགས་དཔེར་བརྗོད་པ་དང༌། དེ་ལ་རྩོད་པ་སྤངས་པ་དང༌། སྦྱོར་བའི་དབྱེ་བ་གསུམ། དང་པོ་འཆད་པར། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་བྱུང༌། འདིའི་འཕྲོས་སོགས་སླ། མཐའ་དཔྱད་པ་ལ་དགག་གཞག་སྤངས་གསུམ་ལས། དང་པོ་ལ་ཁོ་ན་རེ། ཡོད་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་དག་པ་བའི་རྟགས་ཡང་དག་ཡིན་པར་ཐལ། འདི་ཉིད་ལས། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པའི་ཡོད་ཉིད་ཅེས་པའི་དོན་གྲུབ་པའི་ཕྱིར། དེས་ན་རྟོག་བཏགས་ཡིན་ན་ཡོད་པ་མ་ཡིན་ཟེར་ན་འདི་འགྱུར་ཁྱད་ཡིན་ཚུལ་བཤད་ཟིན་ཅིང༌། ཁོ་རང་ལ་འོ་ན། ཡོད་པ་མི་རྟག་པ་དང་འབྲེལ་བ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འབྲེལ་བ་མེད་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་སྟེ། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་མེད་དེ་ཞེས་གསུངས་པའི་ཕྱིར། འཁོར་གསུམ། ཡང་ཁོ་ན་རེ། སེལ་ངོར་ཡོད་ན་མི་རྟག་པས་ཁྱབ་པ་ཡོད་ཀྱི་ཡོད་ན་མི་རྟག་པས་ཁྱབ་པ་མེད་དོ་ཞེ་ན། འོ་ན། ཡོད་ན་མི་རྟག་པས་ཁྱབ་པ་ཆོས་ཅན། མི་རྟག་པར་ཐལ། སེལ་ངོར་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཡོད་པར་ཐལ་ལོ། ཡང་ཁོ་ན་རེ། སེལ་ངོར་ཡོད་ན་སེལ་ངོར་མི་རྟག་པས་ཁྱབ་ཀྱི། སེལ་ངོར་ཡོད་ན་མི་རྟག་པས་མ་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། ཁྱབ་པ་མེད་པར་ཐལ། སེལ་ངོར་ཡོད་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། རྟོག་ངོར་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག །རང་གི་དོན་སྤྱི་འཆར་བ་རང་གི་ཁྱད་པར་བྱེད་ཆོས་ཀྱི་དོན་སྤྱི་འཆར་བ་ལ་ལྟོས་པ་དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རྟགས་དང༌། དེ་གང་ཞིག་དེ་ལྟར་མི་ལྟོས་པ་དེ་སྒྲུབ་ཀྱི་ཁྱད་པར་དག་པ་བའི་རྟགས་ཡང་དག་གི་མཚན་ཉིད་ཟེར་ན། དེ་ལ་ལ་ལ་ན་རེ། དངོས་པོ་ཆོས་ཅན། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་པའི་རྟགས་ཡང་དག་ཡིན་པར་ཐལ། དེའི་མཚན་ཉིད་དེའི་ཕྱིར། རྟགས་དང་པོ་སླ། གཉིས་པ་གྲུབ་སྟེ། ཁྱོད་ཀྱི་དོན་སྤྱི་འཆར་བ་རང་གི་ཁྱད་པར་བྱེད་ཆོས་དོན་བྱེད་ནུས་པའི་དོན་སྤྱི་འཆར་བ་ལ་ལྟོས་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་པ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཚད་མས་ངེས་པ་ལ་དེ་ལྟར་དགོས་ཀྱང་དོན་སྤྱི་འཆར་བ་མཚན་ཉིད་ལ་མི་ལྟོས་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་པའི་དོན་སྤྱི་མ་ཤར་བར་དངོས་པོའི་དོན་སྤྱི་ཤར་བ་ཡོད་པའི་ཕྱིར། དེར་ཐལ། དངོས་པོའི་སྒྲ་སྤྱི་རྐྱང་པ་འཛིན་པའི་རྟོག་པ་དེ་དེ་ཡིན་པའི་ཕྱིར། དམ་བཅའ་སྔ་མ་དེ་ལ། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །རང་གི་དོན་སྤྱི་འཆར་བ་རང་གི་ཁྱད་པར་བྱེད་ཆོས་དངོས་པོ་ཡིན་པའི་དོན་སྤྱི་འཆར་བ་ལ་ལྟོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་ཁྱད་པར་དག་པ་བའི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་དོན་སྤྱི་འཆར་བ་དངོས་པོ་ཡིན་པའི་དོན་སྤྱི་འཆར་བ་ལ་ལྟོས་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དེ་ལྟར་ལྟོས་པར་ཐལ། ཁྱོད་ཀྱི་དེ་དེའི་དེ་ལ་ལྟོས་པ་གང་ཞིག །དངོས་པོ་ཡིན་པ་ཁྱོད་ཀྱི་ཁྱད་པར་བྱེད་ཆོས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཡིན་པ་ཡོད་པའི་ཆོས་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཡིན་པ་དང་ཁྱོད་ཡོད་པ་ཁྱོད་ཀྱི་ཁྱད་པར་བྱེད་ཆོས་ཡིན་པར་ཐལ། ཁྱོད་ཡིན་པ་དང་ཁྱོད་ཡོད་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ཡིན་པ་དེ་དེ་དང་ཐ་དད་གང་ཞིག །དེའི་ཁྱད་ཆོས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་ཡིན་པ་ཡོད་ཅིང༌། དངོས་པོ་དང་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན། ཆོས་དེའི་དེ་ཡིན་པ་ཆོས་དེ་དང་གཅིག་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཆོས་དེའི་ཡིན་པ་ཆོས་ཅན། ཁྱོད་མེད་ན་ཆོས་དེ་མེད་དགོས་པར་ཐལ། ཁྱོད་ཆོས་དེ་དང་གཅིག་ཡིན་པའི་ཕྱིར། འདོད་ན། རྟག་དངོས་གཉིས་ཆོས་ཅན། མེད་པར་ཐལ། ཁྱོད་ཡིན་པ་མེད་པའི་ཕྱིར། རྟགས་ཁས། འཁོར་གསུམ། གོང་གི་རྟགས་གཉིས་པ་གྲུབ་སྟེ། དངོས་པོ་དངོས་པོ་མ་ཡིན་པ་ལས་ལོག་པའི་ཁྱད་གཞི་ཡིན་པའི་ཕྱིར།

          གཞན་ཡང༌། དངོས་པོའི་དོན་སྤྱི་འཆར་བ་དངོས་པོ་མ་ཡིན་པ་ལས་ལོག་པའི་དོན་སྤྱི་འཆར་བ་ལ་ལྟོས་པར་ཐལ། དངོས་པོ་འཛིན་པའི་རྟོག་པ་ལ་དངོས་པོ་མ་ཡིན་པ་ལས་ལོག་པའི་དོན་སྤྱི་ཤར་བའི་ཕྱིར། དེར་ཐལ། དེ་དེའི་དངོས་ཡུལ་དང་སྣང་ཡུལ་ཡིན་པར་མཁས་གྲུབ་ཊིཀ་ཆེན་ནས་བཤད་པ་ལྟར་རུང་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། དངོས་པོ་འཛིན་པའི་རྟོག་པ་ཆོས་ཅན། དགག་རྟོག་ཡིན་པར་ཐལ། རང་ཡུལ་གྱི་དགག་པའི་རྣམ་པ་ཤར་བའི་རྟོག་པ་ཡིན་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། འདི་ཡིག་རྙིང་འདིའི་ཡང་གཞན་གྱི་དགག་རྟོག་ལ་འགལ་བ་བསྟན་པ་ལས་རང་ལུགས་མ་བཞག་པས་སྔར་བཤད་པ་ལྟར་རོ། །འོ་ན། དེ་ཆོས་ཅན། དགག་རྟོག་ཡིན་པར་ཐལ། རང་ཡུལ་དགག་པའི་རྣམ་པ་ཤར་བའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྟགས་གྲུབ་སྟེ། རང་གི་སྣང་ཡུལ་གྱི་སེལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། རང་གི་སྣང་ཡུལ་སེལ་བ་གང་ཞིག །ཁྱོད་དེའི་རྣམ་པ་ཅན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ཀྱི་སྣང་ཡུལ་དེ་ཁྱོད་ཀྱི་སྣང་ཡུལ་ཡིན་པའི་ཕྱིར། དེར་ཐལ། དེ་ཁྱོད་ཀྱི་ཤུགས་ཡུལ་མ་ཡིན་པ་གང་ཞིག །དངོས་ཡུལ་ཡང་མིན། དེ་ཁྱོད་ཀྱི་སྣང་ཡུལ་དང་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། འོ་ན། ཁྱོད་ཀྱི་ཤུགས་ཡུལ་སྣང་ཡུལ་དུ་ཐལ། ཁྱོད་ཀྱི་སྣང་ཡུལ་ཤུགས་ཡུལ་ཡིན་པའི་ཕྱིར། འདི་ནི་དགག་རྟགས་ཀྱི་ཁས་ལེན་མ་བྱུང་བའི་སྟབས་ཡིན་གྱི་དབུ་ཚད་རྒྱ་གཞུང་འདི་ཙམ་གང་གི་དགོངས་པ་མ་ཡིན་ནོ། །དེས་ན་མི་རྟག་པ་ཡིན་པ་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་ཆོས་ཡིན་ཀྱང་མི་རྟག་པ་མ་ཡིན་པ་ལས་ལོག་པ་མིན་ཟེར་ཡང་མི་དགོས་པར་གཉིས་ཀ་དེ་སྒྲུབ་ཀྱི་དངོས་ཀྱི་ཆོས་བྱས་ཆོག་པས་རྒྱས་པར་གསུམ་པར་འཆད་པར་འགྱུར་རོ། །

           ཡང་ཁ་ཅིག །ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ལྟོས་པ་བྱེད་ཆོས་འཕེན་པ་དང་པོ་དང༌། མི་འཕེན་པ་གཉིས་པའི་མཚན་ཉིད་ཟེར་ན། དངོས་པོ་ཆོས་ཅན། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པའི་རྟགས་ཡང་དག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་སླ། གཉིས་པ་གྲུབ་སྟེ། རང་བརྗོད་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་རང་མ་ཡིན་པ་ལས་ལོག་པ་འཕེན་པའི་ཕྱིར། དེར་ཐལ། ཁྱོད་ཡིན་པ་ཡོད་པའི་ཕྱིར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་བརྗོད་པའི་སྒྲས་རང་གི་བྱེད་ཆོས་འཕེན་པ་དང་མི་འཕེན་པ་མཚན་ཉིད་ཡིན་པར་ཐལ། རྣམ་བཤད་ལས། བྱས་ཞེས་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་བློ་ཡུལ་དུ་འཕེན་པ་ལྟར་ལྟོས་པའི་དོན་ནོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱེད་པ་པོ་ལྟ་བུའི་ལྟོས་ཆོས་སྒྲས་འཕེན་མི་འཕེན་གྱི་དོན་ཡིན་གྱི་ལྟོས་ཆོས་བྱེད་པ་པོ་གཅིག་འཕེན་མི་འཕེན་གྱི་དོན་མ་ཡིན་པ་ནི་ལྟ་བུ་ཞེས་པས་ཤེས་ནུས་པའི་ཕྱིར། མཚན་ཉིད་དེ་ལ་བྱས་པའི་བྱེ་བྲག་ཆོས་ཅན། མཚན་ཉིད་དེར་ཐལ། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། རང་གི་བྱེད་པ་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟག་པ་ཡིན་པའི་ཕྱིར།

           གཉིས་པ་རང་ལུགས་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཚིག་གིས་རང་གི་ལྟོས་ཆོས་འཕེན་པའི་བཏགས་ཡོད་དེ། དེ་སྒྲུབ་ཀྱི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཅེས་པས་གཏན་ཚིགས་ལྟར་སྣང་དང་འབྲས་སོགས་ཀྱི་རྟགས་གཅོད། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཚིག་གིས་ཞེས་པས་བཏགས་ཡོད་ཡིན་ཀྱང་དེ་སྒྲུབ་ཀྱི་ཁྱད་པར་དག་པ་པའི་རྟགས་དངོས་པོ་ལྟ་བུ་གཅོད། རྟགས་སུ་བཀོད་པའི་ཚིག་གིས་རང་གི་ལྟོས་ཆོས་འཕེན་པའི་བཏགས་ཡོད་ཅེས་པས་དངོས་པོ་ཡིན་པ་ལྟ་བུའི་ཁྱད་ཆོས་འཕང་བས་དེར་འགྱུར་བ་གཅོད་པའི་ཕྱིར། འདི་ནི་རྣམ་བཤད་ལས། བྱས་ཞེས་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་བློ་ཡུལ་དུ་འཕེན་པ་ལྟར་ལྟོས་པའི་དོན་ནོ། །ཞེས་གསུངས་པའི་དོན་འཁྲུལ་མེད་ཡིན་པའི་ཕྱིར་ཏེ། ལྟོས་པའི་དོན་ནོ་ཞེས་གསུང་གི་ཟུར་བཏོན་པའི་ཕྱིར། རང་འགྲེལ་ལས་ཀྱང༌། གཞན་གྱི་བྱེད་པ་ལ་ལྟོས་པའི་ངོ་བོ་ནི་བྱས་པ་ཡིན་པ་དེ་བས་ན་ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། རང་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་རྫས་གཞན་འཕེན་པའི་དེ་དང༌། རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རྫས་གཞན་མ་ཡིན་པ་འཕེན་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གཉིས། དང་པོ་ལ་དབྱེ་ན་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རང་དང་རྫས་གཞན་པའི་རྒྱུ་འཕེན་པའི་དེ་དང་འབྲས་བུ་འཕེན་པའི་དེ་གཉིས། དང་པོ་ལ་དབྱེ་ན་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རང་དང་རྫས་གཞན་པའི་རྒྱུ་དངོས་སུ་འཕེན་པའི་དེ་དང༌། དེ་འདྲའི་རྒྱུ་ཤུགས་ལ་འཕེན་པའི་དེ་གཉིས། མཚན་གཞི་ནི། རང་རྒྱུ་ལས་སྐྱེས་པ་དེ་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རང་དང་རྫས་གཞན་རྒྱུ་དངོས་སུ་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་གཞི་དང༌། རྩོལ་བྱུང་དེ་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རང་དང་རྫས་གཞན་རྒྱུ་དངོས་སུ་འཕེན་པའི་དུང་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་གཞི། བྱས་པ་དེ་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རང་དང་རྫས་གཞན་རྒྱུ་ཤུགས་ལ་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་དང༌། རང་འབྲས་སྐྱེད་བྱེད་དེ་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རྫས་གཞན་དུ་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག །དོན་བྱེད་ནུས་པ་དང༌། སྐྱེ་ལྡན་དང༌། དངོས་པོར་ཡོད་པ་གསུམ་རེ་རེ་ནས་རང་བརྗོད་པའི་སྒྲས་རང་གི་ལྟོས་ཆོས་རྫས་གཞན་མ་ཡིན་པ་འཕེན་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་གཞི་ཡིན་པ་ལྟ་བུ་རྣམས་སོ། །ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་རྟགས་སུ་བཀོད་པའི་ཚིག་གིས་ལྟོས་ཆོས་མི་འཕེན་པའི་རྫས་ཡོད་དང་དེའི་ཆར་གཏོགས་ཀྱི་ཆོས་གང་རུང་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་པར་སྒྲུབ་ལ་དངོས་པོ་ལྟ་བུའོ། །འདིའི་ལྟོས་ཚུལ་བཤད་པ་ལྟར་ཡིན་ཏེ། བསྒྲུབ་བྱའི་ཆོས་ལྟོས་མི་ལྟོས་མི་དཔྱོད་པའི་ཕྱིར།

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། དངོས་པོ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་དག་པ་བའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་བཏགས་ཡོད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བཏགས་ཡོད་ལ་རང་ཚིག་གིས་བཏགས་ཡོད་དུ་མི་སྟོན་ན་ཁྱད་པར་ལྟོས་པའི་གཏན་ཚིགས་སུ་མི་འགྱུར་བའི་ཕྱིར། ཡང་ཁོ་ན་རེ། འདིའི་ཁྱད་པར་ལྟོས་མི་ལྟོས་དེ་དེ་སྒྲུབ་ཀྱི་ཆོས་ལ་བྱེད་རིགས་པར་ཐལ། འདིའི་རང་བཞིན་ཞེས་པ་དེ་སྒྲུབ་ཀྱི་ཆོས་ཀྱི་རང་བཞིན་གཅིག་མི་གཅིག་ལ་བྱེད་པའི་ཕྱིར་ན་མ་ཁྱབ་བོ། །

                                                       ཡིད་ཆེས་ཀྱི་རྟགས།

            འདི་ཉིད་ལས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་པའི་འཕྲོས་དང་མཐའ་དཔྱད་པ་གཉིས། དང་པོ་ནི། འདི་གང་ལས་འཕྲོས་ཚུལ་ཡོད་དེ། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །ཞེས་པའི་ཚིགས་བཅད་སྐབས་སུ་བུམ་པ་ཞེས་པའི་སྒྲ་དེ་བུམ་པ་ཞེས་པའི་སྒྲ་དང་ལྡན་པའི་ཤར་གཞིར་བུམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་བཤད་པ་ལ་ཁོ་ན་རེ། འོ་ན་ཕྱོགས་གླང་གིས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་པ་དང་འགལ་ལོ་ཞེ་ན། དེ་འགོག་པ་ལ་ཐོག་མར་ལུང་དེའི་དོན་ནི་གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་གསུང་དང༌། ཤིན་ཏུ་ལྐོག་གྱུར་སྟོན་པའི་གསུང་དུ་མ་ཡོད་པ་ལས་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཆེད་དུ་དེ་ལྟར་གསུང་གི་ལུང་གང་ཡིན་ཐམས་ཅད་ཀྱི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། ཞེས་འཆད་པར། འདི་ཉིད་ལས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་བྱུང༌། འོ་ན། ཚད་མར་གྱུར་པའི་ལུང་ཇི་ལྟ་བུ། ལུང་ཚད་མ་ཡིན་པའི་རྒྱུ་མཚན་གང༌། ཚད་མར་སྒྲུབ་པའི་དགོས་པ་ཇི་ལྟ་བུ་ཞེ་ན། དང་པོ་དེ་ནི་ཁྱད་པར་གསུམ་ལྡན་ཞིག་དགོས་ཞེས་འཆད་པར། འདི་ཉིད་ལས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །ཞེས་བྱུང༌། གཉིས་པའི་རྒྱུ་མཚན་ལུང་དེའི་བསྟན་དོན་ལ་ཚད་མ་གསུམ་གྱིས་མི་གནོད་པ་ཞིག་དགོས་ཞེས་འཆད་པར། འདི་ཉིད་ལས། མཐོང་དང་སོགས་དྲངས་མ་ཐག་གི་གཞུང་དེ་བྱུང༌། གསུམ་པ་དེ་འཆད་པར། འདི་ཉིད་ལས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །ནས། གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་ཚིགས་བཅད་གཉིས་བྱུང༌།

           འདི་དག་གི་མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། མཐོང་དང་ཞེས་པས་མངོན་གྱུར་རྐྱང་པ་ལ་བྱེད་ཀྱི་ཅུང་ཟད་ལྐོག་གྱུར་ལ་མི་བྱེད་ཟེར་ན། འོ་ན། འདིའི་དངོས་བསྟན་གྱི་མིག་དབང་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་ཅིང༌། འདོད་མི་ནུས་ཏེ། ཆོས་མཆོག་གིས་འཐད་ལྡན་ལས། རྟེན་མིག་མཐོང་བས་ཀྱང་མཐོང་བར་བརྗོད་དོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་ཉིད་མངོན་གྱུར་བསྟན་པ་ལ་མངོན་སུམ་གྱིས་མི་གནོད་ཅིང་དེས་གྲུབ་པ་དང༌། ཅུང་ཟད་ལྐོག་གྱུར་བསྟན་པ་ལ་དངོས་སྟོབས་རྗེས་དཔག་གིས་མི་གནོད་ཅིང་དེས་གྲུབ་པ་དང༌། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡིད་ཆེས་རྗེས་དཔག་གིས་མི་གནོད་ཅིང་དེས་གྲུབ་པ་དེ་དཔྱད་གསུམ་གྱིས་དག་པའི་ལུང་གི་མཚན་ཉིད་ཟེར་ན། དེ་ཆོས་ཅན། དཔྱད་གསུམ་གྱིས་དག་པའི་ལུང་ཚད་མས་ངེས་པའི་གང་ཟག་ཡིན་ན་ཁྱོད་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། འདོད་ན། དེས་ལུང་དེ་ལུང་རྣམ་དག་ཏུ་གྲུབ་ཟིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཕྱི་རྒོལ་རྣམ་དག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡིད་ཆེས་ཀྱི་རྟགས་ཡང་དག་མེད་ཟེར་ན། འོ་ན། ཡིད་ཆེས་རྗེས་དཔག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཤིན་ཏུ་ལྐོག་གྱུར་ཡིན་ན་འཇལ་བྱེད་ཚད་མ་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ལུང་ཙམ་གྱིས་གྲུབ་པའི་དོན་ལ་ཚད་མ་གཞན་འཇལ་བྱེད་དུ་མི་འཇུག་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་ན། སྦྱིན་པ་ལས་མ་འོངས་པ་ན་རྣམ་སྨིན་བདེ་བ་འབྱུང་བ་སོགས་ལས་འབྲས་ཀྱི་འབྲེལ་བ་ཕལ་ཆེ་བ་ཆོས་ཅན། འཇལ་བྱེད་ཚད་མ་མེད་པར་ཐལ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཤིན་ཏུ་ལྐོག་གྱུར་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མེད་པར་འཛིན་རིགས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་འདོད་པ་ལོག་ལྟ་ཡིན་པས་སྡོམ་ལྡན་ཡིན་ན་སྡོམ་པ་ཡང་གཏོང་ཞིང་དགེ་རྩ་ཀུན་གཅོད་པའི་ཕྱིར། མཛོད་ལས། རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང༌། །ཞེས་གསུངས་པའི་ཕྱིར། ལུང་སྒྲུབ་བྱེད་བྱས་པའི་ཡིད་ཆེས་པའི་རྟགས་ཡང་དག་མེད་པར་ཐལ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་ཚད་མས་གྲུབ་ནས་དེའི་ལུང་ཁས་ལེན་པ་ཡང་མི་འཐད། ཚད་མས་མ་གྲུབ་པར་ལུང་སྒྲུབ་བྱེད་དུ་ཁས་ལེན་པ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཚད་མས་གྲུབ་པའི་ཕྱིར། གཉིས་པ་མ་གྲུབ་ན། ལུང་དེ་དེ་སྒྲུབ་ཀྱི་སྒྲུབ་བྱེད་དུ་མ་ངེས་པར་ཐལ། དེ་ཚད་མས་མ་གྲུབ་བཞིན་དུ་དེ་དེའི་སྒྲུབ་བྱེད་དུ་ཁས་ལེན་པའི་ཕྱིར་ན་འདིར་ཡང་མ་ཁྱབ་མོད། ཁོ་རང་ལ་འོ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་དུ་ཁས་ལེན་མི་རིགས་པར་ཐལ། སྒྲ་མི་རྟག་པར་ཚད་མས་གྲུབ་ནས་དེ་དེའི་སྒྲུབ་བྱེད་དུ་ཁས་ལེན་པ་ཡང་མི་འཐད། སྒྲ་མི་རྟག་པ་ཚད་མས་མ་གྲུབ་བཞིན་དུ་དེ་དེའི་སྒྲུབ་བྱེད་དུ་ཁས་ལེན་པ་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། དེ་དེའི་སྒྲུབ་བྱེད་དུ་ཁས་ལེན་པ་དོན་མེད་པར་ཐལ། དེས་དེ་གྲུབ་ཟིན་པའི་ཕྱིར། འཁོར་གསུམ། གཉིས་པ་མ་གྲུབ་ན། དེའི་ཁྱབ་པ་མ་ངེས་པར་ཐལ། དེས་དེ་ཚད་མས་མ་གྲུབ་བཞིན་དུ་སྒྲུབ་བྱེད་དུ་ཁས་ལེན་པའི་ཕྱིར། འཁོར་གསུམ།

           ཡང་བླུན་པོ་ཁ་ཅིག །སངས་རྒྱས་ཤིན་ཏུ་ལྐོག་གྱུར་ཟེར་ན། འོ་ན། ཉེས་ཀུན་གྱི་རྩ་བ་བདག་འཛིན་གཉིས་ཀྱི་གཉེན་པོ་བདག་མེད་དངོས་སྟོབས་ཀྱིས་མི་འགྲུབ་པར་ཐལ་ལོ། །ཉེས་ཀུན་ཟད་པ་དངོས་སྟོབས་ཀྱིས་མི་འགྲུབ་པའི་ཕྱིར་སོགས་བྱ། ཡང་ཁ་ཅིག་ན་རེ། སངས་རྒྱས་བསྐལ་དོན་ཡིན་པར་ཐལ། དེ་རྒྱང་འཕེན་འགའ་ཞིག་ལ་བསྐལ་དོན་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། དཀོན་མཆོག་གསུམ་བསྐལ་དོན་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དཀོན་མཆོག་གསུམ་ཡོད་ན་དེ་སྐྱབས་སུ་མཆིའོ་ཞེས་སྐྱབས་འགྲོ་བྱེད་རིགས་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། སྦྱིན་སོགས་དཀར་ཆོས་ཆོས་ཅན། ཁྱོད་ལས་མ་འོངས་པ་ན་རྣམ་སྨིན་གྱི་བདེ་བ་འབྱུང་སྟེ། དེ་འབྱུང་བར་སངས་རྒྱས་ཀྱི་ལུང་ལས་བཤད་པའི་ཕྱིར་ཞེས་པ་ཡིད་ཆེས་རྟགས་ཀྱི་འགོད་ཚུལ་ཟེར་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ངེས་ནས་བསྒྲུབ་བྱ་ངེས་དགོས་ཀྱི་ཕྱི་རྒོལ་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་འདོད་ཆོས་ཅན་གྲུབ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་ངེས་པས་ཁྱབ་པའི་ཕྱིར། དེར་ཐལ། སྦྱིན་སོགས་དཀར་ཆོས་སུ་ངེས་པས་སྦྱིན་པས་རྣམ་སྨིན་ཡིད་འོང་འབྱིན་པར་ངེས་དགོས་པའི་ཕྱིར། ཡང་སྦྱིན་པ་ཙམ་ཆོས་ཅན་བྱས་ནས་དེ་ལྟར་འགོད་ཟེར་ནའང༌། ཕྱོགས་ཚིག་སྒྲུབ་བྱེད་དུ་འགྱུར་བར་ཐལ། སྦྱིན་པ་ལས་ལོངས་སྤྱོད་འབྱུང་ཞེས་པའི་ལུང་ཚིག་དེ་སྒྲུབ་བྱེད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འདི་ཉིད་ཀྱི་བཞི་པ་ལས། ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །ནས། ཚད་ཡིན་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །ཞེས་གསུངས་པ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཚིག་དེ་བཀོད་ན་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ལ་ཐེ་ཚོམ་ཙམ་ལས་སྐྱེད་མི་ཐུབ་པ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །ཡིད་ཆེས་ཀྱི་རྟགས་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་ཟེར། འོ་ན། དེ་ལ་རང་ཡིན་གྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དཔྱད་གསུམ་གྱིས་དག་པའི་ལུང་དེ་བརྒྱད་སྟོང་པ་རང་གི་བསྟན་དོན་ལ་བསླུ་མེད་དུ་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །དེ་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་སོང༌། རྟགས་སླ། འདོད་མི་ནུས་ཤིང༌། དེས་རང་བཞིན་གྱི་རྟགས་ཡང་དག་ཀྱང་ཤེས་སོ། །ཡང་ཁ་ཅིག་ན་རེ། ལུང་རྣམ་དག་ཡིན་ན་དཔྱད་གསུམ་གྱིས་དག་མ་དག་མ་བརྟགས་པར་རྟོགས་ལྡན་གྱིས་ཁས་བླངས་རིགས་པར་ཐལ། ཐེ་ཚོམ་སྒོས་ལུང་རྣམ་དག་ལ་ཐོས་སོགས་ཀྱིས་ཞུགས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདི་ཉིད་ལས། དེ་ལྟར་ཡུལ་གཉིས་རྣམ་དག་ནས། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན་ཞེས་དང༌། རྣམ་ངེས་ལས། ཁས་བླངས་ནས་བརྟགས་པ་འཇུག་པ་ནི་མིན་གྱི་འོན་ཀྱང་བརྟགས་ནས་ཁས་ལེན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན་རང་གི་དོན་ལ་དཔྱད་པ་གསུམ་གྱི་དོན་ནམ། གཞལ་བྱའི་གནས་གསུམ་ཡོད་པས་ཁྱབ་པར་ཐལ། དེ་ཡིན་ན་དཔྱད་གསུམ་གྱིས་དག་པས་ཁྱབ་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། ཁྱབ་པར་ཐལ། རང་འགྲེལ་ལས། མངོན་སུམ་དུ་འདོད་པའི་དོན་དག་ལ་དེ་བཞིན་དུ་འགྱུར་བ་ནི་མངོན་སུམ་གྱིས་གནོད་པ་མེད་པ་སྟེ། ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་ན། སྦྱིན་པས་ལོངས་སྤྱོད་ཅེས་པའི་ཚིག་ཟུར་གྱི་སྦྱིན་པ་ཞེས་པའི་ལུང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་དངོས་བསྟན་ལ་དེ་གསུམ་ཡོད་པར་ཐལ། འདོད་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང་འདོད་དོ། །འདོད་མི་ནུས་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ན་འགལ་ཁྱབ་བོ། །ཁོ་རང་ལ་འོ་ན། འདིའི་དངོས་བསྟན་གྱི་སྦྱིན་པ་ཡིན་ན་མངོན་གྱུར་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། འདིའི་དངོས་བསྟན་གྱི་རྒྱལ་སྲས་སོ་སྐྱེ་ནས་ས་བཅུའི་བར་གྱི་ཆོས་ཟང་ཟིང་མི་འཇིགས་པའི་སྦྱིན་པ་མཐའ་ཡས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། དེར་ཐལ། སློབ་དཔོན་འཕགས་པས་མདོ་ལས་བཤད་པའི་སྦྱིན་པ་ཐམས་ཅད་ཀྱི་འབྲས་བུ་འབྱུང་ཚུལ་བསྡུས་ནས་སྐབས་འདིར་བཤད་པའི་ཕྱིར་རོ། །མ་གྲུབ་ན། དབུ་མ་རིན་ཆེན་ཕྲེང་བ་ལས་བཤད་པའི་མངོན་མཐོ་ཡིན་ན་སོ་སྐྱེའི་རྒྱུད་ཀྱི་མངོན་མཐོ་ཡིན་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེས་ས་མཐོན་པོའི་མངོན་མཐོ་མ་བཤད་པར་ཐལ་ལོ། །འདོད་པའི་ཕྱིར། གོང་དུ་འདོད་ན། འདིའི་དངོས་བསྟན་གྱི་བསམ་གྱིས་མི་ཁྱབ་པའི་སྦྱིན་པ་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། བསམ་མི་ཁྱབ་ཀྱི་སྦྱིན་པ་ཡོད་པའི་ཕྱིར། དེས་ལུང་གཞན་གྱི་དོན་རྩོད་ཚུལ་ལ་རིགས་པ་སྒྲེས་ཤིག །

           གཉིས་པ་རང་ལུགས་ནི། དེའི་མཚན་ཉིད། དབྱེ་བ། ལུང་གིས་བཤད་ཚུལ་གསུམ། དང་པོ་ནི། རང་གི་བསྟན་བྱའི་གཙོ་བོ་དེ་བསྟན་པ་ལྟར་དུ་གནས་པ་དེ་ལ་མངོན་སུམ་དང༌། དངོས་སྟོབས་རྗེས་དཔག་དང་ཡིད་ཆེས་རྗེས་དཔག་དང་གྲགས་པའི་རྗེས་དཔག་གང་གིས་ཀྱང་མི་གནོད་པའི་ལུང་དེ། དཔྱད་གསུམ་གྱི་དག་པའི་ལུང་གི་མཚན་ཉིད། གོ་ཐོབ་བྱས། མཚན་གཞི་བརྒྱད་སྟོང་པ་དང་ས་བཅུ་པ་དང་དགོངས་འགྲེལ་ལྟ་བུའི་མདོ་དང༌། དབུ་མ་རིན་ཆེན་ཕྲེང་བ་དང་རྒྱུད་བླ་མ་དང་མདོ་སྡེ་རྒྱན་སོགས་དང༌། ས་སྡེ་ལྟ་བུའི་བསྟན་བཅོས་རྣམས་ཡིན། གཉིས་པ་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་དབྱེ་ན་རང་ཡིན་པའི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ཡོད་དེ། འབྲས་རྟགས་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། རང་གི་བརྗོད་བྱ་རྟོགས་པའི་བློ་སྔོན་དུ་སོང་སྟེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། ཡིད་ཆེས་པའི་མ་དམིགས་པའི་རྟགས་ཡང་དག་ནི། དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་བསླུ་བ་མེད་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ལྟ་བུ་དང༌། ཡིད་ཆེས་པའི་རང་བཞིན་གྱི་རྟགས་ཡང་དག་ནི། དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ལྟ་བུ་ཡིན་ནོ། །དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཡིད་ཆེས་རྗེས་དཔག་གི་གཞལ་བྱ་ཡིན་ན། གཞལ་བྱའི་གནས་གསུམ་པ་ཡིན་པས་ཁྱབ་པ་སོགས་ཡིན་ཏེ། རང་འགྲེལ་ལས། ལུང་རྗེས་སུ་དཔག་པར་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། སྐྱེས་བུ་འདི་ནི་ལུང་ཚད་མ་ལ་མ་བརྟེན་པར་བཞག་པར་ནུས་པ་མ་ཡིན་ཏེ། འབྲས་བུ་མངོན་སུམ་དུ་གྱུར་པ་མ་ཡིན་པ་ལ་ལ་དག་ཅེས་གསུངས་པའི་ཕྱིར། ཡང་ན་དཔྱད་གསུམ་གྱིས་དག་པའི་ལུང་མ་བྱས་པར་ཉེས་ཟད་ཀྱི་ལུང་ཡིན་པའི་ཕྱིར་བཀོད་ཀྱང་རུང་སྟེ། རང་འགྲེལ་ལས། དེ་དང་འདི་དེ་ལྟ་བུར་གྱུར་པའི་ཉེས་པ་ཟད་པའི་ཚིག་མི་བསླུ་བར་མཚུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚད་མ་བཞིས་མི་གནོད་པ་དང་ཉེ་ཟད་ཀྱི་ཚིག་གཉིས་མི་བསླུ་བར་མཚུངས་པར་བཤད་པའི་ཕྱིར། ཤཱཀྱའི་འགྲེལ་བཤད་ལས། གང་དང་གང་ཉེས་པ་ཟད་པའི་ཚིག་དེ་དང་དེ་ནི་མི་བསླུ་བ་ཡིན་ཏེ། དཔེར་ན། འདུས་བྱས་ཐམས་ཅད་ནི་སྐད་ཅིག་མ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཉེས་པ་ཟད་པའི་ཚིག་འདི་ཡིན་ནོ་ཞེས་སྤྱིར་སྒྲུབ་པའི་ཕྱིར་རོ། །

           ཡང་ཕྱོགས་གླང་གིས་ཡིད་ཆེས་ཚིག་ནི་ཞེས་དཔྱད་གསུམ་གྱིས་དག་པའི་སངས་རྒྱས་ཀྱི་ལུང་གི་རྟགས་ལས་ཤིན་ལྐོག་སྟོན་པའི་བཀའ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཤེས་འདོད་ཆོས་ཅན་བསྟན། ཡིད་ཆེས་ཀྱི་ཚིག་དེ་ཡང་ཁྱད་པར་གསུམ་ལྡན་དེ་སེའུ་བཅུ་པ་ལྟ་བུའི་མ་འབྲེལ་བ་མ་ཡིན་པར་འདིར་བླང་དོར་སོགས་བསྟན་པ་གཞི་གཅིག་བསྡུར་རུང་འབྲེལ་ཆགས་པ་དང༌། འཇོག་པོའི་གཙུག་རྒྱན་ལེན་པ་སྟོན་པ་ལྟ་བུ་མ་ཡིན་པར་མངོན་མཐོ་སོགས་ཀྱི་ཐབས་སྒྲུབ་པ་དང་རྗེས་སུ་མཐུན་པ་དང་བྱ་རོག་སོ་རྟོག་ལྟ་བུ་མ་ཡིན་པར་འདོད་དོན་བརྗོད་བྱར་བྱེད་པ་དང་ལྡན་ཞིང་ཁས་ལེན་པའི་གནས་སྐབས་ཡང་དཔྱད་གསུམ་གྱིས་དག་པ་ན་ཡིན་ཞེས་འཆད་པར་འབྲེལ་བ་དང་ནི་སོགས་ཚིགས་བཅད་གཅིག་བྱུང༌། སློབ་དཔོན་གྱིས་མི་བསླུ་ཞེས་པས་དེ་སྒྲུབ་ཀྱི་ཆོས་མི་བསླུ་བའི་ཚུལ་ཚད་མ་བཞི་གང་གིས་ཀྱང་མི་གནོད་པ་ཞིག་ཡིན་ཞེས་འཆད་པར། མཐོང་དང་སོགས་བཞི་བྱུང༌། སློབ་དཔོན་གྱིས་སྤྱི་ལས་ཞེས་པས་རྟགས་བསྟན། སློབ་དཔོན་དེས་འདིར་བཤད་པའི་གཏན་ཚིགས་འཆད་པར། སྤྱི་ལས་འདིའི་ལྐོག་གྱུར་པ་ཡི། །ཡུལ་ལའང་སོགས་བྱུང༌། སློབ་དཔོན་གྱིས་རྗེས་སུ་དཔག་པ་ཉིད་ལས་རྗེས་དཔག་སྐྱེ་ཚུལ་འཆད་པར། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་སོགས་བྱུང༌། སེའུ་བཅུ་པ་ནི། རང་འགྲེལ་ལས། སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ངག་དང་འདྲ་བར་བསྡུར་མེད་པ་ཁོ་ན་ཡིན་ནོ། །ཞེས་དང༌། ཤཱཀྱ་བློའི་འགྲེལ་པར། སེའུ་བཅུ་དང་ཁུར་བ་དྲུག་དང་མཁར་གཞོང་དང་པགས་པ་དང་ཤ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ངག་རྣམས་སོ། །ཞེས་དང༌། ཞི་འཚོས་རྩོད་རིགས་འགྲེལ་བར། སེ་བཅུ་ཁུར་བ་དྲུག་སྣོད་དང༌། །རི་དྭགས་པགས་པ་རྩ་གོང་བུ། །དེ་ནས་སྔོན་མོའི་བུ་མོ་འདི། །པ་ཡང་ཏང་ཀྲའི་བ་ཤི་བའོ། །ཞེས་བཤད་དོ་ཞེས་གསུངས་པ་ལྟར་གཞི་གཅིག་ལ་བསྡུར་མི་རུང་བ་ཞིག་ཡིན་ནོ། །ཡང་སྔར་གྱི་ཆོས་ཅན་དང་ཆོས་ལ་འབྲེལ་སོགས་ཁྱད་པར་གསུམ་ལྡན་གྱི་ཚིག་ཡིན་པའི་ཕྱིར། ཞེས་བཀོད་ཀྱང་ཆོག་སྟེ། དེ་དང་དཔྱད་གསུམ་གྱིས་དག་པའི་ལུང་གཉིས་རྒྱ་ཆེ་ཆུང་ཡོད་ཀྱང་འདི་ཡང་ཡིད་ཆེས་ཀྱི་གོ་དོན་ཡིན་པའི་ཕྱིར།

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། རང་གི་བསྟན་བྱའི་གཙོ་བོ་ལ་ཚད་མ་བཞིས་མི་གནོད་པའི་ལུང་ཆོས་ཅན། དེ་དཔྱད་གསུམ་གྱིས་དག་པའི་ལུང་དུ་ཚད་མས་གྲུབ་པའི་གང་ཟག་ཡིན་ན་ཁྱོད་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཕྱི་རྒོལ་དེ་ཆོས་ཅན། ལུང་དེ་མི་བསླུ་བར་གྲུབ་ཟིན་པར་ཐལ། ལུང་དེ་ཚད་མ་བཞིས་མི་གནོད་པར་གྲུབ་ཟིན་པའི་ཕྱིར་ན་མ་ཁྱབ་བོ། །གཞན་ཡང༌། མཚན་ཉིད་དེ་ཆོས་ཅན། ཁྱོད་ཚད་མས་ངེས་པའི་གང་ཟག་ཡིན་ན་དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་སྦྱིན་པས་ལོངས་སྤྱོད་སོགས་ཀྱི་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་སྒྲུབ་པའི་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་རྫོགས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དཔྱད་གསུམ་གྱིས་དག་པའི་ལུང་གི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཚད་མས་ངེས་པ་ཡང་ཡིན། སྦྱིན་པའི་སོགས་ལ་བློ་ཁ་མ་ཕྱོགས་པའི་གང་ཟག་ཡོད་པའི་ཕྱིར། འཁོར་གསུམ། ཡང་ཁོ་ན་རེ། དེ་ལ་ཁྱབ་པར་ཐལ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཚད་མས་ངེས་པའི་གང་ཟག་ཡིན་ན། དཔྱད་པ་གསུམ་གྱིས་དག་པ་ཚད་མས་ངེས་པ་ཡིན་དགོས། དེ་ཡིན་ན་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་ཡོངས་སུ་རྫོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ན་རྟགས་འདི་མ་གྲུབ་བོ། །གོང་གི་རྩ་བར་འདོད་མི་ནུས་ཏེ། གཞི་གཅིག་དེ་ལྟར་སྟོན་པའི་ལུང་དཔྱད་གསུམ་གྱིས་དག་པའི་ལུང་དུ་ཚད་མས་ངེས་ན་གཞལ་བྱའི་གནས་དང་པོ་གཉིས་ཀྱི་དཔྱད་པ་རྫོགས་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། དུ་བ་ལས་ནི་མེར་ཤེས་དང༌། །ཞེས་གསུངས་པའི་ལུང་གི་དོན་ཚད་མ་བཞིས་མི་གནོད་པར་ཚད་མས་ངེས་པའི་བླུན་པོ་གནག་རྫི་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། དེ་ཙམ་མྱོང་སྟོབས་ཀྱིས་ངེས་པའི་བླུན་པོ་ཡོད་པའི་ཕྱིར། རྣམ་འགྲེལ་ངེས་གཉིས་ལས། ད་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞལ་བྱའི་གནས་དང་པོ་གཉིས་ལ་རྫོགས་པར་དཔྱད་པར་ཐལ་ལོ། །འདོད་པའི་ཕྱིར། དེ་གཉིས་ལ་རྒྱས་པར་དཔྱད་པ་ཞུགས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཁས་པ་དབང་རྣོན་ཡིན་པར་ཐལ་ལོ། །གཞལ་བྱའི་གནས་ལ་དཔྱད་པ་རྒྱས་པར་ཞུགས་ཤིང་ཚད་མས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ་མོ། །

སྨྲས་པ།

ཤིང་རྟ་ཆེན་པོ་བྱེ་བ་ཕེབས་པའི་ལམ། །

ཤིང་རྟ་ཆེན་པོའི་སྲོལ་བཞིན་ཆེས་གསལ་ཡང༌། །

ཤིང་རྟ་འདྲེན་པའི་ཕྱུགས་བཞིན་ལོག་འགྲོ་དག །

ཤིང་རྟ་ཆེ་བརྒྱས་རིགས་པས་ལེགས་པར་བཀག །

                   གནམ་ལ་ཉི་ཟླའི་འོད་སྟོང་འགྱེད་པ་བཞིན། །རབ་གསལ་ལུང་རིགས་འོད་ཟེར་བྱེ་བ་བརྒྱས། །བཀའ་དང་དགོངས་འགྲེལ་བཅུ་གཉིས་ཁྱིམ་གསལ་ཞིང༌། །ཚིག་དོན་ཆེས་བཀྲས་མཁས་ཀུན་ཡིད་དབང་འགུག །རྒྱན་དྲུག་ལུང་གི་ཆར་དང་སྡེ་བདུན་གྱི། །རིགས་པའི་འབྲུག་སྒྲས་ཕན་བདེའི་བྱུ་རུའི་ལྗོན། །ཞྭ་སེར་རིང་ལུགས་གསེར་གྱི་རི་བོ་དག །འཇིག་རྟེན་ངོ་མཚར་བཞིན་དུ་ལྷན་རྒྱས་ཤོག །ཚད་མའི་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ལས། ལེའུ་དང་པོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་ལེགས་པར་བཤད་ཟིན་ཏོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྒོ་ཐམས་ཅད་ནས་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །མངྒ་ལཾ་བྷ་ཝནྟུ།

                                                                                                                             རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།