ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་གཞན་སེལ་གྱི་རྣམ་བཞག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 11:05:29     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

90826978328408125.jpg

                  གཉིས་པ་གཞན་སེལ་གྱི་རྣམ་གཞག་ལ་དགག་གཞག་སྤོང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། དངོས་པོ་ཡིན་ན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་པར་ཐལ། དངོས་པོ་ཡིན་ན་རང་མཚན་དང་དེ་མིན་བཅད་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། འོ་ན། དངོས་པོ་ཡིན་ན་དགག་པ་ཡིན་པས་ཁྱབ་པར་ཐལ། དངོས་པོ་ཡིན་ན། རང་མིན་དགག་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། གསལ་བ་གཉིས་ཀར་འདོད་མི་ནུས་ཏེ། སྒྲུབ་པ་ཡོད་པའི་ཕྱིར། ཡང་ཁ་ཅིག །དོན་རང་མཚན་གྱི་གཞན་སེལ་གཞན་སེལ་བཏགས་པ་བ་ཡིན་པར་ཐལ། ཚད་ཆེན་ལས། དོན་གྱི་བདག་ཉིད་མིན་པ་ལ། །དོན་ཅེས་བྱ་བར་ངེས་པ་ཡིན། །ཞེས་དང༌། དཀའ་འགྲེལ་ལས། དོན་གྱི་རྣམ་པ་སྣང་བ་དེ་ལ་གཞན་སེལ་བ་ཞེས་བྱ་བའི་མིང་བཏགས་སོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱིའི་དོན་མ་ཡིན་པ་ལ་དེར་བཏགས་ཞེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དོན་གྱི་བདག་ཉིད་མ་ཡིན་པ་ཞེས་པ་ཕྱི་དོན་ལ་བྱེད་དགོས་པའི་ཕྱིར། འདིའི་དཀའ་འགྲེལ་ལས་རྒྱལ་སྲས་པདྨའི་ངང་ཚུལ་གྱིས། དོན་བདག་མེད་ན་ཡང་ཞེས་བྱ་བ་ནི། ཕྱི་རོལ་དོན་གྱི་བདག་ཉིད་མེད་པར་ཡང་ངོ༌། །ངེས་པ་ཞེས་བྱ་བ་ནི་ཞེན་པའོ་ཞེས་གསུངས་པའི་ཕྱིར། དེ་ལྟ་མ་ཡིན་ན་སློབ་དཔོན་ཞི་འཚོ་ཡབ་སྲས་ལ་དངོས་འགལ་བྱུང་ངོ་ཞེས་སྨྲ་རིགས་པར་ཐལ། དོན་གྱི་གཞན་སེལ་གཞན་སེལ་བཏགས་པ་བ་གང་ཞིག །དེ་དངོས་ཀྱང་ཡིན་པའི་ཕྱིར། འཁོར་གསུམ། རྟགས་དང་པོ་ཁས། གཉིས་པ་གྲུབ་སྟེ། ཚད་ཆེན་ལས། གཞན་དང་མ་འདྲེས་པར་ཡོད་པས། །རང་གི་མཚན་ཉིད་ཀྱང་དེའི་རྒྱུ། །ཞེས་དང༌། མཁས་གྲུབ་ཊིཀ་ཆེན་དུ་དྲངས། དེའི་འགྲེལ་པ་ལས། འདིས་ནི་རང་གི་མཚན་ཉིད་གཞན་སེལ་བར་བསྟན་པ་ནི་དངོས་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དཔེ་ལ་ལར་དངོས་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཞེས་བྱུང༌། གང་ལྟར་དོན་འདྲ་སྟེ། རང་མཚན་གཞན་འགོག་པ་ཞེས་པ་ཡིན་པས། སེལ་བ་དང་དགག་པ་ལས་བྱས་པ་ལ་ཁོ་ན་རེ། འདིའི་སྐབས་ཀྱི་དཀའ་འགྲེལ་ལས་ཀྱང༌། གཞན་སེལ་ཞེས་བྱ་བའི་མིང་འདི་བཏགས་ཞེས་སྐབས་དང་སྦྱར་ཏེ་གསུངས་པ་མི་འཐད་པར་ཐལ། དེ་བཏགས་པ་བ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། དེ་ལ་མིང་དེ་བཏགས་ན་དེ་དེ་བཏགས་པ་བ་ཡིན་པས་ཁྱབ་པར་ཐལ། ལུང་འདིས་མིང་འདི་བཏགས་ཞེས་པས་དེ་བཏགས་པ་བ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། བུམ་པ་ཆོས་ཅན། བུམ་པ་བཏགས་པ་བ་ཡིན་པར་ཐལ། ཁྱོད་ལ་བུམ་པ་ཞེས་པའི་མིང་བཏགས་པའི་ཕྱིར། འཁོར་གསུམ། འདོད་ན། ཤེས་བྱ་ཐམས་ཅད་བཏགས་པ་བ་ཡིན་ཞེས་སོ་སོ་ནས་ཁས་ལེན་རིགས་པར་ཐལ། ཤེས་བྱ་ཐམས་ཅད་ལ་མིང་རེ་བཏགས་པའི་ཕྱིར། འཁོར་གསུམ། འདོད་ན། ཤེས་བྱ་དངོས་གནས་པ་གཅིག་ཀྱང་མེད་པའི་བླུན་པོ་ཁྱོད་མཚར་རོ། །

          གཞན་ཡང་བློའི་གཞན་སེལ་ཡང་གཞན་སེལ་དངོས་གནས་པ་མ་ཡིན་པར་ཐལ། དེ་ལ་གཞན་སེལ་ཞེས་མིང་བཏགས་པའི་ལུང་ཁྱོད་ཀྱིས་སྔར་དྲངས་པ་དེ་དང་བཏགས་པའི་རྒྱུ་མཚན་ཡང་བཞི་བཤད་པའི་ཕྱིར། དེར་ཐལ། རྒྱུ་མཚན་དང་པོ་བློ་རྟོག་པའི་སྣང་ཡུལ་གཞན་ལས་ཐ་དད་པ་སྟེ་གཞན་ལས་ལོག་པའི་ཆ་ཡིན་པས་ན་གཞན་སེལ་དང༌། རྒྱུ་མཚན་གཉིས་པ་སོགས་བཏགས་པ་གསུམ་གྱིས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། བློའི་གཞན་སེལ་ལ་སྣང་བའི་གཞན་སེལ་གྱིས་ཁྱབ་པའི་ཕྱིར། ཚད་ཆེན་ལས། སྣང་བ་གཞན་ལས་ཐ་དད་ཕྱིར། །ཞེས་དང༌། འདིའི་དཀའ་འགྲེལ་ལས། ཇི་ལྟར་གཞན་སེལ་བ་ཞེས་བྱ་བ་འདི་བསྟན་ཞེ་ན། སྣང་བ་གཞན་ལས་ཐ་དད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་བཞིས་འདི་སེལ་བ་ཞེས་བཤད་པ་ཡིན་ཏེ་དངོས་སུ་ནི་རྣམ་པར་རྟོག་པ་གཞན་གྱིས་སྒྲོ་བཏགས་པའི་སྣང་བ་གཞན་ལས་ཐ་དད་པས་རང་ཉིད་སྣང་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། དངོས་སུ་ནི་ཞེས་པ་གཞན་བསལ་བའི་ཆ་དངོས་ཞེས་པ་ཡིན་ནོ། །རྟགས་གཉིས་པ་གྲུབ་སྟེ། རྒྱུ་ལ་འབྲས་བུའི་ཆོས་ལྡོག་མིང་བཏགས་པ་དང༌། འབྲས་བུ་ལ་རྒྱུ་ཆོས་བཏགས་པ་དང༌། རིགས་མི་མཐུན་སེལ་ཚུལ་གྱི་སྒོ་ནས་བཏགས་པ་གསུམ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བཏགས་པ་གསུམ་གྱི་བཏགས་པ་དང་པོ་རྒྱུ་ལ་འབྲས་བུའི་ཆོས་གཞན་སེལ་ལམ་ལྡོག་པ་ཞེས་བཏགས་ཚུལ་འཆད་པར། ཚད་ཆེན་ལས། གཞན་ལས་ལོག་པའི་དངོས་པོ་ནི། །ཐོབ་པའི་རྒྱུ་ལས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞན་ལས་ལོག་པའི་དངོས་པོ་དེ་ལ་དེ་ལྟར་སྣང་བའི་འབྲས་བུ་རྣམ་རྟོག་གི་སྣང་བའི་སྒོ་ནས་མིང་བཏགས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུ་མངོན་སུམ་གྱིས་དངོས་པོ་གཞན་དང་མ་འདྲེས་པར་མྱོང་བའི་སྟོབས་ཀྱིས་འབྲས་བུ་རྟོགས་པ་ལ་དངོས་པོ་གཞན་ལས་ལོག་པར་སྣང་ཚུལ་སྒོ་ནས། ལྡོག་པ་ཞེས་འབྲས་བུ་ལ་རྒྱུའི་ཆོས་བཏགས་པ་ཡིན་པའི་ཕྱིར། ཚད་ཆེན་ལས། མ་འདྲེས་པའི། །དངོས་པོའི་སྒོ་ནས་འོངས་པ་སྟེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྟོག་པའི་སྣང་ཚུལ་དེ་ལ་ལྡོག་པ་ཞེས་པ་དངོས་པོ་གཞན་དང་ཐ་དད་པར་སྣང་བའི་སྒོ་ནས་བཏགས་ལ། དེ་ལྟར་སྣང་བ་དེ་དེ་འདྲེན་བྱེད་མངོན་སུམ་གྱིས་དངོས་པོ་གཞན་དང་མ་འདྲེས་པར་མྱོང་བའི་སྟོབས་ཀྱིས་བྱུང་བའི་ཕྱིར། གསུམ་པ་གྲུབ་སྟེ། ཚད་ཆེན་ལས། རིགས་མི་མཐུན་པ་ལས་ལྡོག་པ། །དེ་འབྲས་གང་ཡིན་རང་མཚན་ཉིད། །ཅེས་བྱུང༌། དེས་ན་དེ་དག་གཞན་སེལ་བཏགས་པ་བ་མ་ཡིན་པར་ཐལ། བཏགས་པ་བ་གསུམ་དང་སྣང་བ་ཐ་དད་པ་དང་རྒྱུ་མཚན་བཞིའི་སྒོ་ནས་གཞན་སེལ་ཞེས་བཤད་པའི་ཕྱིར། ཚད་ཆེན་ལས། དེ་ལ་འདི་ནི་གཞན་སེལ་ཅེས། །མིང་དུ་བསྟན་པ་རྒྱུར་བཅས་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ནི་ཞེས་པས་རྣམ་རྟོག་གི་སྣང་ཡུལ་བསྟན། རྒྱུར་བཅས་པ་ཞེས་པས་རྒྱུ་མཚན་བཞི་དང་བཅས་པ་ཞེས་བཤད་ཅིང༌། ལྷག་མས་མིང་བསྟན་པའི་ཕྱིར། དཀའ་འགྲེལ་ལས། འདི་ཞེས་བྱ་བ་རྣམ་པར་རྟོག་པའི་བློ་ལ་ཡོད་པའི་དོན་གྱི་གཟུགས་ཅན་ནོ། །རྒྱུ་མཚན་དང་བཅས་ཞེས་བྱ་བ་ནི། ཞེས་གསུངས་པའི་ཕྱིར། ཇི་སྐད་དུ་མཁས་གྲུབ་ཊཱིཀ་ཆེན་ལས། དོན་གྱི་སེལ་བ་ཡིན་ན་སེལ་བ་བཏགས་པ་བ་ཡིན་པས་ཁྱབ་པར་འདོད་པ་སློབ་དཔོན་དེ་དག་གི་དགོངས་པར་སྨྲ་བའང་སློབ་དཔོན་དེ་དག་གི་གཞུང་ལུགས་མ་མཐོང་བར་གསལ་ཏེ་ཞེས་གསུངས་པའི་དགོངས་པ་ལེགས་པར་བཤད་དོ། །དཀའ་གནས་འདི་དག་ནི་མཁས་བླུན་མང་པོས་མཐོང་ཡང་རྡོ་རྗེ་ལྟར་གྱུར་པས་རྔོ་མ་ཐོགས་པ་གསལ་བར་བཀྲལ་ཏེ་དཔྱོད་ལྡན་ཡོངས་ལ་གནད་དོན་གསལ་བའི་ཉིན་མོ་བྱས་ཡོད་པ་དགའ་བའི་རིགས་སོ། །

           གཞན་ཡང་དོན་རང་མཚན་གྱི་གཞན་སེལ་གཞན་སེལ་ཡིན་པ་དེ་ཆོས་གྲགས་ཤཱཀྱ་བློ་སོགས་དུ་མའི་དགོངས་པར་འདོད་རིགས་པར་ཐལ། དེ་གཞན་ལས་ལོག་པ་ཚིག་ཟིན་ལ་ཡོད་པའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དོན་རང་མཚན་གྱི་གཞན་སེལ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་ཚིག་ཟུར་གྱི་གཞན་སེལ་ཞེས་པ་གཞན་དགག་པའི་སྒྲ་མ་ཡིན་པར་ཐལ་ལོ། །ཁྱོད་དངོས་པོ་གང་ཁྱོད་གཞན་ལས་ལོག་པ་ཚིག་ཟིན་ལ་ཡོད་པའི་དངོས་པོ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཤིང་ཁྱབ་པར་ཐལ། རང་གི་མིང་ལ་དགག་ཚིག་མངོན་པར་ཡོད་པའི་ཆོས་ཡིན་ན་དགག་པ་ཡིན་དགོས་པ་གང་ཞིག །དགག་ཚིག་ཅན་གྱི་དངོས་པོ་ཡིན་ན་རང་མཚན་གྱི་གཞན་སེལ་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ལྡོག་པའི་འགྲེལ་པར་དྲངས་པ་ལས། ཧྱ་ན་ཨ་བྷི་གང་ལྡན་པ། །ལྷན་ཅིག་པ་ནི་ལྡོག་པར་འགྱུར། །ཞེས་གསུངས་པའི་ཕྱིར་དང༌། ཧྱ་ན་དགག་པ་ཨ་བྷི་མངོན་པའོ། །གཉིས་པ་གྲུབ་སྟེ། འདི་ཉིད་ལས། མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་དང༌། ཤཱཀྱའི་འགྲེལ་བཤད་ལས། རེ་ཞིག་གཅིག་ནི་འདི་ལ་གཞན་དང་གཞན་སེལ་བར་བྱེད་པའི་ཕྱིར། རང་གི་མཚན་ཉིད་བཟློག་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་གི་མཚན་ཉིད་བཟློག་པ་ཁོ་ན་ཡིན་ནོ། །ཞེས་པའི་བཟློག་པ་ཁོ་ན་ཡིན་ཚུལ་ཡོད་པའི་ཕྱིར། དབང་རྣོན་དག་གིས་དེ་ཙམ་གྱིས་རྟོགས་ནུས་ཀྱང་བློ་དམན་དག་ལ་རིགས་པ་ཕྲ་མོ་བཞི་ལ་སྦྱར་ན་ཁ་ཅིག་ན་རེ། བུམ་པ་རྟག་དངོས་ཀྱིས་སྟོང་པ་བུམ་པའི་མེད་དགག་གི་གཞན་སེལ་ཟེར་ན། དེ་ཆོས་ཅན། བུམ་འཛིན་རྟོག་པས་ཤུགས་ལ་རྟོགས་པར་ཐལ། བུམ་པའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པར་ཐལ། དངོས་པོ་དེའི་རང་མཚན་གྱི་གཞན་སེལ་དང༌། དངོས་པོ་དེ་དངོས་སུ་རྟོགས་པའི་བློས་དེའི་མེད་དགག་གི་གཞན་སེལ་ཤུགས་ལ་རྟོགས་དགོས་པའི་ཕྱིར། དེར་ཐལ། བ་ལང་དངོས་སུ་རྟོགས་པའི་བློས་བ་ལང་གི་མེད་དགག་གི་སེལ་བ་ཤུགས་ལ་རྟོགས་པའི་ཕྱིར། ཚད་ཆེན་ལས། དངོས་ཀྱི་རྣམ་པ་གཅིག་ཉིད་ལ། །ད་ལྟར་རབ་ཏུ་སྒྲུབ་པ་ཡི། །ཤུགས་ཀྱིས་མེད་པར་དགག་པ་ཡང༌། །རབ་ཏུ་རྟོགས་པར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བུམ་འཛིན་རྟོག་པ་སེལ་འཇུག་ཡིན་པའི་ཕྱིར། གཞན་ཡང་བུམ་པ་དངོས་སུ་རྟོགས་པའི་ཤུགས་ལ་བུམ་པའི་མེད་དགག་གི་སེལ་བ་རྟོགས་པར་ཐལ། བུམ་པ་བུམ་མིན་གྱི་བདག་ཉིད་མིན་ཞིང་བུམ་པ་དངོས་སུ་བཅད་པས་བུམ་པ་ལ་བུམ་མིན་མེད་པ་ཤུགས་ཀྱིས་གོ་ཐུབ་པའི་ཕྱིར། ཚད་ཆེན་ལས། དེ་ཡི་བདག་ཉིད་གཞན་བདག་ཉིད། །མིན་ཞིང་འབྲེལ་ཡོད་དངོས་རྣམས་ནི། །ལྡོག་པའི་དངོས་པོ་རྟོགས་པར་ཡང༌། །དོན་གྱིས་གོ་འབྱུང་དེ་ཡི་ཕྱིར། །ཞེས་གསུངས་པའི་ཕྱིར།

          ཡང་ཁ་ཅིག །བུམ་པ་རྟག་པ་མིན་པ་དེ་བུམ་པའི་མེད་དགག་གི་གཞན་སེལ་དང༌། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་བུམ་པའི་བློའི་གཞན་སེལ་དང༌། བུམ་པ་མི་རྟག་པ་མ་ཡིན་པ་ལས་ལོག་པ་དེ། བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཟེར་ན། འོ་ན། བུམ་པ་རྟག་པ་མིན་པ་ཆོས་ཅན། མེད་དགག་ཡིན་པར་ཐལ། བུམ་པའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མ་ཡིན་དགག་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་བརྗོད་པའི་སྒྲས་བུམ་པ་མི་རྟག་པ་ཤུགས་ལ་འཕེན་པའི་ཕྱིར། དེར་ཐལ། བུམ་པ་མི་རྟག་པ་དེ་བུམ་པ་རྟག་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་གི་ཤུགས་གཞལ་ཡིན་པའི་ཕྱིར། དེར་ཐལ། དེའི་ཤུགས་གཞལ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པ་ལ་སྣང་བར་ཐལ། བུམ་པའི་བློའི་གཞན་སེལ་ཡིན་པའི་ཕྱིར་ན་འགལ་ཁྱབ་ཡིན་པར་ཐལ། བུམ་པའི་བློའི་གཞན་སེལ་ཡིན་ན་བུམ་འཛིན་རྟོག་པའི་ཤུགས་ཡུལ་ཡིན་དགོས་པའི་ཕྱིར། དེར་ཐལ། བུམ་པ་སྒྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་དེ་ལ་མི་སྣང་བའི་ཕྱིར། དེར་ཐལ། དེ་དེའི་ཤུགས་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་ཁྱོད་འཛིན་རྟོག་པའི་ཤུགས་ཡུལ་ཡིན་པར་ཐལ། ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་ཡོད་པའི་ཕྱིར། བུམ་པ་མི་རྟག་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། བུམ་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་ཤུགས་ཡུལ་མ་ཡིན་པའི་ཕྱིར། དེར་ཐལ། བུམ་འཛིན་རྟོག་པ་དང་བུམ་པ་མི་རྟག་པ་འཛིན་པའི་རྟོག་པ་གཉིས་རང་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར། གཞན་ཡང༌། བུམ་པའི་དོན་རང་མཚན་གྱི་གཞན་སེལ་དང༌། བུམ་པ་མི་རྟག་པའི་དོན་རང་མཚན་གྱི་གཞན་སེལ་གཉིས་སོ་སོར་བཞག་ཏུ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུམ་པ་འཛིན་པའི་རྟོག་པ་དང༌། བུམ་པ་མི་རྟག་པ་འཛིན་པའི་རྟོག་པ་གཉིས་ཀྱི་སྣང་ཡུལ་གཅིག་པ་དང་ཤུགས་ཡུལ་ཡང་གཅིག་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། བུམ་འཛིན་རྟོག་པ་ཆོས་ཅན། བུམ་པ་ལ་ལྟོས་ཏེ་ཀུན་ཤེས་སུ་ཐལ། བུམ་པའི་སྟེང་གི་ལྡོག་པ་ཐམས་ཅད་དངོས་ཤུགས་གང་རུང་གིས་ངེས་པའི་ཕྱིར། རྟགས་སོང༌། ཡང་ཁ་ཅིག་ན་རེ། བུམ་པའི་གཞན་སེལ་གསུམ་ག་བུམ་པའི་གཞན་སེལ་ཡིན་པར་ཐལ། དེ་གསུམ་ག་གཞན་སེལ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བུམ་པའི་བློའི་གཞན་སེལ་ཆོས་ཅན། བུམ་མིན་བཅད་པ་དངོས་གནས་ཡིན་པར་ཐལ། བུམ་མིན་སེལ་བ་དངོས་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་གཞན་སེལ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། བུམ་པའི་གཞན་སེལ་ཡིན་ན་དོན་རང་མཚན་གྱི་གཞན་སེལ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་བུམ་པ་ཡིན་དགོས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བུམ་མིན་ཡིན་པའི་ཕྱིར། རྟག་པ་ཡིན་པའི་ཕྱིར། འདིས་བུམ་པའི་མེད་དགག་གི་སེལ་བ་ཡང་བུམ་པའི་སེལ་བ་མ་ཡིན་པར་ཤེས་པར་བྱའོ། །ཡང་ཁ་ཅིག །ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡོད་ན་ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པས་ཁྱབ་ཟེར་ན། ཀ་བུམ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྟག་པས་སྟོང་པའི་ཀ་བུམ་གཉིས་དེ་ཡིན་པའི་ཕྱིར། དེ་དེར་ཐལ། དེའི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར་ཏེ། དེའི་དོན་རང་མཚན་གྱི་དེ་ཡིན་ན་དེ་མིན་མཐའ་དག་ལས་ལྡོག་མི་དགོས་པར་རིགས་པ་དེས་གྲུབ་པའི་ཕྱིར་དང༌། ཤཱཀྱ་བློའི་འགྲེལ་བཤད་ལས་ཀྱང༌། འདི་ན་གཞན་དང་གཞན་སེལ་བར་བྱེད་པའི་ཕྱིར། རང་གི་མཚན་ཉིད་ལྡོག་པ་ཁོ་ན་ཡིན་ནོ་ཞེས་པའི་གཞན་དང་གཞན་ཞེས་ཟློས་སྒྲ་སྔ་མའི་དངོས་བསྟན་དང་ཕྱི་མའི་དངོས་བསྟན་གྱི་བུམ་པའི་རང་མཚན་གྱི་གཞན་སེལ་གཉིས་གཞག་ཆོག་པའི་ཕྱིར། ཡང་ཁ་ཅིག་ན་རེ། དགག་པ་དགག་པ་མིན་ཟེར་ན། དགག་པ་ཆོས་ཅན། དགག་པར་ཐལ། ཁྱོད་རང་གི་དངོས་མིང་དགག་ཚིག་ཅན་གྱི་ཆོས་ཡིན་པའི་ཕྱིར། དེར་ཐལ། དགག་པ་ཞེས་པའི་སྒྲ་དགག་ཚིག་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་དགག་པར་ཐལ། ཁྱོད་འཛིན་རྟོག་པ་དགག་རྟོག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་འཛིན་རྟོག་པ་དགག་པའི་རྣམ་པ་ཅན་གྱི་བློ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་འཛིན་རྟོག་པ་ཁྱོད་ཀྱི་རྣམ་པ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འཁོར་གསུམ། དེས་མ་ཡིན་དགག་དགག་པ་མིན་ཟེར་བ་ལ་ཡང་དེ་ཁོ་ན་སྦྱོར། འཁོར་གསུམ་དང་དངོས་འགལ་མི་ཤེས་པར་ཟད་དོ། །ཡང་མཁས་རློམ་དང་བླུན་པོ་དག་བུམ་པའི་མེད་དགག་གི་སེལ་བ་ཚོལ་ཚོལ་སྣ་ཚོགས་བྱེད་པ་མི་འཐད་པར་ཐལ། བུམ་པ་ལ་བུམ་མིན་མེད་པ་བུམ་པའི་མེད་དགག་གི་སེལ་བ་དང་བ་ལང་ལ་བ་ལང་མ་ཡིན་པ་མེད་པ་བ་ལང་གི་མེད་དགག་གི་སེལ་བར་འཕགས་ཡུལ་དབུ་ཚད་མཁས་པས་བཤད་ཅིང་རིགས་པས་ཀྱང་གྲུབ་པའི་ཕྱིར། ཚད་ཆེན་ལས། བ་ལང་འདི་ལ་བ་མིན་མེད། །མེད་པར་དགག་པ་ཉིད་ཡིན་ཞེས། །གཞན་སེལ་བ་འདི་རབ་གསལ་བ། །ཁོ་ནར་ཤེས་པར་བྱ་བ་ཡིན། །ཞེས་དང༌། ཤཱཀྱའི་འགྲེལ་བཤད་ལས། གཉིས་པ་གཞན་གཅོད་པའི་ཕྱིར། གཞན་རྣམ་པར་གཅོད་པ་ཙམ་ཡིན་ཞིང་ཞེས་གསུངས་པའི་ཕྱིར། རིགས་པ་སྔར་བཤད་པས་གྲུབ་བོ། །

           གཉིས་པ་རང་ལུགས་ལ། སེལ་བ་དང་དགག་པ་དོན་གཅིག་པས་མཚན་ཉིད་འདྲ། དབྱེ་ན་མེད་དགག་གི་སེལ་བ། མ་ཡིན་དགག་གི་སེལ་བ་གཉིས་ཡོད། རང་ཉིད་དགག་བྱ་བཅད་ཙམ་གྱི་སེལ་བ་ཡིན་པ་དེ། རང་ཉིད་མེད་དགག་གི་སེལ་བ་ཡིན་པའི་མཚན་ཉིད། མཚན་གཞི་བུམ་མེད་ལྟ་བུ། མེད་དགག་ཀྱང་ཡིན་སེལ་བ་ཡང་ཡིན་པས་མེད་དགག་གི་སེལ་བ་ཞེས་ཟེར་ཞིང་ཆོས་ཐམས་ཅད་ལ་མེད་དགག་གི་སེལ་བ་རེ་ཁྱད་པར་མེད་པར་ཡོད་དེ། ཤཱཀྱ་བློའི་འགྲེལ་བཤད་ལས། གང་སྔོན་གྱི་སློབ་དཔོན་དག་གིས་ཐམས་ཅད་ལ་ཁྱད་པར་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཐམས་ཅད་ལ་དགག་པ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སོ། །རང་མཚན་ཡང་ཡིན་དགག་པ་ཡང་ཡིན་པ་དེ། དོན་རང་མཚན་གྱི་སེལ་བའི་མཚན་ཉིད། མཚན་གཞི་བུམ་པ་མ་ཡིན་པ་ལས་ལོག་པ་ལྟ་བུ། འདི་ནི་དངོས་པོ་ཐམས་ཅད་ཁོ་ན་ལ་ཡོད་ཀྱང་དངོས་མེད་ལ་མེད་དེ། སེམས་ཙམ་པས་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་ཀྱང་འདི་མདོ་སེམས་རེ་རེ་ཙམ་གྱི་ལུགས་མ་བརྗོད་པར་ཐུན་མོང་གི་འདོད་པའི་རང་མཚན་བཤད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། འོན་ཀྱང་ཚད་མ་པ་ལ་གྲགས་པའི་རང་མཚན་ནི་མ་ཡིན་ནོ། །ཞེས་དང༌། ཤཱཀྱའི་འགྲེལ་བཤད་ལས་ཀྱང༌། རང་གི་མཚན་ཉིད་བཟློག་པ་ཁོ་ན་ཡིན་ནོ་ཞེས་དང༌། མཁས་གྲུབ་ཊཱིཀ་ཆེན་ལས། དོན་གྱི་སེལ་བ་ནི། དོན་རང་མཚན་ཡང་ཡིན་ལ་སེལ་བ་ཡང་ཡིན་པ་དག་ལ་བརྗོད་དེ་ཞེས་གསུངས་པའི་ཕྱིར། རང་མཚན་ཡིན་ཀྱང་སེལ་བ་མིན་པ་དུ་མ་ཡོད་དོ། །ཁྱོད་འཛིན་རྟོག་པ་ལ་ཤར་བའི་རྣམ་པ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཁྱོད་ཀྱི་བློའི་གཞན་སེལ་གྱི་མཚན་ཉིད། རྟོག་པའི་སྣང་ཡུལ་དང༌། སྒྲ་དོན་གྱི་སེལ་བ་དང༌། བློའི་གཞན་སེལ་དོན་གཅིག་སྟེ། འདིའི་བློ་ནི་རང་གི་སྣང་ཡུལ་ལ་སེལ་བས་འཇུག་པའི་རྟོག་པ་ཡིན་པས་དེས་སེལ་བའམ་གཞན་བཅད་པའམ་བཀག་པའི་ཆ་ཡིན་པས་ན་བློའི་སེལ་བ་ཞེས་རྒྱུ་མཚན་བཞིས་ཚད་ཆེན་ལས་བཤད་ཅིང༌། ཤཱཀྱས་ཀྱང༌། གསུམ་པ་ནི་འདིས་གཞན་སེལ་བར་བྱེད་པའི་ཕྱིར་རྣམ་པར་རྟོག་པའི་བློ་ལ་སྣང་བ་60ཡིན་ནོ། །གང་བསྟན་བཅོས་མཛད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་བཞེད་པ་ཞེས་བྱ་བ་འདི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་ནི་ཡོད་མེད་ཐམས་ཅད་ལ་རུང་ངོ༌། །དགག་རྟགས་ཀྱི་ཆོས་ལ་མེད་དགག་དགོས་ལ། ཊིཀ་ཆེན་ལྟར་ན། གཞི་གྲུབ་ན་ཁྱོད་ཀྱི་མེད་དགག་གི་གཞན་སེལ་ཡོད་པས་ཁྱབ། ཁྱོད་ཀྱི་མེད་དགག་གི་གཞན་སེལ་ཁྱོད་འཛིན་རྟོག་པའི་དངོས་ཡུལ་མ་ཡིན་པས་ཁྱབ། ཤུགས་ཀྱི་ཡུལ་ཡིན་པས་ཁྱབ་སྟེ། ཊིཀ་ཆེན་ལས། བུམ་པ་མ་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་གི་སེལ་བ་དེ་ཉིད་བུམ་འཛིན་རྟོག་པས། བློའིེ་སེལ་བ་དེ་དངོས་སུ་རྟོགས་པའི་ཤུགས་ལ་རྟོགས་པར་བྱ་བ་ཡིན་གྱི་དངོས་སུ་རྟོགས་པར་བྱ་བ་མ་ཡིན་ལ་ཞེས་གསུངས་པའི་ཕྱིར། ཁྱོད་དངོས་པོ་མ་ཡིན་ན་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པས་ཁྱབ། དངོས་པོ་ཡིན་ན་ཁྱོད་ཀྱི་རང་མཚན་གྱི་གཞན་སེལ་ཡོད་པས་ཁྱབ། ཁྱོད་ཀྱི་རང་མཚན་གྱི་གཞན་སེལ་ཡིན་ན། ཁྱོད་འཛིན་རྟོག་པའི་དངོས་ཡུལ་དང་ཞེན་ཡུལ་ཡིན་པས་ཁྱབ། སྣང་ཡུལ་མ་ཡིན་པས་ཁྱབ་སྟེ། ཊཱིཀ་ཆེན་ལས། དོན་གྱི་སེལ་བ་དེ་ནི་བུམ་འཛིན་རྟོག་པའི་དངོས་ཡུལ་དང་ཞེན་ཡུལ་ཡིན་ཞིང་སྣང་ཡུལ་མིན་ལ་ཚུལ་འདིས་གཞན་དག་ལ་རིགས་བསྒྲེ་བར་བྱ་ཞིང་ཞེས་གསུངས་པའི་ཕྱིར། ཁྱོད་བདག་མེད་ཡིན་ན་ཁྱོད་ཀྱི་བློའི་གཞན་སེལ་ཡོད་པས་ཁྱབ། ཁྱོད་ཀྱི་བློའི་གཞན་སེལ་ཡིན་ན་ཁྱོད་འཛིན་རྟོག་པའི་དངོས་ཡུལ་དང་སྣང་ཡུལ་ཡིན་པས་ཁྱབ། ཤུགས་ཡུལ་མ་ཡིན་པས་ཁྱབ་ཀྱང༌། ཁྱོད་འཛིན་རྟོག་པའི་ཤུགས་གཞལ་ཡིན་པས་མ་ཁྱབ་སྟེ། མེད་ངེས་ཡིན་ན་ཁྱོད་འཛིན་རྟོག་པ་ལོག་ཤེས་ཡིན་དགོས་པའི་ཕྱིར། རྣམ་འགྲེལ་ཊཱིཀ་ཆེན་ལས། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུ་བློའི་སེལ་བ་དེ་ཉིད་བུམ་འཛིན་རྟོག་པའི་སྣང་ཡུལ་དང་དངོས་ཡུལ་གཉིས་ཀ་ཡིན་ལ་ཞེས་གསུངས་པའི་ཕྱིར། བསྡུས་ན་ཁྱོད་ཀྱི་གཞན་སེལ་གསུམ་པོ་གང་རུང་ཡིན་ན་ཁྱོད་འཛིན་རྟོག་པའི་དངོས་ཡུལ་མ་ཡིན་པས་ཁྱབ། ཤུགས་ཡུལ་ཡིན་པས་ཁྱབ་པའི་ཕྱིར། འདི་ལྟར་གསུངས་པ་དགག་པ་གང་རུང་ཞིག་སྒྲུབ་པའི་རྟགས་ལ་དགག་རྟགས་ཀྱིས་ཁྱབ་པར་ཁས་བླང་བའི་ཤུགས་ཡིན་པས་ཞིབ་ཆ་དང་སྔ་མ་ཊཱིཀ་ཆེན་གྱི་ལུགས་གང་བདེ་ཁས་བླང་བར་བྱ་ལ་རྒྱུ་མཚན་དེ་ཡིན་ནོ། །རྒྱུ་མཚན་ཤེས་ན་ཁས་ལེན་ཙམ་གང་བྱས་ཀྱང་དོན་མི་འཆུག་གོ །གཞི་ལ་སྦྱར་ན་བུམ་པ་མ་ཡིན་པས་སྟོང་པའི་བུམ་པ་དང་བུམ་པ་མ་ཡིན་པ་ལས་ལོག་པ་རྣམས་བུམ་པའི་དོན་གྱི་སེལ་བ་དང༌། རྣམ་བཤད་དང་ཞི་འཚོ་ཡབ་སྲས་ལྟར་བུམ་པ་ལ་བུམ་མིན་མེད་པ་དང༌། ཤཱཀྱའི་ཡང་ཡིན་རུང་ལ་བྲམ་ཟེ་ལྟར་བུམ་མིན་ལ་བུམ་པ་མེད་པ་ཡང་རུང༌། ཡང་ཤཱཀྱས་གཞན་དང་གཞན་གསུངས་པའི་ཤུགས་ཀྱིས་བུམ་པ་དང་བུམ་མིན་གྱི་གཞི་མཐུན་མེད་པ་དང་གསུམ་པོ་བུམ་པའི་མེད་དགག་གི་སེལ་བ་དང་བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་བུམ་པའི་བློའི་གཞན་སེལ་ཡིན་ནོ། །

  (60) པར་ཐེངས་གཉིས་པ། ཡིན་ཏེ།

            གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། བཏགས་ཡོད་ཆོས་གསུམ་ཚང་བ་མ་ཡིན་པ་ལ་བཏགས་ཡོད་ཆོས་གསུམ་ཚང་བ་མེད་པ་དེ་བཏགས་ཡོད་ཆོས་གསུམ་ཚང་བའི་མེད་དགག་གི་གཞན་སེལ་ཡིན་པར་ཐལ་ལོ། །བྲམ་ཟེའི་ལུགས་ཀྱི་དེ་འཐད་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བ་མ་ཡིན་པ་ལ་བཏགས་ཡོད་ཆོས་གསུམ་ཚང་བ་མེད་པར་ཐལ་ལོ། འདོད་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། མཚོན་བྱ་མ་ཡིན་པའི་མཚོན་བྱ་མེད་ཀྱང༌། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པ་དེ་མཚོན་བྱའི་མེད་དགག་གི་སེལ་བ་ཡིན་པར་ཐལ། རྣམ་བཤད་དང་ཞི་འཚོའི་ལུགས་འཐད་པའི་ཕྱིར། འདོད་ན། མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཚོན་བྱ་ལ་མཚན་ཉིད་མེད་པར་ཐལ། འདོད་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་ཀྱང༌། འདོད་ན། མཚོན་བྱའི་མཚན་ཉིད་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། མཚོན་བྱ་དེ་བཏགས་ཡོད་ཆོས་གསུམ་མ་ཚང་བ་ལ་མེད་པ་གང་ཞིག །མཚན་ཉིད་མཚོན་བྱ་ལ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མཚོན་བྱ་དེ་བཏགས་ཡོད་ཆོས་གསུམ་ཚང་བ་ཁོ་ན་ལ་ཡོད་པའི་ཕྱིར། དེར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་བཏགས་ཡོད་ཆོས་གསུམ་ཚང་བ་ཁོ་ན་ལ་ཡོད་པའི་ཕྱིར། དེེར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་མཚོན་བྱ་ཁོ་ན་ལ་ཡོད་པའི་ཕྱིར། མ་གྲུབ་ན། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། མཚོན་བྱ་ཁོ་ན་ལ་ཡོད་པར་ཐལ། བུམ་པ་མཚོན་བྱར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར། འདིས་བྲམ་ཟེའི་ལུགས་ལ་ཡང་སྐྱོན་མེད་པར་གྲུབ་བོ། །གཉིས་པ་གྲུབ་སྟེ། མཚན་ཉིད་མཚན་ཉིད་ཁོ་ན་ལ་ཡོད་པའི་ཕྱིར། དེར་ཐལ། རྫས་ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་ཁོ་ན་ལ་ཡོད་པའི་ཕྱིར། དེར་ཐལ། དེ་དོན་བྱེད་ནུས་པ་མཚན་ཉིད་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཁྱོད་མ་ཡིན་དགག་དགག་པར་འདོད་པ་མི་འཐད་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་མ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། རྟོག་པ་ལ་དགག་རྟོག་གིས་ཁྱབ་པར་ཐལ། རྟོག་པ་ལ་སེལ་རྟོག་གིས་ཁྱབ་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། དེར་ཐལ། རྟོག་པ་ལ་སེལ་འཇུག་གིས་ཁྱབ་པའི་ཕྱིར་ན་མ་ཁྱབ། འོ་ན་རྟོག་པ་ཡིན་ན་རང་གི་ཞེན་ཡུལ་གྱི་ཆོས་དེའི་དགག་བྱ་དངོས་སུ་བཅད་ནས་འཛིན་པས་ཁྱབ་པར་ཐལ། རྟོག་པ་ལ་དགག་རྟོག་གིས་ཁྱབ་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། དངོས་པོ་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། ཡང་ཁོ་ན་རེ། རྟོག་པ་ཡིན་ན་དགག་རྟོག་ཡིན་པས་ཁྱབ་པར་ཐལ། རྟོག་པ་ཡིན་ན་སེལ་བའི་རྣམ་པ་ཅན་ཡིན་པས་ཁྱབ་པའི་ཕྱིར་ན་ཊིཀ་ཆེན་རྗེས་འབྲང་དག་མ་ཁྱབ་ཟེར་དགོས་ཀྱང་འདི་ལའང་དགག་རྟོག་སྒྲུབ་རྟོག་སྔར་དང་འདྲ། ཡང་ཁོ་ན་རེ། བུམ་འཛིན་རྟོག་པ་དགག་པའི་རྣམ་ཅན་ཡིན་པར་ཐལ། དེ་བུམ་པ་མ་ཡིན་པ་ལས་ལོག་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དེར་ཐལ། དེ་བུམ་པ་ལ་སེལ་བའི་རྣམ་པས་འཇུག་པའི་ཕྱིར་ན་ཁ་ཅིག་མ་ཁྱབ་ཟེར། ཁྱབ་པར་ཐལ། སེལ་བའི་རྣམ་པ་ཞེས་པ་རྟོག་པའི་རྣམ་པར་འཇོག་དགོས་པའི་ཕྱིར། འོ་ན། ཤེས་བྱ་ཆོས་ཅན། རྟོག་པའི་སྣང་ཡུལ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པར་ཐལ། རྟོག་པས་སྣང་ཡུལ་ཡིན་ན་མ་ཡིན་དགག་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བློའི་སེལ་བ་ཐམས་ཅད་མ་ཡིན་དགག་མ་ཡིན་པར་ཐལ་ལོ། །མ་གྲུབ་པ་དེའི་ཕྱིར། འདོད་ན། ལུང་རིགས་ཁས་བླང་གསུམ་གར་འགལ། གོང་དུ་འདོད་ན། རྟོག་པ་ཡིན་ན་སྒྲུབ་འཇུག་ཡིན་པས་ཁྱབ་པར་ཐལ། རྟོག་པའི་སྣང་ཡུལ་ཡིན་ན་སྒྲུབ་པ་རང་དབང་བ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སེལ་འཇུག་གི་བློ་མེད་པར་ཐལ་ལོ། །དེ་བཞིན་དུ་རྟོག་པའི་སྣང་ཡུལ་ཡིན་ན་རང་མཚན་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་སྒྲུབ་པ་རང་དབང་བས་ཁྱབ་པའི་ཕྱིར། འདོད་ན། དེ་ཡིན་ན་རྟོག་པའི་སྒྲོ་བཏགས་མ་ཡིན་པས་ཁྱབ་པ་དང༌། དེ་ཡིན་ན་རྫས་སུ་གྲུབ་པས་ཁྱབ་པར་ཐལ་ལོ། །ཁོ་ན་རེ། མངོན་སུམ་ལ་སེལ་འཇུག་ཡོད་པར་ཐལ། སེལ་བ་ཡུལ་དུ་བྱེད་པའི་མངོན་སུམ་ཡོད་པའི་ཕྱིར་ན་མ་ཁྱབ་ཅིང་མི་མཚུངས་ཏེ། རྟོག་པའི་སྣང་ཡུལ་སྒྲུབ་པ་ཡིན་ན་རྟོག་པ་སྒྲུབ་འཇུག་ཡིན་དགོས་པར་སྨྲས་ཀྱི་རྟོག་པའི་ཡུལ་ལ་སྒྲུབ་པ་ཡོད་ན་རྟོག་པ་སྒྲུབ་འཇུག་ཡིན་ནོ་ཞེས་མ་སྨྲས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་གི་སྣང་ཡུལ་སེལ་བ་ཡིན་པའི་མངོན་སུམ་མི་སྲིད་པའི་ཕྱིར། འདི་ཉིད་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར། གང་དག་རྣམ་འགྲེལ་སེམས་ཙམ་ཁོ་ནའི་ལུགས་ཡིན་པར་འདོད་པ་དག་གིས་སྐབས་འདི་དག་དང་གྲུབ་མཐའ་གོང་འོག་ཤན་འབྱེད་ཤེས་དགོས་ཀྱི་ནེ་ཙོར་མ་སོང་བ་དགོས་སོ། །འདི་དག་ལ་དཔྱད་བྱ་མང་ཡང་རེ་ཞིག་བློ་དམན་ལ་བསྐྱངས་བདེ་སླད་ཊིཀ་ཆེན་གྱི་བཤད་པ་ཙམ་བཀོད་ནས་སེལ་བ་གསུམ་དེ་འཛིན་རྟོག་པའི་ཡུལ་དུ་བྱེད་ཚུལ་ཡིག་རྙིང་ལྟར་བྱས་ཡོད་དོ། །

སྨྲས་པ།

གཞན་སེལ་མ་ཤེས་མུ་སྟེགས་ཆ་མེད་དང༌། །

ལྗོངས་འདིའི་གནས་ལུགས་སྒྲུབ་པ་རང་དབང་བ། །

འདོད་སོགས་ལོག་རྟོག་མུན་པ་སེལ་གསུམ་གྱི། །

འོད་སྟོང་འདིས་བསལ་ཕན་བདེའི་འདབ་བརྒྱ་བཞད། །

                  ཆེར་རློམ་ཁེངས་དྲེགས་མཐོན་པོའི་མཁར་ལྡིང་ཡང༌། །སེལ་ངོའི་གནས་ལུགས་མ་རྟོགས་རྩོད་རིགས་ཀྱི། །འཕྲོག་བྱེད་བཞོན་པས་བློ་གྲོས་སྤྱན་སྟོང་ལྡན། །མ་ལུས་དགྱེས་པའི་ལྟད་མོས་རྣམ་པར་རྩེན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                             རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།