ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་དགག་རྟགས་ཀྱི་འབྲེལ་བ་ངེས་བྱེད་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 10:54:55     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

   

625900460895120324.jpg

                  གཉིས་པ་དགག་རྟགས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་འཆད་པ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་འཆད་པར། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་ཚིགས་བཅད་གསུམ་བྱུང༌། གཉིས་པ་རྒྱས་བཤད་ལ་མངོན་སུམ་གྱིས་ཡུལ་འཛིན་ཚུལ་བཤད་པ་དང༌། སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་གཞག་བཤད་པ་གཉིས། དང་པོ་འཆད་པ་ལ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཞེས་སོགས་ཚིགས་བཅད་གཉིས་བྱུང༌། འདི་ལ་མཐའ་དཔྱད་ན། ཁ་ཅིག་ན་རེ། བྱས་མི་རྟག་གི་ཐ་དད་ཐ་དད་མཚན་ཉིད་པ་མ་ཡིན་ཏེ། དེ་རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། རྟོག་པས་བཏགས་ཙམ་དེ་བྱས་མི་རྟག་གི་ཐ་དད་ཐ་དད་མཚན་ཉིད་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རྟོག་པས་བཏགས་ཙམ་དེ་ཐ་དད་མཚན་ཉིད་པ་མ་ཡིན་པ་འབྲེལ་མེད་པའི་ཕྱིར། གསལ་བ་ཁེགས། རྟགས་མ་གྲུབ་ན། དེར་ཐལ། རྟོག་པས་བཏགས་ཙམ་དང་ཐ་དད་མཚན་ཉིད་པ་མ་ཡིན་པ་གཉིས་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་སུ་འགལ་ལོ། །དེ་གཉིས་ཆོས་ཅན། ཐ་དད་མཚན་ཉིད་པ་མ་ཡིན་པར་ཐལ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། འཁོར་གསུམ། རྣམ་བཤད་ལས། དེ་ལ་རྟགས་དེའི་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་ཁྱོད་རང་གིས་གཏན་ཚིགས་དེ་འབྲེལ་མེད་དུ་བསྒྲུབས་ཟིན་པ་ཡིན་ནོ། །ཞེས་སོ། །བྱས་པ་ལ་ཁོ་ན་རེ། སྒྲའི་བྱས་པའི་རྫས་དང་སྒྲའི་མི་རྟག་པའི་རྫས་ཐ་དད་མ་ཡིན་པར་ཐལ། སྒྲའི་བྱས་མི་རྟག་གཉིས་རྫས་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཤེས་བྱ་ཆོས་ཅན། སྒྲའི་བྱས་མི་རྟག་གཉིས་རྫས་ཀྱི་ངོས་ནས་གཞི་མ་གྲུབ་པར་ཐལ། སྒྲའི་བྱས་མི་རྟག་གཉིས་རྫས་ཀྱི་ངོས་ནས་གཅིག་མ་ཡིན་པ་གང་ཞིག་སྒྲའི་བྱས་མི་རྟག་གཉིས་རྫས་ཀྱི་ངོས་ནས་ཐ་དད་ཀྱང་མ་ཡིན་པའི་ཕྱིར་ན་ཡང་མ་ཁྱབ། རྟགས་དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། སྒྲའི་བྱས་པའི་རྫས་ཀྱི་ངོས་ནས་གྲུབ་པར་རྟོགས་ན་སྒྲའི་མི་རྟག་པའི་རྫས་ཀྱི་ངོས་ནས་ཀྱང་གྲུབ་པར་རྟོགས་པས་ཁྱབ་པར་ཐལ་ལོ། །སྒྲའི་བྱས་མི་རྟག་གཉིས་རྫས་ཀྱི་ངོས་ནས་གཅིག་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། སྒྲ་བྱས་པར་ཚད་མས་ངེས་ནས་སྒྲ་མི་རྟག་པར་ཚད་མས་ངེས་དགོས་པ་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ནས་བསྒྲུབ་བྱ་རྟོགས་དགོས་མེད་པར་ཐལ་ལོ། །རྟགས་གཉིས་པ་མ་གྲུབ་ན། སྒྲའི་བྱས་མི་རྟག་གཉིས་རྫས་ཐ་དད་ཡིན་པར་ཐལ། སྒྲའི་བྱས་མི་རྟག་གཉིས་རྫས་ཀྱི་ངོས་ནས་ཐ་དད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། བྱས་པ་མི་རྟག་པ་དང་རྫས་གཅིག་མ་ཡིན་པའི་ཕྱིར། དེ་སྐད་དུ་དར་ཊིཀ་ལེགས་བཤད་སྙིང་པོ་ལས། སྒྲའི་བྱས་མི་རྟག་རྫས་གཅིག་ཡིན་ལ་སྒྲའི་བྱས་པའི་རྫས་དང་མི་རྟག་པའི་རྫས་ཐ་དད་ཡིན་ནོ། །སྒྲའི་བྱས་མི་རྟག་རྫས་ཀྱི་ངོས་ནས་གཅིག་གམ་ཐ་དད་གང་ཡིན་ཞེ་ན། གཅིག་དང་ཐ་དད་གང་ཡང་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁོ་རང་ལ། འོ་ན། སྒྲའི་བྱས་མི་རྟག་གཉིས་རྫས་ཀྱི་ངོས་ནས་མ་གྲུབ་པར་ཐལ། སྒྲའི་བྱས་མི་རྟག་གཉིས་སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་ཡོད་པ་གང་ཞིག །སྒྲའི་བྱས་མི་རྟག་གཉིས་སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་ཕྱིར། ཁྱབ་པ་འགྲིག །རྟགས་དང་པོ་གྲུབ་སྟེ། སྒྲ་དང་སྒྲའི་བྱས་མི་རྟག་གསུམ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། སྒྲ་མངོན་སུམ་དུ་རྟོགས་པའི་བློ་ཡིན་ན་རང་ལ་སྒྲ་དང་གྲུབ་བདེ་རྫས་གཅིག་ཐམས་ཅད་སྣང་དགོས་པའི་ཕྱིར། འདི་ཉིད་ལས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ངོ་བོ་གཅིག་ཅེས་དང༌། བདག་ཉིད་མངོན་སུམ་ཞེས་དང༌། མ་མཐོང་ཆ་གཞན་ཞེས་པ་གསུམ་གྱི་དོན་ཡོད་པའི་ཕྱིར། བླུན་པོ་ཁ་ཅིག །འདིས་དེ་ལྟར་རྟོགས་པས་ཁྱབ་པར་བསྟན་པར་འདོད་པ་ནི་མཐོང་མྱོང་གང་རུང་ལ་གྲུབ་པས་ཁྱབ་ན་ཟླ་གཅིག་ཟླ་གཉིས་སུ་མཐོང་བ་མི་སྲིད་པར་འགྱུར་རོ། །རྩ་རྟགས་གཉིས་པ་དེར་ཐལ། སྒྲའི་བྱས་མི་རྟག་གཉིས་སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་ཐ་དད་མ་ཡིན་པ་གང་ཞིག །སྒྲའི་བྱས་མི་རྟག་གཉིས་སྒྲ་འཛིན་མངོན་སུམ་གཟུང་ངོར་གཅིག་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲའི་བྱས་མི་རྟག་གཉིས་ཐ་དད་པ་ཆོས་ཅན། རྟོག་པས་སྒྲོ་བཏགས་མ་ཡིན་པར་ཐལ། དངོས་དབང་གིས་གྲུབ་པའི་ཕྱིར། དེར་ཐལ། བློ་མ་འཁྲུལ་བའི་ངོར་གྲུབ་པའི་ཕྱིར། འཁོར་གསུམ། དེར་ཐལ། རྟོག་བྲལ་མ་འཁྲུལ་བའི་བློ་ངོར་གྲུབ་པའི་ཕྱིར། དེར་ཐལ། སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་གྲུབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། གཉིས་པ་མ་གྲུབ་ན། སྒྲའི་བྱས་མི་རྟག་གཉིས་ཆོས་ཅན། གཅིག་ཡིན་པར་ཐལ། བློ་མ་འཁྲུལ་བའི་གཟུང་ངོར་གཅིག་ཡིན་པའི་ཕྱིར། དེར་ཐལ། རྟོག་བྲལ་མ་འཁྲུལ་པའི་བློའི་གཟུང་ངོར་གཅིག་ཡིན་པའི་ཕྱིར། དེར་ཐལ། རྟོག་བྲལ་མ་འཁྲུལ་བའི་མངོན་སུམ་གྱི་གཟུང་ངོར་གཅིག་ཡིན་པའི་ཕྱིར། དེར་ཐལ། རྟོག་བྲལ་མ་འཁྲུལ་བའི་སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་གཅིག་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། དར་ཊཱིཀ་ལེགས་བཤད་སྙིང་པོ་ལས། བློ་མ་འཁྲུལ་བའི་གཟུང་ངོར་ཐ་དད་ཡིན་ན་རྫས་ཐ་དད་ཡིན་དགོས་ལ། དེའི་ངོར་གཅིག་ཡིན་ན་ཡང་གཅིག་ཡིན་དགོས་པས་སོ། །ཞེས་གསུངས་པའི་ཕྱིར།  

           དེ་ལ་ཁོ་ན་རེ། ཤེས་བྱ་ཆོས་ཅན། སྒྲ་བྱས་མི་རྟག་གསུམ་ཐ་དད་མེད་པར་ཐལ། སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་སྒྲ་བྱས་མི་རྟག་གསུམ་ཐ་དད་མེད་པར་སྣང་བའི་ཕྱིར། དེར་ཐལ། སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་སྒྲ་བྱས་མི་རྟག་པ་གསུམ་ཐ་དད་དུ་མི་སྣང་བའི་ཕྱིར་ན་ཤིན་ཏུ་མ་ཁྱབ། ཁྱབ་པར་ཐལ། དེའི་གཟུང་ངོར་དེ་གསུམ་སྣང་བའི་ཕྱིར་ན་ཡང་མ་ཁྱབ་སྟེ། སྒྲ་འཛིན་མངོན་སུམ་གྱི་གཟུང་ངོར་དེ་གསུམ་སྣང་ཡང་དེ་གསུམ་ཐ་དད་དུའང་མི་སྣང་ཐ་དད་མེད་པར་ཡང་མི་སྣང་བའི་ཕྱིར་ཏེ། དེ་གསུམ་ཐ་དད་དང་ཐ་དད་མེད་པ་རྟོག་པའི་སྒྲོ་བཏགས་ཡིན་པའི་ཕྱིར། དར་ཊཱིཀ་ལེགས་བཤད་སྙིང་པོ་ལས། བློ་མ་འཁྲུལ་བའི་གཟུང་ངོར་དེ་གསུམ་སྣང་བའི་ཚེ། དེ་གསུམ་ཆ་ཐ་དད་དུའང་མི་སྣང་ལ་ཆ་ཐ་དད་མེད་པར་ཡང་མི་སྣང་བས། ཞེས་གསུངས་པའི་ཕྱིར།

           འཕྲོས་དོན་རྒྱས་བཤད་ལ། སྒྲུབ་པའི་སྒྲ་རྟོག་སེལ་བའི་ཡུལ་ཅན་དུ་རྒྱས་པར་སྒྲུབ་པ་དང༌། དགག་པའི་སྒྲ་རྟོག་རྣམ་གཅོད་ཡུལ་ཅན་དུ་འབད་མེད་གྲུབ་པར་བསྟན་པ་གཉིས། དང་པོ་ལ། སྒྲ་རྟོག་སྒྲུབ་འཇུག་བཀག་ནས་སེལ་འཇུག་རྒྱས་པར་བཤད་པ་དང༌། ཕྱོགས་གླང་གིས་སྤྱི་གསལ་རྫས་གཞན་ལ་བཀོད་པའི་ཉེས་པ་སེལ་བ་ལ་མཚུངས་པ་སྤངས་པ་དང༌། སྤྱི་འཛིན་རྟོག་པའི་འཇུག་ཚུལ་དང་སྣང་ཡུལ་གཞན་སེལ་བའི་སྤྱི་རྒྱས་པར་བཤད་པ་དང༌། སྒྲ་དོན་དངོས་པོ་བཀག་ནས་གཞན་སེལ་སྒྲ་དོན་ལ་བརྡ་སྦྱོར་ཚུལ་རྒྱས་པར་བཤད། སྒྲ་རྟོག་དེ་མ་ཡིན་རྣམ་པར་བཅད་པའི་སྒོ་ནས་ཡུལ་ལ་འཇུག་པ་ལ་རྩོད་པ་རྒྱས་པར་སྤངས། ཕྱོགས་གླང་གིས་སེལ་བ་སྨྲ་བར་ཐ་སྙད་ཐམས་ཅད་འཐད་ཅིང་སྤྱི་རྟག་དངོས་པོ་ལ་མི་འཐད་པར་བཤད་པ། རྟོག་པའི་སྣང་ཡུལ་དང་སྒྲ་དོན་དུ་གྱུར་པའིི་སྤྱི་དངོས་པོ་བ་རྒྱས་པར་དགག་པ་དང་བདུན་ལས། དང་པོ་ནི། དོན་གྱི་རང་གི་ངོ་བོ་གཅིག །སོགས་བཤད་མ་ཐག་ནས། ཁྱད་པར་ཆ་ཤས་རྣམ་སྤངས་པའི། །མངོན་སུམ་གྱིས་ནི་བཟུང་བ་ལའང༌། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་པའི་བར་བྱུང༌། གཉིས་པ་ཕྱོགས་གླང་གིས་བཀོད་པའི་ཉེས་སྤོང་འཆད་པར། དེ་ལའང་གཞན་ལས་ལྡོག་པ་དང༌། །ནས། བྱ་བ་འདི་ལ་རྒྱུ་ཅི་ཡོད། །ཅེས་བྱུང༌། གསུམ་པ་སྤྱི་འཛིན་རྟོག་པའི་འཇུག་ཚུལ་སྣང་ཚུལ་སེལ་བ་སྤྱིའི་རྒྱས་བཤད་འཆད་པར། ཐ་དད་དངོས་རྣམས་ལ་བརྟེན་ནས། །ནས། སྒྲ་ཡོད་མ་ཡིན་རྟོག་པ་ཡང༌། །སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་བྱུང༌། བཞི་པ་སྒྲ་དོན་དངོས་པོ་ཡིན་པ་བཀག་ནས་བརྡ་སྦྱོར་རྒྱས་བཤད་འཆད་པར། སྒྲ་རྣམས་ཀྱི་ནི་བརྡར་བཏགས་སྟོན། །ཞེས་པ་ནས། དེ་བྱེད་བརྟེན་པའི་ངོ་བོའི་ཕྱིར། །ཞེས་བྱུང༌། ལྔ་པ་སྒྲ་རྟོག་དེ་མ་ཡིན་རྣམ་པར་བཅད་པའི་སྒོ་ནས་འཇུག་ཚུལ་ལ། རྩོད་པ་རྒྱས་པར་སྤངས་པ་འཆད་པ་ལ། ཤིང་མ་ཡིན་ལས་ལྡོག་པ་ཡི། །ཞེས་པ་ནས། འབྲས་བུ་དུ་མ་གཅིག་བརྟེན་འགྱུར། །ཞེས་བྱུང༌། དྲུག་པ་སློབ་དཔོན་ཕྱོགས་གླང་གིས་བཤད་པའི་སེལ་བ་སྨྲ་བ་ལ་ཐ་སྙད་ཐམས་ཅད་འཐད་ཅིང་སྤྱི་རྟག་དངོས་པ་ལ་མི་འཐད་ཚུལ་འཆད་པར། རྣམ་གཅོད་གཅིག་གཅིག་སྟོན་པ་ན། །ཞེས་པ་ནས། བརྡ་ལས་བྱུང་བ་བསྙད་པར་བྱ། །ཞེས་བྱུང༌། བདུན་པ་རྟོག་པའི་སྣང་ཡུལ་དང་སྒྲ་དོན་དུ་གྱུར་པའི་སྤྱི་དངོས་པོ་བ་ཡོད་པ་རྒྱས་པར་བཀག་པ་ལ། སྤྱིར་བཀག་པ་དང་སོ་སོར་བཀག་པ་གཉིས། དང་པོ་ནི། གལ་ཏེ་གཅིག་གནས་པ་ཡི་ཕྱིར། །ཞེས་པ་ནས། བ་གླང་ཉིད་སོགས་དེ་ལྡན་ཐོབ། །ཅེས་བྱུང༌། གཉིས་པ་བྱེ་བྲག་པ་དང་གྲངས་ཅན་སོ་སོར་བཀག་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་འཆད་པར། གང་དག་རིགས་ནི་གསལ་བ་ལས། །ཞེས་པ་ནས། གཞན་ཉིད་ན་འང་བརྟེན་མིན་ཕྱིར། །ཞེས་བྱུང༌། རྒྱས་བཤད་ལ་བྱེ་བྲག་པའི་ལུགས་དགག་པ་དང༌། གྲངས་ཅན་པའི་ལུགས་དགག་པ་གཉིས། དང་པོ་འཆད་པར། མི་འགྲོ་དེ་ནི་ཡོད་པའང་མིན། །ནས། སྒྲ་ཡང་ཤེས་པའི་རྒྱུ་ཡིན་ནོ། །ཞེས་བྱུང༌། གཉིས་པ་གྲངས་ཅན་གྱི་འདོད་པ་རྒྱས་པར་འགོད་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། གལ་ཏེ་ལྡོག་པ་སྤངས་པ་ཡིས། །སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་དེ་དགག་པ་ལ། རྒྱུ་དུ་མའང་སྤྱི་གཙོ་བོའི་ངང་དུ་རང་བཞིན་ཐ་དད་མེད་པའི་རྒྱུ་མཚན་གྱིས་འབྲས་བུ་གཅིག་བྱེད་པར་འདོད་པ་དེ་ཉིད་དགག་པ་ལ། བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ལྷན་ཅིག་བྱེད་པ་དོན་མེད་འགྱུར། ནས། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་བྱུང༌།

          འདིའི་མཐའ་དཔྱད་པ་ལ་དགག་པའི་དང༌། གཞན་སེལ་གྱི་མཐའ་དཔྱད་པ་གཉིས། དང་པོ་ལ་དགག་བཞག་སྤངས་གསུམ་ལས། དང་པོ་ལ། སྔོན་གྱི་རྟོག་གེ་བ་.....ཆ་གཙང་དན་གསུམ་སོགས། ཆེན་པོ་འགའ་ཞིག་ན་རེ། བློས་རྣམ་བཅད་དུ་རྟོགས་པར་བྱ་བ་དེ་དགག་པའི་མཚན་ཉིད་ཡིན་ལ་གཞན་སེལ་དང་དགག་པ་དོན་གཅིག་པར་བྱས། མ་ཡིན་དགག་དགག་པ་ཡིན་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་སུ་འགྱུར་བས་སློབ་དཔོན་གྱིས་གཉིས་སྒྲུབ་རྟགས་སུ་བཤད་པ་དང་འགལ་བས་ཞི་འཚོས་སེལ་བ་གཉིས་སུ་བཤད་པ་ཡང་མི་འཐད་ཟེར། འོ་ན། མི་རྟག་པ་ཆོས་ཅན། དགག་པར་ཐལ། བློས་རྣམ་བཅད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་ཁྱབ་ན་མཚན་ཉིད་བུད། རྟགས་དེར་ཐལ། རང་གི་དགག་བྱ་རྟག་པ་རྣམ་པར་བཅད་ནས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། མི་ཞེས་པས་རྟག་པ་ཞེས་པ་དངོས་སུ་བཀག་ནས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མི་རྟག་པའི་སྐད་དོད་ཨ་ནི་ཏྱཾ་ཞེས་པའི་ཨ་དགག་ཚིག་དེས་ནི་ཏྱཾ་ཞེས་པའི་རྟག་པ་དངོས་སུ་བཅད་ནས་དེ་མ་ཡིན་པའི་དངོས་པོ་སྐབས་སྟོབས་ཀྱིས་འཕེན་པའི་ཕྱིར། དེར་ཐལ། དེ་འདྲའི་དགག་ཚིག་ཨ་དེ་ཡོད་པ་འགོག་པ་སོགས་དོན་བདུན་ལ་འཇུག་པས་སྐབས་འདིར་འགལ་ཟླ་གཞན་ལ་བྱེད་དགོས་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེ་ལྟར་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བའི་དོན་དེ་ལ་གཉིས་ལས་ཞེས་དང༌། དེ་བཞིན་དུ། ཀུན་མཁྱེན་ཆེན་པོ་དབྱིག་གཉེན་གྱིས། ཡོད་པ་དག་ནི་འགོག་པ་དང༌། །གཞན་པ་ཉིད་དང་འདྲ་བ་དང༌། །སྨད་དང་ཉུང་དང་བྲལ་དོན་དང༌། །གཉེན་པོ་དག་ལ་འདི་ཡོད་དོ། །ཞེས་དང༌། ལྡོག་པ་བསྡུས་པ་ལས་ཀྱང༌། ཇི་ལྟར་གོ་བར་བྱེད་པ་ནི། །དོན་གྱིས་གོ་བ་ལ་སོགས་པའི། །དགག་པ་རྣམ་པ་ལྔ་ཡིན་ཏེ། །སྒྲ་དང་སྐབས་ཀྱིས་བཞག་པ་ཡིན། །ཞེས་དང༌། རང་འགྲེལ་ལས་ཀྱང༌། སྟོང་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་ནི། བློས་བཏགས་པ་ཇི་ལྟ་བ་བཞིན་དུ་སྦྱར་བའི་རྣམ་པ་སྒྲོ་བཏགས་པ་དེ་རྣམ་པར་བཅད་ནས་ཐ་སྙད་བྱེད་དེ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་གྱི་མི་རྟག་པ་ལ་སོགས་པའི་སྒྲ་དག་ནི་ཞེས་དང༌། དེ་རྣམ་པར་བཅད་ནས་ཐ་སྙད་བྱེད་དེ་ཞེས་གསུངས་པའི་དོན་ཞིག་ཡོད་པའི་ཕྱིར་དང༌། ཤཱཀྱས་འགྲེལ་བཤད་ལས་ཀྱང༌། དེ་རྟག་ཏུ་སྒྲུབ་པར་བྱེད་པ་དེ་བས་ན་དེའི་འབྲས་བུ་དེ་རྣམ་པར་བཅད་ཅིང་སྟེ་རྣམ་པར་བཟློག་ཅིང་མི་རྟག་པའི་སྒྲར་འགྱུར་རོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ལ་དགག་པ་གཅིག་དངོས་སུ་སྒྲུབ་ཆོས་བྱས་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཏུ་འགྱུར་བ་ལ་དེ་སྒྲུབ་ཀྱི་ཆོས་ལ་རང་གི་དགག་བྱ་འགོག་པ་ཤས་ཆེ་བ་ཞིག་དགོས་ཀྱི་དངོས་པོ་སྒྲུབ་པ་གཙོ་ཆེ་བའི་དགག་པ་གཟུང་ཡང་སྒྲུབ་རྟགས་སུ་འགྱུར་བའི་ཕྱིར། དེར་ཐལ། ཤེས་རབ་སྒྲོན་མེ་ལས། དགག་པ་གཙོ་ཆེ་བའི་ཕྱིར་དང་ཞེས་པའི་འགྲེལ་བཤད་ལས། མེད་པར་དགག་པ་ནི་དགག་པ་གཙོ་ཆེ་བའི་ཕྱིར་འདིར་གཟུང་གི །མ་ཡིན་58པ་དགག་པ་ནི་སྒྲུབ་པ་གཙོ་ཆེ་བའི་ཕྱིར་འདིར་མི་གཟུང་ངོ་ཞེས་བྱ་བར་སྦྱར་རོ། །ཞེས་གསུངས་པའི་ཕྱིར། ཁོ་རང་ལ་འོ་ན། ཆོས་ཉིད་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲ་དགག་སྒྲ་ཡིན་པར་ཐལ། ཁྱོད་ཅེས་བརྗོད་པའི་སྒྲས་དགག་པ་ཞིག་དངོས་སུ་བརྗོད་པའི་ཕྱིར། ཁྱབ་པ་འགྲིག་ཅིང་ཁས་བླངས། རྟགས་གྲུབ་སྟེ། ཁྱོད་མེད་དགག་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། ངོ་བོ་དང་ཁྱད་པར་གཉིས་ལས་ངོ་བོ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། ཆོས་དེའོ་ཞེས་འཛིན་པའི་ཆེད་དུ་ཉིད་སྒྲ་སྦྱར་བའི་ཕྱིར། སྒྲ་མདོ་དག་ལས། དངོས་པོ་ལ་ཏཱ་ཏྭ་དག་གོ་ཞེས་གསུངས་པའི་ཕྱིར། དེས་ན་རྗེ་བླ་མས་ལེགས་བཤད་སྙིང་པོ་ལས། གཉིས་པ་ནི། ཆོས་ཉིད་ལྟ་བུ་སྟེ། འདི་ལ་ཚིག་གིས་ཟིན་པར་དགག་བྱ་བཅད་པ་མེད་ཀྱང་ཞེས་གསུངས་པའི་ཕྱིར། གཞན་ཡང༌། མ་ཡིན་དགག་དགག་པ་ཡིན་པར་ཐལ། དགག་པ་ལ་མེད་དགག་དང་མ་ཡིན་དགག་གཉིས་འབྱེད་པར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་མཐུན་པའི་ཕྱིར། སློབ་དཔོན་ལེགས་ལྡན་གྱིས། འདིར་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི། མེད་པར་དགག་པའི་དོན་དུ་གཟུང་གི མ་ཡིན་པར་དགག་པའི་དོན་དུ་ནི་མི་བཟུང་ངོ༌། །ཞེས་སོགས་དང༌། ཞི་འཚོས་ཚད་ཆེན་ལས་ཀྱང༌། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དགག་དང་མེད་པ་འོ། །ཞེས་དང༌། ཀ་མ་ལ་ཤཱི་ལས་དེའི་འགྲེལ་པར། མ་ཡིན་དགག་དང་མེད་པའོ་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་དང་མེད་པར་ཏེ། མ་ཡིན་པར་དགག་པའི་མཚན་ཉིད་དང་མེད་པར་དགག་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་དང༌། ཀུན་མཁྱེན་དབྱིག་གཉེན་གྱིས་འདི་ཡང་དོན་བདུན་ལ་མཐོང་སྟེ་ཞེས་དགག་པ་བདུན་བཤད་པ་དང༌། དེ་བཞིན་དུ་བློ་གྲོས་བརྟན་པས་ཀྱང་བཤད་པའི་ཕྱིར་དང༌། སློབ་དཔོན་ན་ཝི་དྷརྨས་ཀྱང༌། དེ་ལ་དགག་པའི་རྣམ་གྲངས་ཇི་སྙེད་པ་ཡང་མེད་པར་དགག་པ་དང་མ་ཡིན་པར་དགག་པའི་བར་དུ་བསྡུས་པ་ནི་ཞེས་གསུངས་པའི་ཕྱིར།

     (58) པར་ཐེངས་གཉིས་པ། པར།

           གཞན་ཡང༌། དགག་པ་ལ་དབྱེ་ན་རྣམ་གྲངས་བཅོ་ལྔ་དང༌། བསྡུས་ན་བརྒྱད་དང་བདུན་དང༌། དྲུག་དང་ལྔ་དང་བཞི་དང་གསུམ་དང་མེད་དགག་དང་མ་ཡིན་དགག་གཉིས་སུ་འདུ་བ་མ་ཡིན་པར་ཐལ། མ་ཡིན་དགག་དགག་པ་མ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། མི་འཐད་པར་ཐལ། དགག་པ་ལ་དབྱེ་ན་བཅོ་ལྔ་ཡོད་པ་གང་ཞིག །བསྡུས་ན་བརྒྱད་བདུན་དྲུག་ལྔ་བཞི་གསུམ་དང་མ་ཡིན་དགག་དང་མེད་དགག་གཉིས་སུ་འདུ་བའི་བར་གྱི་རྟགས་ཟུར་བརྒྱད་པོ་རེ་རེ་ནས་གྲུབ་པའི་ཕྱིར། འཁོར་གསུམ། རྟགས་དང་པོ་གྲུབ་སྟེ། ལྡོག་པ་བསྡུས་པ་ལས། མེད་དང་གཞན་དང་འདྲ་བ་དང༌། །དམན་དང་ཞུམ་དང་ཞན་པ་དང༌། །ཕྲ་དང་ཉུང་དང་མྱུར་བ་དང༌། །ཆུང་དང་ལྷག་མ་མེད་པ་དང༌། །འགའ་ལས་མཐའ་དག་མ་ཡིན་དང༌། །མི་མཐུན་གཉེན་པོ་བྲལ་བ་ཡི། །རྣམ་གྲངས་བཅོ་ལྔར་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བཤད་ཅེས་པ་པཱ་ཎི་བ་དང༌། ཙནྡྲ་གོ་མི་སོགས་བརྡ་སྤྲོད་མཁན་པོ་ཉི་ཟླ་ལྟ་བུ་དུ་མས་རྒྱ་ཆེར་བཤད་པ་དེ་བཀོད་པ་ཡིན་པས་དེ་ལྟར་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། རང་གི་བཤད་པའི་ཁུངས་འགོད་པ་ན་དེ་ཉིད་ལས། སྒྲ་དང་བསྟན་བཅོས་མཁས་པའི་མཐར་གྱུར་པ། །པཱ་ཎི་ནི་དང་པ་བྱ་ཙནྡྲ་དང༌། །རཏྣ་མ་ཏི་གང་བ་ཟླ་བ་དང༌། །ནི་མན་པ་ཀ་ལ་སོགས་མཁན་པོ་ཡིས། །དགག་པའི་བྱེ་བྲག་རྒྱ་ཆེར་བཤད་པ་ལས། །དམན་པའི་དོན་དུ་ཅུང་ཟད་བསྡུ་པར་འདོད། །ཅེས་གསུངས་པའི་ཕྱིར་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དྲངས་པའི། དགག་པ་དོན་གྱིས་བསྟན་པ་དང༌། །ཞེས་སོགས་ཀྱང་གཞུང་འདི་ནས་བྱུང་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསུང་དང་ཤིན་ཏུ་མཐུན་ཞིང་ལེགས་ལྡན་སོགས་དུ་མ་དང་མཐུན་པའི་ཕྱིར་རོ། །རྟགས་ཟུར་ཕྱི་མ་བདུན་རེ་རེ་ནས་གྲུབ་སྟེ། དེ་ཉིད་ལས། དེ་ལས་ཅུང་ཟད་བསྡུ་བ་ནི། །བརྒྱད་ནས་གཉིས་ཀྱི་བར་དུ་སྟེ། །ནས། དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་གཉིས་གང་རུང་བཟུང་ན་དགག་རྟགས་སུ་འདོད་པ་དང་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་རྟགས་སུ་འདོད་པ་དང༌། ཡང་ལ་ལ་དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་གཉིས་གང་རུང་ལ་སྒྲུབ་རྟགས་ཀྱིས་ཁྱབ་པར་འདོད་ཅིང་སྔར་ལྟར་ཡང་འདོད་ལ། དུ་བ་དུ་ལྡན་ལ་ལ་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་སུ་འདོད་པ་དང༌། ཚུལ་གསུམ་མ་ཡིན་པའི་རྟགས་དེ་རི་བོང་རྭས་ཕུག་པ་དེ་རི་བོང་རྭས་སྦོ་ཕུག་པའི་སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་སྒྲུབ་པའི་སྒྲུབ་རྟགས་སུ་འདོད་ཅིང་སྣ་ཚོགས་སྨྲ་བ་དག་ནི་མཁས་པར་རློམ་ཡང་རྟ་ལ་ཞོན་ནས་རྟ་ངོ་མ་ཤེས་པར་རྟའི་མཚན་ཉིད་ལ་རྭ་ཅན་ཡང་རུང་བར་རྩོད་པར་ལྟ་བུ་མཁས་པའི་ཁྲེལ་གནས་ཆེན་པོ་ཡིན་པ་དཔྱོད་ལྡན་དག་གིས་ཤེས་པར་གྱིས། དེ་སྒྲུབ་ཀྱི་དངོས་ཀྱི་སྒྲུབ་ཆོས་ལ་དགག་པ་ཞིག་བཟུང་བའི་རྟགས་ཡིན་ན་དགག་རྟགས་ཡིན་པས་མ་ཁྱབ་པར་ཐལ། མི་རྟག་པ་དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་དགག་པ་ཡིན་པར་ཐལ། ཁྱོད་འཛིན་རྟོག་པ་ལ་རང་གི་རྣམ་པ་ཤར་བ་ན་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་དང༌། ཁྱོད་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ནས་བརྗོད་པར་བྱ་བ་གང་རུང་གི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་པོ་ལས། དེ་ལ་དགག་པ་ནི་སྒྲས་བརྗོད་པ་ན་ཚིག་གིས་ཟིན་པར་དགག་བྱ་བཅད་པའམ་དེའི་རྣམ་པ་བློ་ལ་འཆར་བ་ན་དགག་བྱ་བཀག་པའི་རྣམ་པ་ཅན་དུ་དངོས་སུ་ཤར་ནས་རྟོགས་པར་བྱ་བ་ཞིག་སྟེ་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། དང་པོ་གང་ཞིག །གཉིས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་འཛིན་རྟོག་པ་ལ་ཁྱོད་ཀྱི་རྣམ་པ་ཤར་བ་ན་ཁྱོད་ཀྱི་དགག་བྱ་རྟག་ཅིང་བརྟན་པ་དེ་བཅད་ནས་འགྱུར་བའི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྣམ་པ་བློ་ལ་དངོས་སུ་ཤར་བ་ན་མི་འགྱུར་བ་བཅད་ནས་སྐད་ཅིག་གིས་འགྱུར་བའི་རྣམ་པར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་རྟོགས་པའི་ཕྱིར། དེར་ཐལ། དེ་འདྲའི་རྗེས་དཔག་གིས་སྒྲ་མི་རྟག་པར་རྣམ་བཅད་ཡོངས་གཅོད་གཉིས་ཀྱི་སྒོ་ནས་རྟོགས་ཚུལ་ཡོད་པའི་ཕྱིར། ཁྱོད་མི་རྟག་པ་དང་གཅིག་ཡིན་པའི་ཕྱིར། ཤཱཀྱས། དངོས་པོ་སྐད་ཅིག་མ་རེ་རེ་ལ་རྣམ་པར་འཇིག་པའི་ཚོགས་པ་ཙམ་ལ་རག་ལས་པ་དག་ལ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མི་རྟག་པའི་སྐད་དོད་གཙོ་བོ་ཨ་ནི་ཏྱཾ་ཞེས་པ་དང༌། ནི་རི་ཏྱཾ་ཞེས་པ་དང༌། ཨ་ས་ཏ་ཞེས་པ་གསུམ་ནི་ཨ་དང་ནི་གཉིས་དགག་ཚིག་དང༌། ནི་ཏྱཾ་དང་རི་ཏྱཾ་དང་ས་ཏ་གསུམ་རྟག་པ་ལ་འཇུག་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་གསུམ་དགག་སྒྲ་དང་དེས་ནི་ཏྱཾ་སོགས་ཀྱི་དོན་གྱི་རྟག་པ་གཅོད་པས་ན་མི་རྟག་པའི་སྒྲ་རྟག་པ་རྣམ་པར་གཅོད་པ་ཅན་གྱི་དགག་ཚིག་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་གྱིས་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པ་དང་མི་རྟག་པ་བདག་མེད་པ་སྡུག་བསྔལ་བ་མི་གཙང་བ་དགག་བྱ་རྣམ་བཅད་ཀྱི་འབྲས་བུ་ཅན་གྱི་དགག་པར་འདྲ་བའི་ཕྱིར། དེར་ཐལ། རང་འགྲེལ་ལས། དེ་བཞིན་དུ་དེའི་འབྲས་བུ་དགག་པས་ཀྱང་སྒྲ་ནི་མིག་ཤེས་ཀྱི་གཟུང་བར་བྱ་བ་མ་ཡིན་པ་དང་མི་རྟག་དང་བདག་མེད་པ་ཞེས་བྱ་བ་དང་ཞེས་དང༌། དེའི་འགྲེལ་བཤད་དུ་ཤཱཀྱ་བློས། དེ་ལྟར་རེ་ཞིག་སྒྲུབ་པའི་སྒོ་ནས་བསྟན་ནས་དགག་པའི་སྒོ་ནས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔོན་པོ་ལ་སོགས་པ་མིག་གི་གཟུང་བར་བྱ་བ་དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་དེ་བཀག་པས་ཞེས་པ་ནས། སྤྱིར་མིག་གི་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་སྒྲས་བརྗོད་དོ། །མི་རྟག་པའི་སྒྲ་ཡང་རྟག་པ་རྣམ་པར་གཅོད་པས་རྣམ་པར་བཞག་པར་བྱ་བ་ཡིན་པས་ན། དེ་འབྲས་བུ་བཀག་པ་ཁོ་ནས་སོ་ཞེས་གསུངས་པ་འདིས་གསལ་བར་བཤད་པའི་ཕྱིར་དང༌། རྒྱན་མཁན་པོས་ཀྱང་ཚད་མ་སྒྲུབ་པར་འཇིག་རྟེན་ཕ་རོལ་སྒྲུབ་པའི་སྐབས་སུ་རྒྱན་ལས། ཙི་ནོ་ཏི་ཏམ་ཞེས་བྱ་བ་ལ། ནོ་ཞེས་བྱ་བ་ནི་དགག་པ་ཡིན་ནོ། །ཨ་དང་མ་དང་ནོ་དང་ནི་རྣམས་ནི་དགག་པའི་རྗོད་པར་བྱེད་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ། ཞེས་གསུངས་པ་ལྟར་ཀ་ཙན་པཱ་ཎི་དབྱངས་ཅན་རྩ་འགྲེལ་ཀུན་གྱིས་ཨ་སོགས་བཞི་པོ་དགག་སྒྲར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། པཎྚི་ཏ་དཔལ་འཛིན་གྱིས་མངོན་བརྗོད་ལས། རྟག་ཏུ་ས་.....ཏ་ཏ་རྒྱུན་དུ་.....སནྟ་ཏ་སྐབས་མེད་.....ཨ་བི་ཏ་.....ཏ་དང༌། །རྒྱུན་མི་འཆད་དང་.....ཨ་ནི་ཤཾ་རྟག་པ་.....ན་ཏྱ་དང་། ཞེས་སོགས་རྟག་པའི་མིང་གི་སྐབས་སུའང་དཔག་བསམ་འཁྲི་ཤིང་དང་བྱེ་བྲག་རྟོགས་བྱེད་སོགས་ལས་བཤད་པའི་ཕྱིར། དཔལ་འཛིན་མངོན་བརྗོད་འདི་ཡང་བོད་དག་གིས་མིང་དོན་ཀུན་དཀྲུགས་མོད་མ་བཅོས་པར་དེ་ལྟར་བྲིས་སོ། །

           གཞན་ཡང༌། འདོད་ཆགས་མེད་པའི་དགེ་རྩ་དང༌། ཞེ་སྡང་མེད་པའི་དགེ་རྩ་དང༌། གཏི་མུག་མེད་པའི་དགེ་རྩ་དང༌། མ་རིག་པ་རྣམས་དགག་པ་མ་ཡིན་པར་ཐལ། མི་རྟག་པ་དགག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་རྣམས་ཀྱི་དགག་སྒྲ་ཡང་ཨ་ཡིན་པས་འདྲ་ལ་ལྡོག་པ་བསྡུས་པའི་དགག་པ་བཅོ་ལྔ་དང་དབྱིག་གཉེན་གྱིས་བདུན་དུ་བཤད་པའི་ནང་གི་བདུན་པ་ཡིན་པར་ཡང་མཚུངས་པའི་ཕྱིར། དེར་ཐལ། དེ་རྣམས་ཀྱི་དགག་སྒྲ་དེ་བདུན་གྱི་དང་པོ་དགག་བྱ་བཀག་ཙམ་གྱིས་དགག་སྒྲ་ཡང་མ་ཡིན། གཉིས་པ་རང་གི་དགག་བྱ་དེ་ལས་གཞན་དུ་སྟོན་པའི་དགག་སྒྲ་ཡང་མ་ཡིན། གསུམ་པ་རང་གི་དགག་བྱ་དང་འདྲ་བའི་གཞན་དུ་སྟོན་པའི་སྒྲ་ཡང་མ་ཡིན། བཞི་པ་སྨད་པའི་དགག་སྒྲ་ཡང་མ་ཡིན། ལྔ་པ་ཉུང་བའི་དགག་སྒྲ་ཡང་མ་ཡིན། དྲུག་པ་རང་གི་དགག་བྱ་དང་བྲལ་བར་སྟོན་པའི་སྒྲ་ཡང་མ་ཡིན། བདུན་པ་རྒྱུ་མཚན་དེས་ན་འགལ་ཟླའི་དོན་ཅན་གྱི་དགག་སྒྲ་ཡིན་པར་ཤིན་ཏུ་རུང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འདོད་ཆགས་མེད་ཙམ་ཆགས་མེད་ཀྱི་དགེ་རྩ་མ་ཡིན་པ་བཞིན་དུ་ཞེ་སྡང་བཀག་ཙམ་སྡང་མེད་ཀྱི་དེ་དང༌། གཏི་མུག་བཀག་ཙམ་གཏི་མུག་མེད་པའི་དེ་དང༌། རིག་པ་བཀག་ཙམ་མ་རིག་པ་དང༌། རྟག་པ་བཀག་ཙམ་མི་རྟག་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་དག་དངོས་མེད་ཡིན་པའི་ཕྱིར། ཁྱབ་སྟེ། དང་པོ་དངོས་པོ་མེད་ཙམ་ལ་མེད་དགག་གཅིག་དགོས་པའི་ཕྱིར། ལྡོག་པ་ལས། དེ་ལ་མེད་པར་དགག་པ་ནི་མེད་པ་ཙམ་གོ་བར་བྱེད་པ་ཡིན་ཏེ། ཞེས་དང༌། དེ་བཞིན་དུ་རྟེན་འབྲེལ་མདོ་འགྲེལ་ལས། དེ་གཉིས་ཀ་ཡང་དངོས་པོ་མེད་པ་ལ་རིགས་པ་མ་ཡིན་ཏེ། སྐྱེ་བ་མེད་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འདོད་ཆགས་མ་ཡིན་པ་ཆགས་མེད་ཀྱི་དགེ་རྩ་མ་ཡིན་པ་ནས། རྟག་པ་མ་ཡིན་པ་མི་རྟག་པར་མི་རུང་བའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། དེ་རྣམས་ཡིན་པར་ཐལ། འདོད་ཆགས་མ་ཡིན་པ་ནས། རྟག་པ་ཡང་མ་ཡིན་པའི་ཕྱིར། དེ་ལ་དགག་བྱ་ལས་གཞན་དུ་སྟོན་པའི་དགག་པ་ཞིག་དགོས་པའི་ཕྱིར་ཏེ། དབྱིག་གཉེན་གྱིས། རིག་པ་ལས་གཞན་པ་གང་ཡིན་པ་དེ་ཡང་མ་རིག་པ་མིན་ཏེ་མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །ཞེས་དང༌། ལྡོག་པ་ལས། གཞན་པ་ཞེས་བྱ་བ་ནི་གོ་བར་བྱ་བ་དགག་པར་བྱ་བ་ལས་གཞན་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ལྷ་དབང་བློས་ཀྱང་ངོ༌། །གསུམ་པ་གྲུབ་སྟེ། དེ་དག་མི་འདྲ་བའི་ཕྱིར། ཁྱབ་སྟེ། དེ་ལ་དགག་བྱ་དེ་དང་འདྲ་བ་ཡོད་ཀྱང་དེ་མིན་ནོ་ཞེས་བཀག་པའི་དགག་པ་ཞིག་དགོས་པའི་ཕྱིར། རྟེན་འབྲེལ་མདོ་འགྲེལ་ལས། རིག་པ་དང་འདྲ་བའི་ཆོས་གཞན་ཡང་མ་རིག་པ་ཡིན་ཏེ། དེ་མེད་པའི་ཕྱིར། ཞེས་དང༌། ལྡོག་པ་ལས། འདྲ་བ་ཞེས་བྱ་བ་ནི་འདྲ་ཞིང་མཚུངས་པ་བཀག་ནས་མི་འདྲ་བར་སྟོན་པ་སྟེ། ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། དགག་བྱ་དེ་དག་ངན་པ་ལ་དེ་དག་འཇོག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡིན་པའི་ཕྱིར། རྟེན་འབྲེལ་འགྲེལ་པར། སྨད་པའི་རིག་པ་ཡང་མ་ཡིན་ཏེ། དེ་མེད་པའི་ཕྱིར་ཞེས་དང༌། ལྡོག་པ་ལས། དམན་པ་ཞེས་བྱ་བ་ནི་ཡོན་ཏན་བཀག་ནས་དམན་པར་སྟོན་པ་སྟེ། དཔེར་ན། ཡོན་ཏན་ཅན་གྱི་བླ་མ་མེད་པ་ལ་བླ་མ་མེད་པ་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། འདོད་ཆགས་ངན་པ་ཆགས་མེད་མ་ཡིན་པ་ནས། རྟག་པ་ངན་པ་མི་རྟག་པ་མ་ཡིན་པའི་ཕྱིར། ལྔ་པ་གྲུབ་སྟེ། དེ་དག་གི་དགག་བྱ་ཆུང་བ་ཙམ་ལ་དེ་དག་འཇོག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། ཆགས་པ་ཆུང་ཙམ་ཆགས་མེད་ཀྱི་དགེ་རྩ་མ་ཡིན་པ་ནས། རིག་པ་ཡེ་ཤེས་ཆུང་ཙམ་མ་རིག་པ་དང༌། རྟག་པ་ཆུང་ཙམ་མི་རྟག་པ་མ་ཡིན་པའི་ཕྱིར། རྟེན་འབྲེལ་འགྲེལ་པར། རིག་པ་ཆུང་བ་ཡང་མ་རིག་པ་མ་ཡིན་ཏེ། བརྒྱད་པ་ལ་སོགས་པ་རིག་པ་མ་རྫོགས་པའི་རིགས་པ་ཡང་མ་རིག་པ་ཡིན་པར་གྱུར་ཏ་རེ་ཞེས་དང༌། ལྡོག་པ་ལས། ཆུང་བ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་རྒྱ་ཆེ་བ་བཀག་ནས་ཆུང་བའི་ངོ་བོ་ཉིད་སྟོན་པ་སྟེ། དཔེར་ན། སྐྱེས་བུ་གཟུགས་ཆུང་བ་དག་ཏུ་ཤེས་པར་བྱ་བ་ལ་གཟུགས་མེད་ཅེས་བྱ་བས་བརྗོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། དྲུག་པ་གྲུབ་སྟེ། དེ་དག་རང་དེ་དག་གི་དགག་བྱ་དང་བྲལ་བ་ལ་དེ་དག་སོ་སོར་མི་རུང་བའི་ཕྱིར། དེར་ཐལ། ཆགས་པ་མེད་པའི་མིག་ཤེས་ཆགས་མེད་ཀྱིི་དགེ་རྩ་མ་ཡིན་པ་ནས། རིག་པ་ཡེ་ཤེས་མ་སྐྱེས་པའི་སོ་སྐྱེའི་མིག་ཤེས་མ་རིག་པ་མ་ཡིན་ཅིང༌། རྟག་པ་མེད་པའི་རི་བོང་རྭ་མི་རྟག་པ་མ་ཡིན་པའི་ཕྱིར། རྟེན་འབྲེལ་འགྲེལ་པར། བྲལ་བའི་དོན་ལ་ནི་དགེ་སློང་མེད་པའི་གནས་དང་ཆུ་མེད་པའི་དགོན་པ་ཞེས་བྱ་བ་ལྟ་བུའོ། །ཞེས་དང༌། རིག་པ་དང་བྲལ་བ་གང་ཡིན་པ་དེ་ཡང་མ་རིག་པ་མ་ཡིན་ནོ་རིག་པ་མ་སྐྱེས་པའི་རྒྱུད་ཀྱི་མིག་ལ་སོགས་པ་ཐམས་ཅད་ཀྱང་མ་རིག་པ་ཡིན་པར་གྱུར་ཏ་རེ་ཞེས་དང༌། ལྷ་དབང་བློས་ཀྱང༌། མ་རིག་པ་ཞེས་བྱ་བ་ཞེས་པ་ནས། ཡང་དག་པར་རྟོགས་པས་དབེན་པའི་མཚན་ཉིད་ཅན་ནི་མ་རིག་པ་ཞེས་བྱའོ་ཞེ་ན། ནས། སེམས་མེད་པ་རྣམས་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བདུན་པ་གྲུབ་སྟེ། རང་གི་དགག་བྱའི་འགལ་ཟླ་སྟོན་པའི་དགག་སྒྲ་ཡིན་པའི་ཕྱིར། དེར་ཐལ། ཆགས་མེད་ཀྱི་དེ་དགག་བྱ་ཆགས་པའི་འགལ་ཟླ་ཡིན་པ་ནས། མ་རིག་པ་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་ཡིན་པར་སྟོན། མི་རྟག་པ་ནི་རྟག་པའི་འགལ་ཟླ་ཡིན་པར་སྟོན་པའི་ཚིག་ཡིན་པའི་ཕྱིར། མཛོད་ལས། མ་རིག་མི་མཛའ་རྫུན་སོགས་བཞིན། །ཞེས་དང༌། རྟེན་འབྲེལ་མདོ་འགྲེལ་ལས། རིག་པའི་མི་མཐུན་ཕྱོགས་ལ་ཆོས་གཞན་ནི་མ་རིག་པ་ཡིན་ནོ། །ཞེས་བྱ་བར་རིག་པར་བྱ་སྟེ། བསོད་ནམས་མ་ཡིན་པ་དང༌། གྲགས་པ་མ་ཡིན་པ་ལྟ་བུ་དང་ཆགས་པ་མེད་པ་དང༌། ཞེ་སྡང་མེད་པ་བཞིན་ནོ། །ཞེས་དང༌།

           ལེའུ་གཉིས་པར། རིག་པའི་མི་མཐུན་ཕྱོགས་ཕྱིར་དང༌། །སོགས་དང༌། ལྷ་དབང་བློས། དེ་ཡང་དཔྱད་པར་བྱ་ན། རིག་པའི་མི་མཐུན་ཕྱོགས་ཉིད་ཕྱིར། །ལོག་པར་དམིགས་པའི་མི་ཤེས་པ་ནི་མ་རིག་པའོ། །ཞེས་གསུངས་པའི་ཕྱིར་དང༌། རང་འགྲེལ་ལས། སྟོང་པ་ཉིད་དང་མི་རྟག་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་ནི། བློས་བཏགས་པ་ཇི་ལྟ་བ་བཞིན་དུ་སྦྱར་བའི་རྣམ་པ་སྒྲོ་བཏགས་པ་དེ་རྣམ་པར་བཅད་ནས་ཐ་སྙད་བྱེད་དེ་ཞེས་གསུངས་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། གཞན་ཡང༌། རང་འགྲེལ་གྱི་ལུང་དེས་མི་རྟག་པ་དགག་པ་དང་དེའི་སྒྲ་ཡང་དགག་སྒྲ་ཅན་དུ་བཤད་པར་ཐལ། ལུང་དེས་གཞན་སྡེ་རང་ཉིད་རྟག་ཏུ་གནས་ནས་འབྲས་བུ་བྱེད་པར་འདོད་པ་དེ་མི་རྟག་ཅེས་པས་བཅད་པའི་ཕྱིར། དེར་ཐལ། དེ་ལྟར་བཅད་པའི་སྒོ་ནས་མི་རྟག་པ་ཞེས་པ་རྟག་པའི་འབྲས་བུ་བཀག་པའི་སྒྲ་བཤད་པའི་ཕྱིར། དཔེར་ན། འབྲས་བུ་འགའ་ཞིག་རང་རྒྱུད་དུ་བསྟན་པའི་ཆེད་དུ་བདག་གི་སྒྲ་བྱས་པ་དེ་དེ་འགོག་པའི་ཆེད་དུ་བདག་མེད་བྱས་པ་རྟག་པའི་འབྲས་བུ་འགོག་པའི་སྒྲར་འགྱུར་བ་བཞིན་ཡིན་པའི་ཕྱིར། རང་འགྲེལ་ལས། དེ་བཞིན་དུ་འབྲས་བུ་བཀག་པས་ཀྱང་ཞེས་པའི་འགྲེལ་བཤད་ལས། འདི་ལྟར་མི་རྟག་པའི་སྒྲ་ཡང༌། ནས། གཞན་དག་རྟག་པ་དངོས་པོར་འདོད་ཀྱི་མེད་པ་ཙམ་ནི་མ་ཡིན་ཏེ། ཞེས་པ་ནས། རྟག་ཏུ་སྒྲུབ་པར་བྱེད་པ་དེ་བས་ན་དེའི་འབྲས་བུ་དེ་རྣམ་པར་བཅད་ཅིང་རྣམ་པར་བཟློག་ཅིང་མི་རྟག་པའི་སྒྲར་འགྱུར་རོ། །འབྲས་བུ་འགའ་ཞིག་རང་རྒྱུད་དུ་བསྟན་པར་བྱ་བའི་ཕྱིར་བདག་གི་སྒྲར་ཡང་བྱས་པ་ཡིན་པ་དེ་ལྟར་ན་དེའི་འབྲས་བུ་མ་ཡིན་པ་རྣམ་པར་བཅད་པས་བདག་མེད་པའི་སྒྲར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་སྒྲུབ་ཀྱི་དངོས་ཀྱི་ཆོས་ལ་མ་ཡིན་དགག་གཟུང་བའི་སྒྲུབ་རྟགས་ཡང་དག་མེད་པར་འདོད་པ་སྔར་ཡང་རྒྱས་པར་བཀག་ཅིང་མི་འཐད་པར་ཐལ། འགྲེལ་པ་རེ་རེ་ན་ཡང་ཆེས་མང་བའི་ཕྱིར། དེར་ཐལ། ལྷ་དབང་བློས། སྦྱོར་བ་ནི་གང་རྟོག་པ་དང་བྲལ་བའི་མ་རིག་པ་དེ་ནི། དེའི་གཟུང་བའི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་རྟོག་པའི་ངོ་བོོར་འགྱུར་ཏེ། དཔེར་ན། བདེ་བའི་འདུ་ཤེས་ཀྱིས་གཟུང་བའི་རྣམ་པ་ལས་འདུ་བྱས་རྣམས་ལ་སྡུག་བསྔལ་གྱི་འདུ་ཤེས་ནི། ཕྱིན་ཅི་ལོག་ཏུ་རྟོག་པའི་ངོ་བོ་ཡིན་པ་ལྟ་བུའོ། །མ་རིག་པ་ཡང་རིག་པའི་རྟོགས་པ་ལས་ཀྱང་འགལ་བའི་རང་བཞིན་ཅན་ཡིན་ནོ། །ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ་ཞེས་གསུངས་པ་ལྟ་བུ་མང་བའི་ཕྱིར། ཡང་ཁ་ཅིག་ན་རེ། སྡུག་བསྔལ་སྒྲུབ་པ་ཡིན་ཟེར་ན་མི་འཐད་པར་ཐལ། དེ་དམན་པའི་དགག་པ་ཡིན་པའི་ཕྱིར། མ་གྲུབ་ན། རང་འགྲེལ་ལས། དེའི་རྒྱུ་བཀག་པས་ཀྱང་བདག་མེད་པ་དང་སྟོང་ཉིད་ཅེས་བྱ་བ་ཡིན་ཏེ། དེ་ལྟར་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་ཞེས་གསུངས་པའི་གཞན་དག་ལ་སྦྱོར་ཚུལ་མི་འཐད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་མི་ནུས་ཤིང༌། ཁྱབ་པར་ཐལ། དེའི་འགྲེལ་བཤད་ལས། དེ་ལྟར་ན་གཞན་དག་ལ་ཡང་ཞེས་བྱ་བ་ནི། སྡུག་བསྔལ་བ་དང༌། མི་གཙང་བ་དང་མགོན་མེད་པ་དང་མི་རྟེན་པ་ལ་སོགས་པ་ལ་ཡང་ངོ༌། །ཅི་རིགས་པར་ཞེས་བྱ་བ་ནི་འབྲས་བུ་འགའ་ཞིག་དགག་པ་དང༌། རྒྱུ་འགའ་ཞིག་བཀག་པ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པའི་དོན་ཡོད་པའི་ཕྱིར། ཡང་ཁ་ཅིག །དགག་པ་དང་གཞན་སེལ་དོན་གཅིག་ཏུ་བྱས་ནས་རང་གི་དགག་བྱ་ཚིག་ཟིན་ལ་བཅད་པའི་ཚུལ་གྱི་རྟོགས་པར་བྱ་བ་དེའི་མཚན་ཉིད་ཟེར་ན། འོ་ན། དགག་པ་ཡིན་ན་ཚིག་ཟིན་ལ་རང་གི་དགག་བྱ་བཅད་ནས་རྟོགས་པར་བྱ་བ་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཚིག་གིས་རང་གི་དགག་བྱ་མ་བཅད་ཀྱང་དོན་གྱི་སྟོབས་ཀྱིས་རང་གི་རྣམ་པར་ཤར་བའི་བློ་ལ་རང་གི་དགག་བྱ་བཅད་པའི་རྣམ་པར་འཆར་བ་ཞིག་མེད་པར་ཐལ་ལོ། །དེ་ཡིན་ན་རང་གི་དགག་བྱ་ཚིག་གིས་བཅད་པས་ཁྱབ་པའི་ཕྱིར། འཁོར་གསུམ། འདོད་ན། ནམ་མཁའ་དང་ཡོངས་གྲུབ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། མེད་དགག་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀྱི་མིང་གཉིས་ལ་དགག་ཚིག་མ་སྦྱར་ཡང་དེ་གཉིས་ཀྱི་རྣམ་པ་བློ་ལ་འཆར་བ་ན་ནམ་མཁའ་ལ་ཐོགས་རེག་བཀག་ཙམ་དང་ཡོངས་གྲུབ་ལ་བདག་གཉིས་བཅད་ཙམ་གྱི་རྣམ་པ་འཆར་བའི་ཕྱིར། དགག་པ་ཚིག་ལ་མེད་ཀྱང་དེ་གཉིས་ཀྱི་རྣམ་པ་དེ་ལྟར་འཆར་བར་ཐལ། ཚིག་ལ་མེད་ཀྱང་དོན་གྱི་ངོས་ནས་དེ་ལྟར་འཆར་རྒྱུའི་དགག་པ་ཡོད་པའི་ཕྱིར། དེར་ཐལ། དགག་བྱ་བློའི་གོ་ཚུལ་ལྔ་ཡོད་པའི་ཕྱིར། ལྡོག་པ་རྩ་བ་ལས། ཇི་ལྟར་གོ་བར་བྱེད་པ་ནི། །དོན་གྱིས་གོ་བ་ལ་སོགས་པའི། །དགག་པ་རྣམ་པ་ལྔ་ཡིན་ཏེ། །ཞེས་དང༌། དེའི་འགྲེལ་པར། དོན་ཇི་ལྟར་སྟོན་པར་བྱེད་པའི་སྐབས་ཀྱི་སྒྲས་བྱེད་པའི་ལུགས་འདི་དག་ཡིན་ཏེ། ལ་ལ་ནི་དགག་པའི་དོན་གྱི་སྟོབས་ཀྱིས། ལ་ལ་དགག་པའི་ཚིག་གཅིག་གིས། ལ་ལ་ནི་གཉིས་ཀ་དང་ལྡན་པས་ལ་ལ་ནི་གཞན་གྱི་ཚིག་གིས། ལ་ལ་ནི་སྒྲ་དངོས་སུ་བྱེད་པས་ཏེ། ཞེས་གསུངས་པའི་ཕྱིར་དང༌། དེ་བཞིན་དུ་ལེགས་བཤད་སྙིང་པོ་ལས། རང་བརྗོད་པའི་སྒྲས་བཅད་པ་དང༌། རང་རྟོགས་པའི་བློ་ལ་དངོས་སུ་དགག་བྱ་བཅད་པའི་རྣམ་པ་ཅན་དུ་འཆར་བ་གང་རུང་དགོས་སོ། །ཞེས་གསུངས་པའི་ཕྱིར། འདི་རང་འཛིན་རྟོག་པ་མ་ཡིན་གྱི་གཞལ་བའི་རྟོགས་པའོ། །འོ་ན། རང་དངོས་སུ་རྟོགས་པའི་བློ་ལ་དགག་བྱ་བཅད་པའི་རྣམ་པ་མི་འཆར་བར་ཚིག་གིས་དགག་བྱ་བཅད་པ་ཞིག་ཡོད་པར་ཐལ། དེ་གཉིས་གང་རུང་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དགག་པ་ཕལ་ཆེར་མང་ཤོས་ཚིག་གིས་བཅད་པས་སྒྲ་རྟོག་གཉིས་ཀས་དགག་བྱ་བཅད་ལ། ཆོས་ཉིད་ལྟ་བུ་ཚིག་གིས་མ་བཅད་པ་རེ་གཉིས་ཀྱང་རང་དངོས་སུ་རྟོགས་པའི་བློ་ལ་དགག་བྱ་བཅད་པའི་རྣམ་པར་འཆར་བས་སྒྲ་རྟོག་གང་རུང་སྒོ་ནས་དགག་པར་འཇོག་པ་ཡིན་ནོ་ཞེས་པའི་དོན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ཡིན་ན་རང་དངོས་སུ་རྟོགས་པའི་བློ་ལ་དགག་བྱ་བཅད་པའི་རྣམ་པར་འཆར་བས་ཁྱབ་པའི་ཕྱིར། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་སྔོན་གྱི་དབུ་ཚད་པ་ཁ་ཅིག་ན་རེ། བདག་མེད་མེད་དགག་ཡིན་ཀྱང་གང་ཟག་ལ་རྫས་ཡོད་ཀྱི་བདག་མེད་པ་མེད་དགག་མ་ཡིན་པར་ཐལ། གཞི་སྒྲུབ་པའི་ཆོས་དང་ཚོགས་པའི་ཕྱིར་ན་མ་ཁྱབ་པ་ཁོ་ན། ཡང་ཁ་ཅིག །གཞི་དང་བདག་མེད་ཚོགས་ན་མ་ཡིན་དགག་ཡིན་པར་ཐལ། དེ་ལྟར་ཚོགས་ན་རང་དངོས་སུ་འཛིན་པའི་རྟོག་པའི་སྣང་ངོར་ཁྱད་ཆོས་བདག་མེད་ལས་ཁྱད་གཞི་ཡང་འཕངས་སྣང་བའི་ཕྱིར་ན་མ་ཁྱབ་སྟེ། རྟོག་པའི་ངོ་དང་སྣང་ངོ་མི་གཅིག་ཅིང་སྐབས་འདིར་འཕང་མ་འཕང་ཞེས་པ་དང་སྒྲུབ་མ་སྒྲུབ་ཅེས་པ་དོན་འདྲ་བའི་ཕྱིར། དེ་གཉིས་ལ་འོ་ན། བྲམ་ཟེས་ཆང་བཏུང་བར་མི་བྱ་ཞེས་པའི་མེད་དགག་ཆོས་ཅན། མེད་དགག་གི་མཚན་གཞི་མ་ཡིན་པར་ཐལ། མེད་དགག་མ་ཡིན་པའི་ཕྱིར། འཁོར་གསུམ། རྟགས་ཁས། དེར་ཐལ། གཞི་སྒྲུབ་ཆོས་གཅིག་དང་ཚོགས་པའི་དགག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། དེར་ཐལ། གཞི་བྲམ་ཟེ་དང་ཚོགས་པའི་དགག་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གཞི་སྒྲུབ་པའི་ཆོས་དང་དགག་པ་ཚོགས་ཀྱང་མེད་དགག་གི་མཚན་ཉིད་མི་འདོར་བའི་ཕྱིར། དེར་ཐལ། དེ་གཞི་སྒྲུབ་ཆོས་དང་དགག་པ་ཚོགས་པ་ཡིན་ཀྱང་ཆང་བཏུང་བར་མི་བྱ་བ་ལས་གཞན་བཏུང་བ་བཏུང་མི་བཏུང་སོགས་གང་ཡང་མ་འཕངས་པའི་ཕྱིར། རྟོག་གེ་འབར་བ་ལས། མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགོག་པར་ཟད་ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་བསྒྲུབ་པར་མི་བྱེད་པ་སྟེ། དཔེར་ན། བྲམ་ཟེས་ཆང་བཏུང་བར་མི་བྱའོ་ཞེས་བྱ་བ་དེ་ཙམ་ཞིག་འགོག་པར་ཟད་ཀྱི་དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མ་བརྗོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་དང༌། དེ་ཙམ་ཞིག་འགོག་པར་ཟད་ཀྱི་ཞེས་པའི་དོན་ཡོད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། གཞི་སྒྲུབ་པ་དང་ཚོགས་ཀྱང་མེད་དགག་གི་མཚན་ཉིད་གནས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང༌། བདག་མེད་གཏན་ལ་འབེབས་པ་ན་ཁྱད་གཞི་མེད་པར་ཁྱད་ཆོས་ཁོ་ན་ཞིག་བསྒྲུབ་བྱར་བཤད་རིགས་པར་ཐལ། བདག་མེད་དེ་གཞི་སྒྲུབ་པ་ཞིག་དང་ཚོགས་ན་མེད་དགག་མ་ཡིན་པར་འགྱུར་བའི་ཕྱིར། རྟགས་ཁས། མ་ཁྱབ་ན་ཁྱབ་པར་ཐལ། གཞི་དངོས་པོ་དེ་ལ་ཆོས་བདག་གི་ངོ་བོ་ཉིད་ཙམ་ཞིག་འགོག་པའི་མེད་དགག་ཡོད་པའི་ཕྱིར། དེར་ཐལ། རྟོག་གེ་འབར་བ་ལས། མེད་པར་དགག་པ་ནི་དངོས་པོ་ཉིད་ཙམ་ཞིག་འགོག་པར་ཟད་ཀྱི་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ནི་ཡན་ཆད་ཀྱིས་མེད་དགག་ངོས་བཟུང་ནས་དེ་ལ་ཅི་འདྲ་ཞིག་དགོས་ཤེ་ན། ལྷག་མས་ཁྱད་གཞི་ཁྱད་ཆོས་སྦྱར་བའི་དགག་བྱ་བཀག་པའི་མེད་དགག་གི་གོ་དོན་བཤད་པའི་ཕྱིར། དེར་ཐལ། དངོས་པོ་ཞེས་པས་ཁྱད་གཞི་བསྟན། ངོ་བོ་ཉིད་ཅེས་པས་དགག་བྱ་ཆོས་བདག་ལྟ་བུ་བསྟན། ཙམ་ཞེས་པས་དགག་བྱ་རིགས་མི་མཐུན་པ་གཅོད། ཙམ་ཞིག་འགོག་པར་ཟད་ཀྱི་ཞེས་པས་ཁྱད་ཆོས་ཆོས་བདག་བཀག་པ་ཙམ་ཡིན་ཞེས་བཤད་པའི་ཕྱིར། དེར་ཐལ། གཞི་དངོས་པོ་ལ་དགག་བྱ་ཆོས་བདག་ཙམ་བཀག་ཙམ་ཡིན་གྱི་རང་གི་དགག་བྱ་དེ་ཙམ་བཀག་པ་ཙམ་ལས་ཆོས་གཞན་སྒྲུབ་པ་དང་མེད་དགག་ཡིན་ཡང་དགག་བྱ་རིགས་མི་གཅིག་པ་བཀག་ཙམ་ཡང་མི་སྒྲུབ་ཅེས་ལྷག་མས་བཤད་པའི་ཕྱིར། དེར་ཐལ། རྟོག་གེ་འབར་བ་ལས། དེ་དང་འདྲ་བ་དེ་མིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དང་འདྲ་བ་ཞེས་པས་དགག་བྱ་རིགས་མི་གཅིག་པའི་མེད་དགག་བསྟན། དེ་མ་ཡིན་པ་ཞེས་པས་མ་ཡིན་དགག་དང༌། གཞན་གྱི་དངོས་པོ་ཞེས་པས་ཁྱད་ཆོས་སྒྲུབ་པ་བསྟན་ནས། སྒྲུབ་པར་མི་བྱེད་པ་ཞེས་པས་མེད་དགག་དེ་དག་རྟོགས་པའི་བློ་དང་སྒྲས་མི་འཕེན་ཚུལ་བཤད་ནས་དཔེར་ན་མན་ཆད་ཀྱིས་དཔེ་བཤད་པའི་ཕྱིར། དེར་ཐལ། བྲམ་ཟེ་ཞེས་པ་ཁྱད་གཞིའི་དཔེ། ཆང་བཏུང་བ་དགག་བྱའི་དཔེ། མི་བྱའོ་ཞེས་པ་དེ་ཙམ་ཞིག་འགོག་པར་ཟད་པ་ནི་ཁྱད་ཆོས་ཀྱི་དཔེ། དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེས་པ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པའི་དཔེ། དེ་ལས་གཞན་པའི་བཏུང་བ་མི་བཏུང་བ་ནི་དགག་བྱ་མི་གཅིག་པའི་མེད་དགག་གི་དཔེ། ཞེས་མི་བརྗོད་པ་ལྟ་བུའོ་ཞེས་པས་ཆོས་གཞན་དཔེ་དེ་དག་མི་འཕེན་པའི་དཔེ་ཡིན་པའི་ཕྱིར། འཕགས་ཡུལ་གྱི་ཚིག་དཔྱད་ཚེ་ཆད་ལྷག་མེད་པ་དེ་འདྲ་ཡོད། བོད་ཚིག་ལ་ལྷག་ཆད་མང་ངོ༌། །རྩ་བར་འདོད་མི་ནུས་ཏེ། དེ་ལྟ་ན་རྟགས་ཀྱི་དགག་བྱ་མེད་པར་ཐལ་བའི་སྐྱོན་འབྱུང་བའི་ཕྱིར། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཆོས་ལ་གཏན་ཚིགས་གྲུབ་ན་ནི། །དེ་ཡིས་དེ་ལ་གཞན་ཅི་དཔག །ཅེས་གསུངས་པའི་ཕྱིར། དེས་ན་བདག་མེད་ཁྱད་གཞི་སྒྲུབ་པ་དང་ཚོགས་པས་མེད་དགག་མིན་དགོས་པ་དང་མ་ཡིན་དགག་ཡིན་དགོས་པ་གཉིས་ཀ་མི་འཐད་པར་ཐལ། དངོས་པོ་དང་བྲམ་ཟེ་ལྟ་བུ་བདག་མེད་ཀྱི་ཁྱད་གཞི་དང་བདག་ཡོད་མེད་དཔྱོད་པའི་གཞི་ཡིན་གྱི་བསྒྲུབ་རྒྱུའི་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། ཁྱད་གཞི་ཁྱད་ཆོས་མི་གཅིག་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། བྲམ་ཟེ་ལྟ་བུ་དེ་དགག་བྱ་བཅད་ནས་ཆོས་གཞན་འཕེན་མི་འཕེན་རྩི་བའི་གཞི་ཡིན་གྱི་འཕང་བའི་ཆོས་གཞན་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

           ཡང་ཁ་ཅིག །རང་གི་དངོས་མིང་གི་མཐར་མེད་ཚིག་སྦྱར་བ་མེད་དགག་གི་མཚན་ཉིད་ཟེར། མ་ཡིན་དགག་གི་མཚན་ཉིད་མིང་མཐར་མིན་ཚིག་སྦྱར་བ་ཟེར་ན། རྒྱལ་བ་ཚེ་དཔག་མེད་ཆོས་ཅན། མེད་དགག་ཡིན་པར་ཐལ། དངོས་མིང་མཐར་མེད་ཚིག་སྦྱར་བའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་ཡིན་པའི་ཕྱིར། གཞན་ཡང༌། ཆོས་དབྱིངས་དང་ཆོས་ཉིད་དང་ཡོངས་གྲུབ་དང་ནམ་མཁའ་སོགས་འཕེན། བདག་ལས་སྐྱེ་བ་མ་ཡིན་པ་ཆོས་ཅན། མ་ཡིན་དགག་ཏུ་ཐལ་ལོ། །མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། མེད་དགག་ཡིན་པའི་ཕྱིར། དེ་བཞིན་དུ་མཐའ་བཞི་ལས་སྐྱེ་བ་མ་ཡིན་པ་རེ་རེ་ནས་འཕེན། དེ་ཇི་སྐད་དུ་ལེགས་བཤད་སྙིང་པོ་ལས། མ་ཡིན་ཞེས་པ་དང༌། མེད་ཅེས་པའི་ཚིག་གིས་བཀག་པ་ཡང་དེ་གཉིས་ཀྱི་ཁྱད་པར་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར་དང༌། དེ་བཞིན་དུ་ལྡོག་འགྲེལ་ལས། མེད་པར་དགག་པར་སྟོན་པའི་སྒྲ་ནི་འདི་ལྟར། མ་ཡིན་པར་དགག་པ་སྟོན་པའི་སྒྲ་ནི་འདི་ལྟར་ཞེས་བྱེ་བྲག་མེད་དེ། མེད་དོ་ཞེས་བྱ་བ་དང༌། མ་ཡིན་ནོ་ཞེས་བྱ་བ་དག་ཀྱང་ཐུན་མོང་གིའོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཆོས་ཉིད་ཆོས་ཅན། ཁྱོད་ཅེས་པའི་ཚིག་དགག་ཚིག་ཡིན་པར་ཐལ། ཁྱོད་དངོས་སུ་འཛིན་པའི་རྟོག་པ་དགག་རྟོག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཁྱོད་ཅེས་པའི་ཚིག་གིས་དགག་བྱ་དངོས་སུ་མི་གཅོད་ཀྱང་ཁྱོད་དངོས་སུ་འཛིན་པའི་རྟོག་པས་དགག་བྱ་དངོས་སུ་གཅོད་པར་སྤྱོད་འཇུག་གིས་བཤད་ཟིན་པའི་ཕྱིར། དངོས་སུ་འཛིན་པ་ཞེས་པས་ཆོས་ཉིད་སྒྲ་སྤྱིའི་ཚུལ་དུ་འཛིན་པ་སྒྲ་དང་འདྲ་བར་མི་གཅོད་པར་ཤེས་དགོས་པར་ཐལ། དེ་ལ་ཆོས་ཉིད་ཀྱི་དོན་སྤྱི་མ་ཤར་བའི་ཕྱིར། ཡང་ཁ་ཅིག་ན་རེ། དགག་པ་གང་ཞིག །རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ་དེ་མེད་དགག་གི་མཚན་ཉིད་དང་ཆོས་གཞན་འཕེན་པ་མ་ཡིན་དགག་གི་མཚན་ཉིད་ཟེར། ཡང་ཁ་ཅིག །རང་ཞེས་བརྗོད་པའི་སྒྲས་དེ་ལྟར་འཕེན་མི་འཕེན་སོ་སོའི་མཚན་ཉིད་ཟེར་ན། འོ་ན། རྟག་པས་སྟོང་པའི་བུམ་པ་ཆོས་ཅན། རང་གི་དགག་བྱ་དགག་ཤུལ་དུ་ཆོས་གཞན་འཕེན་པར་ཐལ། མ་ཡིན་དགག་ཡིན་པའི་ཕྱིར། འདོད་ན། ཡུལ་ཅན་ཡིན་པར་ཐལ་ལོ། །འདོད་པའི་ཕྱིར། ཁྱབ་སྟེ། ཡུལ་ཅན་མ་ཡིན་པས་འཕེན་ཚུལ་དང་སྒྲུབ་ཚུལ་མེད་པའི་ཕྱིར། གཞན་ཡང༌། བུམ་མེད་ཆོས་ཅན། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པར་ཐལ་ལོ། །མེད་དགག་ཡིན་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕངས་པའི་ཕྱིར། དེར་ཐལ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་བུམ་པ་བཀག་པ་འཕེན་པའི་ཕྱིར། རྟགས་དགག་བྱ་བཀག་ཚུལ་གྱིས་གྲུབ། ཁྱབ་པར་ཐལ། དེ་དེ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། བྱས་མི་རྟག་ཀྱང་ཐ་དད་དང་གཞན་མ་ཡིན་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བུམ་པ་བཀག་པ་ཆོས་ཅན། བུམ་མེད་དང་གཞན་མ་ཡིན་པར་ཐལ། བུམ་མེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འདིའི་གཞན་ལ་ལྡོག་པ་གཞན་གྱིས་མི་འཇོག་པར་ཐལ་ལོ། །དེ་ལ་ཁོ་མ་ཡིན་པ་ཞིག་དགོས་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། དེ་ལ་ཁོ་རང་མ་ཡིན་པ་ཞིག་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ། འདོད་ན། གང་ཟག་གི་བདག་མེད་ཡོད་པ་ཆོས་ཅན། མ་ཡིན་དགག་མ་ཡིན་པར་ཐལ། རང་འཛིན་རྟོག་པས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་རྒྱུ་མེད་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། རང་ཉིད་མ་ཡིན་པའི་ཆོས་གཞན་མེད་པའི་ཕྱིར། ཁྱབ་པ་དངོས། འཁོར་གསུམ། རྟགས་གྲུབ་སྟེ། བདག་མེད་ཡིན་ན་ཁྱོད་ཡིན་དགོས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། རང་བརྗོད་པའི་ཚིག་གཅིག་གིས་རང་གི་དགག་བྱ་གཅོད་པ་དང་ཆོས་གཞན་འཕེན་པ་གཉིས་དངོས་སུ་བརྗོད་པའི་དགག་པ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་ཅེས་པས་དགག་བྱ་བཀག ཡོད་པ་ཞེས་པས་སྒྲུབ་པ་དངོས་སུ་བསྟན་པའི་ཕྱིར། ལྡོག་པ་དང་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དྲངས་པ་ལས། ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །ཞེས་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཚིག་གཅིག་གིས་དངོས་པོ་སྒྲུབ་པར་བྱེད་པ་དང༌། ཞེས་དང༌། ལྡོག་པའི་འགྲེལ་པ་ལས་ཚིག་གཅིག་གིས་སྒྲུབ་པར་བྱེད་པ་ནི་མ་སྐྱེས་པ་ཡོད་ཅེས་བྱ་བ་ཞེས་དང༌། ལེགས་བཤད་སྙིང་པོ་ལས། ཚིག་གཅིག་གིས་དངོས་པོ་སྒྲུབ་པ་ནི་བདག་ལས་མ་སྐྱེས་པ་ལྟ་བུ་དགག་བྱ་གཅོད་པ་དང་ཆོས་གཞན་དངོས་སུ་འཕེན་པ་གཉིས་ཚིག་གཅིག་གིས་ཟིན་པའོ། །ཞེས་གསུངས་པའི་ཕྱིར།

           གཉིས་པ་རང་ལུགས་ལ། དགག་པའི་མཚན་ཉིད་དང༌། དབྱེ་བ་དང༌། བསྡུ་བ་དང༌། དགག་པའི་ཡུལ་དང༌། ལྟོས་པ་དང༌། ངེས་ཚིག་དང༌། དགོས་པ་དང་བདུན་ལས། དང་པོ་ནི། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་དེ་དགག་པའི་མཚན་ཉིད། རྩ་ཤེའི་ཊཱིཀ་ཆེན་ལྟར་རོ། །དགག་པ་དང་སེལ་བ་དང་ལྡོག་པ་རྣམས་དོན་གཅིག །དེ་ལ་དབྱེ་ན་བཅོ་ལྔ་ཡོད་དེ། ལྡོག་པ་ལས། མེད་དང་གཞན་དང་འདྲ་བ་དང༌། །དམན་དང་ཞུམ་དང་ཞན་པ་དང༌། །ཕྲ་དང་ཉུང་དང་མྱུར་བ་དང༌། །ཆུང་དང་ལྷག་མ་མེད་པ་དང༌། །འགའ་ལས་མཐའ་དག་མ་ཡིན་དང༌། །མི་མཐུན་གཉེན་པོ་བྲལ་བ་ཡི། །རྣམ་གྲངས་བཅོ་ལྔར་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་བསྡུ་ཚུལ་དུ་མ་ཡོད་དེ། བཅོ་ལྔ་ལས་ཞུམ་པ་དམན་པ་གཅིག་བྱས་ཕྲ་བ་སོགས་དྲུག་གཅིག་ཏུ་བྱས་པའི་བརྒྱད་དང༌། དེ་ལས་མི་མཐུན་གཉེན་པོའི་དགག་པར་བསྡུས་པས་བདུན་དང༌། དམན་དང་ཆུང་བ་ཞུམ་པར་བསྡུས་པས་དྲུག་དང༌། ཚིག་གི་སྟོན་ཚུལ་སྒོ་ནས་དོན་གྱིས་གོ་བ་དང༌། ཚིག་གཅིག་གིས་སྒྲུབ་པ་དང༌། དོན་ཚིག་གི་སྒྲུབ་པ་གཉིས་དང་ལྡན་པ་དང༌། རང་ཚིག་གིས་མི་སྟོན་པ་དང༌། དེ་དག་ལས་གཞན་པ་མེད་དགག་དང་ལྔ་དང༌། འགོག་ཚུལ་སྒོ་ནས་ཀུན་བཏགས་འགོག་པ་དང༌། རང་གི་གཞི་ལས་ཞུམ་པ་དང༌། གཞན་པའི་དང༌། འགལ་བའི་སྟེ་བཞི་དང༌། མེད་དགག་དང་གཞན་པའི་དགག་པ་དང་གཉེན་པོ་ལ་འཇུག་པའི་དགག་པ་གསུམ་དང༌། དགག་བྱ་གཅོད་ཅིང་ཆོས་གཞན་སྒྲུབ་མི་སྒྲུབ་ཀྱི་སྒོ་ནས་མེད་དགག་དང་མ་ཡིན་དགག་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ཉིད་ལས། ཞུམ་དང་ཞན་པ་དམན་པར་ཏེ། །ཕྲ་བ་ལ་སོགས་དྲུག་གཅིག་ཏུ། །སྦྱར་བས་དགག་པའི་རྣམ་གྲངས་བརྒྱད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། མི་མཐུན་གཉེན་པོར་སྦྱར་ནས་བདུན། །ཞེས་སོ། །གསུམ་པ་གྲུབ་སྟེ། །དེ་ཉིད་ལས། དམན་དང་ཆུང་བ་ཞུམ་པ་རུ། །དགག་པའི་རྣམ་གྲངས་རྣམ་པ་དྲུག །ཅེས་སོ། །བཞི་པ་གྲུབ་སྟེ། དེ་ཉིད་ལས། དོན་གྱིས་གོ་བར་བྱེད་པ་དང༌། །ཚིག་གཅིག་རྣམ་པར་སྒྲུབ་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །དེ་ལས་གཞན་པ་གཞན་ཡིན་ནོ། །ཞེས་དང༌། དེའི་འགྲེལ་པ་ལས། དེ་ལ་དོན་གྱིས་གོ་བར་བྱེད་པ་ནི་ལྷས་བྱིན་ཉིན་པར་མི་ཟ་བ་ལུས་ཚོ་ཞེས་བརྗོད་ན་མཚན་མོ་ཟ་བ་དོན་གྱིས་གོ་བ་ལྟ་བུའོ། །ཚིག་གཅིག་སྒྲུབ་པར་བྱེད་པ་ནི་མ་སྐྱེས་པ་ཡོད་ཅེས་བྱ་བ་བརྗོད་ན་ཡོད་པའི་ཚིག་གཅིག་གིས་མ་སྐྱེས་པའི་དངོས་པོ་སྒྲུབ་པ་ལྟ་བུའོ། །དེ་གཉིས་ཀ་དང་ལྡན་པ་དང་མ་ཡིན་པ་དགག་པ་ཉིད་དེ་དོན་གྱིས་གོ་བར་འགྱུར་ཡང་ཚིག་གཅིག་གིས་སྒྲུབ་པར་ཡང་སྦྱར་དུ་རུང་བའོ། །རང་གི་ཚིག་གིས་མི་སྟོན་པ་ནི། རྒྱལ་རིགས་ལ་བྲམ་ཟེ་མ་ཡིན་པ་ཞེས་བརྗོད་པ་ལྟ་བུའོ། །དེ་དག་ལས་གཞན་པ་ནི་དངོས་སུ་སྟོན་པ་སྟེ། མེད་པར་སྟོན་པ་ཙམ་བྱེད་པའོ་ཞེས་གསུངས་པའི་ཕྱིར། འདི་ལེགས་བཤད་སྙིང་པོ་རྩ་ཤེ་འཇུག་པའི་ཊཱིཀ་ཆེན་གཉིས་དང་ཡང་མཐུན་ཏེ། ལེགས་བཤད་སྙིང་པོ་ལས། དེས་ན་ཆོས་གཞན་འཕང་ཚུལ་ཤུགས་དང་དངོས་དང་དེ་གཉིས་ཀ་དང་སྐབས་ཀྱིས་འཕང་བ་བཞི་ཡོད་དེ། ནས། དེ་ལས་གཞན་པ་དེ་བཞི་གང་ཡང་མ་འཕང་བ་ནི་མ་ཡིན་དགག་ལས་གཞན་མེད་དགག་གོ་ཞེས་དང༌། རྩ་ཤེའི་ཊཱིཀ་ཆེན་ལས། སྤྱིར་དགག་པ་ནི་བློས་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་ཡིན་པས། ནས། དེ་ལས་གཞན་མེད་དགག་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ལྔ་པ་གྲུབ་སྟེ། དེ་ཉིད་ལས། ཀུན་ཏུ་བརྟགས་པ་འགོག་པ་དང༌། །རང་གི་གཞི་ལས་ཞུམ་པ་དང༌། །གཞན་དང་འགལ་བ་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར། དྲུག་པ་གྲུབ་སྟེ། དེ་ཉིད་ལས། མེད་པ་དང་ནི་གཞན་པ་དང༌། །གཉེན་པོའི་དོན་ལ་འཇུག་པ་གསུམ། །ཞེས་གསུངས་པའི་ཕྱིར། བདུན་པ་གྲུབ་སྟེ། དགག་པ་ཐམས་ཅད་དགག་བྱ་བཅད་ཙམ་གྱི་མེད་དགག་དང༌། དགག་བྱ་བཅད་ཀྱང་ཆོས་གཞན་འཕེན་པའི་མ་ཡིན་དགག་གཉིས་སུ་འདུ་བའི་ཕྱིར། དེ་ཉིད་ལས། དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུ། །ཞེས་གསུངས་པའི་ཕྱིར་དང༌། ཚད་ཆེན་ལས་ཀྱང༌། འདིར་ནི་སེལ་བ་རྣམ་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །ཞེས་གསུངས་པའི་ཕྱིར།

           རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དེ་ཙམ་བཅད་ཙམ་དུ་རྟོགས་པར་བྱ་བ་ཡིན་པ་དེ་རང་མེད་དགག་ཡིན་པའི་མཚན་ཉིད། འདིར་བློས་དེ་ལྟར་རྟོགས་པ་དགོས་ཀྱི་སྒྲས་ངེས་པ་མེད་དེ། དགག་ཚིག་མེད་པའི་ཆོས་ཉིད་ཆོས་དབྱིངས་ཡང་དག་མཐའ་དོན་དམ་བདེན་པ་ཡོངས་གྲུབ་དེ་བཞིན་ཉིད་སོགས་དུ་མ་ཡོད་པའི་ཕྱིར། དབྱེ་ན། ནམ་མཁའ་སོགས་གཟུགས་བཀག་ཙམ་དང༌། དངོས་མེད་སོགས་དངོས་པོ་བཀག་ཙམ་དང༌། སྤངས་པ་སོགས་རང་གི་སྒྲིབ་པ་བཀག་ཙམ་དང༌། ཀུན་རྫོབ་ལ་གཏོགས་པ་དང་དོན་དམ་ལ་གཏོགས་པ་དུ་མ་ཤེས་པར་བྱའོ། །རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཅད་ནས་ཆོས་གཞན་འཕེན་པའམ་སྒྲུབ་པའི་ཆོས་ཡིན་པ་དེ། རང་མ་ཡིན་དགག་ཡིན་པའི་མཚན་ཉིད། དབྱེ་ན་སྔར་གྱི་བཅུ་བཞི་སོགས་ཡོད། དགག་པ་འདི་གཉིས་ཀྱི་ཁྱད་པར་དེ་ལྟར་དགོས་ཀྱི་དགག་སྒྲའི་སྒོ་ནས་འབྱེད་མི་ཐུབ་སྟེ། མེད་དང་མ་ཡིན་གྱིས་མི་འབྱེད་པར་བཤད་ཟིན་ཅིང༌། མ་བྱས་ཞེས་པའི་ཚིག་གཅིག་ཀྱང་སྐབས་དབང་གིས་མེད་དགག་དང༌། དེ་ལས་གཞན་པ་དང༌། འགལ་ཟླ་གཞན་དུ་སྟོན་པ་གསུམ་གར་འཇུག་པ་སྲིད་པའི་ཕྱིར། དེར་ཐལ། རྫུན་བྱས་སམ་དྲིས་ཚེ་མ་བྱས་ཞེས་པའི་མ་དེ་མེད་དགག་གི་སྒྲ་དང༌། བྱས་པ་ལས་གཞན་པའི་ཡོད་པ་སྟོན་པའི་ཚེ་མ་བྱས་ཞེས་པའི་དགག་ཚིག་མ་དེ་དེ་ལས་གཞན་དུ་སྟོན་པའི་སྒྲ་དང༌། བྱས་པ་དང་ལྷན་ཅིག་མ་བྱས་པར་སྨྲས་ཚེ་དགག་ཚིག་མ་དེ་འགལ་ཟླ་ལ་འཇུག་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། མ་ཡིན་ཞེས་པ་དང་མེད་ཅེས་པའི་ཚིག་གིས་བཀག་པ་ནི་དེ་གཉིས་ཀྱི་ཁྱད་པར་མ་ཡིན་ཏེ། བདག་ལས་མ་ཡིན་ཞེས་པ་མེད་དགག་ཏུ་ལེགས་ལྡན་དང་ཟླ་བ་གཉིས་ཀས་བཤད་པའི་ཕྱིར་དང༌། ཚེ་དཔག་མེད་ཅེས་པ་མ་ཡིན་དགག་ཏུ་བྱ་དགོས་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྡོག་པ་ལས་ཀྱང༌། མེད་པ་དང་ནི་གཞན་པ་དང༌། །གཉེན་པོའི་དོན་ལ་འཇུག་པ་གསུམ། །ཞེས་པའི་རང་འགྲེལ་ལས། དགག་པ་འདི་གསུམ་ནི་དཔེར་ན་མ་བྱས་ཞེས་བརྗོད་པ་ན་བྱས་པ་འགོག་པ་ཞིག་སྟེ། བྱས་པ་མེད་པ་ཙམ་སྟོན་ན་མའི་སྒྲ་མེད་པ་ལ་འཇུག་གོ །གལ་ཏེ་བྱས་པ་ལས་གཞན་པའི་དངོས་པོ་ཞིག་ཁོང་དུ་ཆུད་པར་བྱེད་ན་གཞན་པ་ལ་འཇུག་གོ །གལ་ཏེ་བྱས་པ་དང་ལྷན་ཅིག་འགལ་བ་སྟོན་ན་མའི་སྒྲ་འགལ་བ་ལ་འཇུག་གོ་ཞེས་གསུངས་པའི་ཕྱིར། འདིར་བྱས་པ་ལས་གཞན་པའི་དངོས་པོ་ཞེས་པ་ཡོད་པར་ཡང་བསྒྱུར་ཆོག་གོ །དགག་པའི་རྣམ་གཞག་གསལ་བར་ཤེས་པ་ལ་དགག་པའི་ཡུལ་དང་དགོས་པ་དང་སྒྲ་དང་དུས་དང་གནས་སྐབས་དང་དགག་བྱ་དང་ལྟོས་པ་དང༌། ངེས་ཚིག་རྣམས་ཤེས་དགོས་ཏེ། དགག་ཚུལ་དུ་མ་ཡོད་པའི་ཕྱིར། དེ་ཉིད་ལས། དགག་པའི་ཡུལ་དང་དགོས་པ་དང༌། །སྒྲ་དང་དུས་དང་གནས་སྐབས་དང༌། །དགག་བྱ་ལྟོས་པ་ངེས་ཚིག་གིས། །རབ་ཏུ་གསལ་བར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་དག་བསྡུས་ན་བཞིས་ཀྱང་གསལ་བར་བཤད་ཐུབ་སྟེ། ཡུལ་དང་ལྟོས་པ་དང་སྒྲ་དང་ངེས་ཚིག་གིས་བཤད་ཐུབ་པའི་ཕྱིར། དེ་ཉིད་ལས། མདོར་ན་ཡུལ་དང་ལྟོས་པ་དང༌། །སྒྲ་དང་ངེས་པའི་ཚིག་གིས་སོ། །ཞེས་གསུངས་པའི་ཕྱིར། བཞི་པ་དགག་པའི་སྒྲའི་ཡུལ་བཞག་ཏུ་ཡོད་དེ། དགག་པའི་གཞིའི་ཡུལ་དང༌། དེའི་བྱ་བའི་ཡུལ་དང༌། དེའི་དགོས་པའི་ཡུལ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བུམ་པས་དག་པའི་ས་ཕྱོགས་ལྟ་བུ་བུམ་མེད་ཀྱི་དགག་པའི་གཞི་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ནི། བུམ་མེད་སྒྲུབ་པ་ལ་བུམ་པ་ལྟ་བུ་ཡིན་ཏེ། དེ་དགག་པར་བྱ་བའི་ཡུལ་དགག་བྱ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དགག་སྒྲའི་དགོས་པ་དེ་དེ་ཡིན་པའི་ཕྱིར། དེ་ཉིད་ལས། དགག་པའི་ཡུལ་ཡང་རྣམ་གསུམ་སྟེ། །གཞི་ཡི་ཡུལ་དང་བྱ་བའི་ཡུལ། །དགོས་པའི་ཡུལ་དུ་འདོད་པ་ཡིན། །ཞེས་སོ། །

           གཙོ་ཆེར་ཡུལ་དགག་གཞི་ལ་འཛིན་དགོས་ཏེ། དེ་ཉིད་ལས། ཡུལ་ནི་དགག་བྱའི་གཞི་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། སྒྲ་ནི་དགག་པ་གཉིས་ཀྱི་སྒྲ་འདི་ཞེས་ངེས་གཟུང་མེད་དེ། དགོས་དབང་གིས་སྒྲ་གཅིག་དགག་སྒྲ་དུ་མར་འགྱུར་ཚུལ་བཤད་ཟིན་པའི་ཕྱིར། དེ་ཉིད་ལས། སྒྲ་ནི་བྱེ་བྲག་མེད་པ་སྟེ། །དགོས་པའི་དབང་གིས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། དུས་ནི་དུས་གསུམ་ལ་འཇོག་སྟེ། སྔོན་མ་བྱུང་ཞེས་པ་ལྟ་བུ་ཡོད་པའི་ཕྱིར། དུས་གསུམ་ད་ལྟར་གྱི་དབང་གིས་འཇོག་གོ །གནས་སྐབས་སྨྲ་བ་པོའི་འདོད་པའི་དབང་གིས་འཇོག་སྟེ། གོ་བར་བྱ་བ་དེའི་སྐབས་ལ་འཇོག་པའི་ཕྱིར། དེ་ཉིད་ལས། དུས་གསུམ་ད་ལྟའི་དབང་གིས་ཡིན། །གནས་སྐབས་གོ་བར་བྱ་བའི་དབང༌། །ཞེས་གསུངས་པའི་ཕྱིར། ལྔ་པ་དགག་པའི་ལྟོས་ས་ཡོད་དེ། དགག་པའི་དགོས་པ་གྲུབ་པ་ལ་ཡུལ་དུས་གནས་སྐབས་ཅི་རིགས་ལ་ལྟོས་པ་དེའི་ཕྱིར། དེ་ཉིད་ལས། དགག་པ་ཡུལ་དང་གནས་སྐབས་དང༌། །དུས་ལ་ལྟོས་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་དགག་བྱ་འགོག་པ་ལ་དགག་བྱ་དང་འགོག་བྱེད་བཟུང་དགོས་ཀྱང༌། ཡུལ་དུས་གནས་སྐབས་གསུམ་གྱི་ཡུལ་དུས་མ་བརྗོད་ཀྱང་དགག་བྱ་བཀག་པ་ཡོད་དེ། དགག་གཞི་དང་དུས་སྦྱོར་མི་དགོས་པའི་སྐབས་སུ་ཡིན་པའི་ཕྱིར། དཔེར་ན། བདག་མེད་དང་རི་བོང་གི་རྭ་མེད་པ་ཞེས་པ་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། དགག་བྱའི་བདག་དང༌། རི་བོང་གི་རྭ་གཉིས་དང༌། འགོག་བྱེད་མེད་ཅེས་པ་གཉིས་ལས་དུས་དང་དགག་གཞི་མ་བརྗོད་པའི་ཕྱིར། དུས་མི་དགོས་པར་དགག་བྱ་འགོག་བྱེད་ཡུལ་གསུམ་ཙམ་བྱས་པ་ཡོད་དེ། མནར་མེད་པའི་སེམས་ཅན་དམྱལ་བ་ལ་བདེ་བའི་སྐབས་མེད་དོ་ཞེས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། མནར་མེད་དམྱལ་བ་དགག་གཞིའི་ཡུལ་བདེ་བའི་གོ་སྐབས་དགག་བྱ་དང༌། མེད་འགོག་བྱེད་ཡིན་པའི་ཕྱིར། དགག་གཞིའི་ཡུལ་མི་དགོས་པར་དུས་དགག་བྱ་འགོག་བྱེད་གསུམ་བྱས་པ་ཡང་ཡོད་དེ། བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་ཅེས་པ་དེ་ཡིན་པའི་ཕྱིར། ལ་ལར་ཡུལ་དུས་དགག་བྱ་འགོག་བྱེད་བཞི་ཆར་བརྗོད་པ་ཡོད་དེ། ཕྱོགས་འདི་ན་སྔོན་བུམ་པ་མེད་དོ། །ཞེས་པ་ལྟ་བུ་ཡིན་པའི་ཕྱིར། དེ་ཉིད་ལས། དངོས་སུ་བརྗོད་པའི་དགོས་པ་ནི། །དགག་པར་བྱ་དང་བྱེད་པ་དང༌། །ཡུལ་དང་དུས་ཀྱི་ཁྱད་པར་དག །གཅིག་གམ་གཉིས་སམ་ཡང་ན་ནི། །སྤྱི་ལ་ལྟོས་ན་མེད་ཀྱང་རུང༌། །གཉིས་སམ་གསུམ་མམ་བཞི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལེགས་པར་བཤད་དོ། །ཡང་ཡུལ་དུས་གནས་སྐབས་གསུམ་ལ་ཡང་སྦྱར་ནའང་རེ་རེ་དང་གཉིས་གཉིས་དང་གསུམ་ཅན་ཡོད་དེ། ཡུལ་རྐྱང་པ་ནི་གང་ལ་མྱུ་གུ་མེད་ཅེས་པ་དང༌། ལྷས་བྱིན་ཤི་ནས་མེད་ཅེས་པ་དུས་རྐྱང་པ་དང༌། གཉིས་གཉིས་པ་ནི་སོ་ག་ཤིང་འབྲས་མི་སྨིན་ཞེས་པ་དུས་དང་གནས་སྐབས་གཉིས་ཅན་དང༌། རྟ་ལ་བ་ལང་མེད་ཅེས་པ་ཡུལ་དང་གནས་སྐབས་ཅན་དག་ཡིན་པའི་ཕྱིར། དེ་ཉིད་ལས། སྤྱི་དང་ཁྱད་པར་དབྱེ་བ་ནི། །ཡུལ་དང་དུས་ལ་ཡོད་པ་ཡིན། །གནས་སྐབས་ལ་ཡང་ཆ་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཡང་རྣམ་དབྱེའི་སྒོ་ནས་བདུན་ཡོད་དེ། ངོ་བོ་ལས་དགོས་ཆེད་ནས་གནས་གཞིའི་བར་བདུན་གྱི་དགག་སྒྲ་ཡོད་པའི་ཕྱིར། དྲུག་པ་ངེས་ཚིག་ནི། བདག་མེད་ཆོས་ཅན། དགག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགག་སྒྲ་མིང་དང་སྦྲགས་ནས་དགག་བྱའི་བདག་བཀག་པས་དེ་ལྟར་བརྗོད་པའི་ཕྱིར། ལྡོག་པར་བརྗོད་པའི་དེ་ཡོད་དེ། དགག་སྒྲ་མིང་དང་སྦྲགས་ནས་དགག་བྱའི་བདག་ལྡོག་པར་བྱས་པས་ན་དེ་ལྟར་བརྗོད། བུམ་པ་སྐྱེ་བ་ཕྱི་དོན་དུ་མ་གྲུབ་པ་ཆོས་ཅན། དགག་པ་དང་ལྡོག་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། དགག་སྒྲ་ཁྱད་པར་སྟོན་པའི་ཚིག་དང་སྦྲགས་ནས་དགག་བྱའི་བུམ་པ་སྐྱེ་བའི་ཕྱི་དོན་བཀག་པས་ན་དགག་པ་དང་ད་ལྟར་དགག་བྱ་དེ་ལྡོག་པར་བྱས་པས་ན་ལྡོག་པ་ཞེས་བརྗོད་པའི་ཕྱིར། དེ་ཉིད་ལས། གང་ཕྱིར་གང་ཡང་ལྡོག་བྱེད་པས། །དགག་པ་ཞེས་ནི་བརྗོད་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། གང་གི་ཕྱིར་དགག་པ་ཞེས་བྱ་ཞེ་ན་ནས། འདི་ལྟར་མིང་དང་སྒྲོགས་ན་ནི་མིང་ཉིད་ལྡོག་པར་བྱེད་ལ། དེ་བཞིན་དུ་ཚིག་དང་59ངག་དག་གམ་ཇི་སྲིད་དུ་ཡང་རུང་སྟེ་ལྡོག་པར་བྱེད་དོ་ཞེས་གསུངས་པའི་ཕྱིར། བདག་མེད་ཆོས་ཅན། མེད་དགག་ཅེས་བརྗོད་དེ། རང་དངོས་སུ་རྟོགས་པའི་བློས་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕང་བ་མེད་པར་དགག་བྱ་བཀག་ཙམ་མ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། བདག་མེད་ཡོད་པ་ཆོས་ཅན། མ་ཡིན་དགག་ཅེས་བྱ་སྟེ། རང་དངོས་སུ་རྟོགས་པའི་བློས་དགག་བྱ་བཅད་ཙམ་མ་ཡིན་པར་ཆོས་གཞན་འཕང་བའི་དགག་པ་ཡིན་པས་མ་ཡིན་དགག་ཅེས་བརྗོད་པའི་ཕྱིར། ཚད་ཆེན་ལས། མ་ཡིན་པ་དང་མེད་པའོ། །ཞེས་གསུངས་པའི་ཕྱིར།

 (59) པར་ཐེངས་གཉིས་པ། ངག་ངག་གམ།

           བདུན་པ་དགོས་པ་ནི། མདོ་སྡེ་བའི་སྐབས་སུ་དེ་གཉིས་གཏན་ལ་ཕབ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་སྐབས་ཀྱི་ཐོས་བྱུང་གི་བདག་མེད་རྟོགས་པའི་རྗེས་དཔག་དང༌། རང་དོན་སྐབས་ཀྱི་བསམ་བྱུང་གི་བདག་མེད་རྟོགས་པའི་རྗེས་དཔག་གཉིས་ཀྱི་རྒྱུན་བསྒོམས་པའི་གོམས་པར་བྱས་པ་ལས་སོ་སྐྱེའི་རྒྱུད་ཀྱི་སྒོམ་བྱུང་གི་ཡེ་ཤེས་ཀྱི་གཞལ་བྱ་ཡིན་ན་མེད་དགག་ཡིན་དགོས་ཀྱི་མ་ཡིན་དགག་དང་སྒྲུབ་པ་གང་རུང་མ་ཡིན་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། སེམས་ཙམ་པའི་སྐབས་སུ་དེ་གཉིས་གཏན་ལ་ཕབ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཀྱི་བདག་མེད་ངེས་པའི་ཐོས་བྱུང་དང་བསམ་བྱུང་གི་རྗེས་དཔག་གཉིས་ཀྱི་རྒྱུན་བསྒོམས་པ་ལས་སོ་སྐྱེའི་ཆོས་ཀྱི་བདག་མེད་རྟོགས་པའི་སྒོམ་བྱུང་དང༌། འཕགས་པའི་ཆོས་ཀྱི་བདག་མེད་རྟོགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྒོམ་བྱུང་གསུམ་གྱི་གཞལ་བྱ་ལ་མེད་དགག་ཅིག་དགོས་ཀྱི་མ་ཡིན་དགག་དང་སྒྲུབ་པ་གང་རུང་མིན་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཇི་སྐད་དུ་རྗེ་བཙུན་བྱམས་པས་དབུས་མཐའ་ལས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་བསྒོམ་པའོ། །ཞེས་གསུངས་པ་རྩ་འགྲེལ་གྱི་དོན་གྲུབ་པའི་ཕྱིར་རོ། །

           གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། བུམ་པ་མེད་པ་ཆོས་ཅན། ཡོད་པར་ཐལ། མེད་དགག་ཡིན་པའི་ཕྱིར། འདོད་ན། བུམ་པ་མེད་པར་གྲུབ་པར་ཐལ། བུམ་པ་མེད་པ་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། དངོས་པོ་མེད་པར་གྲུབ་པར་ཐལ། དངོས་པོ་མེད་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། དངོས་པོ་ཞིག་ནས་མེད་པ་ཡོད་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཞིག་ནས་མེད་པ་ཡོད་པར་ཐལ། ཁྱོད་ཞིག་པའི་དུས་ཡོད་པ་ཡིན་པའི་ཕྱིར་མ་ཁྱབ་ན། དེ་ཆོས་ཅན། ཁྱོད་ཞིག་པར་ཐལ། ཁྱོད་ཞིག་པ་ཡོད་པའི་ཕྱིར། ཁྱབ་པ་ཁྱོད་རང་ལ་ཁས། མ་ཁྱབ་མཚམས་ལ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ནམ་ཡང་མི་འཇིག་པར་ཐལ། ཁྱོད་ཞིག་དུས་མེད་པའི་ཕྱིར། རྟགས་ཁས། འཁོར་གསུམ།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།