ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་བ་ངེས་བྱེད་འཆད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-11 10:50:26     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

327140103195357364.jpg

                   གཉིས་པ་རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་བ་ངེས་བྱེད་འཆད་པར། འདི་ཉིད་ལས། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །ཞེས་བྱུང༌། འདིའི་འཕྲོས་སླ། འདི་སྔར་གྱི་རང་བཞིན་ཡོད་ཙམ་དང༌། །ཞེས་སོགས་དང་ཟློས་སྐྱོན་ཡོད་པར་ཐལ། སྔར་ཡང་རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་ཅིང་འདིར་འབྲེལ་བ་ངེས་བྱེད་བཤད་པའི་ཕྱིར་ན་དེ་ལྟར་ཟློས་ཏེ་བཤད་ཀྱང་སྐྱོན་མེད་པར་ཐལ། སྔར་དམ་བཅའི་སྒོ་ནས་བཤད། འདིར་འབྲེལ་བའི་སྒྲུབ་བྱེད་འཆད་ལ། སྔར་རང་བཞིན་གྱི་རྟགས་ངོས་བཟུང༌། འདིར་དེ་ལ་དམ་བཅའི་ཕྱོགས་གཅིག་གཏན་ཚིགས་སུ་ཐལ་བའི་རྩོད་སྤོང་དུ་གཞན་སེལ་སྒོས་ལན་བྱེད་པའི་ཆེད་དུ་བཀོད་པ་ཡིན་པའི་ཕྱིར། རང་འགྲེལ་ལས། འབྲས་བུ་ནི་དེ་ལས་སྐྱེས་པའི་ཕྱིར་རྒྱུ་མེད་ན་མི་འབྱུང་བ་ཡིན་ལ་རག་ན་རང་བཞིན་ཇི་ལྟར་མེད་ན་མི་འབྱུང་བ་ཡིན་ཞེ་ན་ཞེས་དང༌། ཤཱཀྱས་འགྲེལ་བཤད་ལས། ཡོད་ཙམ་དང༌། འབྲེལ་བ་ཅན་གྱི་ངོ་བོ་ཡང༌། །གཏན་ཚིགས་ཡིན། ཞེས་བྱ་བ་ལ་སོགས་པ་ཉིད་དུ་རང་བཞིན་གྱི་གཏན་ཚིགས་མེད་ན་མི་འབྱུང་བ་གྲུབ་ཟིན་པ་མ་ཡིན་ནམ་ཞེ་ན། བདེན་ན། ཞེས་པ་ནས། གཞན་སེལ་བ་རབ་ཏུ་སྒྲུབ་པ་མཇུག་ཐོགས་སུ་འབྱུང་བས། དམ་བཅས་པའི་དོན་གྱི་ཕྱོགས་གཅིིག་པ་ཉིད་ཡིན་པ་ཡོངས་སུ་སྤངས་པར་སེམས་ཤིང༌། དེ་ཙམ་དང་འབྲེལ་བ་ཁོ་ན་མེད་ན་མི་འབྱུང་བ་སྔར་བཤད་པ་ཟློས་ཏེ། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཞེས་བྱ་བ་ལ་སོགས་པ་སྨོས་སོ་ཞེས་གསུངས་པའི་ཕྱིར། འདི་ལ་འབྲེལ་བའི་མཐའ་དཔྱད་ན་ཁ་ཅིག་ན་རེ། ཟུར་ཕྱི་མར་མི་རྟག་པ་ཁེགས་ན་བྱས་པ་ཁེགས་པ་ཞེས་སྦྱོར་བ་མི་འཐད་དེ། འོ་ན། མི་རྟག་པའི་རྒྱུ་ཆོས་ཅན། མི་རྟག་པ་དང་འབྲེལ་བར་ཐལ། མི་རྟག་པ་དང་ཐ་དད་མི་རྟག་པ་ཁེགས་ན་ཁྱོད་ཁེགས་པའི་ཕྱིར་ཟེར་ན། སྤྱི་ལྡོག་དང་གཞི་ལྡོག་ཕྱེ་ནས་ལན་བྱེད། གཉིས་པ་དེར་ཐལ། ཁྱོད་མི་རྟག་པ་ཡིན་པའི་ཕྱིར་ཟེར་ན། སྤྱི་ལྡོག་དབང་དུ་རྟགས་མ་གྲུབ་སྟེ། དེ་རང་གི་འབྲས་བུ་མི་རྟག་པ་སྤྱི་ལྡོག་དེའི་སྔོན་དུ་གྲུབ་པའི་ཕྱིར། མ་ཁྱབ་ན། འཁོར་གསུམ་གྱི་ཕྲེང་བ་ཡོད་ཏེ། ཡང་ཁ་ཅིག་ན་རེ། དེ་གཉིས་མི་འཐད་པར་ཐལ། མི་རྟག་པ་ལོག་སྟོབས་ཀྱིས་མི་རྟག་པའི་རྒྱུ་ལྡོག་པའི་ཕྱིར། དེར་ཐལ། མི་རྟག་པ་ལོག་སྟོབས་ཀྱིས་རྒྱུ་ལྡོག་པའི་ཕྱིར་ན་མ་ཁྱབ་སྟེ། མི་རྟག་པའི་རྒྱུ་དང་རྒྱུ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། ཁ་ཅིག་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ལན་བྱེད་ན། འོ་ན། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་རྒྱུ་གཉིས་མི་ལྡོག་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། རྒྱུ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་57ཡང་དག་མ་ཡིན་པར་ཐལ་ལོ། །ཡང་ཁ་ཅིག །བུམ་པ་དང་ཐ་དད་བུམ་པ་ཁེགས་པ་ན་ཁྱོད་ཁེགས་དགོས་པ་ཁྱོད་བུམ་པ་ལ་འབྲེལ་བའི་མཚན་ཉིད་ཟེར་ན། མཚན་ཉིད་དེ་ཆོས་ཅན། ཡོད་པར་ཐལ། བུམ་པ་ལ་འབྲེལ་བའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། བུམ་མེད་ཆོས་ཅན། ཁྱོད་ཁེགས་པར་ཐལ། ཁྱོད་བུམ་པ་དང་ཐ་དད་བུམ་པ་ཁེགས་པའི་ཕྱིར། དེས་གཞན་དག་ཀྱང་གོ་སླ།

 (57) པར་ཐེངས་གཉིས་པ། ཡང་དག་ཡིན་པར།

           ཡང་ཁ་ཅིག །ཤིང་སྡོང་ཁའི་བྱ་རོག་ཤིང་སྡོང་དང་མ་འབྲེལ་ཟེར་ན། ཤིང་སྡོང་ཁའི་བྱ་རོག་ཤིང་སྡོང་ལ་འབྲེལ་བར་ཐལ། དེ་དེའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། ཤེས་བྱ་དང་གཅིག་གང་ཞིག །མཁར་གཞོང་ནང་གི་རྒྱ་ཤུག་དེ་མཁར་གཞོང་གི་འབྲས་བུ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཇི་སྐད་དུ། རྒྱ་ཤུག་སོགས་ལའང་དེ་ཡི་ཡུལ། །སྐྱེས་པ་མཁར་གཞོང་སོགས་པས་ནུས། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཆོས་དེ་དང་འབྲེལ་ན། ཆོས་དེ་དང་འགལ་བ་མ་ཡིན་དགོས་ཏེ། ཆོས་དེ་དང་འབྲེལ་ན་ཆོས་དེ་སྒྲུབ་དགོས། ཆོས་དེ་དང་འགལ་ན་ཆོས་དེ་འགོག་དགོས་པའི་ཕྱིར་ཏེ། རིགས་གཏེར་ལས། ཆོས་གཞན་དབེན་པ་འགལ་ཡིན་ན། །འབྲེལ་བ་རྣམས་དང་འགལ་བར་འགྱུར། །འདོད་ན་འགལ་བ་འགོག་པ་དང༌། །འབྲེལ་ན་སྒྲུབ་པའི་རྣམ་གཞག་འཇིག །ཅེས་གསུངས་པའི་ཕྱིར། ཟེར་བ་རང་གཞན་ངོ་མི་ཤེས་པའོ། །འོ་ན། དུ་བ་ཆོས་ཅན། མེ་དང་མི་འགལ་བར་ཐལ། མེ་དང་འབྲེལ་བའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མེ་དང་འགལ་བ་ཡིན་པའི་ཕྱིར། དེར་ཐལ། ཙན་དན་གྱི་དུ་བ་མེ་མ་ཡིན་པར་སྒྲུབ་པའི་འགལ་དམིགས་ཀྱི་རྟགས་ཡིན་པའི་ཕྱིར།

            རང་ལུགས་ནི། ཁྱོད་མི་རྟག་པ་དང་ཐ་དད་ཁྱོད་མི་རྟག་པའི་འབྲས་བུ་དང༌། མི་རྟག་པ་དང་བདག་ཉིད་གཅིག་གང་རུང་ཡང་ཡིན། མི་རྟག་པ་མེད་ན་ཁྱོད་མེད་དགོས་པའི་གཞི་མཐུན་དེ། ཁྱོད་མི་རྟག་པ་དང་འབྲེལ་བ་ཡིན་པའི་མཚན་ཉིད། དབྱེ་ན་དེ་དང་དེ་བྱུང་འབྲེལ་དང་དེ་དང་བདག་གཅིག་འབྲེལ་གཉིས་ཡོད། དང་པོ་ནི། ཁྱོད་དེ་དང་རྫས་ཐ་དད་པའི་སྒོ་ནས་ཁྱོད་དེའི་འབྲས་བུ་ཡང་ཡིན། དེ་མེད་ན་ཁྱོད་མེད་པས་ཁྱབ་པ་ཡང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ། ཁྱོད་དེ་དང་དེ་བྱུང་འབྲེལ་ཡིན་པའི་མཚན་ཉིད། ཁྱོད་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་དེ་མེད་ན་ཁྱོད་མེད་དགོས་པའི་གཞི་མཐུན་པ་དེ། ཁྱོད་དེ་དང་བདག་གཅིག་འབྲེལ་གྱི་མཚན་ཉིད།

                                                                                                                        རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།