ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་གཉིས་པ་བཀག་པའི་གྲུབ་དོན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-10 21:28:38     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

147064761514854958.jpg

                  གཉིས་པ་བཀག་པའི་གྲུབ་དོན་ལ། ལྡོག་ཁྱབ་འགྲུབ་པ་རྟགས་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་པ་ལ་ལྟོས་པ་དང༌། དེ་ལ་ལྟོས་ཀྱང་དེ་མཐའ་དག་གྲུབ་མི་དགོས་པ་དང༌། ཐོག་མར་དེ་སྒྲུབ་རྟགས་གཉིས་ལ་བསྟན་པའི་གྲུབ་དོན་གསུམ་ལས། དང་པོ་ལ་ཁྱབ་པ་གྲུབ་པ་འབྲེལ་བ་ལ་ལྟོས་པར་བསྟན་པ་དང༌། མི་ལྟོས་ན་ཧ་ཅང་ཐལ་བ་གཉིས། དང་པོ་ནི། འདི་ཉིད་ལས། དེའི་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། གཉིས་པ་མི་ལྟོས་ན་ཧ་ཅང་ཐལ་བ་ནི། དེ་ལྟ་མིན་ན་གཅིག་ལོག་པས། །སོགས་ཤོ་ལོ་ཀ་གཉིས་བྱུང༌། གཉིས་པ་ལྡོག་ཁྱབ་གྲུབ་པ་རྟགས་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་པ་ལ་ལྟོས་དགོས་ཀྱང་མི་མཐུན་ཕྱོགས་མཐའ་དག་ཚད་མས་གྲུབ་མི་དགོས་པར་བཤད་པ་ལ། དངོས་དང༌། འབྲེལ་བ་སྟོན་པའི་གདུལ་བྱ་ངོས་བཟུང་བ་གཉིས། དང་པོ་འཆད་པར། དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ཞེས་སོགས་བཞི་བྱུང༌། གཉིས་པ་ལའང་འབྲེལ་བ་རང་ཉིད་ཀྱིས་ཤེས་པའི་ཡན་ལག་ཏུ་བསྟན་པ་དང༌། ཤེས་ཟིན་མ་བརྗེད་ཀྱང་ཁྱབ་པ་གཉིས་ལ་དྲན་པ་སྐྱེད་པའི་ཡན་ལག་ཏུ་བསྟན་པ་གཉིས། དང་པོ་འཆད་པར། དཔེ་ལ་དེ་ཡི་ངོ་བོ་དང༌། །ཞེས་སོགས་བཞི་བྱུང༌། གཉིས་པ་འཆད་པར། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །ཞེས་སོགས་བཞི་བྱུང༌། གསུམ་པ་ཐོག་མར་དེ་སྒྲུབ་རྟགས་གཉིས་ལ་བསྟན་པའི་གྲུབ་དོན་འཆད་པར། དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །ཞེས་སོགས་ཚིགས་བཅད་གཉིས་བྱུང༌།

           འདི་ལ་འཕྲོས་དང༌། མཐའ་དཔྱད་པ་གཉིས། དང་པོ་ནི། འདི་གང་ལས་འཕྲོས་ན། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ཞེས་སོགས་ལས་འཕྲོས། འཕྲོས་ཚུལ། རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་བ་མེད་པའི་ཕྱིར། །ཞེས་པས་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་མེ་དུའི་འབྲེལ་བ་ཚད་མས་ངེས་པ་ལ་རག་ལས་པ་ལྟ་བུའི་འབྲས་རྟགས་ཀྱི་ཁྱབ་པ་གྲུབ་པ་འབྲེལ་བ་ལ་རག་ལས་པས་ན། མེ་མེད་པའི་རྟགས་ཀྱིས་མཚན་མོའི་རྒྱ་མཚོར་དུ་མེད་དུ་སྒྲུབ་པའི་ཁྱབ་པ་གྲུབ་པ་མེ་མེད་དང་དུ་མེད་ཀྱི་འབྲེལ་བ་ཚད་མས་ངེས་པ་ལ་རག་ལས་པ་ལྟ་བུའི་དེ་སྒྲུབ་ཀྱི་རྒྱུ་མེ་དམིགས་པའི་རྟགས་ཀྱི་ཡང་ཁྱབ་པ་འགྲུབ་པ་འབྲེལ་བ་ལ་རག་ལས་སམ་ཞེ་ན་དེ་ལྟར་རག་ལས་ཞེས་འཆད་པ་ལ། དེ་ཕྱིར་རྒྱུ་དང༌། །མེད་པས་འགའ་ཞིག་གྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ། ཞེས་བྱུང༌། ཡང༌། ངོ་བོ་ཉིད་ཀྱི་ངོ་བོ་ཉིད། །ལྡོག་པར་འགྱུར་བ་འམ། ཞེས་པས་ཤ་བའི་རྟགས་ཀྱིས་ཤིཾ་ཤ་བ་སྒུར་ཀྱོག་ཤིང་དུ་སྒྲུབ་པའི་ཁྱབ་པ་གཉིས་ངེས་པ་ལ་ཤ་བ་དང་ཤིང་གི་འབྲེལ་བ་ཚད་མས་ངེས་པ་ལ་རག་ལས་པ་ལྟ་བུའི་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་ཁྱབ་པ་ངེས་པ་འབྲེལ་བ་ཚད་མས་ངེས་པ་ལ་རག་ལས་པས་ན། ཤིང་མེད་པའི་རྟགས་ཀྱིས་ཤིང་མེད་བྲག་རྫོང་ན་ཤ་བ་མེད་པར་སྒྲུབ་པའི་ཁྱབ་པ་འགྲུབ་པ་ལ་ཤིང་མེད་པ་དང༌། ཤ་བ་མེད་པའི་འབྲེལ་བ་ངེས་དགོས་པ་ལྟ་བུའི་དེ་སྒྲུབ་ཀྱི་རང་བཞིན་མི་དམིགས་པའི་རྟགས་ཀྱི་ཁྱབ་པ་འགྲུབ་པ་ལ་འབྲེལ་བ་ངེས་པ་སྔོན་དུ་ཚད་མས་ངེས་པ་ལ་རག་ལས་སམ་ཞེ་ན། དེ་ལྟར་རག་ལས་ཞེས་འཆད་པ་ལ། དེ་ཕྱིར་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །གཏན་ཚིགས་ཡིན་ཏེ། ཞེས་བྱུང༌། །དེ་དག་གི་འབྲེལ་བ་འཆད་པར། དམིགས་པར་ནི། ། རིགས་ལྡན་དེ་མི་དམིགས་པར་ཡང༌། །ཞེས་བྱུང༌།

           དེ་དག་གི་དབྱེ་བ་རྒྱས་བཤད་དང་བཅས་འཆད་པ་ལ། དེ་ལྟར་མི་དམིགས་འདི་རྣམ་གསུམ། །སོགས་བཞི་བྱུང༌། མ་དམིགས་པའི་གཏན་ཚིགས་དེ་དག་གི་དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པ་དང་དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་དག་ནི་དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཀ་ཡིན་ཞེས་འཆད་པ་ལ། དེའི་རང་འགྲེལ་ལས། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ནི་གཉིས་ཀ་ཡང་གཏན་ཚིགས་ཡིན་ནོ། །ཞེས་བྱུང༌། དེ་སྒྲུབ་ཀྱི་མ་དམིགས་པའི་གཏན་ཚིགས་ཡང་དག་ལ་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གིས་ཁྱབ་ཅེས་འཆད་པ་ལ། རང་འགྲེལ་ལས། དགག་པའི་ཡུལ་ཅན་གྱི་ཐ་སྙད་ཀྱི་དེའི་གཏན་ཚིགས་ཞེས་བཤད་དེ། དེ་ལྟ་བུའི་མི་དམིགས་པ་ནི་རང་ཉིད་ཀྱིས་འགོག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་བྱུང༌། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡིན་ན་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཡིན་པས་ཁྱབ་ཅིང༌། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་ཁྱབ་ཅེས་འཆད་པ་ལ། རང་འགྲེལ་ལས། རང་གི་བདག་ཉིད་དམིགས་སུ་ཡོད་པ་མི་དམིགས་པའོ། །ཞེས་དང་། རྣམ་ངེས་ལས། 56རང་བཞིན་མི་དམིགས་པ་ནི་རང་ཉིད་མེད་པ་ཁོ་ན་ཡིན་ཏེ། དེ་ལ་ནི་ཡུལ་ཅན་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །ཞེས་བྱུང་། འོ་ན། ཐ་སྙད་ཀྱི་ཡུལ་ལམ་དོན་ལ་བློ་ཞུགས་ཀྱང་ཡུལ་ཅན་ཐ་སྙད་གསུམ་པོ་མ་རྟོགས་པ་རྟོགས་ཕྱིར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཅིག་ཡོད་དམ། ཡོད་ན་དབྱེ་བ་ཇི་ལྟ་བུ་ཞེ་ན། མ་དམིགས་པ་ལའང་ཡོད་ཅེས་འཆད་པ་ལ། གོང་དུ་རང་འགྲེལ་ལས། གང་གི་ཚེ་མེད་པ་དག་གི་མེད་པ་དེ་ལྟ་བུའི་མི་དམིགས་པ་ཁོ་ན་ཡིན་པ་དེའི་ཚེ་ན་ནི། ཡུལ་གྲུབ་ཏུ་ཟིན་ཀྱང་རྨོངས་པས་ཡུལ་ཅན་ཤེས་པ་དང་སྒྲ་དང་ཐ་སྙད་དག་ཁོང་དུ་མི་ཆུད་པ་ཡུལ་རབ་ཏུ་བསྟན་ནས་བརྡ་ལ་འཇུག་པར་བྱེད་དེ་ཞེས་བྱུང༌། དེ་འདྲའི་སྒྲུབ་རྟགས་ཀྱང་ཡོད་ཅེས་དཔེ་དང་བཅས་ཏེ་འཆད་པ་ལ། རང་འགྲེལ་ལས། དཔེར་ན། འདི་ནི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ནས་ཡུལ་རྟོགས་སུ་ཟིན་ཀྱང་ཡུལ་ཅན་མ་རྟོགས་པ་དག་སྣང་བའི་ཕྱིར་རོ། །ཞེས་བྱུང༌།

(56) པར་ཐེངས་གཉིས་པ། བཞི་ནི་མི་དམིགས་པ།

           མཐའ་དཔྱད་པ་དཀའ་བའི་གནས་ཅུང་ཟད་དཔྱད་ན། ཁ་ཅིག་ན་རེ། ལོ་འདབ་སོགས་ཁྱད་པར་བ་འདི་ཆོས་ཅན། ཤིང་གི་ཐ་སྙད་བྱར་རུང་སྟེ། ཤིཾང་ཤ་བའི་ཐ་སྙད་བྱར་རུང་བའི་ཕྱིར། ཞེས་ཤིཾང་ཤ་བའི་རྟགས་ཀྱིས་ལོ་འདབ་ཁྱད་པར་ཅན་གྱི་སྡོང་བུ་ཤིང་གི་ཐ་སྙད་སྒྲུབ་དགོས་ཏེ། རྟོག་གེ་སྐད་ལས། དཔེར་ན་འདི་ནི་ཤིང་གི་ཐ་སྙད་བྱར་རུང་སྟེ། ཤིཾ་ཤ་བའི་ཐ་སྙད་དུ་རུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་ལྟར་བཀོད་པ་ཡོད་དེས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་ཆོས་དེ་དང་དེ་དག་གི་ཐ་སྙད་བྱ་རུང་ངོ༌། །ཞེས་སྒྲུབ་དགོས་པར་ཐལ་ལོ། །དམ་བཅའ་འཐད་པའི་ཕྱིར། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡིན་ན་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། འདོད་ན། དེ་སྒྲུབ་ཀྱི་རྒྱུ་ཁྱབ་བྱེད་དང༌། རང་བཞིན་མ་དམིགས་པའི་རྟགས་ཡང་དག་གསུམ་རེ་རེ་ནས་ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་རེ་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པ་གང་ཞིག །དེ་སྒྲུབ་ཀྱི་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་གཉིས་པོ་གང་རུང་ཡིན་ན། དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་རྟགས་ཡིན་ན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་རང་ཉིད་ཀྱི་དོན་མེད་པ་རྟགས་སུ་བཀོད་པའི་དགག་རྟགས་ཡིན་དགོས་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་སྟེ། རྣམ་ངེས་ལས། རང་བཞིན་མི་དམིགས་པ་ནི་རང་ཉིད་མེད་པ་ཁོ་ན་ཡིན་ཏེ། དེ་ལ་ནི་ཡུལ་ཅན་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིན་ཏེ་ཡན་ཆད་ཀྱིས་དགག་བྱའི་ཆོས་རང་ཉིད་ཀྱི་དོན་མེད་པ་བསྟན། དེ་ལ་ཞེས་པས་རང་བཞིན་མ་དམིགས་པའི་རྟགས་དེ་ལའམ་དགག་བྱའི་ཆོས་རང་ཉིད་ཀྱི་དོན་མེད་པ་ཁོ་ན་དེ་ལ་ཞེས་བཤད། ཡུལ་ཅན་ཞེས་པས་ཐ་སྙད་བཤད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཅེས་པའི་ཐ་སྙད་ལ་ནི་སྒྲ་ཤེས་ལུས་གསུམ་གྱི་ཐ་སྙད་ཡོད་པའི་ཕྱིར། འདིའི་གོང་གི་རང་འགྲེལ་ལས། ཡུལ་གྲུབ་ཏུ་ཟིན་ཀྱང་རྨོངས་པས་ཡུལ་ཅན་ཤེས་པ་དང་སྒྲ་དང༌། ཐ་སྙད་དག་ཁོང་དུ་མི་ཆུད་པ་ཞེས་གསུངས་པའི་ཕྱིར་དང༌། རྣམ་ངེས་ལས་ཀྱང་དེ་ལྟར་བཤད་དོ། །ཡང་ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་དོན་སྒྲུབ་དང་ཐ་སྙད་སྒྲུབ་ཀྱི་དོན་དང་ཐ་སྙད་ནི་སྒྲ་བློ་ལུས་གསུམ་ནི་ཐ་སྙད་དང༌། དེ་གསུམ་གྱི་ཡུལ་ལ་དོན་ཞེས་བཤད་རིགས་པར་ཐལ། ཇི་སྐད་དུ། ཡུལ་ཡོད་ན་ཡང་རྨོངས་པའི་ཕྱིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་པས་ཤེས་པར་བྱ་བའི་ངོ་བོར་མི་དམིགས་པ་དེ་བུམ་འཛིན་ཚད་མས་དབེན་པའི་ས་ཕྱོགས་སུ་བུམ་པ་དངོས་པོར་མེད་པར་སྒྲུབ་པའི་ཐ་སྙད་སྒྲུབ་ཀྱི་རྟགས་ཡིན་ཞེས་བཤད་པ་ཙམ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཞི་གྲུབ་ན་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ་བ་དང༌། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་མིན་དགོས་པར་ཐལ་ལོ། །སྒྲ་ཤེས་ལུས་གསུམ་གང་རུང་གི་ཡུལ་མིན་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། མེ་ཚད་མས་མ་དམིགས་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །ཁྱོད་མེ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་མེ་མེད་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་དང་ཁྱོད་མེ་མེད་པའི་མཚན་ཉིད་ཀྱི་གཞི་མཐུན་ཡིན་ན། ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། ཁྱོད་མེ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། འཐད་ལྡན་ལས། གཏན་ཚིགས་ནི་རྣམ་པ་གཉིས་ཏེ། ཐ་སྙད་ཀྱི་ཡུལ་ཅན་མཚན་ཉིད་ཀྱི་གཏན་ཚིགས་དེ་ནི། ཞེས་གསུངས་པའི་ཕྱིར། ཁྱབ་མཚམས་ལ་དང་པོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། མེ་ཚད་མས་མ་དམིགས་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། རྣམ་ངེས་ལས། དེ་ལ་ནི་ཡུལ་ཅན་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་དེར་ཐལ། མེ་ཚད་མས་དམིགས་པ་དེ་མེ་མེད་པར་སྒྲུབ་པའི་དགག་བྱ་མེ་ཡོད་པའི་རང་བཞིན་གང་ཞིག །མེ་མེད་མཚན་མོ་རྒྱ་མཚོར་མེ་ཚད་མས་མ་དམིགས་པའི་ཕྱིར།

           ཡང་ཁ་ཅིག །དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་གྲུབ་མ་ཟིན་པ་དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་བཞིན་དུ་གཞན་འདྲ་བ་ལ་ཐ་སྙད་གྲུབ་མ་ཟིན་པ་དེ་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་དང༌། གཞན་འདྲ་བ་ལ་དེ་སྒྲུབ་ཀྱི་དོན་གྲུབ་ཟིན་པ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་དུ་འཇོག་ཅིང་དོན་དང་ཐ་སྙད་ནི། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ནི་དོན་དང༌། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་ནི་ཐ་སྙད་དུ་འཇོག་ཟེར། འདི་དཔྱད་གཞི་ཆེ་མོད། འོན་ཀྱང་སྐབས་འདིར་ཇི་བཞིན་འཐད་དཀའ་ལ། སྤྱི་དོན་གྱི་བཞེད་པ་ཁས་ལེན་དགོས་ཚུལ་འོག་ཏུ་འཆད། ཡང་ཁ་ཅིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་གསུམ་ཤེས་པའི་ཕྱིར་དུ་སྒྲུབ་པའི་གཏན་ཚིགས་ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཟེར་བ་སོགས་དཔྱད་མི་བཟོད་པས་འདོད་ཚུལ་དེ་དག་ཀུན་མི་འཐད་པར་ཐལ། སྐབས་འདིར་དོན་སྒྲུབ་ཅེས་པའི་དོན་མཚན་ཉིད་དང་ཐ་སྙད་མཚོན་བྱ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དོན་བྱེད་ནུས་པ་ལྟ་བུའི་མཚན་ཉིད་ཀྱིས་དཔག་དགོས་པའི་བསྒྲུབ་བྱའི་ཆོས་དེ་སྒྲུབ་པའི་གཏན་ཚིགས་ལ་ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཞེས་བཤད་དགོས་པའི་ཕྱིར། དེར་ཐལ། མཚན་ཉིད་གཅིག་གི་མཚོན་བྱ་ཡིན་པས་ཐ་སྙད་དང་མཚན་ཉིད་ཡིན་པས་དོན་དུ་བཞག་པ་གང་ཞིག །དགག་རྟགས་ལ་ཡང་དེ་ལྟར་ཡིན། སྒྲུབ་རྟགས་ཀྱི་ཐ་སྙད་སྒྲུབ་ཚུལ་ཡང་དེ་ལྟར་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཚོན་བྱའི་ཐ་སྙད་འཇུག་གཞིའི་མཚན་ཉིད་ལ་དངོས་པོ་དང་དོན་ཞེས་དང༌། མཚོན་བྱ་ལ་ཐ་སྙད་དང་བརྡ་ཞེས་བཞག་པའི་ཕྱིར། འཐད་ལྡན་ལས། གཏན་ཚིགས་ནི་རྣམ་པ་གཉིས་ཏེ་ཐ་སྙད་ཀྱི་ཡུལ་ཅན་གཏན་ཚིགས་དེ་ནི་ཞེས་གསུངས་པ་འདིས་སྤྱིར་བཤད་ནས་མེ་ཚད་མས་མ་དམིགས་པ་ལྟ་བུའི་མཚན་ཉིད་དང་དོན་གྲུབ་ཟིན་ཀྱང་མེ་མེད་པ་ལྟ་བུའི་མཚོན་བྱའི་ཐ་སྙད་སྒྲུབ་དགོས་པའི་ཕྱིར། བྲམ་ཟེས། འོན་ཀྱང་མེད་པའི་མཚན་ཉིད་ཀྱི་ཡུལ་གྲུབ་ཏུ་ཟིན་ཀྱང་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་དག་ཁོང་དུ་མ་ཆུད་པ་འཇུག་པར་བྱེད་དོ་ཞེས་དང༌། འཐད་ལྡན་ལས། དམིགས་པར་རིགས་པ་མི་དམིགས་པ་ཉིད་དོན་གྱི་དངོས་པོ་མེད་པ་སྟེ། མེད་པའི་ཐ་སྙད་དུ་བྱ་བ་གྲུབ་པའི་ཡན་ལག་ཡིན་པའི་ཕྱིར། དངོས་པོ་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མི་དམིགས་པ་ཉིད་དོན་གྱི་ཞེས་དང༌། མེད་པའི་ཐ་སྙད་ཅེས་པའི་དོན་ཡོད་པའི་ཕྱིར་དང༌། དེ་ཚད་མས་མ་དམིགས་པ་དེ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བྲམ་ཟེ་ཤཾ་ཀར་གྱི་འགྲེལ་བཤད་ལས། དེའི་ཚེ་མེད་པའི་མཚན་ཉིད་ཀྱི་ཡུལ་གྲུབ་པ་ཁོ་ན་སྟེ་མི་དམིགས་པ་ཉིད་མེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། བུམ་པ་མ་དམིགས་པ་དེ་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ། བུམ་པ་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། རྣམ་ངེས་ལས། མི་དམིགས་པ་ནི་མེད་དོ་ཞེས་བརྗོད་དེ་ཞེས་དང༌། འཐད་ལྡན་ལས། འདིས་ནི་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ནི་མི་དམིགས་པ་ཉིད་ཡིན་པར་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །རྟགས་གསུམ་པ་གྲུབ་སྟེ། དཔེར་ན་དུ་བ་ཆོས་ཅན། མེའི་འབྲས་བུ་ཡིན་ཏེ། མེ་ཁྱོད་ལ་ཕན་འདོགས་བྱེད་དུ་ཡོད་ན་ཡོད་ལ་མེད་ན་མི་འབྱུང་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་མེ་ཁྱོད་ལ་ཕན་བྱེད་དུ་ཡོད་ན་ཡོད་ལ་མེད་ན་མི་འབྱུང་བ་དུ་བ་མེའི་འབྲས་བུར་སྒྲུབ་པའི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དཔེར་ན་སྐྱེད་པས་ན་ཕ་ཞེས་བཤད་དེ་ཐ་སྙད་སྒྲུབ་པ་ལྟ་བུ་ཡིན་པའི་ཕྱིར། རྣམ་ངེས་ལས། སྐྱེད་པར་བྱེད་པ་བརྗོད་པ་ལ་ཕ་ཉིད་བཞིན་ཞེས་དང༌། འཐད་ལྡན་ལས། འདི་སྙམ་དུ་ཐ་སྙད་གང་ཞིག་གང་རྒྱུ་མཚན་ཅན་ཡིན་པ་ཞེས་པ་ནས། རྒྱུ་མཚན་མཐོང་དུ་ཟིན་ཀྱང་རྒྱུ་མཚན་ཅན་གྱི་ཐ་སྙད་འཇུག་པར་མི་ནུས་པའི་རྨོངས་པ་གང་ཡིན་པ་དེ་ཉིད་རྟོགས་པར་བྱ་བའི་དོན་དུ་ཞེས་དང༌། དེ་ཡོད་ན་ཡོད་པ་ཉིད་ཀྱང་དེའི་འབྲས་བུ་ཉིད་ཀྱི་ཐ་སྙད་མི་བྱེད་པ་ལ་སྦྱོར་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྤྱི་དོན་གྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ལ་སྐྱོན་འཕེན་པ་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་ཟིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཏུ་སོང་བའི་རྒོལ་བ་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། སྐད་ཅིག་མར་སྒྲུབ་ཟིན་མ་བརྗེད་ལ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་རྒོལ་བ་དབང་རྣོན་མེད་ཀྱང་དབང་རྟུལ་ཡོད་པའི་ཕྱིར། སྡེ་བདུན་རྒྱན་ལས། མི་རྟག་པའི་དོན་ལྡོག་སྐད་ཅིག་མར་མ་ངེས་ཤིང༌། སྒྲ་ལ་གཉིས་ཀ་མ་གྲུབ་པའི་རྒོལ་བའི་ངོར་དང་པོར་དོན་སྒྲུབ་ཀྱི་རྟགས་འགོད་ལ། དེའི་རྗེས་སུ་ཐ་སྙད་སྒྲུབ་དབང་པོ་རྣོན་པོ་ལ་འགོད་མི་དགོས་ཤིང༌། རྟུལ་པོ་ལ་དགོས་སོ་ཞེས་དང༌། འཐད་ལྡན་ལས་ཀྱང༌། གང་གི་ཚེ་རྒྱུ་མཚན་ལ་རྨོངས་པ་དེའི་ཚེ་རང་བཞིན་གྱི་གཏན་ཚིགས་ཀྱི་སྒོ་ནས་རང་ཉིད་རྟོགས་པའམ་གཞན་གྱིས་རྟོགས་པར་བྱེད་པ་ཡིན་ནོ་ཞེས་སོ། །རྩ་བར་འདོད་མི་ནུས་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་ངོར་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་བྱས་པ་སྒྲ་སྐད་ཅིག་མར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བ་ཡིན་པའི་ཕྱིར། དེ་དེར་ཐལ། བྱས་པ་སྒྲ་མི་རྟག་པ་དང་སྐད་ཅིག་མ་གཉིས་ཀར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཡོད་པའི་ཕྱིར། དེར་ཐལ། བྱས་པ་སྐད་ཅིག་མར་ངེས་ཀྱང་སྒྲའི་སྟེང་དུ་མི་རྟག་པ་དང་སྐད་ཅིག་མ་གང་ཡང་མ་ངེས་པའི་རྒོལ་བའི་ངོར་དོན་གྲུབ་ན་ཐ་སྙད་སྒྲུབ་མི་དགོས་ལ། དེའི་ངོར་ཐ་སྙད་གྲུབ་ན་དོན་སྒྲུབ་མི་དགོས་པའི་ཕྱིར། སྡེ་བདུན་རྒྱན་ལས། དེ་ཡང་མི་རྟག་པའི་དོན་ལྡོག་སྐད་ཅིག་མར་ངེས་ཀྱང་སྒྲ་ལ་གཉིས་ཀ་མ་གྲུབ་པའི་རྒོལ་བའི་ངོར་དང་པོར་དོན་སྒྲུབ་ཀྱི་རྟགས་འགོད་ལ་དེའི་རྗེས་སུ་ཐ་སྙད་སྒྲུབ་དབང་པོ་རྣོན་པོ་ལ་འགོད་མི་དགོས་ལ་རྟུལ་པོ་ལ་འགོད་དགོས་སོ་ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྤྱི་དོན་འགོག་མཁན་ཁྱོད་ཀྱིས། ཆོས་གྲགས་ཀྱི་སྡེ་བདུན་དང་དབུ་མ་རྒྱན་རྩ་འགྲེལ་སོགས་དབུ་ཚད་དུ་མ་འགོག་རིགས་པར་ཐལ། ཁྱོད་ཀྱིས་ཤིང་རྟ་ཆེན་པོ་དེ་དག་གིས་བཤད་པ་ལྟར་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས་བསྒྲུབ་བྱའི་ཆོས་ཀྱིས་མི་འབྱེད་པར་གཏན་ཚིགས་དེ་ཕྱི་རྒོལ་ལ་སྒྲུབ་ཚུལ་གྱི་སྒོ་ནས་འབྱེད་པ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མཚོན་བྱ་གཅིག་བཟུང་ནས་སྒྲུབ་པའི་རྟགས་ལ་ཐ་སྙད་སྒྲུབ་དང་མཚན་ཉིད་ཅིག་བཟུང་ནས་སྒྲུབ་པའི་རྟགས་ལ་དོན་སྒྲུབ་ཀྱི་རྟགས་ཁོ་ན་ལས་ཐ་སྙད་སྒྲུབ་ཏུ་མི་འཇོག་པའི་ཕྱིར། རྟགས་ཁས། མ་གྲུབ་ན། རང་གི་མཚན་ཉིད་དང་འགལ། མ་ཁྱབ་ན་ཁྱབ་པར་ཐལ། མེ་མེད་པའི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་གཅིག་པུ་ཡང་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་ཡོད་ན་སྣང་དུ་མི་རུང་བའི་ཕྱི་རྒོལ་ལ་དོན་སྒྲུབ་ཀྱི་རྟགས་དང་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཀ་ཡིན་ལ། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་ཡོད་ན་སྣང་དུ་རུང་བའི་ཕྱི་རྒོལ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མེ་མེད་པའི་རྟགས་ཀྱིས་མེ་མེད་རྒྱ་མཚོར་རྒྱང་རིང་པོ་ན་དུ་བ་སྣང་མི་རུང་བའི་ཚེ་དེ་ལྟར་སྒྲུབ་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འཐད་ལྡན་ལས། འབྲས་བུ་དང་ཁྱབ་བྱ་ལྟར་མི་རུང་བ་ལ་ནི་རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པས། དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ཐ་སྙད་གཉིས་ཀ་གོ་བར་བྱེད་ལ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མེ་མེད་པའི་རྟགས་ཀྱིས་མེ་མེད་ཀྱི་རྒྱ་མཚོར་རྒྱང་རིང་པོ་མ་ཡིན་པ་ན་དུ་བ་ཡོད་ན་སྣང་དུ་རུང་བའི་ཚེ་དེ་ལྟར་སྒྲུབ་པའི་ཕྱི་རྒོལ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཏུ་སོང་བ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཕྱི་རྒོལ་གྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དུ་བ་མེད་པའི་དོན་གྲུབ་ཟིན་པའི་ཕྱིར། དེར་ཐལ། དེར་དུ་བ་ཡོད་ན་ཁྱོད་ལ་སྣང་དུ་རུང་བ་ལས་མི་སྣང་བར་དམིགས་པའི་གང་ཟག་ཡིན་པའི་ཕྱིར། རྣམ་ངེས་རང་དོན་འཇུག་པའི་འགྲེལ་བཤད་འཐད་ལྡན་ལས། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པས་ཞེས་དང༌། འབྲས་བུ་དང་ཁྱབ་བྱ་ལྟར་རུང་བ་ལ་ནི་མེད་པའི་ཐ་སྙད་འབའ་ཞིག་ཏུ་ཟད་དོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དགག་བྱ་སྣང་རུང་མི་རུང་གཉིས་ཀ་ལ་རྒྱུ་ཁྱབ་བྱེད་གཉིས་ལས་མ་སྨོས་པའི་ཕྱིར།

          ཁོ་ན་རེ། མེ་མེད་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་མེད་དུ་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་དང་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་དང་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གསུམ་ག་ཡིན་པར་ཐལ། མེ་མེད་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་མེད་དུ་སྒྲུབ་རྟགས་སྔ་མ་གཉིས་ཀུན་གྱིས་འདོད་པས་གྲུབ་ཟིན། དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཡིན་པར་ཁྱོད་ཀྱིས་འདོད་པའི་ཕྱིར། དེར་ཐལ། དེ་རང་ཉིད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱི་རྒོལ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཤེས་འདོད་ཆོས་ཅན་སྟེང་དུ་ཆོས་ཀྱི་དོན་གྲུབ་པའི་ཕྱི་རྒོལ་ཡོད་པའི་ཕྱིར། དེར་ཐལ། དེའི་སྒྲུབ་ཚུལ་དང་ཕྱི་རྒོལ་དབང་པོ་རྣོ་རྟུལ་གྱིས་དེ་ལྟར་སོང་བ་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཚུལ་གྱིས་དེ་འདྲ་ཡོད་པ་གང་ཞིག །དབང་པོ་རྣོ་རྟུལ་གྱིས་ཀྱང་དེ་ལྟར་སོང་བ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྡེ་བདུན་རྒྱན་ལས། དེ་ཡང་མི་རྟག་པའི་དོན་ལྡོག་སྐད་ཅིག་མ་ངེས་ཀྱང༌། ཞེས་པ་ནས། འདི་ལྟ་བུའི་མུ་རྣམས་རྟགས་སྦྱོར་གཞན་དག་ལ་ཡང་མཚོན་ཏེ་ཤེས་པར་གྱིས་ཞེས་དང༌། རྣམ་ངེས་ལས། འདིས་ནི་ཁྱབ་པར་བྱེད་པའི་རང་བཞིན་མ་གྲུབ་པ་ཡང་བཤད་པ་ཡིན་ཏེ། དཔེར་ན་འདི་ན་ཤིཾ་ཤ་བ་མེད་དེ། ཤིང་མེད་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ་ཞེས་དང༌། འཐད་ལྡན་ལས་ཀྱང༌། ད་ནི་སྦྱོར་བ་རང་བཞིན་མི་དམིགས་པ་འདི་ཉིད་ཀྱི་ནང་དུ་འདུས་པར་སྟོན་པ་ནི་འདིས་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང༌། འདིས་རང་བཞིན་མི་དམིགས་པས་ཁྱབ་བྱེད་མི་དམིགས་པ་བསྡུས་པར་བཤད་ཅིང༌། འོག་ཏུ་ཡང་འཐད་ལྡན་ལས། གལ་ཏེ་རང་བཞིན་མི་དམིགས་པ་ཁོ་ན་ལ་སྣང་དུ་རུང་བ་དགག་པར་བྱ་བ་ཡིན་གྱི། མི་དམིགས་པའི་སྦྱོར་བ་གསུམ་པོ་དག་ལ་དགག་བྱ་སྣང་དུ་མི་རུང་བ་མ་ཡིན་ནམ། ཞེས་པ་ནས། དེའི་དོན་ནི་འདི་ཡིན་ཏེ། བལྟར་རུང་བ་ཁོ་ནའི་འབྲས་བུ་དང་རང་བཞིན་འགལ་བ་དང་རྒྱུ་དང་འགལ་བ་དག་ཁོ་ན་དགག་པ་ཡིན་གྱི་ཞེས་སོགས་ཀྱི་དོན་ཤེས་པའི་ཕྱིར། དེ་སྒྲུབ་ཀྱི་དགག་བྱ་སྣང་རུང་ལ་རྒྱུ་དང་ཁྱབ་བྱེད་མི་འཇུག་པ་དར་ཊིཀ་གི་དགོངས་པ་མིན་ནོ། །རྟགས་གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་དག་ཕྱི་རྒོལ་དབང་རྣོན་ལ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡིན་ལ། རྟུལ་པོ་ལ་དེ་དག་དོན་སྒྲུབ་ཀྱི་རྟགས་ཡིན་ཀྱང་ཐ་སྙད་འབའ་ཞིག་སྒྲུབ་ཟུར་དུ་བྱེད་དགོས་པའི་ཕྱིར། རྣམ་ངེས་ལས། གང་གི་ཚེ་ནས། སྒྲ་དང་ཐ་སྙད་དག་རྟོགས་པའམ་སྒྲུབ་པར་བྱེད་པ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར་དང༌། ཡང་ཁོ་ན་རེ། མེ་ཚད་མས་མ་དམིགས་པའི་རྟགས་ཀྱིས་མེ་མེད་མཚན་མོའི་རྒྱ་མཚོར་དུ་མེད་དུ་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་མེ་མེད་པ་དེ་རྟོགས་པར་ཐལ། མེ་ཚད་མས་མ་དམིགས་པ་དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་མེ་ཚད་མས་མ་དམིགས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་གྱིས་མེ་མེད་དེ་རྟོགས་པར་ཐལ། མེ་ཚད་མས་མ་དམིགས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་མེ་མེད་པའི་དོན་རྟོགས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། ཐ་སྙད་འབའ་ཞིག་སྒྲུབ་ལ་མི་སྒྲུབ་པའི་དོན་གང་ཡིན་ན་མེ་མེད་ཀྱི་དོན་ལྡོག་མེ་སྣང་རུང་མ་དམིགས་པ་དང་མེ་ཚད་མས་མ་དམིགས་པ་དག་ཡིན་ཞིང༌། སྒྲུབ་རྒྱུའི་ཐ་སྙད་ནི་མེ་མེད་རྟོགས་པའི་བློ་དང་དེས་ཀུན་ནས་བསླངས་པའི་མེ་མེད་དོ་ཞེས་པའི་སྒྲ་དང་ལུས་ཀྱི་ཐ་སྙད་རྣམས་འཇོག་པའི་ཕྱིར། དཔེར་ན་དེར་བུམ་མེད་སྒྲུབ་པའི་མ་དམིགས་པའི་རྟགས་བཞིན། རྣམ་ངེས་དར་ཊིཀ་ལས། ཐ་སྙད་འབའ་ཞིག་སྒྲུབ་ཀྱིས་དོན་མི་སྒྲུབ་པའི་དོན་ནི་གང་ཡིན། ཐ་སྙད་ནི་གང་ཡིན་ཞེ་ན། བུམ་པ་དམིགས་རུང་མ་དམིགས་པ་དོན་ལ། བུམ་པ་མེད་པ་ལ་དམིགས་པའི་རྟོག་པ་དང་དེས་ཀུན་ནས་བསླངས་པའི་བུམ་པ་མེད་དོ་ཞེས་པའི་སྒྲ་དང་ལུས་ཀྱི་ཐ་སྙད་རྣམས་སོ། །ཞེས་གསུངས་པའི་ཕྱིར།

                   ཡང་ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡིན་པ་མེད་ཟེར་ན། འོ་ན་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དོན་འབའ་ཞིག་སྒྲུབ་དང་ཐ་སྙད་སྒྲུབ་ལའང་ཐ་སྙད་འབའ་ཞིག་སྒྲུབ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣམ་འགྲེལ་ངེས་གཉིས་ཀའི་རང་འགྲེལ་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་དང༌། འཐད་ལྡན་ཆེ་བ་ལས། གཉིས་ཀའི་ཡང་ཞེས་བྱ་བ་ནི་དགག་པ་དང་ཐ་སྙད་ཀྱིའོ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། དེ་སོགས་ལུང་དུ་མ་དང་འགལ་ལོ། །རིགས་པས་ཀྱང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་མེད་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱོད་ཀྱིས་མཚན་ཉིད་བསྒྲུབ་བྱའི་ཆོས་སུ་བྱས་པའི་སྒོ་ནས་དོན་སྒྲུབ་དང་མཚོན་བྱ་བསྒྲུབ་བྱའི་ཆོས་བྱས་པའི་སྒོ་ནས་ཐ་སྙད་སྒྲུབ་ཀྱི་རྟགས་བཞག་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། སྐད་ཅིག་མ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། སྐད་ཅིག་མ་དེ་སྒྲུབ་ཀྱི་ཆོས་ཡིན་པར་ཐལ། ཁྱོད་སྒྲ་སྐད་ཅིག་མར་སྒྲུབ་པའི་རྟགས་ཡང་དག་གང་ཞིག །སྐད་ཅིག་མ་མི་རྟག་པའི་དོན་ལྡོག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་སྒྲ་སྐད་ཅིག་མར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་སྒྲ་སྐད་ཅིག་མར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་སྐད་ཅིག་མར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། བདག་མེད་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། སྐད་ཅིག་མ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། སྐད་ཅིག་མ་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། འོ་ན། སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ལ་སྒྲ་སྐད་ཅིག་མའི་རྣམ་པ་མ་ཤར་བར་ཐལ། བྱེ་བྲག་པའི་རྒྱུད་ཀྱི་སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ལ་སྒྲ་སྐད་ཅིག་མའི་རྣམ་པ་མ་ཤར་བའི་ཕྱིར། རྟགས་དེར་ཐལ། བྱེ་བྲག་པས་མི་རྟག་པའི་དོན་སྐད་ཅིག་མར་མི་འདོད་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་པར་རྟོགས་པ་ལ་སྒྲ་སྐད་ཅིག་མར་རྟོགས་མི་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། གཞན་ཡང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང༌། སྐད་ཅིག་མའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཀྱི་དངོས་བསྟན་ལ་རྒྱ་ཆེ་ཆུང་མེད་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་དགོས་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྐད་ཅིག་མ་འཇོག་ལ། སྐད་ཅིག་མའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྐད་ཅིག་མ་མི་འཇོག་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། འདོད་ན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དབང་པོ་རྣོ་བས་སྔོན་ལ་དོན་གྲུབ་ནས་ཐ་སྙད་རྗེས་སུ་སྒྲུབ་མི་དགོས་ལ། སྐད་ཅིག་མའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དོན་གྲུབ་ཀྱང་དབང་པོ་རྟུལ་པོས་ཐ་སྙད་འབའ་ཞིག་སྒྲུབ་བྱེད་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་དེ་སྒྲུབ་དང༌། སྐད་ཅིག་མའི་རྟགས་ཀྱིས་དེ་སྒྲུབ་ཀྱི་སྔ་རྒོལ་རྩ་བ་བྱེད་པ་པོ་ཕྱོགས་གླང་དང་ཆོས་གྲགས་རྒོལ་བ་ལ་མི་མཁས་པར་ཐལ། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་དང་སྐད་ཅིག་མའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་གཉིས་ལ་དབང་པོ་རྣོ་རྟུལ་ཡོད་ཀྱང་བསྒྲུབ་བྱ་དཀའ་སླ་དང་ཆེ་ཆུང་དང་སྐབས་སོ་སོར་ཕྱེ་ནས་མ་བཀོད་པར་སྔ་མ་གང་སྒྲུབ་ཕྱི་མ་ལ་ཡང་སྒྲུབ་པའི་ཕྱིར། རྟགས་གྲུབ་ཅིང་འདོད་མི་ནུས་ཏེ། རྣམ་འགྲེལ་ལས། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་བར་གྲགས་ཕྱིར་རོ། །ཞེས་དང༌། རྣམ་ངེས་ཊིཀ་ཆེན་ལས། ཐ་སྙད་འཇུག་རུང་དག་མཁས་པས་མངོན་སུམ་གྱིས་རྟོགས་པའམ་རྨོངས་པ་ལ་རྟགས་ཀྱིས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། ཞེས་དང༌། སྡེ་བདུན་རྒྱན་ལས། སྒྲའི་སྟེང་དུ་མི་རྟག་པའི་ཐ་སྙད་ཙམ་དུ་གྲུབ་སྐད་ཅིག་མ་མ་གྲུབ་པའི་རྒོལ་བ་བྱེ་བྲག་པ་ལྟ་བུ་ལ་ནི་དོན་སྒྲུབ་པ་ཁོ་ནས་ཆོག་ལ་སྒྲའི་སྟེང་དུ་དོན་སྐད་ཅིག་མ་གྲུབ་ཀྱང༌། དེ་ལ་མི་རྟག་པའི་ཐ་སྙད་མ་གྲུབ་པའི་རྒོལ་བ་ནི་དབང་པོ་རྟུལ་པོ་མིང་དོན་གྱི་འབྲེལ་བ་ལ་རྨོངས་པ་སྟེ། དེའི་ངོར་མི་རྟག་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པའི་རྟགས་འགོད་དགོས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། མ་བརྗོད་ན་ཡང་འདོད་པས་ཁྱབ། །ཅེས་དང༌། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་གསུངས་པ་རྣམས་མི་འཐད་པར་ཐལ་བ་དང༌། བཅོམ་ལྡན་འདས་ཀྱིས་འགོག་པ་དང་ལམ་མེད། ཅེས་གསུངས་པ་དང་རྒྱང་ཕན་འགོག་པ་དང་ལམ་མེད་སོགས་བརྗོད་བྱ་ཆེ་ཆུང་ཡོད་པའི་རྒྱུ་མཚན་མེད་པར་ཐལ་བ་སོགས་འཕེན་པར་བྱའོ། །

           རང་ལུགས་ནི། སྐབས་འདིར་དོན་སྒྲུབ་དང་ཐ་སྙད་སྒྲུབ་ཀྱི་དོན་དང་ཐ་སྙད་ལ་འཇོག་ཚུལ་གཉིས་ཡོད་དེ། མཚན་ཉིད་ལ་དོན་དང་མཚོན་བྱ་ལ་ཐ་སྙད་བྱས་པ་ཞིག་དང༌། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་ལ་དོན་དང་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་གསུམ་ལ་ཐ་སྙད་བྱས་པ་གཉིས་ཡོད་ཅིང་ཕྱི་མ་འདི་ཐ་སྙད་འབའ་ཞིག་གི་དབང་དུ་བྱེད་དགོས་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ལུང་རིགས་དུ་མས་གྲུབ་ཟིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲ་མི་རྟག་པར་སྒྲུབ་པ་ལ་མཚོན་ན་སྒྲའི་སྟེང་དུ་བསྒྲུབ་བྱའི་ཆོས་སམ་མི་རྟག་པ་གྲུབ་པ་མིན་ཀྱང་མི་རྟག་པའི་དོན་སྐད་ཅིག་མ་ལྟ་བུའི་དོན་ལྡོག་གྲུབ་ལ་མི་རྟག་པ་རྟོགས་པའི་བློ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ཐ་སྙད་དེ་བློ་སྒྲ་ལུས་གསུམ་གྱི་ཐ་སྙད་མ་གྲུབ་པ་ཞིག་ལ་བྱེད་པའི་ཕྱིར། དེར་ཐལ། སྐད་ཅིག་མ་དེ་མི་རྟག་པའི་དོན་ནམ་རྒྱུ་མཚན་དུ་མ་གོ་བ་ལ་ཐ་སྙད་འབའ་ཞིག་སྒྲུབ་སྐད་ཅིག་མས་བྱེད་པ་ཡིན་པས་སྔར་རྟོགས་ཟིན་གྱི་དོན་ལས་ལྷག་པ་རྟོགས་རྒྱུ་ལ་འཇུག་རྒྱུ་མེད་པའི་ཕྱིར་ཏེ། དཔེར་ན། ནོག་སོགས་འདུས་པའི་གོང་བུ་བ་ལང་ཆུང་ངུ་ལ་ཞུགས་ཀྱང་ཆེན་པོ་ལ་མི་འདྲ་བས་འཁྲུལ་ཚེ་ནོག་སོགས་འདུས་པ་བཀོད་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། བྲམ་ཟེའི་འགྲེལ་བཤད་ལས། དེ་ལྟར་དངོས་པོ་མེད་པ་རྟོགས་པ་ནི་མིན་གྱི་འོན་ཀྱང་རྟོགས་པ་ཉིད་སྐྱེད་པར་ཟད་དོ་ཞེས་དང༌། རྟོགས་པར་བྱ་བ་དེ་ཡང་ལྷག་པ་མ་ཡིན་པའི་ཕྱིར་དང༌། ལྷག་པ་ཡིན་ཀྱང་གྲུབ་ཟིན་པའི་ཕྱིར་གྲུབ་པ་ལ་མ་ལྟོས་པས་དེའི་རྟོགས་པ་ཙམ་ཉིད་གྲུབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། འཐད་ལྡན་ལས་ཀྱང༌། གང་གིས་ཚེ་བློ་གྲོས་བླུན་པོ་བ་ལང་ཆུང་ངུ་ལ་བ་ལང་གི་ཐ་སྙད་ཞུགས་ཀྱང་མི་འདྲ་བར་མཐོང་ནས་བ་ལང་ཆེན་པོ་ལ་ཐ་སྙད་འཇུག་པར་མི་བྱེད་པ་དེ་ལ་ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ལ་ཚུལ་གསུམ་ཡིན་པ་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དོན་སྒྲུབ་ལ་ཚུལ་གསུམ་ཡིན་པ་དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཐ་སྙད་འབའ་ཞིག་ཀྱང་འདྲ། གོ་ཐོབ་བྱས་ན། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚོན་བྱ་ཡང་ཡིན་པའི་གཞི་མཐུན་སྲིད་པ་དེ་ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། ཡང་ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན། ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་པ་དེ། ཁྱོད་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་འབྲས་རང་མ་དམིགས་པ་གསུམ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པ་དང༌། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་དོན་དང་ཐ་སྙད་ཀྱི་རྟགས་ཡང་དག་གཉིས་ཀ་ཡིན། མི་རྟག་པ་དང་སྐད་ཅིག་མ་གཉིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན། དགག་རྟགས་ལ་མེ་མེད་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དོན་དང་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཀ་ཡིན། དུ་བ་མེད་པ་དང་དུ་བ་ཚད་མས་མ་དམིགས་པ་གཉིས་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མཚན་ཉིད་ཡིན་དགོས་པའི་རྟགས་ཡིན་པ་དེ་ཁྱོད་དེ་སྒྲུབ་ཀྱི་དོན་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་འབྲས་རང་མ་དམིགས་པ་གསུམ། སྒྲུབ་རྟགས་ལ་དངོས་པོའི་འབྲས་བུ་དེ་དངོས་པོའི་འབྲས་བུའི་བུམ་པ་སྐད་ཅིག་མར་སྒྲུབ་པའི་དོན་འབའ་ཞིག་སྒྲུབ་ཀྱི་འབྲས་རྟགས་དང༌། བྱས་པ་དེ་སྒྲ་སྐད་ཅིག་མར་སྒྲུབ་པའི་དོན་འབའ་ཞིག་སྒྲུབ་པ་ལྟ་བུ་དང༌། དགག་རྟགས་ལ་མེ་ཚད་མས་མ་དམིགས་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་ཚད་མས་མ་དམིགས་པར་སྒྲུབ་པ་ལྟ་བུའོ། །

           ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་མཚོན་བྱ་ཡིན་དགོས་པའི་གཞི་མཐུན་པ་དེ་ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། མཚན་ཉིད་ཀྱི་རྟགས་ཀྱིས་རྩོད་གཞི་དེ་མཚོན་བྱར་སྒྲུབ་པའི་རྟགས་ཡང་དག་ཐམས་ཅད་དེ་ཡིན། དབྱེ་ན་འབྲས་རང་མ་དམིགས་པའི་ཐ་སྙད་འབའ་ཞིག་སྒྲུབ་གསུམ་ཡོད་དེ། བྱས་པའི་འབྲས་བུར་གྱུར་པའི་གཟུགས་རུང་དེ་བྱས་པའི་འབྲས་བུར་གྱུར་པའི་སྒྲ་གཟུགས་སུ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་འབྲས་རྟགས་དང༌། སྐད་ཅིག་མ་དེ་སྒྲ་མི་རྟག་པ་མིན་པ་ལས་ལོག་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་དང༌། བུམ་པ་ཚད་མས་མ་དམིགས་པ་དེ་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གི་མཚན་གཞི་ཡིན། སྒྲུབ་བྱེད་གོ་སླ། གཙོ་བོར་དོན་དང་ཐ་སྙད་སྒྲུབ་དེ་ལྟར་བྱས་ན་གོ་བདེ།

          འཇོག་ཚུལ་གཉིས་པ་སྒྲུབ་ཚུལ་དང་ཐ་སྙད་འབའ་ཞིག་སྒྲུབ་ཚུལ་གྱིས་ཤུགས་ཀྱིས་འཕངས་པའི་དོན་སྒྲུབ་སོགས་གསུམ་ཡོད་དེ། འདི་ལ་ཐ་སྙད་མི་སྒྲུབ་པར་དོན་འབའ་ཞིག་སྒྲུབ་ཅིག་མི་ཐུབ་པའི་ཕྱིར། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་མ་ཟིན་པ་དེ། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་བ་སོགས་སླ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་གྲུབ་མ་ཟིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། གཉིས་ཀའི་མཚན་གཞི། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག །རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་ཟིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞིར་དཔེར་ན། བུམ་པ་སྣང་རུང་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །འདི་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་རྟགས་ཡང་དག་ཐམས་ཅད་དོན་སྒྲུབ་ཀྱི་རྟགས་ཡང་དག་དང་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཀ་ཡིན་པས་ཁྱབ་སྟེ། དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། དེ་ལྟར་གཉིས་བཤད་པའི་ཁས་ལེན་ཚེ་གཅིག་ཁས་བླངས་ལ་གཞན་དེ་རྣམ་གྲངས་སུ་བྱ་སྟེ། རྫས་བཏགས་དང་ཀུན་རྫོབ་དང་དོན་དམ་དུ་ཡོད་ཚུལ་བྱམས་ཆོས་དང་ས་སྡེར་མང་དུ་བཤད་པ་མདོ་ལྟར་ཡིན་ཀྱང་གཅིག་ཁས་བླངས་ནས་གཞན་རྣམ་གྲངས་བྱེད་པ་བཞིན་ནོ། །འཇོག་ཚུལ་ཕྱི་མ་འདི་དབུ་མའི་སྐབས་སུ་དང༌། རྒོལ་བ་ལ་སྒྲུབ་ཚུལ་གྱི་ཆ་ནས་རྣམ་འགྲེལ་ངེས་གཉིས་ཀར་དབྱེ་བ་མཚན་གཞི་རྣམས་དགག་རྟགས་སྐབས་སུ་སྔར་ལྟར་བཤད་པས་རྣམ་གྲངས་བྱེད་ནའང་གཅེས་པར་གྱིས་ཤིག །གསུམ་པ་མཇུག་སྡུད་ནི། རྒྱུ་དང་སོགས་ཚིགས་བཅད་གསུམ་བྱུང༌།

                                                                                              འབྲེལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ།

                 གཉིས་པ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་རྒྱས་པར་བཤད་པ་ལ། སྒྲུབ་རྟགས་ཀྱི་དེ་དང༌། དགག་རྟགས་ཡང་དག་གི་འབྲེལ་བ་ངེས་བྱེད་གཉིས། དང་པོ་ལ་རྒྱས་བཤད་དང་དོན་བསྡུ་གཉིས། དང་པོ་ལ། འབྲས་རྟགས་ཡང་དག་གི་འབྲེལ་བ་ངེས་བྱེད་དང༌། རང་བཞིན་གྱི་རྟགས་ཡང་དག་གི་དེ་གཉིས། དང་པོ་ལ་རྒྱས་བཤད་དང༌། དོན་བསྡུ་གཉིས། དང་པོ་ནི། མེ་ཡི་འབྲས་བུ་དུ་བ་སྟེ། །ཞེས་སོགས་ཚིགས་བཅད་གཉིས་བྱུང༌། འདི་ལ་འཕྲོས་གཞི་ཡོད་དེ། དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཞེས་སོགས་ལས་འཕྲོས་པའི་ཕྱིར། འཕྲོས་ཚུལ་ཡོད་དེ། དུ་བས་ལ་ལ་མེ་ཡོད་པར་སྒྲུབ་པའི་ཁྱབ་བ་འགྲུབ་པ་འབྲེལ་བ་ལ་རག་ལས་ཞེས་བསྟན་པ་ལ། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་ཇི་ལྟར་ངེས་ཤེ་ན། དེ་སྒྲུབ་ཀྱི་རྒོལ་བ་དབང་རྣོན་གྱིས་མངོན་སུམ་གཅིག་གིས་ངེས་པ་དང༌། དབང་འབྲིང་གིས་མངོན་སུམ་ཕྲུག་གསུམ་མམ་ཡ་དྲུག་གིས་ངེས། དབང་རྟུལ་གྱིས་དེའི་སྟེང་དུ་དུ་བ་ཆོས་ཅན། མེའི་འབྲས་བུ་ཡིན་ཏེ། མེ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་བཀོད་པ་ལས་རྟོགས་ཞེས་འཆད་པ་ལ། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་བྱུང༌། དེའི་རྩོད་སྤོང་འཆད་པར། དེ་མེད་པར་ནི་དེ་ཡོད་ན། །ཞེས་བྱུང༌། དེའི་ལན་འཆད་པར། རྒྱུ་དང་ལྡན་པ་ལས་འདས་འགྱུར། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་བྱུང༌། དེའི་སྒྲུབ་བྱེད་འཆད་པར། དངོས་པོ་རྣམས་ནི་རས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་བྱུང༌། འདི་ནང་གི་ལམ་རིམ་དང་སྦྱར་ནའང་ཤིན་ཏུ་འགྲིག་སྟེ། བྱམས་པ་ཆོས་མཆོག་གིས། སྐྱེས་བུ་ཆུང་ངུའི་ལམ་རིམ་དང་སྦྱར་ན། ཚུལ་ཁྲིམས་འབྲས་བུ་མངོན་མཐོ་སྟེ། །འབྲས་བུ་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་དང༌། འབྲིང་གི་ལམ་དང་སྦྱར་ན། ཤེས་རབ་འབྲས་བུ་ཐར་པ་སྟེ། །འབྲས་བུ་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་དང༌། ཆེན་པོའི་ལམ་དང་སྦྱར་ན། སེམས་བསྐྱེད་འབྲས་བུ་རྣམ་མཁྱེན་ཏེ། །འབྲས་བུ་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་སྦྱར་བ་ལེགས་བཤད་ཡིན་པའི་ཕྱིར། །བཞི་བརྒྱ་པ་དང་འཇུག་པ་བསྟན་བཅོས་འདི་སོགས་དང༌། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཉིད་དུ་འགྱུར། །ཞེས་གསུངས་པ་སོགས་དུ་མའི་དགོངས་པ་ཡིན་པའི་ཕྱིར་ན་བཞི་བརྒྱ་པ་ལས། ལེགས་བཤད་དོན་ནི་གཞན་ལས་ཀྱང༌། །བདག་ཉིད་ལེགས་པར་འདོད་པས་བླངས། །ཉི་མ་ས་སྟེང་མིག་ལྡན་ལ། །ཀུན་གྱི་སྤྱི་མཐུན་མ་ཡིན་ནམ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བྱ་འོས་སོ། །

          མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་དབང་རྣོན་གྱི་མངོན་སུམ་གཅིག་གིས་མེ་དུ་རྒྱུ་འབྲས་ཀྱི་འབྲེལ་བ་དངོས་སུ་མ་རྟོགས་པར་ཐལ། ཕྱི་རྒོལ་དེས་མེ་དུའི་རྒྱུ་འབྲས་ཀྱི་འབྲེལ་བ་དུ་བ་མེ་ལས་སྐྱེས་པར་མངོན་སུམ་དུ་རྟོགས་པའི་མངོན་སུམ་གཅིག་གི་བྱེད་པས་གྲུབ་པའི་ཕྱིར་ན་མ་ཁྱབ་ཅིང༌། འདོད་མི་ནུས་ཏེ། རྒྱུ་འབྲས་ཀྱི་འབྲེལ་བ་མངོན་སུམ་ཚད་མའི་དངོས་ཡུལ་མ་ཡིན་པའི་ཕྱིར་ཏེ། དེ་རྟོག་བཏགས་ཡིན་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་མི་འཐད་པར་ཐལ། དེ་གཉིས་རྒྱུ་འབྲས་སུ་འགྲུབ་པ་ལ་དང་པོར་མེ་རྟོགས་མངོན་སུམ་དང༌། དེ་རྗེས་དུ་འཛིན་མངོན་སུམ་གཉིས་ངེས་པར་དགོས་པའི་ཕྱིར་ན་རྟགས་མ་གྲུབ་པར་ཐལ། བུམ་པས་ཆུ་སྐྱོར་བ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གཅིག་གྲུབ་པའི་ཕྱིར། ཁོ་ན་རེ། མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ལ་ཚད་མ་ཕྲུག་གསུམ་བཤད་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། ཚད་མ་གཅིག་གིས་ཀྱང་དེ་ལྟར་འགྲུབ་ཀྱང༌། དུ་བ་རྒྱུ་མེད་དུ་འཛིན་པ་དང༌། དུ་བ་མི་མཐུན་པའི་རྒྱུ་ལས་བྱུང་བར་འཛིན་པའི་ལོག་རྟོག་བསལ་བའི་ཆེད་དུ་ཚད་མ་ཕྲུག་གསུམ་བཤད་པའི་ཕྱིར། དེར་ཐལ། དང་པོར་མེ་དུ་གཉིས་མ་དམིགས་པའི་མངོན་སུམ་གཅིག །དེའི་རྗེས་མེ་ཁོ་ན་གསར་དུ་དམིགས་པའི་དེ་གཅིག །དེའི་རྗེས་སུ་དུ་བ་གཞི་མེ་དེ་ལས་གསར་དུ་འབྱུང་བར་དམིགས་པའི་དེ་གཅིག །དེའི་རྗེས་སུ་མེ་དུ་གཉིས་དམིགས་པའི་དེ་གཅིག །དེའི་རྗེས་སུ་མེ་མ་དམིགས་པའི་དེ་གཅིག །དེའི་རྗེས་སུ་དུ་བ་ཡུལ་གཞན་དུ་སོང་བ་ལྟ་བུ་མ་ཡིན་པར་གཞི་དེར་གསར་དུ་མ་དམིགས་པའི་མངོན་སུམ་གཅིག་སྟེ། མངོན་སུམ་ཚད་མ་ཕྲུག་གསུམ་ལ་བརྟེན་ནས་ལོག་རྟོག་དེ་གཉིས་ཁེགས་པའི་ཕྱིར། དེར་ཐལ། སྔར་དུ་བ་མ་དམིགས་པའི་མངོན་སུམ་དང་དེ་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་ཚད་མ་གཉིས་ཀྱི་སྟོབས་ཀྱིས་དུ་བ་རྒྱུ་མེད་དུ་འཛིན་པའི་ལོག་རྟོག་དེ་ཁེགས་པ་གང་ཞིག །མངོན་སུམ་ཚད་མ་ཟུང་ཕྱི་མ་གཉིས་ཀྱི་བྱེད་པས་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་ཁེགས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་རེས་འགའ་བའི་དངོས་པོར་གྲུབ་པའི་ཕྱིར་དང༌། རྒྱུ་མེད་ལ་དེ་མི་རུང་བའི་ཕྱིར། འདི་ཉིད་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །ནས་འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་བྱུང༌། གཉིས་པ་གྲུབ་སྟེ། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་མེས་ཕན་གདོགས་སྟོབས་ཀྱིས་དུ་བ་མེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་ལྟར་གྲུབ་པ་ན་མེ་མིན་ཡང་བརྒྱ་བྱིན་སྤྱི་བོ་སྟེ། དབང་པོའི་མཆོད་སྡོང་གི་རྩེའམ་རྒྱ་མཚོའི་འགྲམ་གྱི་གྲོག་མཁར་ལྟ་བུ་མེ་མིན་ཡང་དུ་བའི་ཉེར་ལེན་དུ་འདོད་པའི་མི་མཐུན་པའི་རྒྱུ་ལས་བྱུང་བ་ཁེགས་པའི་ཕྱིར། འདི་ཉིད་ལས། དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཞེས་དང༌། དོན་བསྡུའི་སྐབས་སུ། གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །ནས། རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང༌། །དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེའི་ཕྱིར་མི་མཐུན་ལས་མི་འབྱུང༌། །ཞེས་གསུངས་པའི་ཕྱིར་དང༌། མཁས་གྲུབ་ཊཱིཀ་ཆེན་ལས། བརྒྱ་བྱིན་གྱི་སྤྱི་བོ་ནི་བྲམ་ཟེ་ཆེན་པོས་དབང་པོའི་མཆོད་སྡོང་གི་རྩེ་མོ་ལ་བཤད་ལ། གཞན་དག་ལ་ནི་རྒྱ་མཚོའི་འགྲམ་གྱི་གྲོག་མཁར་ལ་གྲག་གོ་ཞེས་དང༌། རྣམ་བཤད་ལས། གྲོག་མའི་ཚང་དུ་མ་དང་ལྡན་པའི་གྲོག་མཁར་ལ་མིག་སྟོང་ལྡན་པའི་བརྒྱ་བྱིན་དང་འདྲ་བས་བཏགས་པའོ་ཞེས་སོ། །ཡང་ཁ་ཅིག་ན་རེ། རྟག་དངོས་ཡིན་ན་བྱས་པ་ཡིན་པས་ཁྱབ་པ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར། འདོད་ན། རྟག་དངོས་ཡིན་ན་བྱས་པ་ཡིན་པར་ཐལ། རྟག་དངོས་ཡིན་ན་བྱས་པ་ཡིན་པས་ཁྱབ་པ་ཡོད་པའི་ཕྱིར་ཟེར་ན་འདོད་དོ། །ཁོ་ན་རེ། འདོད་ན། རྟག་དངོས་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་པ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར། འདོད་ན། རྟག་དངོས་ཡིན་ན་བྱས་པ་མ་ཡིན་པར་ཐལ། རྟག་དངོས་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་པའི་ཕྱིར་ཟེར་ནའང༌། འདོད་དོ། །ཁོ་ན་རེ། དངོས་འགལ་ཡང་ཡིན་ལ་དེས་ན་ཁྱབ་པ་གང་རུང་ཞིག་ཁས་ལེན་དགོས་ཀྱི་གཉིས་ཁས་མི་ལེན་ཟེར་ན། ཁྱབ་པ་གཉིས་ཀ་ཁས་ལེན་དགོས་པར་ཐལ། རྟག་དངོས་ཡིན་ན་བྱས་པ་ཡིན་པས་ཀྱང་ཁྱབ་པ་གང་ཞིག །རྟག་དངོས་ཡིན་ན་བྱས་པ་མ་ཡིན་པས་ཀྱང་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། བྱས་པ་མ་ཡིན་པ་དེ་ནམ་མཁའ་རྟག་དངོས་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། བྱས་པ་སྒྲ་རྟག་དངོས་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། ཁོ་ན་རེ། ཁྱོད་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། བདག་མེད་ཡིན་པའི་ཕྱིར་ན་མ་ཁྱབ། ཁོ་རང་འདོད་ན། འོ་ན་རྒྱུ་མེད་ལས་སྐྱེས་ན་རྟག་ཏུ་ཡོད་པས་ཁྱབ་པ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཡོད་པར་ཐལ། ཁྱོད་ཡོད་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། རྒྱུ་མེད་ལས་སྐྱེས་ན་རྟག་ཏུ་མེད་པས་ཁྱབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྒྱུ་མེད་ལས་སྐྱེས་ན་རྟག་ཏུ་ཡོད་པར་ཐལ་ལོ། །རྒྱུ་མེད་ལས་སྐྱེས་ན་རྟག་ཏུ་ཡོད་པས་ཁྱབ་པའི་ཕྱིར། འཁོར་གསུམ་ཁས། འདོད་ན། རྒྱུ་མེད་ལས་སྐྱེས་ན་རྟག་ཏུ་མེད་པར་ཐལ། དེ་འདྲའི་ཁྱབ་པ་ཡོད་པའི་ཕྱིར། འཁོར་གསུམ། དངོས་སུ་འགལ་ལོ། །རྒྱུ་འབྲས་ཀྱི་རྣམ་གཞག་འོག་ཏུ་འཆད་དོ། །

                                                                  རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།