ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་ལུང་འགལ་དྲུག་སོགས་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-10 21:24:08     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

112882170715594877.jpg

                    འདི་ཉིད་ལས། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་པའི་དོན་ལ་འཕྲོས་དང༌། མཐའ་དཔྱད་པ་གཉིས། དང་པོ་ལ། མདོ་ལས་འཕྲོས་ཚུལ་ནི། མདོ་ལས། མེད་ཉིད་ལ་མེད་པ་ཞེས་པའི་རྩ་འགྲེལ་ལས་འཕྲོས། འཕྲོས་ཚུལ་འདིའི་ལྡོག་ཁྱབ་གྲུབ་ཚུལ་སློབ་དཔོན་དབང་ཕྱུག་སྡེ་ན་རེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་འགྲུབ་དགོས། གཞན་དུ་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ན་ཚུར་མཐོང་གི་ལྡོག་ཁྱབ་འགྲུབ་པར་དཀའ་བའི་ཕྱིར། ཞེས་པ་ལ་ལྡོག་ཁྱབ་འགྲུབ་ཚུལ་དེ་ལྟར་འདོད་ན་རིགས་སྒོ་ལས། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ཡང་རིགས་སོ། །ཞེས་སློབ་དཔོན་གྱི་ལུང་ཚད་མར་ཁས་ལེན་པ་དང་འགལ་ལོ་ཞེས་པའི་དང་པོ་སྟོན་པར། འདི་ཉིད་ལས། འཁྲུལ་བ་ཅན་གྱི་གཉེན་པོར་ནི། །ནས། དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་བྱུང༌། ཡང་ཁྱོད་ཀྱིས་དེ་ལྟར་འདོད་ན་སློབ་དཔོན་གྱིས་ཀུན་བཏུས་ལས། ལྷག་ལྡན་ལ་ཡང་ལྟ་བུར་རམ། ཞེས་དང༌། དེའི་རང་འགྲེལ་ལས། གཟུགས་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་ཉིད་ཀྱིས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་ཚད་མར་ཁས་ལེན་པ་དང་འགལ་ཞེས་པའི་ལུང་འགལ་གཉིས་པ་འཆད་པར། འདི་ཉིད་ལས། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ཞེས་བྱུང༌། ཡང་དབང་ཕྱུག་སྡེ་དེ་ལྟར་འདོད་ན། སློབ་དཔོན་གྱིས། བདག་ལྟར་མི་རུང་བའི་ཕྱིར་བུམ་པ་ལ་སོགས་པ་བདག་ཏུ་མ་གྲུབ་བོ་ཞེས་གསུངས་པ་ཚད་མར་ཁས་ལེན་པ་དང་འགལ་ཞེས་པའི་ལུང་འགལ་གསུམ་པ་འཆད་པར། འདི་ཉིད་ལས། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །ཞེས་བྱུང༌། ཡང་དབང་ཕྱུག་སྡེ་ཁྱོད་དེ་ལྟར་འདོད་ན་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱི་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་ཞེས་པའི་ལུང་ཚད་མར་ཁས་ལེན་པ་དང་འགལ་ཞེས་ལུང་འགལ་བཞི་པ་ཆད་པར་དྲངས་མ་ཐག་པ། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་བྱུང༌། ཡང་དབང་ཕྱུག་སྡེ་ཁྱོད་དེ་ལྟར་འདོད་ན། སློབ་དཔོན་གྱིས། ཁྱད་པར་མཉན་པར་བྱ་བ་ཡང་རྟགས་ཡིན་ནོ། །ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་པའི་ལུང་ཚད་མར་ཁས་ལེན་པ་དང་འགལ་ཞེས་ལུང་འགལ་ལྔ་པ་འཆད་པར། འདི་ཉིད་ལས། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །སོགས་བྱུང༌། ཡང་དབང་ཕྱུག་སྡེ་ཁྱོད་ཀྱིས་དེ་ལྟར་འདོད་ན། རླུང་གི་རབ་བྱེད་ལས། གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་པའི་ལུང་ཚད་མར་ཁས་ལེན་པ་དང་འགལ་ཞེས་ལུང་འགལ་དྲུག་པ་འཆད་པར། འདི་ཉིད་ལས། མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་བ་མེད་པ་ཅན། །ཞེས་བྱུང༌།

                    འདི་དག་གི་མཐའ་ཅུང་ཟད་དཔྱད་ན། དབུ་ཚད་ཐར་ཐོར་མཐོང་བ་མང་པོ་ཞིག་གིས་སྣ་ཚོགས་སྨྲ་མོད་བླུན་པོ་དག་དཔྱད་ཡུལ་མིན། ཁ་ཅིག་གིས། རྟགས་ཡང་དག་ཡིན་ན་ཤེས་འདོད་ཆོས་ཅན་ཡོད་པས་ཁྱབ་ཀྱང་རྟགས་ཡང་དག་གི་ཆོས་ཅན་ཡིན་ན་ཡོད་པས་མ་ཁྱབ། དེས་ན་དོན་བྱེད་ནུས་སྟོང་དེ་དངོས་གྱུར་གྱི་ནམ་མཁའ་རྟག་རྫས་མ་ཡིན་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་ཟེར་བ་ལ་རྟོག་གེ་ཤེས་རློམ་ཁ་ཅིག་ན་རེ་.....གྲྭ་ཆུང་བ། དོན་བྱེད་ནུས་སྟོང་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་རྫས་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། བྱེ་བྲག་བས་ལུས་ཐམས་ཅད་ལ་ཁྱོད་ཀྱི་ཡོན་ཏན་གྱིས་ཁྱབ་པའི་རྟགས་ཀྱིས་བདག་ནི་ལུས་ཐམས་ཅད་ལ་ཁྱབ་པ་སྒྲུབ་པ་ཡང་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་བསྒྲེ་ཟེར་རོ། །ལུས་ཐམས་ཅད་ལ་ཁྱོད་ཀྱི་ཡོན་ཏན་གྱིས་ཁྱབ་པ་དེ་བདག་ནི་ལུས་ཐམས་ཅད་ལ་ཁྱབ་པར་སྒྲུབ་པའི་དགག་རྟགས་ཡིན་པར་ཐལ། ཁྱོད་ཀྱིས་དགག་རྟགས་ལ་ཆོས་ཅན་མ་གྲུབ་ན་སྐྱོན་མི་འོངས་ཞེས་པ་ལ་གནོད་བྱེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། གཞན་ཡང་རང་གི་འབྲས་བུ་ཐམས་ཅད་ཅིག་ཅར་མངོན་པར་འགྲུབ་པར་མི་བྱེད་པ་དེ། དངོས་གྱུར་གྱི་ནམ་མཁའ་མཐུ་ཐོགས་པ་མེད་པའི་རྟག་གཅིག་རང་དབང་ཅན་མ་ཡིན་པར་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། དེའི་རྩོད་གཞི་དངོས་གྱུར་གྱི་ནམ་མཁའ་མ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། གང་ཞིག་རང་གི་འབྲས་བུ་ཐམས་ཅད་ཅིག་ཅར་མངོན་པར་འགྲུབ་པར་མི་བྱེད་པ་དེ་ནི། མཐུ་ཐོགས་པ་མེད་པ་དང་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །ནམ་མཁའ་ལ་སོགས་པ་ཕ་རོལ་པོ་མངོན་པར་འདོད་པ་རྣམས་ཀྱང་སྒྲ་ལ་སོགས་པ་འབྲས་བུ་ཅིག་ཅར་འགྲུབ་པར་མི་བྱེད་པས། ཁྱབ་པར་བྱེད་པ་མི་དམིགས་པར་བཤད་པ་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ཉིད་ཆོས་གྲགས་ཀྱི་དགོངས་པ་ཡིན་ཚུལ་འཆད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང༌། དེ་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྩོད་གཞིའི་དོན་ལྡོག་མ་གྲུབ་ན་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། བྱེ་བྲག་པ་ལ་སློབ་དཔོན་ཆོས་གྲགས་ཀྱིས་དེ་བཀོད་པ་ན་བྱེ་བྲག་པས་མ་གྲུབ་པའི་གཏན་ཚིགས་ཡིན་ཟེར་བ་ལྟར་54འཐད་པར་ཐལ། དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་ཁས། འཁོར་གསུམ། ཁྱབ་སྟེ། བྱེ་བྲག་པས་ཀྱང་དེ་མ་གྲུབ་པའི་གཏན་ཚིགས་ཡིན་ཞེས་བཤད་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། ཁྱབ་པར་བྱེད་པ་མི་དམིགས་པར་བཤད་པ་ཁ་ཅིག་ན་རེ། གཏན་ཚིགས་འདི་ནི་ཞེས་པ་ནས། ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་གི་ངོ་བོར་འགྱུར་པ་མེད་པར་ཡང་སྒྲུབ་པར་བྱེད་པའི་ཕྱིར། གཏན་ཚིགས་འདི་གཞི་མ་གྲུབ་པ་ཡང་ཡིན་ནོ། །ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར།

 (54) པར་ཐེངས་གཉིས་པ། འཆད།

                     འདི་དག་བོད་རྒན་དག་གིས་མ་ཕྱེད་འདུག་པས་གསལ་བར་ཚིག་ཉུང་ངུས་བཀྲོལ་ན། འོ་ན་འབྲས་བུ་ཅིག་ཅར་མི་བྱེད་པ་དེ། རྟག་དངོས་ཀྱི་དབང་ཕྱུག་དང༌། རྟག་དངོས་ཀྱི་ཁྱབ་འཇུག་དང༌། རྟག་དངོས་ཀྱི་རིག་བྱེད་པའི་སྐྱེས་བུ་དང༌། རྟག་དངོས་ཀྱི་གྲངས་ཅན་པའི་སྤྱི་རྣམས། རང་འབྲས་སྒྲ་སོགས་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་རྟག་པ་མ་ཡིན་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འབྲས་བུ་ཅིག་ཅར་མི་བྱེད་པའི་རྟགས་ཀྱིས་རྟག་དངོས་ཀྱི་དབང་ཕྱུག་སོགས་བཞིར་རང་འབྲས་སྒྲ་སོགས་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་རྟག་པ་མ་ཡིན་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་བཞི་པོ་གང་ཡང་གཞི་མ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། འདོད་ན། འབྲས་བུ་ཅིག་ཅར་མི་བྱེད་པ་ཆོས་ཅན། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་འབའ་ཞིག་བཀག་ཀྱང་དགག་རྟགས་ཡང་དག་ཡིན་པ་ལ་སྐྱོན་མེད་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་འབའ་ཞིག་བཀག་པས་ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་སུ་གྱུར་པ་དེ་ཡིན་པའི་ཕྱིར། འཁོར་གསུམ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་རྟག་དངོས་ཀྱི་དབང་ཕྱུག་སོགས། རང་འབྲས་སྒྲ་སོགས་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་རྟག་པ་མ་ཡིན་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་བཀག་ཀྱང་དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་ཡིན་པ་ལ་སྐྱོན་མེད་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེད་དགག་གིས་ཁྱབ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་ཡང་སྐྱོན་མེད། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་སྒྲུབ་པ་ལ་ཡང་སྐྱོན་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་རང་འབྲས་སྒྲ་སོགས་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་རྟག་པ་མ་ཡིན་པ་དང་གཅིག་ཡིན་དགོས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་བྱ་བཀག་ཙམ་གྱི་མེད་དགག་རང་ཉིད་ཡིན་ན་ཡོད་མི་དགོས་པ་ཞིག་བཟུང་བའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་པར་ཐལ། རི་བོང་རྭ་ཡང་རང་འབྲས་སྒྲ་སོགས་སྐྱེད་པའི་ནུས་པ་ཐོགས་མེད་ཀྱི་རྟག་པ་མ་ཡིན་པའི་ཕྱིར། རྣམ་འགྲེལ་འདི་ཉིད་ཀྱི་བཞི་པ་ལས། དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། །ཅེས་པའི་དགོངས་པར་པཎ་གྲུབ་དུ་མ་དང་རྗེ་ཡབ་སྲས་ཀྱིས་བཀྲལ་བའི་ཕྱིར། འདིའི་ཐད་ཀྱི་ལྷ་དབང་བློ་གྲོས་ཀྱི་དཀའ་འགྲེལ་ལས། འདིར་ཡང་ཆོས་ཅན་འབའ་ཞིག་འགོག་པ་ལ་ཡང་གནོད་པ་འདོད་པ་ཡིན་ན་ཡང་མི་འདོད་དེ། ཆོས་ཅན་དངོས་པོར་གྱུར་པ་བསལ་བ་ན་ཡང་སྒྲུབ་པར་བྱ་བ་རྣམ་པར་གཅོད་པའི་ངོ་བོ་གྲུབ་པའི་ཕྱིར་ཞེས་དང༌། ཡང་དེ་ཉིད་ལས། གང་ལ་ཆོས་ཅན་འགོག་པ་ལ་ཡང་བསྒྲུབ་པར་བྱ་བ་ལ་གནོད་པ་མེད་པ་དེ་ལ་སྐྱོན་མ་ཡིན་ཏེ། དཔེར་ན། གཏན་ཚིགས་བཤད་མ་ཐག་པ་ལྟ་བུའོ། །ཞེས་དང༌། དབུ་མ་སྣང་བ་ལས་ཀྱང༌། དེ་ལ་ཡང་འདིར་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོར་གྱུར་པ་བསལ་དུ་ཟིན་ཀྱང༌། བསྒྲུབ་པར་བྱ་བ་རྣམ་པར་གཅད་པ་ཙམ་དུ་འདོད་པ་ལ་ནི་གནོད་པ་ཅི་ཡང་མེད་ལ་ཞེས་དང་རྒྱན་ལས་ཀྱང༌། ཆོས་ཅན་འབའ་ཞིག་ལ་གནོད་པ་ནི་སྐྱོན་མ་ཡིན་ནོ་ཞེས་དང༌། རྣམ་བཤད་དགོངས་པ་རབ་གསལ་ལས་ཀྱང༌། རྟགས་དེས་སྨྲས་པའི་ཆོས་ཅན་བཀག་ཀྱང་སྐྱོན་མེད་པ་ནི་རྟགས་དང་ཆོས་གཉིས་ཀ་རྣམ་བཅད་ཙམ་ཡིན་པའི་གནད་ཀྱིས་སོ་ཞེས་དང༌། རྣམ་བཤད་ལས། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་དགག་རྟགས་མང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་འདྲ་མང་ངོ༌། །རྟགས་གཉིས་པ་གྲུབ་སྟེ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གཞན་ལ་དོགས་པ་མེད་ཅིང་ཕྱོགས་ཆོས་གྲུབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་ཡོད་མི་དགོས་ཤིང་དགག་བྱ་བཅད་ཙམ་གྱི་མེད་དགག་ཡིན་པས་རྟགས་དེས་དེ་སྒྲུབ་ཀྱི་ཆོས་ཅན་བཀག་ཀྱང་ཕྱོགས་ཆོས་གྲུབ་པ་ལ་སྐྱོན་མི་འོང་བ་ཡིན་པའི་ཕྱིར། དེ་སྐད་དུ་ལེའུ་བཞི་པ་ལས། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་པའི་དགོངས་པར་མཁས་གྲུབ་དུ་མས་བཀྲལ་བའི་ཕྱིར། ལྷ་དབང་བློས་ནམ་མཁའ་མེད་པར་སྨྲ་བས། སྤྱིར་ནམ་མཁའ་ལ་སོགས་པའི་སྐབས་ལ། ཆོས་རྣམ་པར་བཅད་པ་ཙམ་བསྒྲུབ་པར་བྱ་བ་དང༌། རྣམ་པར་གཅོད་པའི་གཏན་ཚིགས་འབྲས་བུ་ཅིག་ཅར་མི་བྱེད་པའི་ཕྱིར། ཞེས་བཤད་པ་ལ། ཞེས་སོགས་ཀྱི་དགག་བྱ་བཅད་ཙམ་གྱི་བསྒྲུབ་བྱའི་ཆོས་དང་ཆོས་དེ་དང་ངོ་བོ་གཅིག་པའི་དགག་བྱ་བཅད་ཙམ་གྱིས་གཏན་ཚིགས་འབྲས་བུ་ཅིག་ཅར་མི་བྱེད་པ་རྟགས་སུ་བཀོད་པ་ལ་ཕ་རོལ་གྱི་སུན་འབྱིན་མི་གནོད་པར་བཤད་པའི་ཕྱིར། འགྲེལ་པ་དེ་ཉིད་ལས། དེ་ལྟ་བུར་གྱུར་པའི་ཆོས་ཅན་བསལ་ན་ཡང༌། དེ་ལྟར་བསྒྲུབ་བྱར་འདོད་པ་ལ་རྣམ་པར་གཅོད་པ་ཙམ་དུ་འདོད་པ་ལ་གནོད་པ་ཅི་ཡང་མེད་པ་ཡིན་པའི་གཏན་ཚིགས་རྣམ་པར་གཅོད་པའི་ངོ་བོ་ལ་མ་གྲུབ་པ་མ་ཡིན་པ་ཉིད་དོ་ཞེས་དང༌། དབུ་མ་སྣང་བ་ལས་ཀྱང༌། གཏན་ཚིགས་རྣམ་པར་བཅད་པ་ཙམ་གྱི་ངོ་བོ་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་ཡང་དེ་གཉིས་གྲུབ་པའི་ཕྱིར་རོ་ཞེས་དང༌། རྒྱན་ལས་ཀྱང༌། ཅིག་ཅར་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སྐྱོན་མེད་དེ། ཞེས་པ་ནས། དེས་ན་བསྒྲུབ་བྱའི་ཆོས་སྒྲུབ་པ་ལ་གནོད་པ་མེད་པའི་ཕྱིར་ཉེས་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། སྡེ་བདུན་རྒྱན་ལས་ཀྱང༌། རང་གི་རྟེན་དུ་གཞི་གྲུབ་དགོས་པའི་ཆོས་ཅན་བཀག་ན་རྟགས་ཀྱི་སྐྱོན་དུ་སྟོན་པ་ཡིན་གྱི་ཆོས་ཅན་ཡོད་པ་བཀག་པ་ཙམ་གྱིས་སྐྱོན་དུ་སྟོན་པ་མ་ཡིན་ནོ། །ཞེས་དང༌། རིགས་རྒྱན་ལས། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་ཡོད་པར་སྔར་བཤད་ཅེས་གསུངས་པའི་ཕྱིར་དང་རྣམ་ངེས་ཊཱིཀ་ཆེན་ལས་ཀྱང་ངོ༌། །

                   གཞན་ཡང༌། སྐྱེ་བ་མེད་པ་དེ་རྟག་དངོས་ཀྱི་དབང་ཕྱུག་སྐྱེ་ལྡན་གྱི་རྒྱུ་མ་ཡིན་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་མེད་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། དེར་ཐལ། རྟག་དངོས་ཀྱི་དབང་ཕྱུག་མེད་པའི་ཕྱིར། ཁྱབ་སྟེ། དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཁྱབ་བྱེད་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཚད་ཆེན་ལས། འགལ་བའི་ཆོས་ཀྱི་གཏན་ཚིགས་ནི། །ཁྱབ་པར་རུང་བ་མ་ཡིན་ནོ། །སྐྱེ་བ་མེད་ཕྱིར་དབང་ཕྱུག་ནི། །སྐྱེ་བ་ཅན་གྱི་རྒྱུ་མ་ཡིན། །ནམ་མཁའ་ཡི་ནི་པདྨ་བཞིན། །ཞེས་གསུངས་པའི་ཕྱིར། དེས་ན་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་གཏན་ཚིགས་ལ་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཞིག་དགོས་པར་འདོད་པ་འདི་འདྲ་དུ་མས་བཀག་པའི་ཕྱིར། དེའི་དཀའ་འགྲེལ་ལས། གང་སྐྱེ་བ་མེད་པ་དེ་ནི་འགའ་ཞིག་གི་ཡང་རྒྱུ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨོ་བཞིན་ནོ། །དབང་ཕྱུག་ཀྱང་སྐྱེ་བ་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །ཞེས་གསུངས་པའི་ཕྱིར། གཏན་ཚིགས་འདིས་རྟག་པའི་ཁྱབ་འཇུག་དང༌། རྟག་པའི་གཙོ་བོ་དང༌། རང་བཞིན་དག་དང་རིག་བྱེད་པའི་སྐྱེས་བུ་དང་རྟག་པའི་རྡུལ་ཕྲན་དང་ལྔ་སོགས་གཞན་སྡེས་རྟག་པའི་རྒྱུར་འདོད་པ་ཆེས་མང་བ་དག་སྐྱེ་ལྡན་འགའ་ཞིག་གི་རྒྱུ་མ་ཡིན་པར་སྒྲུབ་པའི་ཁྱབ་བྱེད་འགལ་དམིགས་ཀྱི་རྟག་ཡང་དག་ཏུ་ཤེས་པར་བྱའོ། །གཞན་ཡང་རིམ་དང་ཅིག་ཅར་གྱིས་དོན་བྱེད་པས་སྟོང་པ་དེ་བྱེ་བྲག་པས་རྟག་དངོས་སུ་འདོད་པའི་རྫས་དང་ཡོན་ཏན་དང་ལས་དང་སྤྱི་སོགས་ཀྱི་རྟག་དངོས་རྣམས་རེ་རེ་ནས། རྟག་དངོས་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་མེད་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། འདོད་ན། རྣམ་འགྲེལ་ལས། དེ་ནི་རིམ་དང་རིམ་མིན་འགལ། །ཞེས་སོགས་གཞུང་དུ་མས་རྟགས་ལྟར་སྣང་བསྟན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་འགོག་བྱེད་ཀྱི་གཏན་ཚིགས་གཅིག་ལ་ཡང་འགོད་ཚུལ་བརྒྱ་ཕྲག་དུ་མ་བྱས་བཀག་ཆོག་པ་རིགས་པའི་སྒོ་ཤེས་པའི་ཁྱད་ཆོས་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། དེ་ལྟ་མིན་ན་ཇི་ལྟར་མཁས་པ་རྣམས་རིམ་དང་ཅིག་ཅར་ལ་སོགས་པས་ཁྱབ་པའི་དོན་བྱེད་པའི་ནུས་པ་དང་བྲལ་བ་ལ་སོགས་པས། གཞན་གྱི་ཀུན་བཏགས་པ་རྟག་པ་ལ་སོགས་པའི་དངོས་པོ་འགོག་པར་བྱེད་སོགས་དང༌། ཡང་དེ་ཉིད་ལས། རྫས་དང་ཡོན་ཏན་དང་ལས་དང་སྤྱི་ལ་སོགས་པ་མུ་སྟེགས་ཅན་ངན་པས་ཀུན་བཏགས་པ་རྣམས་55དགག་པར་བྱེད་པར་འདོད་ན་ཡང་ཇི་ལྟར་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་འཇུག་པར་མི་འགྱུར་ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང༌། དེ་སྒྲུབ་ཀྱི་མ་དམིགས་པའི་གཏན་ཚིགས་ལ་ཆོས་ཅན་གཞི་མ་གྲུབ་ཀྱང་སྐྱོན་མེད་པ་དུ་མ་ཡོད་པར་ཐལ། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་མིན་ཀྱང་དངོས་པོ་སོགས་སྒྲུབ་པ་དང་མེད་དགག་ཡིན་ཀྱང་ཁོ་ཡིན་ན་ཡོད་དགོས་པ་རྟགས་སུ་བཀོད་པའི་ཆོས་ཅན་མ་གྲུབ་ན་མ་གྲུབ་པའི་རྟགས་སྐྱོན་འོང་བ་གང་ཞིག །དེ་སྒྲུབ་ཀྱི་མ་དམིགས་པའི་གཏན་ཚིགས་ཡིན་ཀྱང་བསྒྲུབ་བྱའི་ཆོས་མེད་དགག་ཡིན་ཀྱང་ཁོ་ཡིན་ན་ཡོད་དགོས་པར་སྒྲུབ་པའི་ཆོས་ཅན་མ་གྲུབ་ན་དམ་བཅའ་ལ་ཚད་མས་བསལ་བའི་སྐྱོན་འོང༌། དེ་སྒྲུབ་ཀྱི་ཆོས་དང་གཏན་ཚིགས་ཡིན་ན་ཡོད་མི་དགོས་པའི་མེད་དགག་བཟུང་ན་སྐྱོན་མི་འོང་བ། ཕྱོགས་གླང་ཆོས་གྲགས་ཟླ་གྲགས་ཞི་འཚོ་ཡབ་སྲས་དང༌། རྒྱན་མཁན་པོ་རྗེས་འབྲང་དང་བཅས་པ་དང་ལྷ་ཤཱཀ་རྗེས་འབྲང་དང་ཛེ་ཏཱ་རི་སོགས་དང་འཕགས་ཡུལ་གྱི་ཤིང་རྟ་བ་དག་དང༌། རྗེ་རིན་པོ་ཆེ་རྒྱལ་ཚབ་མཁས་གྲུབ་རྗེ། དགེ་འདུན་གྲུབ་སོགས་བཞེད་དབྱངས་གཅིག་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཡོངས་གྲུབ་ཀྱི་རྟགས་ཀྱིས་ཆོས་ཀྱི་བདག་མེད་དུ་སྒྲུབ་པའི་ཆོས་ཅན་མེད་ན་དམ་བཅའ་གྲུབ་ཀྱང་གཏན་ཚིགས་དང་ཕྱོགས་ཆོས་ཚད་མས་མི་འགྲུབ་ན་དངོས་པོ་སོགས་སྒྲུབ་པ་དང་མ་ཡིན་དགག་གིས་ལྟ་ཅི་སྨོས་པའི་ཕྱིར། དཔལ་ལྡན་ཟླ་བས། དེ་ཕྱིར་དངོས་པོའི་ཆོས་གཏན་ཚིགས་སུ་བཀོད་པའི་རྗེས་སུ་དཔག་པ་ཐམས་ཅད་ལ་གཏན་ཚིགས་ལ་སོགས་པ་རང་ལ་མ་གྲུབ་པའི་ཕྱིར། ཞེས་དང༌། རྣམ་འགྲེལ་ལས། བདེན་དེ་འགའ་ཞིག་ཆོས་ཅན་ནི། །འབའ་ཞིག་བཀག་པ་ལ་ཡང་ནི། །སྐྱོན་དང་ལྡན་པར་ཁས་ལེན་ཏོ། །ཞེས་པ་རྩ་འགྲེལ་འགྲེལ་བཤད་དག་གི་དོན་གྲུབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཆོས་ཅན་དེ་ཆོས་ཉིད་དུ་སྒྲུབ་པའི་མ་དམིགས་པའི་རྟགས་ཀྱི་ཆོས་ཅན་མེད་ན་དམ་བཅའ་ལ་སྐྱོན་ཡོང་བའི་ཕྱིར། དེར་ཐལ། དེ་ཆོས་ཉིད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཉིད་ཀྱི་རྟེན་ལ་ཡོད་པ་གཅིག་མེད་ན་ཆོས་ཉིད་དུ་སྒྲུབ་མི་ཐུབ་པའི་ཕྱིར། དེར་ཐལ། མེད་པ་གཅིག་ཆོས་ཉིད་དུ་སྒྲུབ་པ་ལ་རྗེས་དཔག་གིས་བསལ་བ་འཇུག་པའི་ཕྱིར། ཕྱོགས་གླང་གིས། མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་དང༌། འདི་ཉིད་ལས། གཉིས་ཀའང་བསྒྲུབ་བྱ་ཉིད་ཡིན་ན། །ཆོས་ཅན་ལ་ནི་གནོད་པ་གང༌། །བསྒྲུབ་པར་བྱ་བའི་ཆོས་འགོག་པས། །དེས་ནི་དེ་ལ་གནོད་པ་ཉིད། །ཅེས་པ་རྩ་འགྲེལ་གྱིས་གྲུབ་པའི་ཕྱིར། ལུང་མང་ཡང་མ་བྲིས་སོ། །རྟགས་གསུམ་པ་གྲུབ་སྟེ། མཁས་པ་གཞན་གྱི་བཞེད་པ་བཤད་ཟིན་ཅིང་དཔལ་ལྡན་ཟླ་བས་ཀྱང་མ་སྐྱེས་པ་དེ། རྟག་གཅིག་རང་དབང་ཅན་གྱི་བདག་མུ་སྟེགས་པའི་སྒྲོ་བཏགས་པ་ལྟར་མ་གྲུབ་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བཞེད་པའི་ཕྱིར། འཇུག་པ་ལས། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང༌། །ཞེས་གསུངས་པའི་ཕྱིར། དེས་ན་སྔོན་དུས་ཀྱི་བོད་ཀྱི་རྟོག་གེ་བ་འགའ་ཞིག་དང་ཕྱིས་ཀྱི་རང་གཞན་གྱི་རྟོག་གེ་བ། དེ་སྒྲུབ་ཀྱི་ཆོས་ཅན་མེད་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པས་ཁྱབ་པར་འདོད་ཅིང་སྨྲས་པ་དེ་ཤིང་རྟ་ཆེན་པོ་དག་གི་རིགས་གཞུང་ཁོ་བོ་ལ་སྒྲུབ་མི་རུང་བའི་བསྐལ་དོན་ཡིན་ནོ། །ཞེས་པའི་ཆོ་ངེ་ཡིན་པར་ཐལ། དེ་ནི་ཕྱོགས་གླང་གིས་ཡིད་ཆེས་གྲགས་པའི་རང་རྟེན་ལ། ཞེས་པའི་རང་རྟེན་གྱི་དོན་མ་གོ་བའི་ངན་སྐད་དུ་མ་ཟད། རྣམ་འགྲེལ་ལས། རང་ཉིད་སྒྲ་ཡིས་ཆོས་གཞན་ལ། །གནོད་པས་གནོད་མིན་ཞེས་བསྟན་པ། །དེ་ནི་རང་གི་ཆོས་ཅན་གྱི། །སོགས་རྩ་འགྲེལ་དང༌། དབུ་མ་སྣང་བ་ལས། དེ་བས་ལོག་པར་རྟོག་པ་བསལ་བའི་ཕྱིར། རང་དང་རྗེས་སུ་མཐུན་པའི་ཆོས་ཅན་ཁོ་ན་ལ་གནོད་པར་བྱས་ན་བསྒྲུབ་པར་བྱ་བ་བཀག་པ་ཡིན་གྱི་ཆོས་གཞན་དང་ལྡན་པའི་ཆོས་ཅན་ནི་མ་ཡིན་ནོ། །ཞེས་པ་ནས། སློབ་དཔོན་གྱིས་རང་གི་ཆོས་ཅན་སྨོས་པ་མཛད་དོ་ཞེས་འགྲེལ་པ་མཛད་པས་བཤད་དེ་ཞེས་སོགས་འདི་དག་ཐམས་ཅད་ཀྱིས་གསལ་བར་བཤད་ཀྱང་ཁྱེད་ཅག་གིས་དེ་ལྟར་སྨྲ་བའི་ཕྱིར། རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན་གཞི་གྲུབ་པས་ཁྱབ་པར་འདོད་པ་དག་གིས་ནི། རང་རྟེན་ལ་ཞེས་སྨོས་པའི་ཐུན་མོང་མ་ཡིན་པའི་དགོས་པ་སྟོན་པའི་གཞུང་གི་ཚོགས་འདི་དག་དང་ཁོ་བོ་ཅག་ཕན་ཚུན་བསྐལ་བར་གྱུར་ཏོ་ཞེས་པའི་ཆོ་ངེ་སྒྲོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟག་དངོས་ཀྱི་དབང་ཕྱུག་ཆོས་ཅན། ཁྱོད་ཁྱད་གཞི་ཆོས་ཅན་དང་སྐྱེ་ལྡན་འགའ་ཞིག་གི་རྒྱུ་མ་ཡིན་པ་དེ་ཁྱོད་ཀྱི་ཁྱད་ཆོས་སུ་དངོས་དབང་གིས་གྲུབ་པར་ཐལ། ཁྱོད་སྐྱེ་མེད་ཀྱི་རྟགས་ཀྱིས་རྟག་དངོས་ཀྱི་དབང་ཕྱུག་སྐྱེ་ལྡན་འགའ་ཞིག་གི་རྒྱུ་མ་ཡིན་པར་དངོས་སྟོབས་ཀྱི་སྒྲུབ་པའི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པའི་ཆོས་དང་དེ་ཆོས་ཅན་དུ་འགྲོ་ཚུལ་ཞིག་ཡོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པ་ལ་དོན་སྟེང་ནས་ཁྱད་གཞི་ཁྱད་ཆོས་སུ་གྲུབ་པས་མ་ཁྱབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པ་ལ་དོན་སྟེང་ནས་ཁྱད་གཞི་ཁྱད་ཆོས་སུ་གྲུབ་པ་གཅིག་དང་དོན་སྟེང་ནས་དེ་ལྟར་མ་གྲུབ་ཀྱང་བློ་ངོར་དགག་ཆོས་དང་བསྒྲུབ་ཆོས་རྟགས་ཀྱིས་དགག་སྒྲུབ་བྱེད་པའི་གཞིར་བཟུང་བ་ཡིན་པས་ཆོས་ཅན་ཞེས་བྱ་བ་གཉིས་ཡོད་པའི་ཕྱིར། དེར་ཐལ། ཕྱི་དོན་དང་གཙོ་བོ་སོགས་དོན་ལ་དེ་ལྟར་དེ་སྒྲུབ་ཀྱི་ཁྱབ་གཞི་ཁྱད་ཆོས་སུ་མ་གྲུབ་ཀྱང་བློ་ཁྱད་གཞིར་བཟུང་ནས་སྐྱེ་ལྡན་འགའ་ཞིག་གི་རྒྱུ་མ་ཡིན་པ་དེའི་སྟེང་དུ་བསྒྲུབ་བྱའི་ཆོས་སུ་བྱེད་པས་ཆོས་ཅན་ཞེས་འཇོག་པའི་ཕྱིར། དེར་ཐལ། གཞི་མ་གྲུབ་ཀྱང་མཐུན་དཔེ་ཆོས་ཅན་དུ་མི་འགལ་བ་བཞིན་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། བྱིས་པ་རྣམས་ཀྱིས་ཕྱི་རོལ་དང་དངོས་པོ་ཉིད་དུ་ཉེ་བར་བརྟགས་པ་བློ་ལ་རྣམ་པ་ཡོད་པ་ཉིད་ཆོས་ཅན་ཡིན་ཏེ་དེའི་ཕྱིར་དེ་ལ་བརྟེན་ནས་གཙོ་བོ་ལ་སོགས་པ་འགོག་པར་བྱེད་དོ་ཞེས་དང༌། རྒྱན་ལས་ཀྱང༌། ཅིག་ཅར་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སྐྱོན་མེད་དེ་རྣམ་པར་རྟོག་པ་ལ་གནས་པའི་ཆོས་ཅན་བསྒྲུབ་བྱ་སྒྲུབ་པའི་ཕྱིར་ཏེ། དངོས་པོར་གྱུར་པ་ནི་དེའི་ཆོས་ཅན་མ་ཡིན་ནོ། །དེས་ན་དེ་འབའ་ཞིག་ལ་གནོད་ཀྱང་གནོད་པ་མ་ཡིན་ནོ་ཞེས་དང༌། སྡེ་བདུན་རྒྱན་ལས། ཆོས་ཅན་ཞེས་པའང་བློ་ངོར་དགག་ཆོས་དང་བསྒྲུབ་ཆོས་རྟགས་ཀྱིས་དགག་སྒྲུབ་བྱེད་པའི་གཞིར་གྱུར་པ་ཡིན་པས་ཆོས་ཅན་ཞེས་བྱ་ཡི། དོན་སྟེང་ནས་ཁྱད་གཞི་ཁྱད་ཆོས་གཉིས་སུ་བྱས་པའི་ཁྱད་གཞི་ལྟ་བུར་ཡོད་ནས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དོན་བྱེད་ནུས་སྟོང་རྟགས་ཀྱིས་དངོས་གྱུར་གྱི་ནམ་མཁའ་རྟག་རྫས་མ་ཡིན་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དངོས་གྱུར་ནམ་མཁའི་དོན་སྤྱི་འཇོག་སྟེ། དེ་སྒྲུབ་ཀྱི་ཆོས་ཅན་ལ་དངོས་གྱུར་ནམ་མཁའ་བློ་ལ་སྣང་བ་དེ་འཇོག་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། བློ་ལ་རྣམ་པ་ཡོད་པ་ཉིད་ཆོས་ཅན་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དོན་བཤད་ཟིན་ལྟར་ཡིན་གྱི་དོན་སྤྱི་འཇོག་པའི་དོན་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡོད་པར་ཐལ། དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་དངོས་གྱུར་ནམ་མཁའི་དོན་སྤྱི་འཇོག་པའི་ཕྱིར། ཁྱབ་སྟེ། དེའི་དོན་སྤྱི་ཡོད་པའི་ཕྱིར། ཁྱོད་བདག་མེད་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཆོས་ཅན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་ཞིག་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། རི་བོང་རྭ་མེད་པར་སྒྲུབ་པའི་ཆོས་ཅན་ཡང་ཡོད་པར་ཐལ་ལོ། །དེས་ཀྱང་ཁ་ཅིག་སྒྲ་དོན་ཆོས་ཅན་ཟེར་བ་ཁེགས་སོ། །

 (55) པར་ཐེངས་གཉིས་པ། འགོག།

                    དེས་ན། རང་ལུགས་ལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་བའི་དངོས་པོར་གྱུར་པའི་སྒྲུབ་རྟགས་ཡང་དག་མེད་དེ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་རུང་གི་ཆོས་ཅན་མ་གྲུབ་ན་ཕྱོགས་ཆོས་དང་དམ་བཅའ་གཉིས་ཀ་མ་གྲུབ་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གཉིས་ཀྱི་རྟགས་ཆོས་ཡིན་ན་ཡོད་དགོས་པ་ཁོ་ནས་ཁྱབ་པའི་ཕྱིར། དགག་རྟགས་ཡང་དག་ལ་ཡང་མ་ཡིན་དགག་དང་སྒྲུབ་པ་གང་རུང་རྟགས་སུ་བཀོད་པའི་ཆོས་ཅན་མ་གྲུབ་པའི་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་དེ། མ་ཡིན་དགག་དང་སྒྲུབ་པ་གང་རུང་རྟགས་སུ་བཀོད་པའི་ཆོས་ཅན་ལ་མ་གྲུབ་པ་བཀོད་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པས་མ་ཁྱབ་པའི་ཕྱིར། རྟོག་ཡུལ་ན་ཡོད་པ་དེ་རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར་དང༌། དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ཀར་སྒྲུབ་པ་བཀོད་པ་དེའི་ཕྱིར། མ་ཡིན་དགག་རྟགས་ཆོས་བྱས་པའི་ཆོས་ཅན་གྱི་དོན་ལྡོག་མེད་པའི་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡང་ཡོད་དེ། སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་ཚུལ་གསུམ་མ་ཡིན་པའི་གཏན་ཚིགས་དེ་མེད་ངེས་དེ་སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། རྣམ་ངེས་དར་ཊིཀ་ལས། ཡང་གཞི་མ་གྲུབ་ཆོས་ཅན་དུ་བཟུང་ནས་དགག་བྱ་འགོག་པ་དགག་རྟགས་ལ་སྲིད་ཀྱང་སྒྲུབ་རྟགས་ལ་མི་སྲིད་སྙམ་དུ་བཟུང་ནས་སྒྲུབ་རྟགས་ཁོ་ན་ལ་སྦྱར་བར་ཡང་མི་བྱ་སྟེ། ཞེས་པ་ནས། གཞི་མ་གྲུབ་ཆོས་ཅན་དུ་བཟུང་ནས་ཐ་སྙད་འབའ་ཞིག་སྒྲུབ་པའི་སྒྲུབ་རྟགས་ཀྱང་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདིས་དུ་མ་ཤེས་པར་བྱའོ། །རྟགས་དང་བསྒྲུབ་བྱའི་ཆོས་ལ་མེད་དགག་ཡིན་ཡང་ཁོ་ཡིན་ན་ཡོད་དགོས་པ་བཟུང་བའི་དགག་རྟགས་ལ་ཆོས་ཅན་མེད་ན་ཕྱོགས་ཆོས་དང་ཕྱོགས་གཉིས་ཀ་མ་གྲུབ་པས་ཁྱབ་པའི་ཕྱིར། དེས་ན་དེ་སྒྲུབ་ཀྱི་ཆོས་ཅན་མ་གྲུབ་ཀྱང་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་དང་དགག་རྟགས་ཡང་དག་དུ་མ་ཡོད་དེ། དེ་སྒྲུབ་ཀྱི་ཆོས་དང་རྟགས་གཉིས་ཀར་ཁོ་ཡིན་ན་ཡོད་མི་དགོས་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་དང་དགག་བྱ་བཅད་ཙམ་བཟུང་བའི་རྟགས་ཡང་དག་དུ་མ་ཡོད་པའི་ཕྱིར། ཤིན་ཏུ་སྤྲོས་པས་ཆོག་གོ །དེས་ན་རི་བོང་རྭས་སྐྱེས་བུའི་སྦོ་ཕུག་པ་མ་ཡིན་པའི་དགག་རྟགས་གཅིག་མ་རྙེད་པ་དག་གི་བློ་ངོར་ཤེས་བྱ་ཇི་སྙེད་ཙམ་ཡོད་ནའང་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དོན་དཔྱོད་པར་ཅི་ཡང་མི་ཕན་པའི་མཐའ་མ་ཆོད་པའི་རྡོལ་གཏམ་མང་པོ་མ་སྨྲ་བར་རྗེ་ཡབ་སྲས་ལྔ་སོགས་མཁས་མང་གི་ལེགས་བཤད་ལ་ལྟོས་ཤིག །

                     ཡང་ཁོ་ན་རེ། རྟོག་ཡུལ་ན་ཡོད་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ལ་གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་འགལ་ཁྱབ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་བཟུང་བ་ཡོད་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། རྟགས་གྲུབ་ཅིང་ཁྱབ་སྟེ། རང་ཉིད་ཀྱི་རྩོད་གཞིར་ཡོད་མེད་གང་རུང་ཞིག་བཀོད་པའི་སྦྱོར་ངག་དང་ཐལ་འགྱུར་གང་རུང་ཡིན་ན། རང་ཉིད་ཀྱི་རྩོད་གཞི་ཡོད་པའི་སྦྱོར་ངག་དང་ཐལ་འགྱུར་གང་རུང་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྟགས་བཀོད་པ་དང་ཚུལ་སྒྲུབ་ནས་སྒྲུབ་ངག་སྟོན་ཚུལ་ལས་གཞན་དུ་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་འགོད་ཚུལ་མེད་པའི་ཕྱིར། ཇི་སྐད་དུ་རྣམ་ངེས་དར་ཊཱིཀ་ལས། རྟགས་ཡང་དག་ཡིན་ན་ཤེས་འདོད་ཆོས་ཅན་གཞི་གྲུབ་པས་ཁྱབ་པ་དགོས་ཀྱི། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན་གཞི་གྲུབ་མི་དགོས་པའི་ཕྱིར་དང་ཞེས་གསུངས་པའི་ཕྱིར། འདི་ལེགས་བཤད་ཡིན་མོད་དེ་མ་གོ་བར་རྨོངས་ཡུས་ཀྱིས་གྲྭ་ཆུང་བས་ཀྱང་བཀག་ཀྱང་གྲགས་སེང་མཆོག་ལྷ་བསོད་གྲགས་སོགས་མི་བཞེད་པ་ལེགས་སོ། །དེ་དག་གིས་རགས་དཔྱད་ཙམ་གྲུབ་ནས་ཞིབ་དཔྱོད་ཕྱོགས་གླང་གི་དགོངས་པ་བཤད་ཚུལ་འཕགས་ཡུལ་ནའང་དུ་མ་ཡོད་དེ། ཕྱོགས་གླང་གིས། སྦྱོར་བ་བཀོད་ཚུལ། འདི་ཉིད་ལས། ཐོག་མེད་བག་ཆགས་ལས་བྱུང་བའི། །སོགས་ཀྱི་མཚམས་སྦྱར་བའི་རང་འགྲེལ་ལས། ཇི་སྟེ་གང་འདི་གཙོ་བོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་པ་འདིའི་དོན་ལ་བཤད་ཚུལ་ཤིན་ཏུ་མང་བའི་ཕྱིར། འདི་ལ་ཁོ་ན་རེ། གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པར་ཐལ། རྣམ་འགྱུར་སྣ་ཚོགས་ཀྱི་ཉེར་ལེན་དུ་ཚད་མས་མ་དམིགས་པའི་རྟགས་ཀྱི་གཙོ་བོ་རང་མཚན་དེ་རྣམ་འགྱུར་སྣ་ཚོགས་ཀྱི་ཉེར་ལེན་དུ་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། ཕྱོགས་གླང་གི་སྦྱོར་བ་དེའི་ཤེས་འདོད་ཆོས་ཅན་ལ་གཙོ་བོ་རང་མཚན་དེ་མི་འཇོག་པའི་ཕྱིར། དེར་ཐལ། ཕྱོགས་གླང་གི་སྦྱོར་བའི་ཤེས་འདོད་ཆོས་ཅན་ལ་གཙོ་བོའི་སྒྲ་དོན་ཁོ་ན་འཇོག་དགོས་པའི་ཕྱིར། དེར་ཐལ། འདི་ཉིད་ལས། སྒྲ་དོན་ཆོོས་ནི་རྣམ་པ་གསུམ། །ཞེས་དང༌། རང་འགྲེལ་ལས། དེ་བས་ན་ཆོས་ཅན་འདི་ལ་བརྟེན་ནས་ཅི་གཙོ་བོའི་སྒྲ་ལས་སྣང་བའི་དོན་འདི་ནི་ཞེས་དང༌། དེའི་འགྲེལ་བཤད་ལས་ཤཱཀྱས། གཙོ་བོ་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བ་དེ་ཉིད་ནི་ཆོས་ཅན་ཡིན་ལ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་འགྲེལ་དང་འགྲེལ་བཤད་ཀྱི་དངོས་ཟིན་ལ་དེ་ལྟར་བཤད། དེ་ཁོ་ནར་མ་ངེས་པའི་ཕྱིར། དེར་ཐལ། ཕྱོགས་གླང་གི་སྦྱོར་བའི་དངོས་ཟིན་ལྟར་ན་གཙོ་བོ་རང་མཚན་ཆོས་ཅན་དུ་བྱས་ནས་རང་མཚན་དུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རང་མཚན་དུ་མེད་པར་སྒྲུབ་པར་བྱས་ཆོག་པས་གཅིག་ཁོ་ནར་བཤད་མི་དགོས་པའི་ཕྱིར། རྣམ་བཤད་ལས། སློབ་དཔོན་ཕྱོགས་གླང་གི་སྦྱོར་བ་འདིའི་དངོས་ཟིན་ལྟར་ན་གཙོ་བོ་རང་མཚན་ཉིད་ཆོས་ཅན་དུ་བཟུང་ནས་དེ་ཡོད་པ་ལ་དགག་པ་བྱེད་པ་ལྟར་མངོན་ལ། ནས། འགོག་པ་ལྟར་སྣང་ཞེས་གསུངས་པའི་ཕྱིར། གཞན་ཡང༌། གཙོ་བོ་རང་ཉིད་རྩོད་གཞིར་མི་འཛིན་པར་གཙོར་སྣང་གི་དོན་སྤྱི་ཁོ་ན་ཆོས་ཅན་དང་ཤཱཀྱའི་འགྲེལ་པའི་དངོས་ཟིན་ལྟར་གཙོར་སྣང་གི་དངོས་པོའི་ཉེར་ལེན་དུ་མེད་ཙམ་ཁོ་ནར་སྒྲུབ་དགོས་པ་མི་འཐད་པར་ཐལ། དེས་བློ་ལ་གཙོ་བོས་གཞན་སྐྱེད་པ་ཁེགས་ཀྱང་གཞན་གྱིས་ཀུན་བཏགས་པའི་གཙོ་བོ་རང་ཉིད་མི་ཁེགས་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་སྟེ། གཙོ་བོར་སྣང་བས་གཞན་སྐྱེད་པ་དང་གཙོ་བོ་རང་ཉིད་མེད་པའི་རྣམ་པ་མི་འདྲ་བའི་གཞན་ཡིན་པའི་ཕྱིར། དེས་ན་གཙོ་བོ་ཆོས་ཅན་དུ་བཟུང་ནས་རང་མཚན་དུ་མེད་པར་སྒྲུབ་པ་ཕྱོགས་གླང་ཆོས་གྲགས་གཉིས་ཀའི་དགོངས་པ་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། དེ་ལྟ་མིན་ན་དེ་ལས་ཕྱི་རོལ་དང་གཙོ་བོ་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་མི་འགྲུབ་བོ་ནས། བློ་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པ་བསྐྱེད་པར་བྱ་བ་ཉིད་དགག་པ་བསྒྲུབས་སུ་ཟིན་ཀྱང་གཞན་གྱིས་ཀུན་བཏགས་པ་གཙོ་བོ་ལ་སོགས་པའི་རང་གི་ངོ་བོ་དགག་པ་ནི་མི་འགྲུབ་པ་ཁོ་ན་སྟེ། དེའི་རྣམ་པ་ནི་གཞན་ཡིན་པའི་ཕྱིར་རོ་ཞེས་རྒྱས་པར་བཤད་པའི་ཕྱིར། ཇི་སྐད་དུ་རྣམ་བཤད་ལས། འདི་དག་གི་དགོངས་པ་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་ཞེས་པ་ནས། བཞེད་དོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སློབ་དཔོན་ཆོས་གྲགས་དང་ཕྱོགས་གླང་གིས་བཤད་ཚུལ་འགལ་བར་ཐལ། ཆོས་གྲགས་ཀྱིས་སྐབས་འདིར་གཙོ་བོའི་སྒྲ་དོན་ངོས་བཟུང་བ་དེ་སྒྲུབ་ཀྱི་ཆོས་ཅན་དུ་བཟུང་བའི་ཆེད་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། དེའི་སྒྲ་དོན་ངོས་བཟུང་བའི་རྒྱུ་མཚན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། གཙོ་བོ་རང་མཚན་མེད་ཀྱང་གཙོ་བོའི་སྒྲ་སྦྱོར་མི་རུང་བའི་སྐྱོན་མེད་ཅེས་བཤད་པ་ཡིན་པའི་ཕྱིར། དེར་ཐལ། ཕ་རོལ་གྱི་རྩོད་པའི་བསམ་པ་གཙོ་བོའི་སྒྲ་གཙོ་བོ་ལ་དངོས་དབང་གིས་འཇུག་པས་གཙོ་བོ་རང་མཚན་དུ་མ་གྲུབ་ན་དེའི་སྒྲ་འཇུག་པ་མི་འཐད་སྙམ་ནས་རྩོད་པ་བཀོད་པའི་ཕྱིར། རང་འགྲེལ་ལས། དེའི་དོན་འགོག་པ་ན་རྗོད་པར་བྱེད་པ་ཅན་གྱི་ཚིག་མི་སྦྱོར་བའི་ཕྱིར། ཞེས་དང༌། ཤཱཀྱས། དོན་འགོག་པ་ཡོད་ན་རྗོད་པར་བྱེད་པ་གཙོ་བོ་ལ་སོགས་པའི་ཆོས་ཅན་གྱི་ཚིག་མི་སྦྱོར་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་པར་ཐལ། དེ་ལྟར་བརྩད་པའི་ལན་དུའང་གཙོ་བོའི་སྒྲ་དོན་ཡོད་པ་གཙོ་བོར་བཤད་ཅིང་ཆོས་ཅན་ཡིན་པ་ཞར་བྱུང་དུ་བཤད་པའི་ཕྱིར། དེར་ཐལ། སྤྱིར་ཡང་སྒྲ་དོན་ལ་དངོས་པོ་རང་མཚན་པ་དང་དངོས་མེད་དང༌། ཡོད་མེད་གཉིས་ཀའི་ཆ་ལ་བརྟེན་པ་དང་གསུམ་ཡོད་པས་དེའི་སྒྲ་དོན་རང་མཚན་ཡོད་མི་དགོས་ཞེས་བཤད་པའི་ཕྱིར། དེར་ཐལ། རྟོག་པ་ལ་གཙོ་བོར་སྣང་བ་དེ་མེད་པ་མ་ཡིན་པས་གཙོ་བོ་ཞེས་སྒྲ་སྦྱོར་བ་གང་ཞིག །རྟོག་པ་ལ་སྣང་བའི་ཡུལ་རང་མཚན་མི་འོང་བས་དམ་བཅའ་དང་མི་འགལ་བའི་ཕྱིར། དང་པོ་གྲུབ་སྟེ། འདི་ཉིད་ལས། དེ་ཉིད་ནི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཞེས་གསུངས། དེའི་འགྲེལ་པར་ཤཱཀྱས། རྣམ་པར་རྟོག་པས་ཡོངས་སུ་བསྒྲུབ་པ་དེ་ཉིད་ཀྱི་ཆོས་ཅན་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཅོ་བོ་ལ་སོགས་པའི་སྒྲ་སྦྱོར་བའི་ཕྱིར་ཞེས་སོ། །གཉིས་པ་གྲུབ་སྟེ། རང་འགྲེལ་ལས། ཇི་ལྟར་སྒྲ་དེ་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མིན་པ་དེ་ལྟར་བསྟན་ནོ་ཞེས་གསུངས་པའི་ཕྱིར། དེས་ན་རྣམ་བཤད་ལས། སྒྲ་དོན་ཆོས་ཅན་དུ་བཟུང་བའི་ཁོ་ནར་སྒྲ་དོན་ངོས་བཟུང་བ་མ་ཡིན་གྱི་གཙོ་བོ་རང་མཚན་མེད་ཀྱང་སོགས་སོ། །འདི་དག་ཕན་ཚུན་གྱི་བརྩད་ཚུལ་རྒྱས་པར་བཤད་མོད་ཡི་གེ་མང་དོགས་སོ། །འདི་ཉིད་ལས། ཁྱད་པར་རྣམ་པར་དཔྱོད་པ་ཡི། །ཞེས་སོགས་ལ་ཁ་ཅིག་ན་རེ། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་མ་ཤེས་པའི་སྔར་མཉན་བྱ་སྐད་ཅིག་མ་ཐ་མ་ལ་མི་རྟག་པས་ཁྱབ་པ་མངོན་སུམ་གྱིས་ངེས། དེ་རྗེས་མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས། དེ་རྗེས་སྒྲ་མི་རྟག་པར་ངེས་པའི་ཚུར་མཐོང་དེས་སྒྲ་སྐད་ཅིག་ཐ་མ་མི་རྟག་པར་མངོན་སུམ་དུ་རྟོགས་པར་ཐལ་ལོ། །དེས་སྒྲ་སྐད་ཅིག་ཐ་མ་མི་རྟག་པར་གསར་དུ་རྟོགས་དེའི་རྒྱུད་ཀྱི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་མི་སྲིད་པའི་ཕྱིར་ན། རྟགས་ཟུར་གཉིས་པ་ཡང་མ་གྲུབ་ལ། འདོད་པ་ཡང་ཡིན་ཏེ། རིམ་པ་དེ་ལྟར་ངེས་པའི་གང་ཟག་ལ་སྔོན་ལ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་བསྒྲུབས་ནས་དེ་ལྟར་ཁྱབ་པ་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་སྒྲུབ་དགོས་ཤིག་སྲིད་པ་གང་ཞིག །ཕྱོགས་ཆོས་དང་མིང་དོན་གྱི་འབྲེལ་བ་ངེས་པ་ན་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཀྱང་སྲིད། དེའི་རྒྱུད་ཀྱི་སྒྲ་སྐད་ཅིག་ཐ་མ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཡང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འདི་ཉིད་ལས། སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པའི་ལུང་དོན་ཡོད་པའི་ཕྱིར། རྟགས་ཟུར་གཉིས་པ་གྲུབ་སྟེ། སྔར་རྣམ་ངེས་དར་ཊིཀ་དང་འཐད་ལྡན་དང་ཤནྟི་བ་སོགས་ཀྱི་དགོངས་པ་བཤད་པ་ལྟར་གྲུབ་པའི་ཕྱིར་དང༌། གང་ཟག་དེས་རིམ་པ་དེ་ལྟར་བྱས་ནས་སྒྲ་མི་རྟག་པར་ངེས་པའི་བློ་རྗེས་དཔག་མ་ཡིན་ཀྱང་དེ་འདྲའི་རྗེས་དཔག་སྲིད་པ་མི་འགལ་བའི་ཕྱིར་ན། རྣམ་བཤད་ལས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མ་ཡིན་ནོ། །ཞེས་གསུངས་པ་དང་ཡང་མི་འགལ་བའི་ཕྱིར། དེར་ཐལ། འདི་སྤྱིར་བཏང་དབང་དུ་བྱས་ཀྱི་གཞན་དུ་ན་སྔར་ཁྱབ་པ་དང༌། མིང་དོན་གྱི་འབྲེལ་བ་ལ་བརྟེན་ནས་སྒྲ་མཉན་བྱ་ཡིན་པའི་ཕྱོགས་ཆོས་ཀྱིས་རྗེས་དཔག་སྐྱེད་པ་ཡོད་པའི་ཕྱིར། དེར་ཐལ། གནག་རྫིས་སྔར་མེ་དུའི་འབྲེལ་བ་ངེས་ཤིང་ཕྱིས་ལ་རྒྱབ་ན་དུ་བ་མཐོང་བའི་གློ་བུར་བའི་རྟགས་སམ་ཕྱོགས་ཆོས་འཇལ་བའི་ཚད་མས་དྲངས་པའི་མེ་ཡོད་པར་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར་དང༌། རྗེས་དཔག་ཐམས་ཅད་སྒྲུབ་ངག་ལ་བརྟེན་མི་དགོས་པར་འདིར་ཡང་འདོད་དགོས་པའི་ཕྱིར། དེར་ཐལ། འདི་ཉིད་ལས། ད་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་རྟོགས་མི་འགྱུར། །ཞེས་པའི་དོན་ཡོད་པའི་ཕྱིར། རྣམ་བཤད་ལས་ཀྱང༌། སྔར་མཉན་བྱ་ལ་ནས། ཚད་མ་གཉིས་ཀྱི་བྱེད་པ་ལས་རྟོགས་པ་ཡིན་ནོ། །ཞེས་གསུངས་པ་ཡང་ཞིབ་ཆ་དེ་ལྟར་མེད་ན་གོང་འོག་དངོས་འགལ་འབྱུང་བའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། དེས་སྔར་མཉན་བྱ་སྐད་ཅིག་ཐ་མ་ལ་མི་རྟག་པས་ཁྱབ་པ་རྟོགས་པའི་མངོན་སུམ་དང་ཕྱིས་ཀྱི་མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པས་སྒྲ་སྐད་ཅིག་ཐ་མ་མི་རྟག་པར་མངོན་སུམ་དུ་རྟོགས་པ་ཡང་ཡོད་པའི་ཕྱིར། རྣམ་བཤད་ལས། ཚད་མ་གཉིས་ཀྱི་བྱེད་པ་ལས་རྟོགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁོ་ན་རེ། འོ་ན་དེ་འདྲའི་ཚུར་མཐོང་དེས་སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པར་ཐལ། དེས་སྒྲ་སྐད་ཅིག་ཐ་མ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་འདིར་མ་ཁྱབ་ཟེར་ཞིང༌། ཡང་སྒྲ་དང་སྒྲ་མི་རྟག་པ་གྲུབ་བདེ་རྫས་གཅིག་ཟེར་བ་དངོས་འགལ་ཡིན་ནོ། །རྩ་བར་འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་ཚུར་མཐོང་གིས་མངོན་སུམ་དུ་མ་རྟོགས་པར་ཐལ། སོ་སྐྱེའི་མངོན་སུམ་དུ་རྟོགས་པའི་སྒྲ་སྐད་ཅིག་ཐ་མའི་མི་རྟག་པ་ལས་ཁྱོད་ཕྲ་བའི་མི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། དེར་ཐལ། ཁྱོད་སྐད་ཅིག་ཐ་མ་མི་རྟག་པར་སོ་སྐྱེའི་མངོན་སུམ་གྱིས་མཐོང་ལ་མཐོང་བ་ལྟར་ངེས་པ་གང་ཞིག །ཁྱོད་མི་རྟག་པ་སོ་སྐྱེའི་མངོན་སུམ་དུ་མཐོང་ཡང་མཐོང་བ་བཞིན་ངེས་མི་ཐུབ་པའི་ཕྱིར། དང་པོ་དེར་ཐལ། སྒྲ་སྐད་ཅིག་ཐ་མ་དེ་གཞན་དང་མཚམས་མི་སྦྱོར་བ་ཚུར་མཐོང་གི་ཉན་ཤེས་ཀྱིས་མཐོང་ལ་དེ་འཇིག་པར་ཡང་ཡོངས་སུ་གཅོད་པའི་ཕྱིར། དཔེར་ན་མར་མེ་སྐད་ཅིག་ཐ་མ་བཞིན། འདི་ཉིད་གསུམ་པ་ལས། སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །ཞེས་དང༌། འདི་ལྟར་རྟག་མེད་བྱིས་པར་གྱི། །སྐྱེ་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱི། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། །ཅེས་གསུངས་པའི་ཕྱིར། མཁས་གྲུབ་ཊིཀ་ཆེན་ལས་ཀྱང༌། སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །ཞེས་དངོས་པོ་དེ་མངོན་སུམ་གྱིས་གྲུབ་པ་ན་དེའི་མི་རྟག་པ་ཡང་མངོན་སུམ་གྱིས་གྲུབ་པར་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ནི་འདི་ལྟར་རྟགས་ལ་ལྟོས་པ་མེད་ཀྱང་མཁས་པ་ནས་བྱིས་པའི་བར་གྱི་སྐྱེ་བོས་རིགས་འདྲ་ཕྱིས་འབྱུང་བ་དང་ནི་འབྲེལ་བ་མེད་པའི་མར་མེ་སོགས་ཀྱི་འཇིག་པ་མངོན་སུམ་གྱིས་མཐོང་བ་ཡོངས་སུ་གཅོད་ཅིང་ངེས་པར་བྱེད་ནུས་པ་ཉིད་ཡིན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མར་མེ་དང་སྒྲ་དག་སྐྱེས་ཙམ་ནས་སྐད་ཅིག་སྔ་ཕྱི་སོ་སོར་འཇིག་པ་མ་ངེས་ལ་རིགས་འདྲ་མཚམས་མི་སྦྱོར་བ་ངེས་པའི་ཁྱད་པར་འཐད་པའི་ཕྱིར། ལྷ་དབང་བློའི་དཀའ་འགྲེལ་ལས། བྱིས་པའི་བར་ལ་ནི་བྱིས་པའི་མཐར་ཐུག་པ་ལ་ཡང་ངོ༌། །སྐྱེ་བོའི་མཐོང་བ་སྟེ་མཐོང་བའི་སྒོ་ནས་ཡོངས་གཅོད་བྱེད་དེ་ངེས་པར་གཅོད་པར་བྱེད་དོ། །ཞེས་པ་ནས། འདྲ་བའི་སྐད་ཅིག་མ་གཞན་དང་མཚམས་སྦྱོར་བ་མེད་པའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །དེས་ན་སྔར་འདྲ་བ་གཞན་འབྱུང་བས་མ་ངེས་པ་ཡིན་ནོ། །ཞེས་རྟོགས་པར་བྱའོ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། སྒྲ་སྐད་ཅིག་སྔ་ཕྱི་སོ་སོར་འཇིག་པ་མཐོང་ཡང་མཐོང་བ་ལྟར་སྐྱེས་ཙམ་ནས་འཇིག་པར་མི་རྟོགས་པའི་ཕྱིར། དེར་ཐལ། དེ་ལྟར་རིགས་འདྲའི་རྒྱུན་ལ་འཁྲུལ་ནས་སྐྱེས་ཙམ་ནས་འཇིག་པར་མི་རྟོགས་པས་སྐྱེས་ཙམ་ནས་འཇིག་པ་རྟགས་ཀྱིས་དེ་ལ་སྒྲུབ་དགོས་པ་གང་ཞིག །དེའི་རྒྱུ་མཚན་གྱིས་སོ་སྐྱེའི་མངོན་སུམ་གྱིས་མི་རྟག་པར་རྟོགས་པ་དང་རྟགས་ཀྱིས་དཔག་བྱའི་མི་རྟག་པ་གཉིས་ལ་ཕྲ་རགས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གསུམ་པ་ལས། དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་ཡིན། །འདྲ་བ་གཞན་ནི་ཡོད་པའི་ཕྱིར། །ལ་ལར་ཡོངས་སུ་མི་ཤེས་ཏེ། །འཁྲུལ་ཕྱིར་སྒོང་གི་ཐ་དད་བཞིན། །ཞེས་དང༌། ལྷའི་དཀའ་འགྲེལ་ལས། རྒྱུད་རྒྱུན་མི་འཆད་པའི་དུས་ན། ཞེས་པ་ནས། མི་རྟག་པ་བཟུང་དུ་ཟིན་ཀྱང་མ་ངེས་པ་ཡིན་ནོ། །ཞེས་དང༌། མཁས་གྲུབ་ཊཱིཀ་ཆེན་ལས། འགའ་ཞིག་གིས་ཁ་དོག་མཐོང་བ་ན་མངོན་སུམ་གྱིས་དེའི་མི་རྟག་པའང་མཐོང་ཡང་མཐོང་བ་ལྟར་མ་ངེས་པས་ཁ་དོག་གི་མི་རྟག་པ་དེ་མ་གྲུབ་ན་ཁ་དོག་དེ་མི་རྟག་པ་དེ་ལྟར་དུ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། རྗེས་དཔག་འཇུག་པ་ཡིན་པས་རྗེས་དཔག་དོན་མེད་དུ་མི་འགྱུར་རོ་ཞེས་སོགས་གསུངས་པའི་ཕྱིར། འདིས་གྲུབ་བདེ་རྫས་གཅིག་ལའང་ཞིབ་ཆ་གྱིས་ཤིག །རྟགས་གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཕྲ་བའི་མི་རྟག་པ་རྟགས་ལས་རྟོགས་ཀྱང་རགས་པའི་མི་རྟག་པ་མངོན་སུམ་གྱིས་གྲུབ་པ་མི་འགལ་ལོ། །ཞེས་གསུངས་པ་ལེགས་བཤད་ཡིན་པས་མ་དོར་ཞིག །

                  གཞན་ཡང༌། སྒྲ་སྐད་ཅིག་ཐ་མའི་མི་རྟག་པ་མངོན་སུམ་དུ་རྟོགས་པས་སྒྲ་མི་རྟག་པ་མངོན་སུམ་དུ་རྟོགས་པས་མ་ཁྱབ་པར་ཐལ། དེ་སྐད་ཅིག་ཐ་མའི་མི་རྟག་པ་མངོན་སུམ་དུ་རྟོགས་ཀྱང་དེ་མི་རྟག་པ་མ་རྟོགས་པར་སྒྲུབ་དགོས་ཀྱི་ཕྱི་རྒོལ་ཡོད་པའི་ཕྱིར། བྲམ་ཟེས་ཀྱང༌། མི་རྟག་པ་ལ་ཡང་མ་ཡིན་ཏེ། མངོན་སུམ་གྱིས་མི་རྟོགས་པའི་ཕྱིར། ཞེས་དང༌། གསུམ་པ་ལས། དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲ་ཆོས་ཅན། ཁྱོད་མི་རྟག་པ་ཕྲ་བའི་མི་རྟག་པ་མ་ཡིན་པར་ཐལ། ཁྱོད་ཚུར་མཐོང་གི་དབང་མངོན་གྱི་བཟུང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ་པ་ཆེན་པོ་ཡིན་ཏེ། འོ་ན་མི་རྟག་པ་ཕྲ་རགས་ཁྱད་གཞི་ཕྲ་རགས་སྒོ་ནས་འཇོག་པར་ཐལ། སྒྲ་མི་རྟག་པ་རགས་པའི་མི་རྟག་པ་ཡིན་པའི་རྒྱུ་མཚན་དེའི་ཕྱིར། འདོད་མི་ནུས་ཏེ། ཕུང་པོ་ལྔའི་སྟེང་གི་མི་རྟག་པ་ཕྲ་རགས་གཉིས་གཉིས་ཡོད་པའི་ཕྱིར། དེ་ཙམ་ཕྱུགས་ཀྱིས་ཀྱང་ཤེས་སོ། །

                                                                                                           རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                                དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།