ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་ལྡོག་ཁྱབ་ལ་གཞན་སྡེའི་རྩོད་ཚུལ་འཆད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-10 21:09:32     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90642434459277989.jpg

 

                   གཉིས་པ་ལྡོག་ཁྱབ་ལ་གཞན་སྡེའི་རྩོད་ཚུལ་འཆད་པར། དེ་ཉིད་ལས། གཞན་དག་མེད་པ་ལ་མེད་པ་ཉིད་མི་འགྲུབ་སྟེ། མེད་པ་ལ་གཞི་ལ་སོགས་པ་མི་འཐད་པའི་ཕྱིར་ཞེའོ། །ཞེས་བྱུང༌། འདིའི་ཕྱོགས་གླང་ལ་སྨོད་མཁན་ནི་རྐང་མིག་གི་རྗེས་འབྲང་འོད་བྱེད་པ་ཞེས་པ་རྐང་མིག་གི་མདོ་ལ་འགྲེལ་པ་བྱེད་མཁན་དཔལ་ལྡན་ཆོས་གྲགས་དང་དུས་མཉམ་པ་དེ་ཡིན་གྱི་རྐང་མིག་ནི་མ་ཡིན་ཏེ། དེ་སློབ་དཔོན་འཕགས་པས་ཀྱང་ཕྱོགས་སྔར་བླངས་པའི་ཕྱིར། དེས་ན་ཛྙཱ་ན་ཤྲིས་རྣམ་ངེས་འགྲེལ་བཤད་ལས། གཞན་དག་ན་རེ། ཞེས་བྱ་བ་ནི་གསལ་བྱེད་པ་སྟེ། ཐུབ་པ་རྐང་མིག་གི་མདོའི་རྣམ་འགྲེལ་བྱེད་པ་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་དང་དུས་མཉམ་པར་བྱུང་བའོ། །ཞེས་གསུངས་པའི་ཕྱིར། འཐད་ལྡན་ལས་འདི་མ་བཤད་ཀྱང༌། འདི་ལྟར་ཤིན་ཏུ་འཐད་པས་ཆ་པ་སོགས་ཀྱིས་རྐང་མིག་ལ་བཤད་པ་ནོར་བར་མངོན། དེ་དགག་པ་ལ་དེ་ལྟར་འདོད་ཅིང་ཕྱོགས་གླང་ལ་སྡང་བ་ཕྱུགས་ལས་ཕྱུགས་ལྟ་བུ་ཡིན་ཚུལ་འཆད་པར། དེ་ཉིད་ལས། རེ་ཞིག་ཕྱུགས་དག་ཀྱང་ནས། མི་ཤེས་པ་གཞན་ཅི་ཡོད། ཅེས་བྱུང༌། འོད་བྱེད་པ་བླུན་པོ་ཆོས་ཅན། ཕྱུགས་ལས་ཕྱུགས་ཡིན་པར་ཐལ། དངོས་མེད་ལ་དངོས་པོ་མེད་པའི་ཐ་སྙད་ཀྱི་ཚིག་དང་རྣམ་རྟོག་འཇུག་བཞིན་དུ། དངོས་མེད་ལ་དངོས་མེད་ཀྱི་ཐ་སྙད་མི་འཐད་ཅེས་གཞན་ལ་དགག་པ་བྱེད་པའི་ཕྱིར། ཁྱབ་སྟེ། ཚིག་གཅིག་པུ་དེས་རང་ཉིད་དངོས་འགལ་བྱས་ཚར་བའི་ཕྱིར་དང༌། ཚིག་གཅིག་པོ་དེས་རང་ཉིད་སུན་འབྱིན་དང་དམ་བཅའ་གཉིས་ཀ་བྱས་པའི་ཕྱིར། དེ་ཉིད་ལས་འདི་ལྡོག་པའི་དོན་སྟོན་པར་བྱེད་པའི་ཚིག་དེ་ཉིད་ཀྱིས་མེད་པ་ལ་ཐ་སྙད་མི་འཐད་པར་སྟོན་ཅིང་ཞེས་སོགས་ཀྱི་དངོས་འགལ་ཡང་ཡང་བསྟན་ནས་རྒྱས་པར་བཀག་གོ །རྣམ་ངེས་ཊིཀ་ཆེན་ལས། ཉེས་པ་འདི་དག་ནི། ཞེས་སོགས་ལྟར་རང་མཚན་སྒྲས་བརྗོད་དུ་མེད་པ་དང༌། དེ་ཐ་སྙད་ཀྱི་གཞིར་མེད་པར་འདོད་པ་སོགས་དངོས་འགལ་གྱི་ཕུང་པོ་དང་རིགས་པའི་ལམ་ལས་འདས་པ་ཡིན་ནོ། །འདི་དག་རྣམ་འགྲེལ་གྱི་གཏན་ཚིགས་ལྟར་སྣང་ལ་འཕྲོས་ཤིང་རྣམ་ངེས་སུ་རྟགས་ཡང་དག་གི་ལྡོག་ཁྱབ་ལ་འཕྲོས་ཀྱང་གཉིས་ཀར་འབྲེལ་བས་མི་འགལ་ལ། རྣམ་འགྲེལ་གྱི་གཞན་དོན་སྐབས་སུ་བཤད་ཅིང་རྣམ་ངེས་ཀྱི་རང་དོན་སྐབས་སུ་བཤད་པ་ཡང་གཉིས་ཀར་འབྲེལ་བ་ཡིན་ཏེ། རང་གི་ངེས་པ་བཞིན་དུ་གཞན་ལའང་བཤད་དགོས་པའི་ཕྱིར། ཚད་མ་མདོར། རང་གིས་རྟོགས་པ་བཞིན་གཞན་ལ། །ངེས་པ་སྐྱེད་པར་འདོད་པ་ཡིས། །ཞེས་དང༌། སློབ་དཔོན་འཕགས་པས་བྱང་ཆུབ་སེམས་འགྲེལ་ལས། རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་སྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་བ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པའི་ཕྱིར།

           གཉིས་པ་མིང་གི་རྣམ་གྲངས་དང་སྒྲ་བཤད་ནི། ཤེས་བྱ་ཆོས་ཅན། གཏན་ཚིགས་ཀྱི་མིང་གི་རྣམ་གྲངས་ཡོད་དེ་ཕྱོགས་ཆོས་ཀྱི་ཚུལ་དང་ཕྱོགས་ཀྱི་ཆོས་དང་གཏན་ཚིགས་དང་རྟགས་དང་རྒྱུ་མཚན་དང་ཤེས་བྱེད་ཀྱི་རྒྱུ་དང་ཁྱབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་བྱེད་ཀྱི་ཆོས་དང་དཔག་བྱེད་དང་དཔག་བྱེད་ཀྱི་ཆོས་རྣམས་ཡིན་པའི་ཕྱིར། པཎ་ཆེན་ཐར་འབྱུང་སྦས་པའི་རྟོག་གེ་སྐད་ལས། སྒྲུབ་པར་བྱེད་པ་དང་ཤེས་པར་བྱེད་པ་དང་གཏན་ཚིགས་དང་ཁྱབ་པར་བྱ་བ་ཞེས་པ་རྟགས་ཀྱི་མིང་གཞན་རྣམས་སོ། །ཞེས་དང༌། ཤཱཀྱས། ཁྱབ་པར་བྱ་བ་གཏན་ཚིགས་དེ་ལ་ཞེས་དང༌། བྲམ་ཟེས་ཀྱང༌། གཏན་ཚིགས་གོ་བར་བྱེད་པ་ཡིན་ནོ། །ཞེས་དང༌། ཕྱོགས་གླང་གིས་ཤེས་བྱེད་སྐབས་ཀྱི་དབང་བྱས་ཕྱིར། ཞེས་པའི་རང་འགྲེལ་ལས། གཏན་ཚིགས་ནི་ཤེས་པར་བྱེད་པའི་དབང་དུ་བྱས་པའི་ཕྱིར། ཞེས་དང༌། རྟོགས་པར་བྱེད་པའི་རྒྱུ་ཡིན་གྱི་ཞེས་སོགས་དུ་མས་གྲུབ་བོ། །སྒྲ་བཤད་གཞན་རྣམས་གོ་སླ། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་བྱེད་སྒོ་ནས་མཚོན་པར་བྱེད་པས་ན་རྟགས་ཞེས་བརྗོད་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། མཚོན་པར་བྱེད་ཅིང་འདིས་དོན་སྟོན་པར་བྱེད་པས་རྟགས་སོ། །ཞེས་དང༌། དུལ་ལྷས། འདིས་མཚོན་པར་བྱེད་པས་ན་རྟགས་སོ། །ཞེས་གསུངས་པའི་ཕྱིར། རྗེས་ཁྱབ་དང་རྗེས་འགྲོའི་ཁྱབ་པ་དང་རྗེས་འགྲོའི་ཚུལ་དང་རྗེས་འགྲོའི་ཁྱབ་ཚུལ་རྣམས་རྣམ་གྲངས། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་རྗེས་ཁྱབ་ཀྱི་ཚུལ་ཞེས་བརྗོད་པའི་རྒྱུན་མཚན་ཡོད་དེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་མི་རྟག་པ་དང་འབྲེལ་བས་ཁྱོད་དེ་ཡོད་པའི་རྗེས་སུ་འགྲོ་ཞིང་དེས་ཁྱབ་པར་བྱ་བ་ཡིན་པས་ན་རྗེས་ཁྱབ་དང་ཁྱབ་བྱ་དེའི་རང་བཞིན་ཡིན་པས་ན་ཚུལ་ཞེས་བརྗོད་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་ཚུལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་དེ་སྒྲུབ་ཀྱི་ཆོས་མི་རྟག་པ་མེད་ན་ཁྱོད་ཀྱང་ལྡོག་དགོས་ཤིང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ལྡོག་པའི་ཆོས་མི་རྟག་པའི་ཁྱབ་བྱ་ཡིན་པས་ན་ལྡོག་ཁྱབ་དང༌། ཁྱབ་བྱ་དེའི་རང་བཞིན་ཡིན་པས་སམ་ཁྱབ་བྱ་དེས་བསྒྲུབ་བྱའི་སྒྲོ་འདོགས་ལ་གནོད་པས་ན་ཚུལ་ཞེས་བརྗོད་པའི་ཕྱིར། འདིར་གཞན་རྣམས་སྔར་ཁྱབ་སྒྲུབ་ཀྱིས་བཤད་ཟིན་ཅིང་ཚུལ་གྱི་སྐད་དོད་དུ་མ་ཡོད་པས་ཚུལ་གསུམ་གྱི་རྟགས་ཞེས་པའི་ཚུལ་གྱི་སྐད་དོད་རཱུ་བ་ཡིན་ཏེ། བྱེ་བྲག་རྟོགས་བྱེད་ལས་ཏྲི་རཱུ་བ་ལིངྒ་ཚུལ་གསུམ་པའི་རྟགས་ཞེས་བཤད་པའི་ཕྱིར། ཡང་ན། སློབ་དཔོན་དབྱིག་གཉེན་གྱིས་རྟེན་འབྲེལ་མདོ་འགྲེལ་ལས། གཟུགས་ཞེས་བྱ་བ་ནི་གནོད་པར་གྱུར་པ་ཞེས་བྱའོ། །ཞེས་དང༌། གཞན་དག་གཟུགས་ཞེས་བྱ་བ་ནི་གེགས་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར། བསྒྲུབ་བྱའི་ཟློག་ཕྱོགས་ལ་རྟགས་དེ་རྗེས་སུ་འགྲོ་ལྡོག་གིས་ཁྱབ་པར་བྱ་བའི་སྒོ་ནས་གནོད་པར་བྱེད་པས་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པའི་ཚུལ་ཞེས་བྱའོ་བྱས་ནའང་ཚིག་དོན་གཉིས་ཀར་འབྱོར་བར་སེམས་སོ། །དཔྱད་གཞིའོ། །

          གསུམ་པ་ཕྱོགས་ཆོས་ཀྱི་དང་རྗེས་ཁྱབ་ཀྱི་དང་ལྡོག་ཁྱབ་ཀྱི་མཚན་ཉིད་ཆ་བཤད་པ་གསུམ་ལས། དང་པོ་ནི། རིགས་ཐིགས་ལས། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་བྱ་ལ་ཡོད་པ་ཉིད་དང༌། ཞེས་གསུངས། དེའི་དོན་ཆོས་མཆོག་གི་མདོར་བསྟན་རྒྱས་བཤད་42གཉིས་ཀྱིས་བཤད་དེ། མདོར་བསྟན་ནི། འཐད་ལྡན་ཆུང་ངུ་ལས། འཆད་པར་འགྱུར་བའི་མཚན་ཉིད་རྗེས་སུ་དཔག་པར་བྱ་བ་དེ་ལ་རྟགས་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཅིག་ཡིན་ནོ། །ཞེས་གསུངས། རྒྱས་བཤད་ནི། དེ་ཉིད་ལས། འདིར་ངེས་པའི་སྒྲ་ཞེས་པ་ནས། མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །ཞེས་གསུངས་སོ། །རྗེས་སུ་དཔག་བྱ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་སྨོས་པས་དོན་སྐྱོན་གྱི་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་རྣམས་སེལ་བ་ཡིན་ཏེ། སྒྲ་མི་རྟག་སྒྲུབ་ལ་མིག་ཤེས་ཀྱི་གཟུང་བྱ་ལྟ་བུ་རྩོད་གཞི་ལ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་ཐམས་ཅད་སེལ་བའི་ཕྱིར། དེར་ཐལ། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་སྒྲུབ་ལ་འགོད་ཚུལ་དང་མཐུན་པར་མི་འཐད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་གང་ཞིག །སྒྲ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། དེ་ལ་ཡོད་པའི་ཚིག་གིས་ནི། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་དུ་མས་བཤད་དོ། །རྟོག་གེ་སྐད་ལས། ཡོད་པ་སྨོས་པས་མ་གྲུབ་པ་བསལ་ཏེ། ཞེས་པ་ནས། མིག་གི་རྣམ་པར་ཤེས་པའི་གཟུང་བྱ་ཉིད་དོ་དེ་ཆོས་ཅན་སྒྲ་ལ་མེད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་རིགས་ཐིགས་ལས་རྗེས་སུ་དཔག་བྱ་ལ་ཡོད་པ་ཞེས་པ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཡིན་ཏེ། དེ་ལྟར་སྐབས་སྟོབས་ཀྱིས་ཤེས་པའི་ཕྱིར། དེ་ལྟར་མ་ཡིན་ན་དོན་བྱེད་ནུས་སྟོང་དེ་འདུས་མ་བྱས་ཀྱི་ནམ་མཁའ་དངོས་མེད་དུ་སྒྲུབ་པའི་མི་མཐུན་ཕྱོགས་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་འགྱུར་ཏེ། 43དེ་དེ་ལ་མེད་པའི་ཕྱིར་རོ། །ཉིད་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བ་དེ་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར། ཉིད་སྨོས་པས་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་གཅོད་ནུས་པར་ཐལ། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བ་དེ་ལྗོན་ཤིང་ལ་ཡོད་ཀྱང་དེ་ལྗོན་ཤིང་ལ་འགོད་ཚུལ་ལྟར་ཡོད་པ་ཁོ་ན་མ་ཡིན་པའི་ཕྱིར། དེར་ཐལ། ལྗོན་ཤིང་ཐམས་ཅད་ཀྱི་ལོ་མ་མཚན་མོ་མི་ཉལ་བའི་ཕྱིར། དེར་ཐལ། ལྗོན་ཤིང་ཡིན་ན་ལོ་མ་འཁུམས་ནས་ཉལ་བས་མ་ཁྱབ་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། ཉིད་ཀྱི་ཚིག་གིས་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ཏེ། ཇི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་རོ་ཞེས་ཕྱོགས་སུ་བྱས་པ་ལ་ལོ་མ་འཁུམས་པའི་མཚན་ཉིད་ཀྱི་ཉལ་བ་ནི་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི་མཚན་མོ་ལོ་མ་ཁུམ་པ་ལ་བརྟེན་པ་མ་ཡིན་ཏེ། འགའ་འགའ་ཙམ་ཁོ་ནར་ཟད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདིའི་ཉལ་བ་ནི་ལོ་མ་འཁུམས་པ་ཙམ་ཡིན་ཏེ། འཇིག་རྟེན་ན་ལོ་མ་འཁུམས་པ་ལ་ཉལ་བ་དང་ས་ལ་འགྱེལ་བ་ལ་ཡང་ཉལ་བ་ཞེས་གྲགས་པའི་ཕྱིར། རྟོག་གེ་སྐད་ལས། ལོ་མ་ཟུམ་པའི་མཚན་ཉིད་ནི་ཉལ་བ་སྟེ། དེ་ཡང་ཤིང་ཐམས་ཅད་ལ་མ་གྲུབ་བོ་ཞེས་གསུངས་པའི་ཕྱིར། དེས་ན་ལྗོན་ཤིང་ལ་ལོ་མ་ཡོད་ཀྱི་ལྗོན་ཤིང་ལ་ལོ་མ་ཡོད་པ་ཁོ་ན་མ་ཡིན་པའི་ཁྱད་པར་འབྱེད་རིགས་པར་ཐལ། ལྗོན་ཤིང་ལ་ལོ་མ་ཡོད་པ་གང་ཞིག །ལྗོན་ཤིང་ལ་ལོ་མ་ཡོད་པ་ཁོ་ན་རང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ལྗོན་ཤིང་གི་ལོ་མ་ལ་རིགས་དུ་མ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྗོན་ཤིང་ལ་ལོ་མ་ཡོད་པ་རྐྱང་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་ལོ་མ་ཡོད་མེད་གཉིས་འབྱེད་དགོས་པའི་ཕྱིར། འདིས་ལོ་མ་ཅན་ལའང་མཚན་མོ་འཁུམ་མི་འཁུམ་གྱི་རིགས་པ་དེ་ལྟར་སྒྲུབ་ལ་ཞིབ་ཆ་གྱིས།

(42) པར་ཐེངས་གཉིས་པ། གཉིས་ཀྱང་བཤད་དེ།

(43) པར་ཐེངས་གཉིས་པ། དེ་དེ་མེད་པའི།

           གཞན་དུ་དངོས་འགལ་གྱི་ཕུང་པོ་ཡོད། ཉིད་ཡོད་པའི་ཚིག་གི་སྔར་མ་སྨོས་པར་རྗེས་ལ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཉིད་ཡོད་པའི་སྔར་སྨོས་ན་རྗེས་སུ་དཔག་བྱ་ཁོ་ན་ལ་ཡོད་པ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་འགྱུར་དགོས་ལ་དེ་ལྟ་ན་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ལ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་ཁོ་ན་དགོས་པར་འགྱུར་བ་དེ་བཅད་པའི་ཆེད་དུ་ཉིད་ཡོད་པའི་རྗེས་ལ་སྨོས་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས་ཡོད་པའི་ཚིག་གི་རྗེས་ལ་ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་ཆོས་བསལ་བ་ཡིན་ནོ། །ཇི་སྟེ་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་སྨྲ་ན་ནི། མཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ངེས་པ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཅན་ལ་ལྟོས་ནས་ཐེ་ཚོམ་ཟ་བ་དང་རྟགས་ལ་ལྟོས་ནས་ཐེ་ཚོམ་ཟ་བ་ལྟ་བུའི་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པ་གཅོད་པའི་ཕྱིར་ཏེ། འཐད་ལྡན་ཆུང་ངུ་ལས། ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་ཐེ་ཚོམ་གཅོད་ཚུལ། ལ་ལས་དོན་ཁོ་ནར་སྦྱོར་བ་མི་འཐད་པར་ཐལ། དེ་ཡོད་པ་དང་ཁོ་ནའི་སྒྲས་བཅད་ཟིན་པའི་ཕྱིར། དེས་ན་ཡང་ཁ་ཅིག །བློ་སྐྱོན་གཉིས་ལས་བློ་སྐྱོན་ཁོ་ནར་སྦྱོར་བ་ཡང་མི་འཐད་པར་ཐལ། འདིའི་ངེས་སྒྲས་ཐེ་ཚོམ་སེལ་བས་གཙོ་བོར་བློ་སྐྱོན་གཅོད་པར་སྦྱོར་ཡང་དོན་སྐྱོན་དང་བློ་སྐྱོན་ཅིག་ཅར་ཞུགས་པའི་ཐེ་ཚོམ་ཟ་ནས་མ་གྲུབ་པའི་དེ་སྒྲུབ་ཀྱི་རྟགས་སྐྱོན་ཀྱང་ཡོད་པའི་ཕྱིར། འདི་ཕྱོགས་ཙམ་བསྟན་གྱི་ལུང་རིགས་མ་སྤྲོས་སོ། །རྣམ་ངེས་ཊིཀ་ཆེན་སོགས་ལ་བལྟ་དགོས་སོ། །དེ་གཅོད་ཀྱང་ནུས་ཏེ། ཆོས་དེ་གཞི་དེར་སྒྲུབ་པའི་ཕྱོགས་ཆོས་ཡིན་ན་ཆོས་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པས་ཁྱབ་ཅིང༌། གང་ཟག་དེའི་ངོར་དེ་ལྟར་མ་གྲུབ་བར་དུ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བ་མ་ཡིན་པའི་ཕྱིར། གཉིས་པ་རྗེས་ཁྱབ་ནི། རིགས་ཐིགས་ལས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་དང༌། དེའི་དོན་འཆད་པར། འཐད་ལྡན་ཆུང་བ་ལས། མཐུན་པའི་ཕྱོགས་ནི་མཚན་ཉིད་འཆད་པར་འགྱུར་བའོ། །དེ་ཉིད་ལ་ཡོད་པའི་ཚུལ་གཉིས་པ་ཡིན་ནོ། །ཞེས་མདོར་བསྟན། དེ་ཉིད་ལས། འདིར་ཡང་ཡོད་པ། ཞེས་པ་ནས། ཐེ་ཚོམ་ཟ་བ་ཡིན་ནོ། །ཞེས་པས་རྒྱས་པར་བཤད། འདིར་མཐུན་ཕྱོགས་ཞེས་པའི་ཕྱོགས་ནི་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བྱེད་པ་ཡིན་ཏེ། དེ་ཁྱབ་པ་གཉིས་ཀྱི་འབྲེལ་ཡུལ་དང་བསྒྲུབ་བྱའམ་ཕྱོགས་ཡིན་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་སྟེ། འཐད་ལྡན་ལས། རྗེས་སུ་དཔག་པའི་ཐ་སྙད་ནི་རྣམ་པ་གསུམ་ལ་ཡིན་ཏེ་ཞེས་དང༌། ཁྱབ་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་དང་ཞེས་དང༌། མདོའི་རང་འགྲེལ་ལས། ཕྱོགས་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཆོས་སོ། །ཞེས་གསུངས་པ་སོགས་ཆེས་མང་བས་བཤད་ཟིན་པའི་ཕྱིར། ཕྱོགས་བསྒྲུབ་བྱའི་ཆོས་དེ་དང་མཚུངས་པ་ནི་མཐུན་པའི་ཕྱོགས་ཏེ། འཐད་ལྡན་ཆུང་བ་ལས། མཐུན་པའི་ཕྱོགས་ནི་དོན་མཚུངས་པའོ། །མཚུངས་པ་འདྲ་བ་ནི་དོན་ཉེ་བར་བརྟགས་ནས་མཐུན་པའི་ཕྱོགས་སུ་བརྗོད་ལ་ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ལྟ་བུ་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེས་འགལ་རྟགས་གཅོད་ནུས་ཏེ། བྱས་པ་དེ་སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་པའི་ཕྱིར། དེར་ཐལ། དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། འདིར་ཡང་ཡོད་པ་སྨོས་པས་འགལ་བ་ཡིན་པ་དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། ཛེ་ཏཱ་རིས། ཡོད་པ་སྨོས་པས་འགལ་བ་རྣམ་པར་གཅོད་དོ། །ཞེས་གསུངས་པའི་ཕྱིར། རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ཉིད་སྒྲ་སྨོས་པ་ཆོས་ཅན། 44དགོས་པ་ཡོད་དེ། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཐུན་མོང་གི་མ་ངེས་པའི་རྟགས་དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར། ཚིག་དེས་དེ་གཅོད་ནུས་ཏེ། གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་ཀྱང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཐུན་མོང་དུ་ཡོད་པའི་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་གང་ཞིག །དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལའང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གཞལ་བྱ་དང་མི་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། གཞལ་བྱ་དང་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། ཉིད་སྨོས་པས་ཐུན་མོང་གི་མ་ངེས་པ་ཉིད་བསལ་ཏེ། དེ་ནི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། གཉིས་ཀ་ལ་ཡོད་པ་ཡིན་ནོ། །ཞེས་དང༌། ཛེ་ཏཱ་རིས། ཉིད་སྨོས་པས་ཐུན་མོང་བ་གཅོད། 45ཅེས་དང་། རྟོག་གེ་སྐད་ལས། ཁོ་ནའི་ཡི་གེས་ཐུན་མོང་གི་རྟགས་བསལ་ཏེ། སྒྲ་རྟག་སྟེ། གཞལ་བྱ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡོད་པ་སྨོས་པས་ཐུན་མོང་མ་ཡིན་པའི་མ་ངེས་པ་མི་སེལ་བར་ཐལ་ལོ། །དེས་འགལ་བ་བསལ་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཕྱོགས་གཉིས་ཀར་མ་མཐོང་བས་མ་ངེས་པ་ཡང་ཡོད་པའི་སྒྲས་བསལ་བའི་ཕྱིར། ཉིད་སྒྲས་ཐུན་མོང་མ་ཡིན་པ་དེ་འདྲ་མི་སེལ་ཞིང་དོན་སྐྱོན་46དེ་འདྲ་ཡང་ཡོད་པས་ངེས་སྒྲས་ཀྱང་མི་སེལ་བའི་ཕྱིར། དུལ་ལྷས། འདིར་ཡོད་པ་སྨོས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་བསལ་ཏེ། ཞེས་གསུངས་པའི་ཕྱིར།

(44) པར་ཐེངས་གཉིས་པ། དགོས་པ་མེད་དེ།

(45) པར་ཐེངས་གཉིས་པ། ཅེས་པ།

(46) པར་ཐེངས་གཉིས་པ། དེ་འདྲ་ཡོད་པས།

           ཡང་ཁོ་ན་རེ། འགལ་བ་སེལ་བར་ཡོད་པ་དང་ཉིད་སྒྲ་གཉིས་སྨོས་དགོས་པར་ཐལ། དུལ་ལྷས་གཉིས་ཀ་སྨོས་པས་འགལ་བ་བསལ་ཏོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། ཡང་འདིར། ཁོ་ནའི་སྒྲས་རྩོད་གཞི་མི་གཅོད་པར་མ་ཟད་རྩོད་གཞི་ལ་ཡོད་པ་སྡུད་པའི་ངེས་བཟུང་གི་ཚིག་ཡིན་ཏེ། རྣམ་ངེས་རང་འགྲེལ་ལས། དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་གཟུང་ཞེས་གསུངས་པའི་ཕྱིར། དེ་ལ་ཞེས་པ་ཤེས་འདོད་ཆོས་ཅན་ཡིན་ནོ། །ཉིད་ཡོད་པའི་སྔར་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དུང་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་བྱེད་དུ་མི་འཇུག་ཀྱང༌། རྩོལ་བྱུང་ལྟ་བུ་དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པའི་ཆེད་ཡིན་པའི་ཕྱིར། ཚིག་དེས་དེ་ལྟར་སྟོན་ནུས་ཏེ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་པའི་ཕྱིར། དེར་ཐལ། རྩོལ་བྱུང་མི་རྟག་པ་ཁོ་ན་ལ་ཡོད་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། ཡོད་པ་སྨོས་པ་ལས་སྔར་ངེས་པར་གཟུང་བ་སྨོས་པ་ནི་ཡོད་པ་47ཡིན་ཀྱང་མཐུན་པའི་ཕྱོགས་ལ་མ་ཁྱབ་པ་རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་ཉིད་དུ་བསྟན་པ་ཡིན་ནོ། །ཞེས་དང༌། རྟོག་གེ་སྐད་ལས། ཡོད་པའི་སྒྲ་ལས་སྔོན་དུ་ཁོ་ནའི་ཡི་གེས་ནི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ཡིན་ཡང་རྩོལ་བ་ལས་བྱུང་བ་གཏན་ཚིགས་ཉིད་དུ་བཤད་དེ། ཞེས་གསུངས་པའི་ཕྱིར། ཉིད་ཡོད་པའི་སྔར་སྨོས་པ་དེ་ལས་གཞན་ཡོད་པའི་རྗེས་སུ་སྨོས་ན་རྩོལ་བྱུང་ལྟ་བུ་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་མེད་པར་འགྱུར་བའི་ཕྱིར། དེར་ཐལ། རྩོལ་བྱུང་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་ཀྱང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་མ་ཡིན་པའི་ཕྱིར། རྟགས་ཟུར་དང་པོ་བསྒྲུབས་ཟིན། རྟགས་ཟུར་གཉིས་པ་གྲུབ་སྟེ། རྩོལ་བྱུང་མི་རྟག་པ་ལ་ཡོད་པ་ཁོ་ན་མ་ཡིན་པའི་ཕྱིར། དེར་ཐལ། རྩོལ་བྱུང་མི་རྟག་པ་ལ་ཡོད་པ་ཁོ་ནས་མཐའ་གཅིག་ཏུ་མི་འཇུག་པའི་ཕྱིར། དེར་ཐལ། རྩོལ་བྱུང་མི་རྟག་པ་ལ་ཡོད་མེད་ཆ་གཉིས་སུ་ཕྱེ་ནས་འཇུག་པའི་ཕྱིར། དེར་ཐལ། རྩོལ་བྱུང་མི་རྟག་པར་གྱུར་པའི་རྩོལ་མ་བྱུང་གི་བྲག་རི་དང་གློག་སོགས་ལ་མེད་ལ། རྩོལ་བྱུང་དེ་མི་རྟག་པར་གྱུར་པའི་བུམ་པ་དང་ཁང་བ་སོགས་རྩོལ་བྱུང་དག་ལ་ཡོད་པའི་ཁྱད་པར་འབྱེད་རིགས་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེ་སྐད་དུ་འཐད་ལྡན་ཆུང་ངུ་ལས། ཕྱིས་ངེས་པར་བཟུང་བ་བྱས་ན་ནི། དོན་འདིར་འགྱུར་ཏེ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་གཏན་ཚིགས་ཡིན་པར་འགྱུར་རོ། །ཞེས་དང༌། དར་ཊིཀ་མཐར་འཛིན་གདུང་སེལ་ལས། རྗེས་ཁྱབ་ལ་མི་ལྡན་རྣམ་གཅོད་ཀྱི་ཚུལ་དུ་ངེས་གཟུང་མི་སྦྱར་ཏེ། མཐུན་ཕྱོགས་ལ་ཆ་གཉིས་པ་ལ་རྗེས་ཁྱབ་མ་གྲུབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་ལ་སྔར་ལྟར་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་དང་མི་སྲིད་རྣམ་གཅོད་གསུམ་གྱི་ཁྱད་པར་ཤེས་ནས་གཞན་ལྡན་རྣམ་གཅོད་ཁོ་ན་དགོས་ཚུལ་ཤེས་པར་གྱིས། ངེས་པ་སྨོས་པའི་དགོས་པ་ཡོད་དེ། ངག་སྨྲ་ཐམས་ཅད་མཁྱེན་པ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་ལྟ་བུའི་རྗེས་ཁྱབ་འཇུག་ཚུལ་གྱི་དོན་སྐྱོན་དང་བློ་སྐྱོན་ཅི་རིགས་ཀྱི་ཐེ་ཚོམ་ཅན་རྣམས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར། འཐད་ལྡན་ལས། ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་ལ་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། ཇི་ལྟར་སྨྲ་བའི་ཕྱིར་འགའ་ཞིག་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །ཞེས་བྱ་བ་ཡིན་ཏེ། མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། རྟོག་གེ་སྐད་ལས། ངེས་པ་སྨོས་པས་རྗེས་སུ་འགྲོ་བ་ལ་སོགས་གསུངས་པའི་ཕྱིར།

(47) པར་ཐེངས་གཉིས་པ། ཡིན་ཀྱི།

           གསུམ་པ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ནི་རིགས་ཐིགས་ལས། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་དང༌། དེའི་དོན་འཐད་ལྡན་ཆུང་ངུ་ལས། མི་མཐུན་པའི་ཕྱོགས་འཆད་པར་འགྱུར་པའི་མཚན་ཉིད་དེ་ལ་མེད་པ་ཉིད་དུ་ངེས་པ་ནི་ཚུལ་གསུམ་པ་ཡིན་ནོ། །ཞེས་མདོར་བསྟན་ནས། དེ་ཉིད་ལས། དེ་ལ་མེད་པ་ཞེས་པ་ནས། ཐེ་ཚོམ་ཟ་བ་བསལ་བ་ཡིན་ནོ་ཞེས་པས་རྒྱས་པར་བཤད་དོ། །ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བྱས་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལྟ་བུའི་འགལ་རྟགས་རྣམས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་བཅད་པའི་ཆེད་ཡིན་པའི་ཕྱིར། དེས་དེ་གཅོད་ནུས་ཏེ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། དེར་ཐལ། དེ་མི་རྟག་པ་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཕྱིར་ཏེ། འཐད་ལྡན་ཆུང་ངུ་ལས། དེ་ལ་མེད་པ་སྨོས་པས་ནི་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་ནོ། །ཞེས་དང༌། རྟོག་གེ་སྐད་ལས། འདིར་ཡང་མེད་པ་ཉིད་བཟུང་བས་འགལ་བ་བསལ་ལོ། །ཞེས་དང༌། འགྲེལ་པ་སློབ་ཕན་ལས། འདིར་མེད་པ་ཞེས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་དང་འགལ་བ་བསལ་ཏོ། །ཞེས་གསུངས་པའི་ཕྱིར། ལུང་ཕྱི་མས་སྒྲ་རྟག་སྒྲུབ་ལ་མཉན་བྱ་ལྟ་བུའི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡང་བསལ་བར་བཤད་པ་ཤིན་ཏུ་ལེགས་ཚུལ་རྗེས་ཁྱབ་ཀྱི་རིགས་པས་ཤེས་སོ། །ཉིད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཉིད་མ་སྨོས་ན་མི་རྟག་པའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལྟ་བུའི་མ་ངེས་པ་ཡང་ལྡོག་ཁྱབ་ཏུ་འགྱུར་ལ། དེ་གཅོད་པའི་ཆེད་དུ་ཉིད་སྨོས་པའི་ཕྱིར། ཉིད་སྒྲས་མ་ངེས་པ་དེ་འདྲ་ལྡོག་ཁྱབ་ཡིན་པ་གཅོད་ནུས་ཏེ། མི་རྟག་པ་དེ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་མ་ཡིན་པའི་ཕྱིར། དེར་ཐལ། རྩོལ་བྱུང་མ་ཡིན་པ་ལ་མི་རྟག་པ་མེད་པ་རྟག་པ་ཐམས་ཅད་དང་མེད་པ་ཀུན་འཇོག་ཀྱང་རྩོལ་བྱུང་མིན་པའི་བྲག་རི་དང་གློག་སོགས་ལ་མི་རྟག་པ་ཡོད་པ་ཡིན་པའི་ཕྱིར། འཐད་ལྡན་ཆུང་ངུ་ལས། ཉིད་སྨོས་པས་ནི་མི་མཐུན་པའི་ཕྱོགས་གཅིག་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་སྒྲུབ་པར་བྱ་བ་ལ། མི་རྟག་པ་ཉིད་ནི་མི་མཐུན་པའི་ཕྱོགས་གཅིག་གློག་ལ་སོགས་པ་ལ་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ནི་མེད་པ་ཡིན་ནོ། །དེ་བས་ན་ངེས་པར་བྱེད་པས་འདི་བསལ་ཏོ། །ཞེས་གསུངས་པའི་ཕྱིར། དེས་ན་མི་རྟག་པ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་ཀྱང་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་མིན་ཟེར་བ་མི་འཐད་པར་ཐལ། མི་རྟག་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པའི་མ་ངེས་པའི་རྟགས་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། རིགས་སྒོ་ལས། མི་མཐུན་ཕྱོགས་ཀྱི་ཡུལ་གཅིག་ལ་ཡོད་ལ། མཐུན་ཕྱོགས་ལ་ཁྱབ་པ་ནི་ཇི་ལྟར། སྒྲ་རྩོལ་བ་ལས་བྱུང་བ་ཉིད་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་པའོ། །ཞེས་གསུངས་པའི་ཕྱིར། ཉིད་མེད་པའི་སྒྲའི་སྔོན་དུ་མ་སྨོས་པར་ཕྱིས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཉིད་མེད་པའི་སྔར་སྨོས་ན་མི་མཐུན་ཕྱོགས་ཉིད་ལ་མེད་ཅེས་ལྡོག་ཁྱབ་ཀྱི་མཚན་ཉིད་ལ་གཞན་ལྡན་རྣམ་གཅོད་དུ་འགྱུར་ལ། དེ་ལྟ་ན་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་ལྟ་བུའི་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་གཏན་ཚིགས་རྣམས་ལྡོག་ཁྱབ་མ་ཡིན་པར་འགྱུར་པས་དེ་བཅད་པའི་ཆེད་ཡིན་པའི་ཕྱིར། ཉིད་མེད་པའི་རྗེས་སུ་སྨོས་པས་དེ་གཅོད་ནུས་ཏེ། རྩོལ་བྱུང་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་ཡིན་ཀྱང༌། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཉིད་ལ་མེད་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་མི་མཐུན་པའི་ཕྱོགས་ཁོ་ན་ལ་མེད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་ཡང་རྩོལ་མ་བྱུང་གི་བྲག་རི་སོགས་ལ་ཡང་མེད་པའི་ཕྱིར། མདོའི་དར་ཊིཀ་ལས། ལྡོག་ཁྱབ་ལ་གཞན་ལྡན་རྣམ་གཅོད་ཀྱི་ལྡོག་ཚུལ་མི་སྦྱར་ཏེ། མཐུན་ཕྱོགས་ལ་ཆ་གཉིས་པ་ལ་ལྡོག་ཁྱབ་མ་གྲུབ་པར་འགྱུར་རོ། །ཞེས་དང༌། འཐད་ལྡན་ཆུང་ངུ་ལས། མེད་པའི་སྒྲའི་སྔ་རོལ་ཏུ་ངེས་པར་གཟུང་བ་བྱས་ན་ནི་དོན་འདིར་འགྱུར་ཏེ། མི་མཐུན་ཕྱོགས་ཉིད་ལ་མེད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ལ། དེ་ལྟ་ན་ཡང་རྩོལ་བ་ལས་བྱུང་བ་ཉིད་མཐུན་ཕྱོགས་ལ་ཡང་མེད་དོ། །དེའི་ཕྱིར་ངག་གཏན་ཚིགས་མ་ཡིན་པར་འགྱུར་བས་དེ་ལྟར་ན་སྔར་མ་བྱས་པའོ། །ཞེས་གསུངས་པའི་ཕྱིར།

          དེའི་ཟུར་དུ་ངེས་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ངག་སྨྲ་བའི་རྟགས་ཀྱིས་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། དེས་དེ་གཅོད་ནུས་ཏེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན། ངག་སྨྲ་བའི་རྟགས་ཀྱིས་ངག་སྨྲ་བའི་སྐྱེས་བུ་གཞན་ཀུན་མཁྱེན་མ་ཡིན་པར་སྒྲུབ་པ་ལྟ་བུའི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བ་ལྟ་བུའི་ཐེ་ཚོམ་ཅན་མ་ཡིན་པ་ཞིག་དགོས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པས་ཁྱབ་པའི་ཕྱིར། འཐད་ལྡན་ལས། ངེས་པ་སྨོས་པས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བ་ཡིན་ནོ། །ཞེས་དང༌། རྟོག་གེ་སྐད་ལས། ངེས་པ་སྨོས་པས་མི་མཐུན་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་སྟེ། དཔེར་ན། སྐྱེས་བུ་འདི་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། སྨྲ་བ་པོ་ཉིད་ཀྱི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར། འདིར་ཐེ་ཚོམ་ཅན་ནི་རྟགས་དེས་དེ་སྒྲུབ་ལ་48ཐེ་ཚོམ་ཙམ་ལས་སྐྱེད་མི་ཐུབ་པའི་རྟགས་ལ་བྱ་བ་ཡིན་ཏེ། རྟགས་དེས་དེ་སྒྲུབ་ལ་ངེས་པ་སྐྱེད་མི་ཐུབ་པར་ཐེ་ཚོམ་ཙམ་ཞིག་འདྲེན་པའི་རྟགས་ལྟར་སྣང་དུ་མ་ཡོད་པའི་ཕྱིར་དང༌། དེ་སྒྲུབ་ཀྱི་རྟགས་ཁྱབ་ལ་ཐེ་ཚོམ་ཟ་བ་ཡོད་ན་དེ་ལ་ཐེ་ཚོམ་ཟ་བས་མ་ཁྱབ་པར་སྔར་བསྒྲུབས་ཟིན་པའི་ཕྱིར།

(48) པར་ཐེངས་གཉིས་པ། ཐེ་ཚོམ་ལས།

          བཞི་པ་མཚན་གཞི་ཡོད་དེ། བྱས་པ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང༌། དེ་དེའི་ཕྱོགས་ཆོས་ཀྱི་ཚུལ་དང༌། དེའི་རྗེས་ཁྱབ་དང་རྗེས་འགྲོའི་ཚུལ་དང༌། དེའི་ལྡོག་ཁྱབ་དང་ལྡོག་པའི་ཚུལ་དང༌། དེའི་རྟགས་ཡང་དག་གི་རྟེན་དུ་གྱུར་པའི་ཕྱོགས་ཆོས་དང་ཕྱོགས་ཆོས་ཀྱི་ཚུལ་དང༌། རྗེས་ཁྱབ་དང་རྗེས་འགྲོའི་ཚུལ་དང༌། ལྡོག་ཁྱབ་དང་ལྡོག་པའི་ཚུལ་དང༌། དེའི་སྒྲུབ་ངག་ཡང་དག་གིས་བསྟན་བྱར་གྱུར་པའི་ཕྱོགས་ཆོས་དང་ཕྱོགས་ཆོས་ཀྱི་ཚུལ་དང༌། རྗེས་ཁྱབ་དང་རྗེས་འགྲོའི་ཚུལ་དང༌། ལྡོག་ཁྱབ་དང་ལྡོག་པའི་ཚུལ་བཅོ་བརྒྱད་པོ་ཀུན་ཡིན་པའི་ཕྱིར།

           ལྔ་པ་སྒྲུབ་བྱེད་སྔར་བཤད་པས་རྟོགས་སླ། ཡང་དཀའ་བའི་མིག་འབྱེད་ཉུང་གསལ་བྱས་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་གང་ཞིག །ཁྱོད་སྒྲ་དང་ཕན་ཚུན་ཐ་དད་པའི་ཚུལ་གྱིས་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པ་ཆོས་ཅན། རྟགས་དང་པོ་དེར་ཐལ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ལ་དཔག་འདོད་དམ་རྟོགས་འདོད་ཞུགས་ནས་ཆོས་ཅན་དུ་བཟུང་བའི་རྟགས་སྦྱོར་རྣམ་དག་ཡོད་པའི་ཕྱིར། ཁྱབ་སྟེ། རྟོགས་འདོད་དམ་ཤེས་འདོད་ཞུགས་ནས་ཆོས་ཅན་དུ་བཟུང་ན་ཤེས་འདོད་ཆོས་ཅན་གྱི་གོ་དོན་མཚན་ཉིད་ལྟ་བུ་ཡིན་ལ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཆོས་ལ་དཔག་འདོད་ཞུགས་ནས་རྩོད་གཞིར་བཟུང་བའི་རྟགས་སྦྱོར་རྣམ་དག་གི་རྩོད་གཞི་ཡིན་པ་དེ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་མཚན་ཉིད་ལྟ་བུའི་གོ་དོན་ཡིན་པའི་ཕྱིར། དེར་ཐལ། ཤེས་འདོད་ཆོས་ཅན་དང༌། ཤེས་འདོད་ཆོས་ཅན་རྣམ་དག་གཉིས་ཀྱི་གོ་དོན་རེ་ཡོད་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་དེར་ཐལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་དེ་དེ་ཡིན་པའི་ཕྱིར། རྩ་བའི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞིའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་ཡིན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་ཁྱོད་ཡིན་ཁྱོད་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། རྟགས་དང་པོ་བསྒྲུབས་ཟིན། གཉིས་པ་དེར་ཐལ། དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བའི་སྒྲའི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བའི་སྒྲ་ཁྱོད་ཡིན་པའི་ཕྱིར། འདི་ལྟར་བསྒྲུབ་པར་བྱ་ཡི། འཕགས་ཡུལ་པཎ་ཆེན་སུ་དང་མི་མཐུན་པའི་རྫུན་རི་བ་མང་པོ་མ་སྨྲ་ཞིག རྟགས་གསུམ་པ་གྲུབ་སྟེ། ཁྱོད་སྒྲ་མི་རྟག་སྒྲུབ་ལ་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལྔ་པོ་གང་རུང་ཡང་མིན། ཁྱོད་དེ་སྒྲུབ་ཀྱི་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དྲུག་པོ་གང་རུང་མིན། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཀྱང་མ་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་ཡང་མིན། ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མི་སྲིད་པའི་རྟགས་ཀྱང་མིན། ཁྱོད་དེ་སྒྲུབ་ཀྱི་འབྲེལ་བ་མི་སྲིད་པའི་རྟགས་ཀྱང་མིན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མི་སྲིད་བའི་རྟགས་ཀྱང་མིན། ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཕྱོགས་གཅིག་རྟགས་ལ་མི་སྲིད་པའི་རྟགས་ཀྱང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་གཞི་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་བྱས་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲ་དེ་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཀྱི་དོན་ལྡོག་གི་འབྲེལ་བ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་བྱས་པ་དང་གཅིག་ཡིན་པའི་ཕྱིར། བཞི་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མི་སྲིད་པའི་རྟགས་མ་ཡིན་པར་ཐལ། སྒྲ་ཁྱོད་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བྱས་པ་དང་གཅིག་ཡིན་པའི་ཕྱིར། ལྔ་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་རྟགས་ལ་མི་སྲིད་པའི་རྟགས་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་ཡིན་ན་ཁྱོད་ཡིན་དགོས་པའི་ཕྱིར་ཏེ། ཁྱོད་བྱས་པའི་ལྡོག་པ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་བློ་ལ་ལྟོས་ནས་མ་གྲུབ་པའི་རྟགས་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཐེ་ཚོམ་ཟ་ནས་མ་གྲུབ་པའི་རྟགས་གསུམ་གང་རུང་མིན་པ་གང་ཞིག །ཤེས་འདོད་ཆོས་ཅན་ལ་ལྟོས་ནས་མ་གྲུབ་པ་གསུམ་པོ་གང་རུང་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་ལ་ཐེ་ཚོམ་ཟ་བའི་རྟགས་ཀྱང་མ་ཡིན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལ་ཐེ་ཚོམ་ཟ་བའི་རྟགས་ཀྱང་མིན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་བའི་རྟགས་ཀྱང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་ཚད་མས་ངེས་པའི་ཕྱི་རྒོལ་ཡང་དག་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཚད་མས་གྲུབ་པའི་ཕྱི་རྒོལ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པའི་གང་ཟག་ཡོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། བྱས་པ་དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་པའི་རྟགས་ཀྱང་མིན། གཞི་ཆོས་ཐ་དད་མེད་པའི་རྟགས་ཀྱང་མིན། རྟགས་ཆོས་ཐ་དད་མེད་པའི་རྟགས་ཀྱང་མ་ཡིན་པའི་ཕྱིར། རྟགས་དེ་གསུམ་ག་གྲུབ་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་འབྲེལ་གསུམ་ཚད་མས་གྲུབ་པའི་ཕྱི་རྒོལ་ཡང་དག་ཡོད་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་ལྟོས་ནས་མ་གྲུབ་པའི་རྟགས་གསུམ་གང་རུང་མ་ཡིན་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་པའི་རྟགས་དང་གཞི་ཆོས་ཐ་དད་མེད་པའི་རྟགས་དང་ཆོས་རྟགས་ཐ་དད་མེད་པའི་རྟགས་གསུམ་གང་རུང་མ་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དེ་གསུམ་རེ་རེ་ནས་ཕན་ཚུན་ཐ་དད་ཡིན་པའི་ཕྱིར་ཏེ། བྱས་པ་དང་གཅིག་ཡིན་པའི་ཕྱིར། རྩ་རྟགས་གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྒོལ་བ་ལ་ལྟོས་པའི་མ་གྲུབ་པའི་གཏན་ཚིགས་གསུམ་པོ་གང་ཡང་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ལ་ལྟོས་པའི་མ་གྲུབ་པའི་རྟགས་ཀྱང་མིན། ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་རྟགས་ཀྱང་མིན། དེ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་རྟགས་ཀྱང་མ་ཡིན་པའི་ཕྱིར། རྟགས་གསུམ་ག་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཚད་མས་གྲུབ་པའི་སྔ་རྒོལ་ཡང་ཡོད་ཕྱི་རྒོལ་ཡང་ཡོད། དེ་མཐུན་སྣང་དུ་ཚད་མས་གྲུབ་པའི་རྒོལ་བ་ཡང་དག་གཉིས་ཀ་ཡོད་པའི་ཕྱིར། ཁྱོད་བྱས་པའི་ལྡོག་པ་ཡིན་པའི་ཕྱིར། ཁྱབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཅིག་ཡོད་པའི་ཕྱིར། དེ་ལྟར་ཕྱོགས་ཆོས་སྒྲུབ་ཚུལ་མདོ་རྩ་འགྲེལ་འགྲེལ་བཤད་དང་བཅས་པ་དང་སྡེ་བདུན་རྗེས་འབྲང་དང་བཅས་པ་དང་རྗེ་ཡབ་སྲས་ཀྱི་དབུ་ཚད་ཕར་གསུམ་གྱི་རྣམ་བཤད་དག་གི་དགོངས་པ་ནང་བྱན་ཆུད་པའི་འབྲེལ་གཏམ་ཡིན་པར་མ་ཟད་ཡིག་རྙིང་གི་ཡང་སྐབས་འདིར་རགས་བཤད་བཀོད་པའི་དགོངས་པ་དཔྱིས་ཕྱིན་པ་ཡིན་པས་རིགས་སྨྲའི་ལུགས་འཛིན་ཅིང་སྨྲ་བའི་ཁྱུ་རྒྱན་འདོད་ན་གཅེས་པར་འཛིན་རིགས་ཏེ། འདི་ལྟར་མ་བཤད་པར་ཁྱོད་སྒྲ་དང་ཕན་ཚུན་ཐ་དད་པའི་ཚུལ་གྱི་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན། སྒྲ་ཁྱོད་ཡིན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པ་ཙམ་ཡིན་ན། ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་དོན་ཚང་བས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲའི་སྟེང་དུ་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པར་ཐལ། ཁྱོད་སྒྲ་དང་ཕན་ཚུན་ཐ་དད་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འགོད་ཚུལ་ཡིན་འགོད་ཡིན། སྒྲ་ཁྱོད་ཡིན་སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། རྟགས་སྔར་གཞན་བཀག་པའི་སྐབས་སུ་བཤད་ཟིན། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་ཡོད་པ་དང་ཉིད་དང་ངེས་པ་གསུམ་གྱི་དོན་ཚང་བར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ལ་ཕྱོགས་ཆོས་ཅན་མ་ཡིན་དགོས་པའི་ཕྱིར། རྣམ་ངེས་འགྲེལ་བཤད་ལས། ཛྙཱ་ན་ཤྲཱིས་འདིར་ཕྱོགས་ཀྱི་ཆོས་ཉི་ཚེའི་དབྱེ་བ་ཡིན་པས་མ་གྲུབ་པ་ན་མེད་དོ། །ཞེས་དང༌། རྣམ་ངེས་དར་ཊིཀ་ལས། རྗེས་སུ་དཔག་བྱ་ལ་ཡོད་བ་ཁོ་ནར་ངེས་པ་ཞེས་པའི་ཚིག་གི་ནུས་པ་ལས་རྗེས་སུ་དཔག་བྱ་ལ་ཡོད་པ་དང༌། དེ་ལ་ཡོད་པ་ཁོ་ན་དང༌། དེ་ལ་ཡོད་པར་ངེས་པ་དང༌། དེ་ལ་ཡོད་པ་ཁོ་ན་ངེས་པ་བཞིས་རིམ་པ་བཞིན་དུ་རྗེས་སུ་དཔག་བྱ་ལ་གཏན་མེད་པ་དང་དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པའི་དོན་སྐྱོན་ཞུགས་པ་དང༌། དེ་ལྟར་དོགས་པའི་བློ་སྐྱོན་ཞུགས་པ་རྣམས་སེལ་ལ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་དོན་སྐྱོན་གཉིས་དང་དོན་སྐྱོན་ལྟར་དོགས་པའི་ཐེ་ཚོམ་ཅན་གཉིས་དང་བཞི་པོ་གང་རུང་གི་དེ་སྒྲུབ་ཀྱི་རྟགས་ཡིན་ན་ཡང་ཕྱོགས་ཆོས་མ་གྲུབ་པའི་རྟགས་ཡིན་དགོས་པའི་ཕྱིར། དེ་ཉིད་ལས། དེ་དག་དང་ལྡན་པའི་གཏན་ཚིགས་རྣམས་ནི་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་ཁོ་ནར་འགྱུར་རོ། །ཞེས་དང༌། མདོའི་དར་ཊིཀ་ལས་ཀྱང༌། དེ་ལ་ཡོད་པ་དང་ཡོད་པ་ཁོ་ན་དང་དེ་ལྟར་ངེས་པ་བཞིས། དོན་སྐྱོན་ཞུགས་པ་དང་བློ་སྐྱོན་ཞུགས་པའི་མ་གྲུབ་པ་བཞི་སེལ་བའི་ཕྱིར་རོ། །ཞེས་དང༌། འཐད་ལྡན་ཆུང་བ་ལས། ཡོད་པའི་ཚིག་གིས་ཞེས་པ་ནས། ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་ཆེས་མང་བའི་ཕྱིར། དེས་ན་མཚན་ཉིད་ཟུར་དུ་ཡོད་པ་ཞེས་པ་མཐུན་པར་ཡོད་པ་ཞེས་ཡར་སྦྱར་བ་དང༌། ཡོད་པ་ཞེས་མ་གྲུབ་པ་བཅད་པའི་ཆེད་དུ་བཤད་པ་གཉིས་དགོས་སོ། །

           དེས་ན་མཚན་ཉིད་ཀྱི་ཆ་བཤད་པའི་སྐབས་ལ་དགོངས་སམ་ཡིག་རྙིང་འདི་ལ་ཞིབ་བཤད་མང་ཡང་རགས་བཤད་དང་ཕྱོགས་ཙམ་བཤད་པ་དུ་མ་ཡོད་པས་གོང་འོག་སྒྲིག་ཤེས་དགོས་སོ། །ཆོས་ཅན་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་ན་ཆོས་ཅན་དེ་ལ་ཡོད་པས་མ་ཁྱབ་པ་སོགས་ཤེས་དགོས་སོ། །ཆོས་ཅན་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་ཡོད་དེ། ཇི་ལྟར་རྟགས་བཀོད་པ་བཞིན་ཆོས་ཅན་ལ་གྲུབ་པ་ཞིག་དགོས་པའི་ཕྱིར། དཔེར་ན། ཡོད་འགོད་ལ་ཆོས་ཅན་49དེ་ལ་རྟགས་དེ་ཡོད་པ་ལ་ལ་དུ་བ་ཡོད་པ་ལྟ་བུ་དང༌། ཡིན་འགོད་དགག་སྒྲ་མེད་པ་ལ་ཆོས་ཅན་དུ་གང་བཟུང་དེ་རྟགས་དེ་ཡིན་པ་དང༌། དགག་རྟགས་སྐབས་སུ་ཡང་ཡོད་ཡིན་གང་བཀོད་ལྟར་དགོས་པའི་ཕྱིར། དཔེར་ན། དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པ་རྣམས་ཡིན་འགོད་ལྟར་དང༌། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པ་རྣམས་ཡོད་འགོད་ལྟར་དགོས་པའི་ཕྱིར། རྗེས་ཁྱབ་ནི། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད། ཁྱོད་མི་རྟག་པ་དང་འབྲེལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པར་ཐལ། ཁྱོད་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེར་སོང་བའི་ཕྱི་རྒོལ་ཡང་དག་ཀྱང་ཡོད། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་བཟུང་བའི་སྦྱོར་བ་དང་སྒྲུབ་ངག་ཡང་དག་གཉིས་ཀྱང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེར་བཟུང་སྟེ་སྒྲའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་མ་ངེས་པའི་སྔ་རོལ་ཏུ་ཁྱོད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་ཕྱི་རྒོལ་ཡང་དག་ཡོད། ཁྱོད་བྱས་མི་རྟག་གཉིས་ཀའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒྲ་མི་རྟག་པར་མ་ངེས་པར་བུམ་པ་མི་རྟག་པར་ངེས་པའི་ཕྱི་རྒོལ་ཡང་དག་ཡོད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར། གཉིས་པ་སླ། གོང་གི་རྟགས་གཉིས་པ་གྲུབ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་པའི་སྦྱོར་བ་ཡང་ཡོད། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་ཡང་དག་ཀྱང་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། ཡང་ཁྱོད་བྱས་མི་རྟག་གཉིས་ཀའི་བྱེ་བྲག་ཡིན་པའི་ཕྱིར། ཞེས་པ་ཆད་ནས་ཁྱོད་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེར་བཟུང་བ་གང་ཞིག །སྒྲའི་བྱས་ན་མི་རྟག་པས་ཁྱབ་པ་མ་ངེས་པའི་སྔ་རོལ་ཏུ་ཁྱོད་ཀྱི་སྟེང་དུ་དེ་འདྲའི་ཁྱབ་པ་ངེས་པའི་གང་ཟག་ཡོད་པའི་ཕྱིར་ཟེར་ན། རི་བོང་རྭ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན། ཁྱོད་བཞིན་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རི་བོང་རྭའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རི་བོང་རྭའི་སྟེང་དུ་ཡང་བྱས་ན་མི་རྟག་པས་ཁྱབ་པ་ཡོད་པའི་ཕྱིར། མ་གྲུབ་ན། མི་མཐུན་དཔེའི་སྟེང་དུ་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་དེ་སྒྲུབ་ཀྱི་ཚུལ་གསུམ་སྒྲུབ་ཏུ་ཡོད་པར་བུད། ཡང་ཁྱོད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་ཕྱི་རྒོལ་ཡང་དག་ཅེས་པ་ཆད་ནས་ཁྱོད་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་དཔེར་གཟུང་བ་གང་ཞིག །སྒྲའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་མ་ངེས་པའི་སྔ་རོལ་ཏུ་ཁྱོད་ཀྱི་སྟེང་དུ་ཁྱབ་པ་དེ་ངེས་པའི་གང་ཟག་ཡོད། ཁྱོད་བྱས་མི་རྟག་གཉིས་ཀའི་བྱེ་བྲག་ཡིན་པའི་ཕྱིར་ཟེར་ན། མཉན་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། དང་པོ་སྔར་བཞིན། གཉིས་པ་གྲུབ་སྟེ། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་སྔ་རོལ་ཏུ་མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། མཉན་བྱའི་མིང་མ་ངེས་པའི་སྔ་རོལ་ཏུ་མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡོད་པའི་ཕྱིར། ཁང་པ་དེའི་མིང་མ་ཤེས་པའི་སྔ་རོལ་ཏུ་ཁང་པ་དེ་འཇིག་པར་ཚད་མས་ངེས་པའི་གང་ཟག་ཡོད་པའི་ཕྱིར་དང༌། མི་རྟག་པས་ཁྱད་པར་དུ་བྱས་པའི་མཉན་བྱ་དེ་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲའི་མཚན་ཉིད་ཡིན་པའི་ཕྱིར་སོགས་བྱ། རྟགས་གསུམ་པ་སླ། རྩ་བར་འདོད་ན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གི་ངོར་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་དེ་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་དེ་མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་མཉན་བྱ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་གང་ཞིག །ཁྱོད་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ། རྟགས་གཉིས་ཀ་གྲུབ་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། འཁོར་གསུམ། སྔར་གྱི་རྩ་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་མི་རྟག་པ་དང་འབྲེལ་བར་ཐལ། ཁྱོད་མི་རྟག་པ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མི་རྟག་པ་དང་ཕན་ཚུན་ཐ་དད། ཁྱོད་མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཁྱོད་ཡོད་མེད་མི་རྟག་པ་ཡོད་མེད་ལ་ལྟོས་པའི་ཕྱིར། ཁྱབ་སྟེ། ཁྱོད་དེ་ལ་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་པའི་ཚུལ་གྱིས་དེ་ལྟར་ལྟོས་པ་དེ་ཁྱོད་དེ་དང་བདག་གཅིག་ཏུ་འབྲེལ་བའི་དོན་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་ལ་དེ་ལྟར་ལྟོས་པ་དེ་ཁྱོད་དེ་དང་འབྲེལ་བའི་དོན་ཡིན་པའི་ཕྱིར། འབྲེལ་བ་བརྟགས་པ་ལས། གཞན་ལྟོས་པ་ནི་འབྲེལ་བར་ཡང༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གཞན་ལ་ལྟོས་པ་དེ་དེ་གཞན་ལ་འབྲེལ་བའི་དོན་དུ་བཤད་ནས་ཡང་སྒྲས་འབྲེལ་ཆ་སྒྲོ་བཏགས་སུ་བཤད་པའི་ཕྱིར། དེའི་རང་འགྲེལ་ལས། དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཐ་དད་པ་ལ་རྟོག་པས་སྒྲོ་བཏགས་པ་ལ་མ་གཏོགས་པར་འབྲེལ་བ་ཡང་དག་པ་ཉིད་དུ་མེད། ཅེས་པ་ནས། འདིར་ཡང་གཞན་ལ་ལྟོས་པ་ན་ལྟོས་པས་འབྲེལ་བ་ཅན་དུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པར་ཐལ། ཁྱོད་སྒྲ་མི་རྟག་པར་གྲུབ་པའི་མཐུན་ཕྱོགས་ཁོ་ན་ཡིན་པ་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་པའི་དོན་ཡང་གྲུབ། ཁྱོད་དེར་ཡོད་པར་ཚད་མས་ངེས་པ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཅིང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མི་སྲིད་པའི་ཕྱིར། རྟགས་ཆོས་ཅན་གྱིས་གྲུབ་ཅིང་ཁོ་ནས་རྣམ་བཅད་དེ་ལྟར་ཡིན་པའི་ཕྱིར། དེར་ཐལ། མཐུན་ཕྱོགས་ཁོ་ནར་ཡོད་བྱས་པས་མི་མཐུན་ཕྱོགས་ལ་མེད་པ་ཞིག་དགོས་པའི་ཕྱིར། དེའི་རྣམ་བཅད་ཀྱི་དོན་ཞིག་ཡོད་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་མ་ངེས་པའི་རྟགས་གང་རུང་མིན་ཞིང་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་ཀྱང་མིན། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་གི་མ་ངེས་པའི་རྟགས་ཀྱང་མིན། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། དང་པོ་གཉིས་གྲུབ་སྟེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་དང་ཐུན་མོང་གི་མ་ངེས་པའི་རྟགས་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ནར་ཡོད་པ་ཞིག་མི་སྲིད་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། བྱས་པ་ཡིན་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ཚད་མས་ངེས་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་གཉིས་པར་སོང་བའི་ཕྱི་རྒོལ་ཡང་དག་གིས་དེ་ལྟར་གྲུབ་བམ་མ་གྲུབ་སྙམ་པའི་ཐེ་ཚོམ་མེད་པར་ཚད་མས་ངེས་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་གཉིས་པར་སོང་བའི་ཕྱིར་རྒོལ་ཡང་དག་ཡོད་པའི་ཕྱིར། དེར་ཐལ། ཁྱོད་བྱས་པའི་ལྡོག་པ་ཡིན་པའི་ཕྱིར། རྣམ་ངེས་ཊིཀ་ཆེན་ལས། རྗེས་ཁྱབ་ཀྱི་མཚན་ཉིད་སྟོན་པ་ན་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པའི་ཞེས་པ་ནས། མཐུན་ཕྱོགས་ལ་མེད་པར་དོགས་པ་དང༌། མི་མཐུན་ཕྱོགས་ལ་ཡང་ཡོད་པར་དོགས་པའི་གཏན་ཚིགས་བཞི་སེལ་ལ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོགས་ལ་ཞེས་པ་ངེས་པའི་འགལ་ཟླ་བློ་སྐྱོན་ཡིན་པའི་ཕྱིར། དེར་ཐལ། སྐབས་འདིར་དེ་ལྟར་ཚད་མས་ངེས་པའི་རྗེས་ཁྱབ་ཡིན་མིན་རང་ཉིད་རྗེས་ཁྱབ་ཡང་དག་ཏུ་སོང་བའི་ཕྱི་རྒོལ་ཡང་དག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཡིན་མིན་སྒོ་ནས་འཇོག་དགོས་ཀྱི་ཚད་མ་གཞན་གྱིས་དེ་ལྟར་རྟོགས་མ་རྟོགས་ལ་བྱེད་མི་རུང་བའི་ཕྱིར། མ་གྲུབ་ན། དེར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མིན་ཡང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་པའི་རྣམ་མཁྱེན་ཡོད་པའི་ཕྱིར། འཁོར་གསུམ།

(49) པར་ཐེངས་གཉིས་པ། དེ་ལ་ལ་རྟགས།

          ཇི་སྐད་དུ། སྡེ་བདུན་རྒྱན་ལས། ཅི་སྦྱོར་བ་སྐོར་གཅིག་གི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་ཡོད་པ་དང་མཐོང་བ་དང་ངེས་པ་ཞེས་བྱ་བ་རྣམས་ཀྱི་དོན་ཇི་ལྟ་བུ་ཞེ་ན་ནས། སྐབས་ཀྱི་རྒོལ་བ་དེས་དེ་སྒྲུབ་ཀྱི་ཕྱོགས་གཉིས་གང་རུང་ལ་ཡོད་པར་ཚད་མས་དམིགས་པ་ཡིན་ན་རྒོལ་བ་དེའི་ངོར་ཕྱོགས་གཉིས་གང་ལ་ཡོད་པ་དེ་ལ་མཐོང་བ་དང་ངེས་པས་ཁྱབ་ཅིང༌། སྤྱིར་རྒོལ་བ་དེའི་ངོར་ཡོད་པ་ལ་རྒོལ་བ་དེའི་ངོར་མཐོང་བ་དང་ངེས་པས་ཁྱབ་ཀྱང་རྒོལ་བ་དེས་མཐོང་བ་དང་ངེས་པས་མ་ཁྱབ་སྟེ། རྒོལ་བ་དེས་ཡོད་པ་དང་མཐོང་བ་དང་ངེས་པ་ཡིན་པར་བཟུང་བ་ཙམ་ལ་རྒོལ་བ་དེས་མཐོང་བ་དང་ངེས་པས་མ་ཁྱབ་པའི་ཕྱིར། ཞེས་པ་ནས། འདི་ལྟར་རྟོགས་ན་རྗེས་ཁྱབ་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཁོ་ནའི་ཚིག་དང་འབྲེལ་བའི་ངེས་པ་སྨོས་པའི་དོན་ཀྱང་དཔྱིས་ཕྱིན་པར་རྟོགས་པར་འགྱུར་ལ། གཞན་དུ་ན་ཚིག་ཙམ་ཞིག་སྒྲོག་པར་ཟད་དོ། །ཞེས་དང༌། རིགས་པའི་རྒྱན་ལས། མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་གྲུབ་པའི་མ་ངེས་པའི་རྟགས་དང་ཞེས་གསུངས་པས་མཉན་བྱ་སྒྲ་རྟག་སྒྲུབ་ལ་དེ་ལྟར་བཤད་པ་རིགས་སྒོ་ནས་ཀྱང་བཤད་པ་དང༌། མདོའི་དར་ཊིཀ་ལས། དེས་ན་མཐུན་ཕྱོགས་ལ་ཡོད་པ་དང༌། དེ་ཁོ་ན་ལ་ཡོད་པ་དང༌། དེ་ལྟར་ངེས་པ་བཞིས། དེ་ལ་མེད་པ་དང༌། མི་མཐུན་ཕྱོགས་ལ་ཡང་ཡོད་པ་དང༌། དེ་ལྟར་དོགས་པའི་དོན་སྐྱོན་ཞུགས་པ་དང་བློ་སྐྱོན་ཞུགས་པ་བཞི་སེལ་ལོ། །ཞེས་གསུངས་པའི་ཕྱིར། བྱས་པའི་བྱེ་བྲག་ལྟ་བུ་རྗེས་ཁྱབ་ཏུ་སྒྲུབ་ན། དེ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད། ཁྱོད་མི་རྟག་པ་དང་འབྲེལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་ངེས་ཡིན་པའི་ཕྱིར། རྟགས་དང་པོ་གཉིས་སླ། རྟགས་གསུམ་པ་དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་དང་སྒྲུབ་ཚུལ་ཡིན་སྒྲུབ་ཡིན། ཁྱོད་ཡིན་པ་ཡོད་ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། རྟགས་རྣམས་སླ། བྱས་པ་ལ་ཁོ་ན་རེ། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ན་མ་ཁྱབ། རྟོག་གེའི་དབང་པོ་དག་འདིར་མ་ཁྱབ་ཟེར། དེར་ཐལ། མི་རྟག་པ་མ་ཡིན་པའི་ཕྱིར་ན། སྨྲ་དབང་གཞན་དག་འདིར་མ་ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་རྒྱུ་དེ་མིན་པ་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་དོན་མི་གཅིག་པའི་ཕྱིར། དེར་ཐལ། ཡོད་འགོད་དག་ལ་མ་ངེས་པའི་ཕྱིར་ཏེ། དུ་ལྡན་ལ་མེ་མ་ཡིན་པའི་ཕྱིར་ཟེར་བ་ལེགས། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། རྟག་པ་ཡིན་པའི་ཕྱིར། གཞན་ཡང༌། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱོད་མི་སྲིད་པའི་ཕྱིར། དེར་ཐལ། མི་རྟག་པ་མ་ཡིན་པ་ལ་བྱས་པའི་བྱེ་བྲག་མི་སྲིད་པའི་ཕྱིར། དེས་བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་མཚན་ཉིད་མཚོན་བྱར་སྒྲུབ་པའི་ཕྱོགས་ཆོས་དང༌། རྗེས་ཁྱབ་ལ་འགོད་ཚུལ་དང་མཐུན་པར་ཤེས་འདོད་ཆོས་ཅན་ལ་ཡོད་པ་དང་འགོད་ཚུལ་དང་མཐུན་པར་མཐུན་ཕྱོགས་ཁོ་ནར་ཡོད་ཚུལ་སོགས་ཤེས་པར་བྱའོ། །ལྡོག་ཁྱབ་ནི། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད། མི་རྟག་པ་དང་འབྲེལ། ཁྱོད་སྒྲ་མི་རྟག་པར་50སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་ཕྱིར། དང་པོ་གཉིས་སླ། གསུམ་པ་དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ཡོད་པ་གང་ཞིག །ཁྱོད་དེ་ལྟར་དུ་ཚད་མས་ངེས་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་དང༌། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པའི་མ་ངེས་པ་ལྟ་བུའི་མ་ངེས་པའི་རྟགས་གང་རུང་མིན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། བྱས་པ་དང་གཅིག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་གསུམ་པར་སོང་བའི་ཕྱི་རྒོལ་ཡང་དག་གིས་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ཚད་མས་ངེས་པའི་ཕྱིར། དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཚུལ་གསུམ་པར་སོང་བའི་ཕྱི་རྒོལ་ཡོད་པའི་ཕྱིར། བྱས་པའི་ལྡོག་པ་ཡིན་པའི་ཕྱིར། འདི་གཉིས་ལ་དཔེ་དང་འབྲེལ་བ་གལ་ཆེ་ཚུལ་ཡང་ཤེས་དགོས་ལ་སྤྲོ་བྱ་མང་ཡང་མཚན་ཉིད་ཆ་བཤད་པས་ཤེས་ནུས་སོ། །

(50) པར་ཐེངས་གཉིས་པ། གྲུབ།

           དྲུག་པ་རྗེས་སུ་འགྲོ་ལྡོག་ངེས་བྱེད་ཚད་མ་བཤད་པ་ལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་དུ་དགོས་དཔྱད་པ་དང༌། ཁྱབ་པ་གཉིས་ངེས་པའི་སྔོན་དུ་འབྲེལ་བ་ངེས་དགོས་པ་དང༌། འབྲེལ་བ་ངེས་བྱེད་ཚད་མ་བཤད་པ་དང་གསུམ་ལས། དང་པོ་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་གསུམ་དགོས་ཀྱང་དེ་ལས་མང་མི་དགོས་ཏེ། ཚད་མ་འཆད་འགྱུར་གསུམ་གྱིས་དེ་སྒྲུབ་ནུས་པའི་ཕྱིར། དེར་ཐལ། དེ་སྒྲུབ་པ་ལ་རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་དང༌། མཚན་གཞི་བྱས་པ་ངེས་བྱེད་ཀྱི་ཚད་མ་དང༌། རྟག་པ་ལ་བྱས་པ་འགོག་པའི་ཚད་མ་གསུམ་གྱིས་ཆོག་པའི་ཕྱིར། འདི་ལྟར་བཤད་དགོས་ཀྱི་སྔོན་དུ་འགྲོ་དགོས་པ་ནི་རྗེ་ཡབ་སྲས་གང་གི་ཡང་དགོངས་པ་མ་ཡིན་པར་ཐལ། འདིའི་ཚད་མ་གསུམ་དགོས་ཚུལ་དེ་ཁྱབ་པ་སྒྲུབ་པ་ལ་ཚད་མ་གསུམ་ཚང་དགོས་པའི་དོན་ཡིན་གྱི་སྔོན་དུ་འགྲོ་དགོས་པ་གསུང་གང་ནའང་ཟུར་ཙམ་ཡང་མེད་ལ་རིགས་པས་ཀྱང་མི་འགྲུབ་པའི་ཕྱིར། མ་གྲུབ་ན། འོ་ན། རྗེས་དཔག་གཅིག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ཞིག་མེད་པར་ཐལ། ཚད་མ་ཐ་དད་པ་གསུམ་དགོས་པར་མ་ཟད་སྔོན་དུའང་འགྲོ་དགོས་པ་དེའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཚད་མ་ཐ་དད་པ་དེ་གསུམ་དངོས་སུ་མེད་ཀྱང་དེ་གསུམ་གྱི་དོད་ཚང་བའི་རྗེས་དཔག་གཅིག་གིས་ཀྱང་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འགྲུབ་པའི་ཕྱིར། དེར་ཐལ། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་རྟོགས་པའི་རྗེས་དཔག་གཅིག་གིས་ཀྱང་དེ་51གྲུབ་པའི་ཕྱིར། རྣམ་ངེས་དར་ཊིཀ་ལས། གསུམ་ལས་མང་བ་མི་དགོས་པས་གསུམ་ཁོ་ནར་གྲངས་ངེས་སོ། །ཞེས་པ་ནས། དེ་ལ་ཡང་ཚད་མ་གསུམ་པོ་དེའི་དོད་ཐུབ་པ་ངེས་པར་དགོས་པར་ཤེས་པར་བྱའོ། །ཞེས་དང༌། རིགས་པའི་རྒྱན་ལས། དེ་ལ་ཚད་མ་གསུམ་གྱི་དོད་ཐུབ་ངེས་པར་ཡོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོད་ཐུབ་ཅེས་པས་ཚད་མ་གསུམ་ཚང་བས་ཆོག་གི་སྔོན་དུ་འགྲོ་དགོས་པ་མ་ཡིན་པར་ཤུགས་ལ་འཕེན་པའི་ཕྱིར་དང༌། རྣམ་བཤད་ལས་ཀྱང༌། གསུམ་དགོས་ཀྱི་དེ་ལས་མང་མི་དགོས་ཏེ་ཞེས་དང༌། འོག་ཏུ་ཡང་རྣམ་བཤད་ལས། སྔར་རྗེས་ཁྱབ་འགྲུབ་པ་ལ་ཚད་མ་གསུམ་དགོས་པར་བཤད་པའི་ཐ་མའོ་ཞེས་གསུངས་པའི་ཕྱིར། དེས་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འགྲུབ་པ་ལ་ཚད་མ་གསུམ་དགོས་པར་ཐལ། དེ་ལ་རྟགས་ཀྱི་མཚན་གཞི་བྱས་པ་ངེས་པའི་ཚད་མ་དགོས། དགག་ཆོས་རྟག་པ་དང་སྒྲུབ་ཆོས་མི་རྟག་པ་དངོས་འགལ་དུ་ངེས་པའི་ཚད་མ་དགོས། རྟགས་བྱས་པ་དེ་དགག་བྱའི་ཆོས་རྟག་པ་ལ་འགོག་པའི་ཚད་མ་གསུམ་དགོས་པའི་ཕྱིར། གལ་ཏེ་ཕྱི་མ་གཉིས་དགོས་ཀྱང་དང་པོ་དགོས་པ་རྟགས་མ་གྲུབ་ཟེར་ན། རི་བོང་རྭའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། རྟག་མི་རྟག་དངོས་འགལ་དུ་ཚད་མས་ངེས། རི་བོང་རྭ་ལ་རྟག་པ་ཁེགས་པའི་ཕྱིར། མ་ཁྱབ་ན། སྦྱོར་བ་སྐོར་གཅིག་པོ་དེའི་རྗེས་ཁྱབ་ཚད་མས་ངེས་པ་ལ་རྟགས་ཀྱི་མཚན་གཞི་བྱས་པ་ངེས་པའི་ཚད་མ་དགོས་པར་ཐལ་ལོ། །མ་ཁྱབ་པ་དེའི་ཕྱིར། ཁ་ཅིག་རྟགས་སྔ་མ་མ་གྲུབ་སྟེ། རྟག་མི་རྟག་དངོས་འགལ་ཡིན་པའི་ཕྱིར་ཞེ་ན། འོ་ན། གང་ཟག་གི་བདག་ཆོས་ཅན། རྟག་པར་ཐལ། མི་རྟག་པ་མ་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་པ་མ་ཡིན་པར་ཐལ། གང་ཟག་གི་བདག་རྟག་པར་ཚད་མས་དམིགས་པའི་ཕྱིར། ཚད་མ་སྔ་ཕྱི་གཉིས་དགོས་པ་གྲུབ་ཀྱང་དགག་ཆོས་སྒྲུབ་ཆོས་དངོས་འགལ་ངེས་པའི་ཚད་མ་དགོས་པ་མ་གྲུབ་ཟེར་ན། དུང་མདོག་རྟགས་ཀྱིས་ཤར་ཕྱོགས་ཀྱི་དུང་མདོག་སྔོན་པོར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། དུང་མདོག་ཚད་མས་ངེས་དེ་སེར་པོ་ལ་ཁེགས་པའི་ཕྱིར། མ་ཁྱབ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འགྲུབ་པ་ལ་དེ་སྒྲུབ་ཀྱི་དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དགོས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། དེ་ལ་ཚད་མ་དང་པོ་གཉིས་དགོས་ཀྱང་ཚད་མ་གསུམ་པ་དགོས་པ་མ་གྲུབ་ཟེར་ན། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པར་ཐལ། རྟགས་ཀྱི་མཚན་གཞི་གཞལ་བྱ་ཚད་མས་ངེས་རྟག་མི་རྟག་དངོས་འགལ་དུ་ཚད་མས་ངེས་པའི་ཕྱིར། མ་ཁྱབ་ན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་སྒྲུབ་པ་ལ་རྟགས་བྱས་པ་ལ་རྟག་པ་འགོག་པའི་ཚད་མ་དགོས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། ཞེས་བཤད་དགོས་པའི་ཕྱིར། རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོ་ལས་ཀྱང༌། གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཚད་མས་ངེས་པར་བྱེད་དོ། །

(51) པར་ཐེངས་གཉིས་པ། སྒྲུབ།

          དེ་ལྟ་བུའི་ཚད་མ་དང་གཞི་བྱས་པ་ངེས་པའི་ཚད་མ་དང༌། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་གསུམ་གྱིས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པར་བྱེད་པ་ཡིན་ཞིང༌། ཞེས་གསུངས་པའི་ཕྱིར། འདིས་ཀྱང་སྔོན་དུ་འགྲོ་བའི་ཟུར་ཙམ་ཡང་མ་བཤད་པའི་ཕྱིར། གཉིས་པ་ཁྱབ་པ་ངེས་པའི་སྔོན་དུ་འབྲེལ་བ་ངེས་དགོས་ཏེ། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་མེད་དེ་ཞེས་དང༌། འདི་ཉིད་ལས། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །སོགས་དང་རྗེས་འགྲོ་འབྲེལ་བ་ལ་ལྟོས་ཚུལ་ནི། འདི་ཉིད་ལས། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན། །སོགས་དང༌། དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར། །སོགས་དང༌། ལྡོག་52པའི་འབྲེལ་བར་ལྟོས་ཚུལ་ནི། འདི་ཉིད་ལས། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བ་འམ། ཞེས་སོ། །

(52) པར་ཐེངས་གཉིས་པ། པ།

                                                                                                   རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                  དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།