ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་ཚུལ་གསུམ་སོ་སོའི་མཚན་ཉིད་དང་། མིང་གི་རྣམ་གྲངས་སྒྲ་བཤད་དང་བཅས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-10 21:04:55     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 

16675322714572450.jpg

                  གཉིས་པ་རང་ལུགས་ལ། ཚུལ་གསུམ་སོ་སོའི་མཚན་ཉིད་དང༌། མིང་གི་རྣམ་གྲངས་སྒྲ་བཤད་དང་བཅས་པ། མཚན་ཉིད་ཀྱི་ཆ་བཤད་པ་དང༌། མཚན་གཞི་དང༌། སྒྲུབ་བྱེད་ཀྱི་རིགས་པ་དང༌། རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ་དང༌། སྐབས་སུ་བབས་པའི་དོགས་པ་བཅད་པ་བདུན། དང་པོ་ནི་མདོའི་དར་ཊིཀ་མཐར་འཛིན་གདུང་སེལ་འདི་རྒྱ་གཞུང་དག་དང་ཚིག་དོན་གཉིས་ཀ་མཐུན་པས་དེ་ལྟར་བཤད་ན། དེ་སྒྲུབ་ཀྱི་རྗེས་སུ་དཔག་བྱའི་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ངེས་པའི་གཏན་ཚིགས་ཡིན་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་ཏེ། ཚད་མ་མདོ་ལས། རྗེས་དཔག་བྱ་དང་དོན་མཐུན་ལ། །ཡོད་མེད་ཉིད་ལ་མེད་པ་འོ། །ཞེས་པའི་རྗེས་དཔག་བྱ་དང༌། ཡོད་ཅེས་པའི་དོན་ཡོད་པའི་ཕྱིར་དང༌། རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་ཞེས་དང༌། ཛེ་ཏཱ་རིས་ཀྱང༌། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་སྟེ་ཞེས་དང༌། དུལ་ལྷས་རིགས་ཐིགས་འགྲེལ་པ་ལས་ཀྱང༌། འོག་ནས་འབྱུང་བའི་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ལ་ཡོད་པ་ཉིད་ནི་ཚུལ་གཅིག་ཡིན་ཏེ། ཞེས་དང༌། འཐད་ལྡན་ཆེ་བ་ལས་ཀྱང༌། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཅན་ཡིན་ནོ། །ཞེས་དང༌། འཆད་པར་འགྱུར་བའི་རྗེས་སུ་དཔག་པར་བྱ་བའི་རང་བཞིན་ལ་ཡོད་པ་སྟེ། ཞེས་གསུངས་པའི་ཕྱིར་དང༌། དེ་བཞིན་དུ་ཐར་འབྱུང་སྦས་པ་སོགས་དུ་མས་བཤད་དོ། །འདིར་རྩོད་གཞི་ལ་རྗེས་སུ་དཔག་བྱ་དང་ཕྱོགས་དང་བསྒྲུབ་བྱའི་མིང་གིས་བཏགས་པའི་དགོས་པ་ཡོད་དེ། ཤེས་འདོད་དམ་དཔག་འདོད་ནི་བསྒྲུབ་བྱའི་ཆོས་ཡིན་ལ། ཆོས་དེས་ཁྱད་པར་དུ་བྱས་པས་ནས། དེས་རྒྱུ་དང་ལྡན་པས་ན་ཆོས་ཅན་ཏེ་ཤེས་འདོད་ཆོས་ཅན་ཞེས་བཤད་པར་འགྱུར་བའི་ཕྱིར། དེར་ཐལ། མདོའི་རང་འགྲེལ་ལས། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ། །ཞེས་དང༌། རྣམ་ངེས་རང་འགྲེལ་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཤེས་པར་འདོད་པ་དང་དཔག་པར་འདོད་པ་དོན་འདྲ་ཞིང་བྱེ་བྲག་དང་ཁྱད་པར་གྱི་སྐད་དོད་གཅིག་ཡིན་པས་དེ་གཉིས་ཀྱང་དོན་འདྲ་ལ་སྔར་བཤད་པ་ལྟར་པཎ་ཆེན་དུ་མས་བཤད་པའི་ཕྱིར། དར་ཊིཀ་མཐར་འཛིན་གདུང་སེལ་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་ཅེས་པ་ནས། བྱེ་བྲག་ནི་གང་དཔག་པར་འདོད་པའི་ཆོས་སོ་ཞེས་དང༌། འཐད་ལྡན་ཆེ་བ་ལས། རྗེས་སུ་དཔག་པར་བྱ་བ་ཡང་གང་ཞེ་ན། བཤད་པ་ཤེས་པར་འདོད་པ་སྟེ། ཤེས་པར་བྱ་བའི་བྱེ་བྲག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཞེས་དང༌། ཛེ་ཏཱ་རིས་ཀྱང༌། རྗེས་སུ་དཔག་པར་བྱ་བ་ནི་འདིས་ཤེས་པར་འདོད་པའི་བྱེ་བྲག་གི་ཆོས་ཅན་ནོ། །ཞེས་གསུངས་པའི་ཕྱིར། ཕྱོགས་སྒྲའི་རྒྱུ་མཚན་སོགས་བཤད་ཟིན། མཚན་ཉིད་ཀྱི་ཆ་སོ་སོར་འོག་ཏུ་འཆད་དོ། །ཡང་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་རྟགས་ཡིན་པ་ཕྱོགས་ཀྱི་ཆོས་ཡིན་པའི་མཚན་ཉིད། ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད། འདི་དག་གོ་ཐོབ་དང་རྒྱ་གཞུང་གི་དོན་ལྟར་རོ། །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་40དོན་ལྡོག་འབྲེལ་བ་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་གཉིས་ཀར་ཡོད་པར་ངེས་པ་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། བྱེ་བྲག་ལ་སྦྱར་ན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་41དོན་ལྡོག་འབྲེལ་བ་དང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་གཉིས་ཀར་ཡོད་པར་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་ཏེ། མདོ་ལས། དེ་མཐུན་ལ་ཡོད་དང་ཞེས་དང༌། དེའི་རང་འགྲེལ་ལས། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་གཟུང་བའི་ཕྱིར་རོ། །ཞེས་དང༌། རྣམ་ངེས་ལས། དེ་མཚུངས་ལ་ཡོད་དང༌། ཞེས་དང༌། དེའི་རང་འགྲེལ་ལས། དེ་བཞིན་དུ་དེ་དང་མཐུན་པ་ཉིད་ལ་ཡང་ངོ༌། །ཞེས་དང༌། ཛེ་ཏཱ་རིས་ཀྱང༌། མཐུན་པའི་ཕྱོགས་ཉིད་ལ་ཡང་ཡོད་པར་ངེས་པ་ཞེས་གཞུག་གོ །ཞེས་གསུངས་པའི་ཕྱིར།

(40) པར་ཐེངས་གཉིས་པ། དོན་དང།

(41) པར་ཐེངས་གཉིས་པ། དོན་དང།

           འདི་ལ་བོད་སྔ་མ་འགའ་ཞིག་རྩོད་གཞི་མཐུན་ཕྱོགས་མིན་ཟེར་ན། དེ་འགོག་སླ་ལ། རྒྱ་གར་བ་ལ་ལ་ན་རེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཁོ་ན་ལ་ཡོད་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཆོས་ཅན་ལ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། འདིའི་ཉིད་སྒྲ་གཞན་ལྡན་རྣམ་གཅོད་ཡིན་ཞིང་སྒྲ་དེ་ཆོས་མི་རྟག་པ་ལས་གཞན་མ་ཡིན་པའི་ཕྱིར། དེ་གཉིས་ཀ་ལ་འོ་ན། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་སྒྲ་ལ་མ་གྲུབ་པར་ཐལ། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་མཚུངས་པ་ཉིད་ལ་ཞེས་པ་ནི་ཕྱོགས་དང་མཐུན་པ་ཁོ་ནའམ་མཐུན་ཕྱོགས་ཁོ་ན་ལ་ཞེས་པ་ཡིན་པར་བསྒྲུབས་ཟིན། ཁོ་ནས་དེ་སྒྲུབ་ཀྱི་མཐུན་ཕྱོགས་མ་ཡིན་པ་ལ་བྱས་པ་གཅོད་པའི་ཕྱིར། དེར་ཐལ། གཞན་ལྡན་རྣམ་གཅོད་ཀྱི་ངག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཤིང༌། རྟགས་ཁྱབ་གྲུབ་པ་གསུམ་ག་ཡིན་པར་ཐལ། མདོ་དང་རྣམ་ངེས་གཉིས་ཀའི་རྩ་བར། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་ཅེས་པའི་དང་སྒྲ་ནི། ཛེ་ཏཱ་རིས། མཐུན་པའི་ཕྱོགས་ཉིད་ལ་ཡང་ཞེས་པ་དང༌། རྣམ་ངེས་རང་འགྲེལ་ལས་ཀྱང༌། དེ་དང་མཐུན་པ་ཉིད་ལ་ཡང་ངོ༌། །ཞེས་པ་དག་གི་ཡང་སྒྲ་དང་ཉིད་སྒྲས་བྱས་པ་ཆོས་ཅན་ལ་ཡོད་པར་མི་གཅོད་པར་མ་ཟད་གྲུབ་ཟིན་སྡུད་པའི་ངེས་གཟུང་དང་གཞན་ལྡན་རྣམ་གཅོད་གཉིས་ཀ་བྱེད་པའི་ཕྱིར། དཔེར་ན། དྲང་སྲོང་འདི་ལ་བུ་གཉིས་སྐྱེས་ཏེ་ན་ར་དང་སྲེད་མེད་བུ་ཉིད་དོ། །ཞེས་པས་ན་ར་བུ་ཡིན་པ་མི་གཅོད་པ་དང༌། དེ་བཞིན་དུ་ལྷ་སྦྱིན་དང་མཆོད་སྦྱིན་ཁོ་ན་ལ་ཟན་བྱིན་ཞེས་པས་ཀྱང་ལྷ་སྦྱིན་ལ་སྦྱིན་པ་མི་གཅོད་པར་གྲུབ་ཟིན་སྡུད་པ་དང་གཞན་ལྡན་རྣམ་གཅོད་གཉིས་ཀ་བྱེད་པའི་ཕྱིར། རྣམ་ངེས་རང་འགྲེལ་ལས། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་གཟུང་བའི་ཕྱིར། ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །ཞེས་གསུངས་པས་རྩོད་གཞི་མཐུན་ཕྱོགས་ཡིན་པས་དེ་མི་གཅོད་གཞན་རྣམ་པར་གཅོད་ཅེས་བཤད། ཡང་དེ་ཉིད་ལས། དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་གཟུང་བས་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། ཞེས་གསུངས་པས་གྲུབ་ཟིན་སྡུད་པ་དང་གཞན་ལྡན་རྣམ་གཅོད་གཉིས་ཀ་ཡིན་པར་བཤད་ཅིང༌། དཔེར་ན་སོགས་ཀྱིས་དཔེ་བཤད་པའི་ཕྱིར། དེར་ཐལ། འཐད་ལྡན་ལས། མཐུན་པའི་ཕྱོགས་ཉིད་ལ། ཞེས་པ་ནས། ཞེས་ཕ་རོལ་དོགས་པ་ལ་བཤད་པ་དེ་ལྟར་ནི་མ་ཡིན་ཏེ། ཞེས་པ་ནས། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་ཁོ་ན་ལ་ཟན་བྱིན་ཅིག་ཅེས་བྱ་བ་ལྟ་བུའོ་ཞེས་རྒྱས་པར་བཤད་པའི་ཕྱིར། ཇི་སྐད་དུ་དར་ཊིཀ་མཐར་འཛིན་གདུང་སེལ་ལས། རྩོད་གཞི་མཐུན་ཕྱོགས་མ་ཡིན་པར་འདོད་པ་ནི་འདིའི་དོན་རྣམ་ངེས་སུ་བཤད་པ་ཞིབ་ཏུ་མ་རྟོགས་པའོ། །ཞེས་གསུངས་པའི་ཕྱིར། རྣམ་བཅད་གསུམ་སོགས་རྒྱས་པར་བཤད་པ་སྔར་ཡང་དཀའ་གནས་དག་སྤྲོས་ཟིན་པས་སླར་མ་སྤྲོས། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་རྒྱུ་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད། ཡང་དེ་སྒྲུབ་མ་སྦྱར་ཡང་ཆོག །སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་མི་རྟག་པ་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་གཏན་ཚིགས་དེ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་ལས། མེད་ལ་མེད་པར་ནི། ངེས་པ་ཞེས་དང༌། དེའི་རང་འགྲེལ་ལས། བསྒྲུབ་པར་བྱ་དང་རིགས་མཐུན་པ་ལ་ཡོད་པའི་གཏན་ཚིགས་དེའི་མེད་པ་ལ་མེད་པ་ཉིད་ནི་ཚུལ་གསུམ་པ་སྟེ་དེ་ཡང་ངེས་པ་ཡིན་ནོ། །ཞེས་དང༌། ཚད་མ་མདོ་ལས། མེད་ཉིད་ལ་མེད་པ། ཞེས་དང༌། དེའི་རང་འགྲེལ་ལས། མེད་པ་ཉིད་ལ་མེད་པ་ཞེས་པས་ནི་སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ་མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་ལ་ཡང་མ་ཡིན་ལ་འགལ་བ་ཡང་མ་ཡིན་ནོ། །ཞེས་པའི་དོན་ནོ། །ཞེས་དང༌། འཐད་ལྡན་ལས། དེའི་མེད་པ་མཐུན་པའི་ཕྱོགས་ཀྱི་དངོས་པོ་མེད་པ་ལ་མེད་པ་ཉིད་ཀྱི་ངོ་བོ་ནི་ཚུལ་གསུམ་པ་སྟེ། ཞེས་དང༌། ཛེ་ཏཱ་རིས། མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་དུ་ངེས་པ་ཞིག་གཞུག་གོ །ཞེས་དང༌། དུལ་ལྷས་རིགས་ཐིགས་འགྲེལ་པར། རིགས་མི་མཐུན་ལ་གཅིག་ཏུ་མེད་པ་ཉིད་ནི་ཚུལ་གསུམ་པ་སྟེ། ཞེས་གསུངས་པའི་ཕྱིར།

           འདི་ལ་རྒྱ་བོད་གཉིས་ཀར་སྣ་ཚོགས་སྨྲ་བ་མཁས་མི་མཁས་སྣ་ཚོགས་བྱུང་བ་བཀག་ཚུལ་གྱི་གཞུང་འགྲེལ་ཙམ་བྱས་ན། ལྡོག་ཁྱབ་རྒྱས་པར་བཤད་པ། ལྡོག་ཚུལ་ལ་རྩོད་སྤོང་གཉིས། དང་པོ་ཚུལ་གསུམ་པ་ངོས་བཟུང་བ་དང༌། ངེས་བྱེད་ཀྱི་ཚད་མ། གསུམ་པ་ལོགས་སུ་སྨོས་པའི་དགོས་པ་གསུམ་ལས། དང་པོ་ནི། རྣམ་ངེས་རང་འགྲེལ་ལས། བསྒྲུབ་པར་བྱ་བ་ཞེས་པ་ནས། གསུམ་ག་ལ་བལྟ་བར་བྱའོ། །ཞེས་བྱུང༌། གཉིས་པ་ནི། དེ་ཉིད་ལས། དོན་གཞན་དང་རང་གཞན་དག་ཅེས་པ་ནས། ལྡོག་པ་ངེས་པ་ཡིན་ནོ། །ཞེས་བྱུང༌། གསུམ་པ་ལ་དབང་ཕྱུག་སྡེའི་འདོད་པ་བརྗོད་པ་དང༌། དེ་དགག་པ་དང༌། རང་གི་ལུགས་གསུམ་ལས། དང་པོ་ནི། དབང་ཕྱུག་སྡེས་རྗེས་འགྲོའི་ངོས་བཟུང་གི་དོན་ངེས་པ་ལྡོག་ཁྱབ་ཀྱང་ངེས་ཀྱང་གཞན་པ་མི་མཐུན་ཕྱོགས་ཁོ་ནའམ་འགལ་བ་མི་མཐུན་ཕྱོགས་ཁོ་ན་ལ་མེད་དམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་བསྣན་ནས་ཚུལ་གསུམ་པ་ལོགས་སུ་སྨོས། ཞེས་འདོད་དེ། རྣམ་ངེས་རང་འགྲེལ་ལས། དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བྱ་བས་ལྡོག་པ་གྲུབ་མོད་ཀྱི་ནས། ཞེས་ཟེར་རོ། །ཞེས་དང༌། དེའི་འགྲེལ་བཤད་འཐད་ལྡན་ལས། གྲུབ་ཟིན་པ་རྩོམ་པ་ནི། ཞེས་པ་ནས། ཞེས་ཁ་ཅིག་རྟོགས་སོ་ཞེས་དང༌། རྣམ་ངེས་ཊིཀ་ཆེན་ལས། དེའི་ལན་ལ་སློབ་དཔོན་དབང་ཕྱུག་སྡེ་ན་རེ། ནས། དེ་ཉིད་ལ་འདོད་དོ། །ཞེས་དང༌། ཛྙཱ་ན་ཤྲིས་འགྲེལ་བཤད་ལས་ཀྱང༌། གལ་ཏེ་མཐུན་པ་ཉིད་ལ་ཡོད་པ་ཞེས་སྨོས་པ་ཉིད་ཀྱིས། ཞེས་པ་ནས། ཞེས་སློབ་དཔོན་དབང་ཕྱུག་སྡེ་ཟེར་རོ། །ཞེས་བྱུང༌། གཉིས་པ་དེ་དགག་པ་ལ་གཞན་པ་མི་མཐུན་ཕྱོགས་ཁོ་ན་ལ་རྟགས་ལྡོག་པ་མ་ཡིན་པ་རྟོགས་པ་དེའི་དགོས་པ་མ་ཡིན་པ་དང༌། འགལ་བ་མི་མཐུན་ཕྱོགས་ཁོ་ན་ལ་རྟགས་ལྡོག་པ་མ་ཡིན་པར་རྟོགས་པ་ཡང་དེའི་དགོས་པ་མ་ཡིན་པ་དང༌། ཁྱོད་ལྟར་ན་ཚུལ་གསུམ་པ་ལོགས་སུ་སྨོས་པ་དོན་མེད་དུ་ཐལ་བ་གསུམ་ལས། དང་པོ་ནི། རྣམ་ངེས་རང་འགྲེལ་ལས། དེ་ལ་མི་སྲིད་པ་ཉིད་ཀྱི་ཕྱིར་ཆོས་གཞན་ལ་ཡོད་པ་འགོག་པའི་དོགས་པ་ནི་མེད་དོ། །ཞེས་གསུངས། དོན་ནི། རྗེས་ཁྱབ་ཀྱི་ངེས་བཟུང་རྟོགས་པའི་ཕྱི་རྒོལ་ཆོས་ཅན། རྟགས་ཆོས་གཞན་ལ་ཡོད་པ་འགོག་གམ་སྙམ་པའི་དོགས་པ་མེད་པར་ཐལ། ཆོས་གཞན་ལ་མི་འཇུག་པར་གཅིག་ཁོ་ན་ལ་འཇུག་པའི་རྟགས་དངོས་པོ་ལའང་མི་སྲིད་པའི་ཕྱིར་དང༌། ཁྱོད་ཀྱིས་ཀྱང་དེ་ཤེས་ཟིན་པའི་ཕྱིར། གཉིས་པ་འཆད་པར། དེ་ཉིད་ལས། འགལ་བ་ལ་འགོག་པ་ཡང་དེ་ཁོ་ན་ལ་འགོག་ན་ནི་སྐྱོན་དུ་འགྱུར་ན། ཞེས་པ་ནས། འོན་ཀྱང་དེ་དང་མཐུན་པ་ལས་ལྡོག་པ་ཡིན་ནོ། །ཞེས་བྱུང༌། སྐྱོན་བྱུང་ཚུལ་ནི། དུ་བས་དུ་ལྡན་ལ་ལ་མེ་རྟོགས་ཚེ་ཚ་བ་མི་རྟོགས་པར་ཐལ། རྟགས་དུ་བ་དེ་མེ་དང་འགལ་བ་གྲང་རེག་ཁོ་ན་ལས་ལྡོག་ཅིང༌། རྟགས་དུ་བ་དེ་གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་ལས་མི་ལྡོག་པའི་ཕྱིར། རྟགས་ཟུར་ཕྱི་མ་ཁས། ཞེས་པའོ། །གསུམ་པ་ནི། དེ་ཉིད་ལས། དེས་ན་འདི་ལ་སྐྱོན་མེད་པའི་ཕྱིར། ཚུལ་གསུམ་པ་མི་བརྗོད་པ་ཉིད་དུ་འགྱུར་རོ། །ཞེས་དང༌། དོན་ནི་དབང་ཕྱུག་སྡེ་ཆོས་ཅན། ཁྱོད་ཀྱིས་བཤད་པའི་དོགས་པ་དེ་དག་བཅད་པའི་ཆེད་དུ་ཚུལ་གསུམ་པ་ལྡོག་ཁྱབ་མི་བརྗོད་པ་བརྗོད་མི་རིགས་ཤིང་དགོས་པ་མེད་པར་ཐལ། རྗེས་འགྲོའི་ངེས་བཟུང་ལ་མཁས་པ་འདི་དང་ངེས་བཟུང་འདི་གཉིས་གང་ལའང་འདི་གཉིས་གང་ལས་ལྡོག་པར་བསྟན་པའི་སྐྱོན་མེད་པའི་ཕྱིར། གསུམ་པ་སློབ་དཔོན་ཆོས་གྲགས་རང་ལུགས་ཀྱི་དེའི་དགོས་པ་ཁྱབ་པ་གཉིས་གང་རུང་བརྗོད་པས་གཅིག་ཤོས་ཤུགས་ལ་སྦྱོར་བ་ལ་མཁས་པའི་ཆེད་ཡིན་པར་བཤད་པ་དང༌། རྗེས་སུ་འགྲོ་ལྡོག་ཕན་ཚུན་མི་འཁྲུལ་བར་བཤད་པའི་རྩོད་སྤོང་དང༌། འཐད་ཀྱང་རྟགས་ཚུལ་གཉིས་ཀར་ཐལ་བའི་རྩོད་སྤོང་གསུམ། དང་པོ་ནི། རྣམ་ངེས་རང་འགྲེལ་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས། ནས། སྦྱོར་བ་བསྟན་པའི་དོན་དུ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེའི་ཕྱིར་གཅིག་ཀྱང་སྦྱོར་བར་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་ཁོ་ན་རེ། རྗེས་ཁྱབ་དང་ལྡོག་ཁྱབ་ཕན་ཚུན་མི་འཁྲུལ་བ་མི་འཐད་པར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་ཀྱང་རྗེས་ཁྱབ་མ་ཡིན་པས་དེ་སྒྲུབ་ཀྱི་གོ་བྱེད་མ་ཡིན་པའི་ཕྱིར། ཞེས་རྩོད་ཚུལ་འཆད་པར། དེ་ཉིད་ལས། གལ་ཏེ་མཉན་པར་བྱ་བ་ལྡོག་པ་ཡིན་ཡང་གོ་བར་བྱེད་པ་ཉིད་མ་ཡིན་ནོ་ཞེ་ན། ཞེས་བྱུང༌། དེའི་ལན་དུ་མཉན་བྱ་ལ་ལྡོག་ཁྱབ་མ་གྲུབ་པའི་རྒྱུ་མཚན་སྟོན་པར། དེ་ཉིད་ལས། མ་ཡིན་ཏེ་ལྡོག་པ་མེད་པའི་ཕྱིར་རོ། །ནས། ཐེ་ཚོམ་དུ་འགྱུར་རོ། །ཞེས་པའི་བར་བྱུང༌། ཕྱོགས་གླང་གིས་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ལྡོག་ཁྱབ་གྲུབ་པའི་ཚུལ་གཉིས་ཀར་བཤད་པ་ནི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་གྲུབ་ཅིང་རྗེས་འགྲོ་མ་མཐོང་བས་དེ་ལྟར་བཤད་པ་ཙམ་ཡིན་པའི་ཕྱིར། ཞེས་འཆད་པར། དེ་ཉིད་ལས། རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར། ལྡོག་པ་དང་ལྡན་པར་བཤད་དོ། །ཞེས་བྱུང༌། དེ་འདྲའི་ལྡོག་པ་གོ་བྱེད་ཀྱི་ཡན་ལག་མིན་ཚུལ་འཆད་པར། དེ་ཉིད་ལས། ལྡོག་པའི་རྣམ་པ་དེ་ལྟ་བུ་ནི་གོ་བྱེད་མ་ཡིན་ཏེ། ནས། སྒྲུབ་པར་བྱེད་པའི་ཕྱིར་རོ། །ཞེས་བྱུང༌། གསུམ་པ་ནི། འོ་ན། རྟགས་ཚུལ་གཉིས་པར་ཐལ་ལོ། །སྦྱོར་བ་གཅིག་གིས་བཤད་ཚུལ་དང་ཁྱབ་ཚུལ་ཕན་ཚུན་གཅིག་གྲུབ་ན་ཅིག་ཤོས་ཀྱང་གྲུབ་པས་ཁྱབ་པའི་ཕྱིར་ན། མ་ཁྱབ་སྟེ། སྦྱོར་ངག་གཅིག་གིས་བཤད་ཀྱང་ཚུལ་གཉིས་གཅིག་བྱས་པ་མ་ཡིན་པར་ཐ་དད་ཡིན་པ་དེའི་ཕྱིར། ཞེས་འཆད་པར། དེ་ཉིད་ལས། འོ་ན། རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན། ནས། ཞེས་བཤད་དོ། །ཞེས་བྱུང༌། འདིའི་ཤེས་བྱེད་ཚད་མ་མདོའི་རང་འགྲེལ་གྱི་ཡིན་ནོ། །

                                                                                                                         རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།