ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས་དཀའ་གནས་མཐར་ཐུག་པ་ཚུལ་གསུམ་འཇལ་བྱེད་ཚད་མས་སྒྲོ་འདོགས་གཅོད་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-10 20:56:09     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

66732692925757264.jpg

            གསུམ་པ་དཀའ་གནད་མཐར་ཐུག་པ་ཚུལ་གསུམ་འཇལ་བྱེད་ཚད་མས་སྒྲོ་འདོགས་གཅོད་ཚུལ་ལ་ཅུང་ཟད་དཔྱད་པ་ལ། འཕགས་ཡུལ་མཁས་མཆོག་གིས་དཔྱད་ཚུལ་དང༌། ལུགས་འདིའི་དྲན་དབང་རིགས་སྨྲ་དག་གིས་དཔྱད་ཚུལ་དང༌། རྗེ་ཡབ་སྲས་དང་པཎ་གྲུབ་ཀྱི་དགོངས་པ་གཅིག་ཚུལ་གསུམ་ལས། དང་པོ་ལ་གཞན་སྡེ་ཀུན་དང་རང་སྡེ་ཡང་ཕྱོགས་གླང་མ་ཕེབས་གོང་གི་རྟོག་གེ་བ་རྣམས་དང༌། ཕྱོགས་གླང་གི་དངོས་སློབ་པཎ་ཆེན་དབང་ཕྱུག་སྡེ་སོགས་ན་རེ། ཤེས་བྱ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་ལྡོག་ཁྱབ་ལྟ་བུའི་དེ་སྒྲུབ་ཀྱི་ལྡོག་ཁྱབ་སྒྲུབ་པ་ནི་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་གྲུབ་པར་ཐལ། དེ་ལྟར་དང་རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་པ་གང་རུང་གིས་འཇོག་དགོས་ལ། རྟགས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ཚུར་མཐོང་གིས་ངེས་མི་ཐུབ་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་གྱིས་བྱས་པ་རྟག་པའི་བྱེ་བྲག་མཐའ་དག་ལ་མེད་པར་རྟོགས་པར་ཐལ། ཕྱི་རྒོལ་དེས་དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པ་གང་ཞིག །བྱས་རྟགས་ཀྱི་ལྡོག་ཁྱབ་གྲུབ་པ་ལ་བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་པའི་ཕྱིར། རྟགས་ཁྱབ་ཁས། རྟགས་དང་པོ་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་ཆོས་ཅན། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་རྟོགས་པར་ཐལ། བྱས་པ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མེད་པར་ངེས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཕྱི་རྒོལ་དེ་ཆོས་ཅན། ཐམས་ཅད་མཁྱེན་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཚུར་མཐོང་གིས་དེ་ལྟར་ངེས་མི་ནུས་པའི་ཕྱིར། ཞེས་འདོད་པའི་ཕྱིར་ཏེ། ཇི་སྐད་དུ་རང་འགྲེལ་ལས། གཞན་ནི་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡང་མ་ཡིན་ནོ། །ཐམས་ཅད་གཟིགས་པས་གཟིགས་པ་ལོག་པས་ནི་ཐམས་ཅད་མེད་པ་གོ་བར་བྱེད་དོ། །ཞེས་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་དེ་ལྟ་ངེས་པ་མེད་པར་བཤད་པའི་ཕྱིར། ཤཱཀྱས། རག་ལས་པ་མ་ཡིན་པ་གཞན་ནི་མི་མཐུན་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་ཡང་མ་ཡིན་ཏེ། ཚུ་རོལ་མཐོང་བ་ཙམ་གྱིས་ངེས་པ་མེད་པའི་ཕྱིར་རོ། །ཐམས་ཅད་གཟིགས་པས་གཟིགས་པ་ལོག་པས་ནི་ངེས་པར་འགྱུར་རོ་ཞེས་དང༌། དེ་ལྟར་ཤིན་ཏུ་གསལ་བར་བྲམ་ཆེན་བདེ་བྱེད་དགའ་བའི་འགྲེལ་བཤད་ལས་ཀྱང༌། ཐམས་ཅད་གཟིགས་པ་མ་ཡིན་པའི་མཐོང་བ་ལོག་པས་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པ་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་ཐམས་ཅད་གཟིགས་པ་ཉིད་ཀྱི་ཚུ་རོལ་མཐོང་བས་ནི་ཡུལ་དང་དུས་ཀྱིས་ཆོད་པའི་ཆོས་ཅན་བསྒྲུབ་བྱས་སྟོང་པ་རྟོགས་པའི་སྤྱོད་ཡུལ་དུ་དཔྱད་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་སྐད་དུ་འདོད་ཚུལ་ནི། རྣམ་བཤད་ལས། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་དེ་ཉིད་ལྡོག་པ་ཡིན་གྱི། ཞེས་པ་ནས། ཧ་ཅང་ཐལ་ལོ་ཞེས་སོ། །

           དེས་ན་དེ་ལྟར་འདོད་མཁན་ཡང་སྔར་བཀོད་པ་ལྟར་ཡིན་ཏེ། ཤཱཀྱས། འོ་ན་སུ་ཞིག་གིས་དེ་སྐད་དུ་ཀླན་ཀ་བཙལ་ཞེ་ན། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་གྱི་སློབ་མ་སློབ་དཔོན་གྱི་གཞུང་མངོན་པར་མི་ཤེས་པ་སོགས་དང༌། བདེ་བྱེད་དགའ་བའི་འགྲེལ་བཤད་ལས། མ་མཐོང་བ་ཙམ་གྱིས་གྲུབ་བ་ཉིད་བསལ་བ་འདི་ནི་འདི་ལས་ཕྱི་རོལ་པ་དག་བཞིན་དུ། འདི་པ་དེ་ལྟར་སྨྲ་བ་དག་ལ་ཡང་མཚུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་པ་དེ་ལྟར་སྨྲ་བ་དག་ཅེས་དམིགས་ཀྱིས་མ་བསལ་བར་མང་ཚིག་སྨོས་པའི་ཕྱིར་དང༌། རྣམ་བཤད་ལས། སློབ་དཔོན་ཕྱོགས་གླང་གི་སློབ་མ་གཞུང་ལེགས་པར་མི་ཤེས་པ་དག་དང༌། གཞན་གྱི་སྡེ་པ་དག་ཅེས་གསུངས་པའི་ཕྱིར་དང༌། ཡང་མདོ་ལས། རྩོད་པ་སྒྲུབ་པ་ལ་བརྗོད་པ། །དེ་མཐུན་མེད་ལ་མེད་པ་ཡི། །ཆོས་བརྟན་རྟགས་ཞེས་པ་དེ་ལ། སོགས་དང༌། དེའི་གོང་དུ་དེ་ཉིད་ལས། རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན། །ཞེས་སོགས་ལྟར་རྩོད་སྒྲུབ་ཀྱིས་ཀྱང་ཚུལ་གསུམ་སོགས་ལ་དཔྱད་པས་སྐབས་འདིའི་རང་སྡེར་བྱ་ཡང་ལྡོག་ཁྱབ་འདིར་བཀག་ལྟར་གྱི་མ་ཡིན་ནོ། །དེ་ལྟར་སྨྲ་བ་ལ་གོང་དུ་མ་ཁྱབ་མཚམས་ལ་མ་ཁྱབ་པ་ཁོ་ནར་ཐལ། བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་རྟག་པའི་དབྱེ་བ་མཐའ་དག་ལ་མེད་པར་ནི་བྱས་པ་མི་རྟག་པ་ལ་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་ཁོ་ནས་ངེས་པར་བྱེད་ཀྱི་ལྡོག་གཞིའི་དབྱེ་བ་ངེས་པའི་སྒོ་ནས་ངེས་མི་དགོས་པའི་ཕྱིར། དཔེར་ན། རླན་གཤེར་མཐའ་དག་ཚད་མས་མ་ངེས་ཀྱང༌། རླན་གཤེར་མཐའ་དག་ལ་དམར་འབར་གྱི་མེ་མི་སྲིད་པར་རྟོགས་པ་མི་འགལ་བ་བཞིན་ཡིན་པའི་ཕྱིར། དེ་སྐད་དུ་འབྲེལ་སྒྲུབ་སྐབས་སུ། ལེའུ་འདི་ཉིད་ལས། དེའི་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ན་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་དང༌། དེའི་རང་འགྲེལ་ལས། འདི་ལྟར་དེའི་རང་གི་ངོ་བོ་དང༌། རྒྱུ་ཡིན་ན། ཇི་ལྟར་རང་གི་ངོ་བོ་དང༌། རྒྱུ་མེད་པར་ཡོད་པར་འགྱུར། དེ་བས་ན་གཞི་མེད་པར་ཡང་ཆོས་མི་མཐུན་པའི་དཔེ་ལ་ལྡོག་པ་རབ་ཏུ་གྲུབ་བོ་ཞེས་གསུངས་པའི་ཕྱིར། རྣམ་བཤད་ལས། དེ་དག་ཀྱང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་འབྲེལ་བ་ལ་ལྟོས་པའི་ཚུལ་ལེགས་པར་མ་དགོངས་པའི་རྣམ་འགྱུར་དུ་གསལ་ལོ། །ཞེས་གསུངས་པའི་ཕྱིར། འདི་རྒྱས་པར་འོག་ཏུ་འཆད་པས་ཤེས་སོ། །  གཉིས་པ་ལུགས་འདིའི་དྲན་དབང་རིགས་སྨྲ་དག་གིས་དཔྱད་ཚུལ་ལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ལྡོག་གི་ཁྱབ་པ་གཉིས་འཇལ་བའི་རྗེས་དཔག་གཉིས་ཀྱིས་སྒྲོ་འདོགས་བཅད་མ་བཅད་ཇི་ལྟ་བུ་སྙམ་ན་དབུ་ཕར་སྨྲ་བ་ཁ་ཅིག་ན་རེ། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་གིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་དེ། སྙིང་པོ་རྒྱན་གྱི་དགོངས་པ་ལྟར་འཐད་ཅིང༌། ཐར་ལམ་གསལ་བྱེད་ལྟར་མི་འཐད་པའི་ཕྱིར་ཟེར། དེ་ལས་བཟློག་ནས་སྨྲ་བའི་དབུ་ཕར་བ་འགའ་ཞིག་ཀྱང་ཡོད་དོ། །ཚད་མ་སྨྲ་བ་མང་པོ་ན་རེ། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་གིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང་བཅད་ཤེས་སུ་མི་འགྱུར་ལ། རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་ངེས་སུ་ཆུག་ཀྱང༌། སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་མི་དགོས་ཤིང་རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པས་སྟོང་པས་ཁྱབ་པ་ཡང་མ་ངེས་ཟེར། ཕྱིས་ཀྱི་རེ་གཉིས་ཀྱང་དར་ཊིཀ་གཉིས་དང་རྗེའི་རྣམ་བཤད་གཉིས་དང་ལམ་རིམ་གཉིས་སྟོང་ཐུན་དག་ཀྱང་མི་མཐུན་སྙམ་པ་མང་ངོ༌། །དབུ་ཚད་ཀྱི་ཡིག་འཇོག་པ་ཕལ་ཆེར་ལ་འདི་དག་ལ་དོགས་གནས་ཙམ་ཡང་མི་བྱེད་པར་སྒྲུབ་དང་སུན་འབྱིན་གྱི་ཡིག་ཚོགས་ཆེན་པོ་བྱེད་པའི་རང་གཞན་གྱི་རློམ་སེམས་མཐོན་པོ་ཅན་རེ་མང་དང༌། སྔ་ཕྱི་བར་གསུམ་དུ་བྱུང་ཚུལ་དང་རང་གི་ཡི་གེ་ན་མཚན་ཉིད་གསལ་བར་བསྟན་ཡོད་དོ། །འདིས་ལྷག་མ་ཤེས་ནུས་ལ་འདི་དག་ཕལ་ཆེར་གྱིས་དམ་བཅའ་ཙམ་ལས་མེད་ཅིང༌། སྒྲུབ་བྱེད་བཀོད་པ་དག་གིས་ཀྱང་སྦྱོར་ངག་རེ་ཙམ་ལས་ལུང་རིགས་མི་སྣང་བས། དགག་གཞག་གི་ངལ་བ་མ་བྱས་ལ་འོག་ཏུ་དཔྱད་པས་གོ་ནུས་སོ། །  གསུམ་པ་རྗེ་ཡབ་སྲས་དང་པཎ་གྲུབ་གྱི་དགོངས་པ་གཅིག་ཚུལ་ལ། དོགས་གཞི་དང༌། དོགས་འགོད་དང༌། དོགས་གཅོད་ཀྱི་རིགས་པ་གསུམ་ལས། དང་པོ་ནི། འོ་ན། བོད་སྔ་མ་དག་གིས་མ་བཀོད་པས་དོགས་པ་དར་ཊིཀ་དག་དང་སྤྱི་དོན་རིགས་རྒྱན་དང་སྡེ་བདུན་རྒྱན་དག་གིས་དཔྱད་ཚུལ་འདི་དོགས་གཅོད་དང་བཅས་པའི་ཤེས་བྱེད་མ་བཀོད་པས་རྟོག་གེའི་རིགས་པ་སྐམ་པོ་དེ་ཙམ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་ནི་སྤྱིར་དབུ་ཚད་ཀྱི་མདོ་བསྟན་བཅོས་དུ་མ་དང༌། ཁྱད་པར་དུ་ཚད་མ་མདོར་བསྡུས་ནས་གཞུང་སོ་སོར་བཤད་པ་དེ། རྣམ་འགྲེལ་ལེའུ་དང་པོ་དང་རྣམ་ངེས་དང་རིགས་ཐིགས་ལེའུ་གཉིས་པ་རྣམས་ཀྱིས་རྩལ་བཏོན་ནས་བཤད་པའི་རྩོད་ཚུལ་དང་རྩོད་ལན་ཡིན་ཞིང༌། ཚུལ་གསུམ་གྱི་ནང་གི་ཁྱབ་པ་གཉིས་ཀྱི་འགྲུབ་ཚུལ་འབྲེལ་བ་ལ་རག་ལས་པར་སྒྲུབ་པའི་རིགས་པ་རྣལ་མ་དངོས་རང་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། གཉིས་པ་ནི་རྣམ་འགྲེལ་མཛད་པས། ཞེས་པ་ནས། ཞེས་སོགས་གསུངས་པའི་དགོངས་པ་ཅུང་ཟད་བཤད་ན། དེ་ལ་སྤྱིར་འབྲེལ་བ་གཏན་ལ་ཕབ་པ་ལས་ཞེས་སོགས་གསུངས་པའི་ཕྱིར།

           གཉིས་པ་དོགས་པ་འགོད་ཚུལ་དང་ལན་གཉིས་ནི་སྤྱི་དོན་ལྟར་སྤྲོས་ན། ཚད་སོགས་རིགས་ལམ་ལ་ལེགས་པར་སྦྱངས་པའི་འཕགས་ཡུལ་གྱི་གཞོན་ནུ་མ་ལེན་སོགས་གཞན་སྡེ་སྔ་ཕྱི་མང་པོ་དང༌། དབུ་ཚད་སོགས་རིགས་ལམ་དུ་མར་སྦྱངས་པའི་ཕྱིས་ཀྱི་མདོ་སེམས་དུ་མ་དང་པཎ་ཆེན་དབང་ཕྱུག་སྡེ་སོགས་ཅི་རིགས་ན་རེ། ཤེས་པར་བྱ་བ་འདི་ནི་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་པ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་གིས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་བྱས་སྟོང་དུ་ངེས་པར་ཐལ། རྗེས་དཔག་དེས་དེ་ལྟར་ངེས་པ་དང་མ་ངེས་པ་གང་རུང་ཞིག །དེས་དེ་ལྟར་མ་ངེས་པ་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེས་རྟག་པའི་ཁྱད་པར་གྱི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་ཆོད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པས་སྟོང་པས་ཁྱབ་པ་ངེས་པར་ཐལ། འདོད་པའི་ཕྱིར་ན་འདིར་མ་ཁྱབ། འདོད་ན། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པས་སྟོང་པས་ཁྱབ་པ་ངེས་དགོས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཚུལ་འཇལ་བའི་ཚད་མ་དེས་དེ་སྒྲུབ་ཀྱི་བསྒྲུབ་བྱ་གྲུབ་པར་ཐལ་ལོ། །བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་སྒྲའི་བྱས་པ་དང་ཚོགས་པ་གཞལ་བྱ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། རྗེས་དཔག་དེས་བྱས་པའི་དབྱེ་བ་མཐའ་དག་ལ་སྒྲོ་འདོགས་བཅད་ཟིན་ཅིང་སྒྲ་ལ་བློ་ཁ་ཕྱོགས་པའི་ཕྱིར། རྟགས་གཉིས་སོང༌། རྟགས་དང་པོ་གྲུབ་སྟེ། རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་གིས་སྒྲོ་འདོགས་གཅོད་ཚུལ་དེའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲའི་བྱས་པ་དང་ཚོགས་པ་གཞལ་བའི་ཕྱིར། སྤྱི་དོན་ལས་རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་ཆོད་ཀྱང་བྱས་པས་སྟོང་པས་ཁྱབ་པ་མ་ངེས་ལ་ཞེས་དང༌། རྣམ་ངེས་དར་ཊིཀ་གིས་ཀྱང་དེ་ལྟར་བཤད་པའི་ཕྱིར།  བྱས་པ་ལ་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་གྱི་རྒྱུད་ཀྱི་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པ་འཇུག་པར་འཛིན་པའི་སྒྲོ་འདོགས་མ་ཆོད་པར་ཐལ། དེའི་རྒྱུད་ཀྱི་རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པ་འཇུག་གམ་སྙམ་པའི་སྒྲོ་འདོགས་མ་ཆོད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། ཕྱི་རྒོལ་དེའི་རྒྱུད་ལ་སྒྲ་རྟག་གམ་སྙམ་པའི་སྒྲོ་འདོགས་ཡོད་པའི་ཕྱིར། དེར་ཐལ། ཕྱི་རྒོལ་དེའི་རྒྱུད་ལ་སྒྲ་རྟག་གམ་མི་རྟག་སྙམ་པའི་ཐེ་ཚོམ་ཡོད་པ་གང་ཞིག་དེ་འདྲའི་ཐེ་ཚོམ་དེ་ཡང་སྒྲ་རྟག་གམ་སྙམ་པའི་སྒོ་ནས་སྐབས་འདིའི་ཚད་མས་གཅད་བྱའི་སྒྲོ་འདོགས་སུ་བཞག་པའི་ཕྱིར། དང་པོ་གྲུབ་སྟེ། དེ་འདྲའི་ཕྱི་རྒོལ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤཱཀྱའི་འགྲེལ་བཤད་ལས། རྗེས་སུ་དཔག་པར་བྱ་བ་འགའ་ཞིག་ལ། ཕྱིན་ཅི་ལོག་གི་ཤེས་པ་མེད་དུ་ཟིན་ཀྱང༌། འོན་ཀྱང་དེ་ལ་ཐེ་ཚོམ་ཡོད་པར་འགྱུར་ལ་ཐེ་ཚོམ་ཡང་གཉིས་ཀའི་ཆ་ལ་བརྟེན་པ་ཡིན་པས། ཕྱོགས་ལ་དེར་འཁྲུལ་བ་ལ་རེག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྗེས་དཔག་ནས། ཟིན་ཀྱང་ཡན་ཆད་ཀྱིས་གློ་བུར་བའི་རྟགས་ཅན་རྗེས་དཔག་ལྟ་བུ་འགའ་ཞིག་ལ་དེ་མ་ཡིན་ལ་མཐའ་གཅིག་ཏུ་དེར་ཞེན་པའི་ལོག་ཞེན་གྱི་སྒྲོ་འདོགས་མེད་ཀྱང་ཞེས་བཤད་ཅིང༌། འདིའི་ཕྱིན་ཅི་ལོག་གི་ཤེས་པ་ནི་སྒྲོ་འདོགས་ཀྱི་མིང་ཡིན་ནོ། །འོན་ཀྱང་སོགས་ཀྱིས་ཕྱོགས་གཉིས་ལ་བརྟེན་པའི་ཐེ་ཚོམ་ཡང་ལོག་པར་སྒྲོ་འདོགས་པའམ་ཞེན་པས་ལོག་ཞེན་ཡིན་ཞེས་བཤད་པའི་ཕྱིར་ཏེ་གཉིས་ཀའི་ཆ་ལ་བརྟེན་པ་ཡིན་པས་ཕྱོགས་ལ་དེར་འཁྲུལ་པ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱོགས་སྒྲ་མི་རྟག་པ་ལ་སྒྲ་རྟག་པ་དེར་འཁྲུལ་ཞེས་པའི་དོན་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར། གཞན་ཡང༌། ཐར་ལམ་གསལ་བྱེད་དང་སྙིང་པོ་རྒྱན་གཉིས་མི་མཐུན་ཟེར་བ་དེ་ལ་འོ་ན། ཐར་ལམ་གསལ་བྱེད་ལས། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་ནས་བྱེད་པ་མ་ཉམས་པའི་དོན་དེ་ཉིད་ལ་བསྣན་ནས་སྒྲོ་འདོགས་གཅོད་པའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན་ཁྱབ་པ་མེད་དེ་ཞེས་གསུངས་པ་འདིས་རྩོལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་རྩོལ་བྱུང་གི་སྒྲ་ལ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གསར་དུ་གཅོད་པར་མ་བསྟན་པར་ཐལ། ལུང་དེས་རྗེས་དཔག་དེའི་སྒྲོ་འདོགས་གསར་དུ་གཅོད་རྒྱུ་མེད་པར་བསྟན་ལ། སྙིང་པོ་རྒྱན་ལས་རྗེས་དཔག་དེས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་ཡོད་པར་བཤད་པས་མི་མཐུན་ཟེར་རིགས་པའི་ཕྱིར། རྟགས་དངོས། འཁོར་གསུམ། འདོད་ན། ལུང་དེས་དེ་སྒྲུབ་ཀྱི་བསྒྲུབ་བྱ་འཇལ་བའི་རྗེས་དཔག་དེས་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྩོལ་སྒྲ་ལ་སྒྲོ་འདོགས་བཅད་པ་དེའི་སྟེང་དུ་བསྣན་ནས་གཅོད་རྒྱུའི་སྒྲོ་འདོགས་བཅད་པ་དེ་བཞག་རྒྱུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྩོལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་སྒྲའི་སྟེང་དུ་གསར་དུ་སྒྲོ་འདོགས་གཅོད་རྒྱུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྩོལ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དང་དེ་འདྲེན་བྱེད་ཀྱི་དེ་སྒྲུབ་ཀྱི་ཚུལ་འཇལ་བའི་རྗེས་དཔག་ཚད་མ་གཉིས་ཡུལ་ལ་ཚད་མའི་སྒོ་ནས་སེལ་བས་འཇུག་པ་མ་ཡིན་པར་ཐལ། དེ་འདྲའི་རྗེས་དཔག་ལ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་མ་བཅད་པའི་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་མེད་པའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཤིང༌། ཁྱབ་པ་གྲུབ་པ་གཉིས་ཀ་ཡིན་པར་ཐལ། སེལ་བའི་སྒོ་ནས་ཡུལ་ལ་འཇུག་པའི་ཚད་མ་སྔ་ཕྱི་ལ་གཅོད་རྒྱུའི་སྒྲོ་འདོགས་སོ་སོར་མེད་ན་ཚད་མ་དེ་དོན་མེད་དུ་གྱུར་པ་རིགས་པའི་དབང་ཕྱུག་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། ལེའུ་འདི་ཉིད་ལས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱིས་བརྟག་བྱ་གང༌། །སོགས་ཀྱི་མཚམས་སྦྱར་བའི་རང་འགྲེལ་ལས། སྒྲ་དང་རྟགས་དག་གིས་རྣམ་པར་གཅད་པ་རྟོགས་པར་བྱེད་ཀྱི་སྒྲུབ་པའི་ངོ་བོའི་རང་གི་ངོ་བོ་ཁོ་ན་མ་ཡིན་ནོ། །  ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། ཚད་མ་གཞན་དང་སྒྲ་གཞན་འཇུག་པའི་ཕྱིར་ཏེ། ཞེས་དང༌། འདིའི་འགྲེལ་བཤད་དུ་ཤཱཀྱས། གང་གི་ཚེ་ཆོས་གཞན་སྒྲོ་འདོགས་པ་རྣམ་པར་བཅད་པའི་ཕྱིར། ཚད་མ་གཞན་དང་སྒྲ་གཞན་འཇུག་པ་དེའི་ཚེ་ནི་ཚད་མ་གཅིག་གིས་སྒྲོ་འདོགས་པ་གང་ཞིག་བསལ་བར་མ་བྱས་པ་དེ་བསལ་བའི་ཕྱིར། ཚད་མ་གཞན་དང་སྒྲ་གཞན་འཇུག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་རྗེས་དཔག་སོ་སོའི་སྒྲོ་འདོགས་གཅོད་རྒྱུ་སོ་སོར་བཤད་ནས། དེ་ལྟར་སོ་སོར་གཅོད་པ་དེ་སེལ་འཇུག་གི་ཚད་མ་སོ་སོའི་རྣམ་བཅད་ཀྱི་འཇུག་ཚུལ་ཡིན་པར་དེའི་རྗེས་སུ་བཤད་པའི་ཕྱིར། འགྲེལ་བཤད་དེ་ཉིད་ལས། དེ་བས་ན་ཚད་མ་གཞན་དང་སྒྲ་གཞན་འཇུག་པའི་ཕྱིར། སྒྲ་དང་རྟགས་དག་གིས་རྣམ་པར་གཅད་པར་རྟོགས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ། ཚིག་ལ་དཔྱོད་ནུས་པ་ཁ་ཅིག་ན་རེ། འོ་ན་རང་འགྲེལ་ལས། དེའི་རྣམ་པར་སྒྲོ་འདོགས་པ་དང༌། ཐེ་ཚོམ་དང་བྲལ་བ་ཞེས་གསུངས་པས་སྒྲོ་འདོགས་དང་ཐེ་ཚོམ་སོ་སོར་བཤད་པ་མི་འཐད་པར་ཐལ། ཁྱོད་ཀྱིས་ཐེ་ཚོམ་ལ་ཡང་སྒྲོ་འདོགས་གཅིག་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། སོ་སོར་བཤད་ན་འགལ་བས་ཁྱབ་པ་རིགས་པའི་དབང་ཕྱུག་གཉིས་ཀྱིས་ཀྱང་སྒྲུབ་མི་ཐུབ་པའི་ཕྱིར། ཤིན་ཏུ་གོ་སླ། འོ་ན། ཁྱོད་རང་ལ་སྒྲ་ལ་རྟག་པའི་རྣམ་པར་སྒྲོ་འདོགས་ན་ཐེ་ཚོམ་མ་ཡིན་པས་ཁྱབ་པར་ཐལ། རང་འགྲེལ་གྱིས་སྒྲོ་འདོགས་དང་ཐེ་ཚོམ་འགལ་བར་བཤད་པའི་ཕྱིར། རྟགས་ཁས། འདོད་ན། ཕལ་ཆེར་སྒྲ་རྟག་གམ་སྙམ་པའི་དོན་མི་འགྱུར་གྱི་ཐེ་ཚོམ་དང་རིག་བྱེད་པའི་རྒྱུད་ཀྱི་སྒྲ་ནམ་མཁའི་ཡོན་ཏན་ཡིན་པས་ན་སྒྲ་འདི་རྟག་གམ་སྙམ་པའི་དོན་མི་འགྱུར་ཤས་ཆེ་བའི་ཐེ་ཚོམ་གཉིས་རེ་རེ་ནས་ཆོས་ཅན། སྒྲ་རྟག་པར་མི་འཛིན་པར་ཐལ། སྒྲ་རྟག་པར་སྒྲོ་མི་འདོགས་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། ཐེ་ཚོམ་མ་ཡིན་པར་ཐལ་ལོ། །སྒྲ་རྟག་པར་སྒྲོ་འདོགས་པའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། འདོད་མི་ནུས་ཤིང༌། ཁྱབ་པ་གྲུབ་པ་གཉིས་ཀར་ཐལ། སྒྲ་རྟག་པའི་རྣམ་པར་སྒྲོ་འདོགས་པ་དང༌། ཐེ་ཚོམ་གཉིས་ཀ་བྱེད་པའི་བློ་ཡིན་པའི་ཕྱིར། དེར་ཐལ། ཡུལ་དེར་མཐའ་གཅིག་ཏུ་སྒྲོ་འདོགས་པ་དང་ཐེ་ཚོམ་པ་གཉིས་ཀ་བྱེད་པའི་བློ་གཅིག་ཡོད་པའི་ཕྱིར། རྣམ་འགྲེལ་ལེའུ་འདི་ཉིད་ལས། གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་གསུངས་པའི་དགོངས་པ་ཡིན་པའི་ཕྱིར། པཎ་ཆེན་ཆོས་མཆོག་གི་འཐད་ལྡན་ཆེ་བ་ལས། ཐེ་ཚོམ་ནི་དེའི་བྱ་བ་དང་འགལ་བ་མ་ཡིན་གྱི། འོན་ཀྱང་སྒྲོ་འདོགས་པ་ཡིན་ནོ། །རྣམ་འགྲེལ་ལས། གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་གང་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

          གཞན་ཡང༌། ཐེ་ཚོམ་གྱི་སྒོ་ནས་སྒྲ་མི་རྟག་གོ་ཞེས་ཆ་གཅིག་ཏུ་བཟུང་བ་ཤས་ཆེ་ཡང་ཐེ་ཚོམ་པའི་བློ་གཅིག་མེད་པར་ཐལ། དེ་ལ་སྒྲོ་འདོགས་ན་ཐེ་ཚོམ་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་འདྲའི་དོན་འགྱུར་གྱི་ཐེ་ཚོམ་ཞིག་ཡོད་པའི་ཕྱིར། དེར་ཐལ། དོན་དུ་འགྱུར་མི་འགྱུར་གྱི་ཐེ་ཚོམ་ལ་རིམ་པ་དུ་མ་ཡོད་པར་ལུང་རིགས་དང༌། མྱོང་བ་ལ་བལྟས་ན་ཤིན་ཏུ་གསལ་བའི་ཕྱིར། དེས་ན་འཐད་ལྡན་ཆེ་བ་ལས། གཞན་ལས་ནི་ཆ་གཅིག་ཏུ་བཟུང་ཡང་ཐེ་ཚོམ་གྱི་རྒྱུ་མ་ལོག་པས་ཐེ་ཚོམ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞན་ལས་ནི་ཞེས་པས་གང་ཟག་གཞན་ལས་ཞེས་བཤད། ཆ་གཅིག་ཏུ་བཟུང་ཡང་ཞེས་པས་སྒྲ་མི་རྟག་པ་ལྟ་བུའི་ཆ་གཅིག་ཏུ་དེའོ་ཞེས་བཟུང་ཡང་ཞེས་བཤད་ནས་ལྷག་མས་དོན་འགྱུར་གྱི་ཐེ་ཚོམ་བྱེད་ཚུལ་ཞིག་ཀྱང་བཤད་པའི་ཕྱིར། དེའི་དོན་ཡོད་པའི་ཕྱིར། འདིའི་སྒྲ་སྤྱིའི་བློ་གཞན་འགའ་ཞིག་ཀྱང་བཤད་དོ། །འདིའི་ཐད་དུ་བོད་དག་གིས་ཆོས་མཆོག་ལ་ཕྱོགས་སྔའི་ནམ་མ་ལངས་པའི་དགག་སྒྲུབ་ཀྱི་ཉི་མ་འབྱིན་པར་རྩོལ་བ་མང་དུ་བྱས་སྣང་ངོ༌།  །  གཞན་ཡང༌། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་སྒྲོ་འདོགས་གང་ཡང་གསར་དུ་མ་བཅད་པར་འདོད་པ་ཤིན་ཏུ་མི་འཐད་པར་ཐལ། རྗེས་དཔག་ཚད་མ་སྔ་མས་མ་བཅད་པར་དེས་གཅོད་དགོས་པའི་སྒྲོ་འདོགས་ཡོད་པར་རྗེ་རིན་པོ་ཆེ་ཡབ་སྲས་བཞི་ཀ་བཞེད་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱི་རྒོལ་དབང་རྣོན་འགའ་ཞིག་རེ་ཙམ་མ་ཡིན་པ་དེ་སྒྲུབ་ཀྱི་ཕྱི་རྒོལ་རྣོ་འབྲིང་རྟུལ་གསུམ་ཕལ་ཆེར་གྱིས་ཚུལ་འཇལ་བའི་ཚད་མས་སྒྲའི་སྟེང་དུ་རྟག་འཛིན་གྱི་སྒྲོ་འདོགས་རྫོགས་པར་མ་བཅད་ཀྱང་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་དེ་ལྟར་བཅད་པའི་ཁྱད་པར་འཐད་པའི་ཕྱིར། རྩ་ཤེའི་ཊིཀ་ཆེན་ལས། འདི་དཔེར་བརྗོད་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ངེས་པའི་ཚད་མ་སྐྱེས་པ་ན་བར་དུ་ཚད་མ་གཞན་བརྒྱུད་པ་ལ་མི་ལྟོས་པར་དེ་ཡི་མཐུ་ལ་བརྟེན་ནས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་བསྐྱེད་ནུས་ཀྱང༌། སྒྲ་མི་རྟག་པ་ཚད་མ་སྔ་མའི་ཤུགས་ལ་གྲུབ་པ་དང༌། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཚད་མ་སྔ་མས་བཅད་པ་མ་ཡིན་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ནུས་ཀྱང་ཡན་ཆད་ཀྱིས་ཚུལ་གསུམ་ངེས་པའི་ཚད་མའི་དངོས་ཀྱི་བྱེད་པ་བསྟན། ལྷག་མས་དེ་སྒྲུབ་ཀྱི་རྟགས་ཅན་རྗེས་དཔག་གིས་སྒྲོ་འདོགས་དངོས་སུ་གཅོད་པ་དང་བསྒྲུབ་བྱ་དངོས་སུ་འཇལ་ཡང༌། ཚད་མ་སྔ་མ་ཚུལ་གསུམ་ངེས་པའི་ཚད་མས་དེ་དངོས་སུ་མི་བྱེད་པར་བཤད་པའི་ཕྱིར་དང༌། སྒྲ་མི་རྟག་པ་ཚད་མ་སྔ་མས་ཞེས་སྒྲ་མི་རྟག་པ་བཀར་བས་ནི་སྒྲའི་སྟེང་དུ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་རྫོགས་པར་ཚད་མ་སྔ་མ་ཚུལ་གསུམ་ངེས་པའི་ཚད་མས་མ་བཅད་པར་བཤད་ཀྱང༌། ཚད་མ་དེས་བྱས་སྟེང་དུ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་མ་བཅད་པར་བཤད་མི་དགོས་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་བྱས་པའི་སྟེང་དུ་སྒྲའི་རྟག་པ་ཁེགས་ཀྱང་སྒྲ་ཁྱད་གཞིར་བྱས་ནས་རྟག་པ་མ་ཁེགས་པ་ཤིན་ཏུ་འཐད་པའི་ཕྱིར། དེར་ཐལ། ཕྱི་རྒོལ་དེས་རྟགས་དང་དཔེ་གཉིས་ཀྱི་སྟེང་དུ་ཁྱབ་པ་སོ་སོར་ཐོག་མར་ངེས་ཀྱང་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་མ་ངེས་པར་མཁས་པ་ཀུན་གྱིས་འདོད་པའི་ཕྱིར། དེ་བས་ན་རྣམ་བཤད་ལས། རྗེས་ཁྱབ་ངེས་པའི་ཚད་མ་དེས་ཁྱད་གཞི་བྱས་པའི་སྟེང་དུ་སྒྲའི་རྟག་པས་སྟོང་པར་གྲུབ་ཀྱང༌། སྒྲ་ཁྱད་གཞིར་བཟུང་བ་ལ་རྟག་པ་མ་ཁེགས་པའི་ཕྱིར་རོ། །ཞེས་དང༌། སྙིང་པོ་རྒྱན་ལས། དེ་ལྟ་ན་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་སྒྲ་བྱས་ན་སྒྲ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་གཅོད་དགོས་པས་རྟགས་དེ་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གསར་དུ་མི་གཅོད་པར་འགྱུར་རོ། །ཞེས་དང༌། རིགས་རྒྱན་ལས། རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་ཆོད་ཀྱང་བྱས་པས་སྟོང་པས་ཁྱབ་པ་མ་ངེས་ལ་ཞེས་གསུངས་པ་བཞིན་རྣམ་ངེས་དར་ཊིཀ་དང༌། སྡེ་བདུན་རྒྱན་ལས། རྟག་པ་བྱས་སྟོང་དུ་འཇལ་བའི་ཚད་མ་དེ་ཉིད་ཀྱིས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་མི་སྲིད་པར་མ་ངེས་ཀྱང་འཇུག་པར་འཛིན་པའི་སྒྲོ་འདོགས་བཅད་ཅིང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་དག་གིས་ཀྱང་རྩོད་གཞིའི་སྟེང་དུ་མ་བཅད་པའི་ཕྱོགས་བཟུང་བའི་ཕྱིར། གཞན་ཡང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། རང་འདྲེན་བྱེད་ཚད་མ་སྔ་མ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ངེས་པའི་ཚད་མས་མ་བཅད་པའི་སྒྲོ་འདོགས་གསར་གཅོད་ཀྱི་ངེས་པ་ཡིན་པར་ཐལ། ཁྱོད་མྱོང་སྟོབས་དང་རྟགས་གཉིས་ཀྱི་ནང་ནས་བྱས་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་ངེས་པའི་རྗེས་དཔག་ཡིན་པའི་ཕྱིར། རྟགས་སླ། ཁྱབ་པར་ཐལ། མྱོང་སྟོབས་དང་རྟགས་གཉིས་ཀྱི་ནང་ནས་རྟགས་ཁོ་ན་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་དགོས་ཀྱི་བློ་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་དང་ཐེ་ཚོམ་གང་རུང་གཅོད་རྒྱུ་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་གང་ཡང་བློ་དེས་གཅོད་མི་དགོས་ན་བློ་དེ་སྐྱེད་པའི་རྟགས་འགོད་པ་དང་ཁྱབ་པ་དྲན་པ་འབད་པ་མི་བྱེད་དགོས་པ་ལས་དེ་དག་བྱེད་དགོས་པ་དེའི་ཕྱིར། རང་འགྲེལ་ལས། དེའི་རྣམ་པར་སྒྲོ་འདོགས་པ་དང༌། ཐེ་ཚོམ་དང་བྲལ་བ་ནི། དེ་རྟོགས་པར་བྱ་བ་ལ་རྟགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱེད། དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་གུས་པར་ཡང་མི་བྱེད་དོ། །ཞེས་དང༌། དེའི་འགྲེལ་བཤད་དུ་ཤཱཀྱས། རྟགས་ཁོ་ནས་རྗེས་སུ་དཔག་པར་བྱ་བ་རྟོགས་པར་བྱེད་པ་ནི་རྗེས་སུ་དཔག་པར་བྱ་བ་དེ་ལ་གདོན་མི་ཟ་བར་ཕྱིན་ཅི་ལོག་དང༌། ཐེ་ཚོམ་དག་དང་ལྡན་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་དང༌། རྗེས་སུ་དཔག་པར་བྱ་བ་ནི་བསྒྲུབ་བྱའི་མིང་ཡིན་ལ་དེ་འདྲའི་བསྒྲུབ་བྱ་ལ་གདོན་མི་ཟ་བར་ཏེ་ངེས་པར་སྒྲོ་འདོགས་དང་ཐེ་ཚོམ་གཅོད་རྒྱུ་དགོས་པར་བཤད་པའི་ཕྱིར། དེར་ཐལ། རྟགས་ལ་བརྟེན་ནས་བསྒྲུབ་བྱ་ངེས་པའི་རྗེས་དཔག་གི་གཅད་བྱ་སྒྲོ་འདོགས་ཡོད་པས་ཁྱབ་ཅེས་བཤད་པའི་ཕྱིར། འགྲེལ་བཤད་དེ་ཉིད་ལས། དེ་ལྟ་བས་ན་རྟོགས་པར་བྱེད་པ་པོ་ཞེས་པ་ནས། དེ་བས་ན་ཐམས་ཅད་ལ་སྒྲོ་འདོགས་པ་རྣམ་པར་གཅོད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། འདིས་ནི་གཞན་སྡེ་འགའ་ཞིག་གིས་གློ་བུར་བའི་རྗེས་དཔག་ལ་སྒྲོ་འདོགས་གཅོད་རྒྱུ་མེད་པར་འདོད་པ་བཀག་པ་ཡིན་པས་ལུགས་ངན་དེ་རང་ལུགས་མ་བྱེད་ཅིག །  གཞན་ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་ངེས་པའི་རྗེས་དཔག་གིས་གསར་དུ་གཅོད་རྒྱུའི་སྒྲོ་འདོགས་པའི་ཐེ་ཚོམ་ཡོད་པར་ཐལ། དེ་སྒྲུབ་ཀྱི་ཕྱི་རྒོལ་རྒྱུད་ལ་སྔར་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དང་ཐེ་ཚོམ་གཉིས་ཡོད་པ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་ངེས་པའི་རྗེས་དཔག་དེ་མ་སྐྱེས་བར་དུ་དེ་སྒྲུབ་ཀྱི་བྱས་རྟགས་ཀྱི་ཚུལ་གསུམ་འཇལ་བའི་ཚད་མ་གང་གིས་ཀྱང་དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་རྟོགས་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། བསྒྲུབ་བྱ་དེ་ལ་ཐེ་ཚོམ་སྔར་ཡོད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ངེས་པའི་རྗེས་དཔག་མ་སྐྱེས་བར་དུ་ཐེ་ཚོམ་དེ་མ་ལོག་པར་ཡོད་པའི་ཕྱིར། ཚད་ཆེན་ཉེར་དགུ་པ་ལས། ཇི་སྲིད་ངེས་པ་མ་སྐྱེས་པ། །དེ་སྲིད་ཁོ་ན་ཐེ་ཚོམ་ཡོད། །ཅེས་དང༌། འདི་ཉིད་ལས་ཀྱང༌། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང༌། འདོད་དང་སྡང་སོགས་སྤངས་པ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་གསུངས་པ་འདི་དང་མཐུན་པར་ལམ་རིམ་ལས་ཀྱང་དེ་ལྟ་ཡིན་ནའང་ཡོད་པར་འཛིན་པའི་སྒྲོ་འདོགས་སྐྱེ་བས་དགག་དགོས་ལ་འགོག་པ་ཡང་བུམ་པ་ཐོ་བས་བཤིག་པ་ལྟ་བུ་མིན་གྱི་མེད་པ་ལ་མེད་པར་ངོ་ཤེས་པའི་ངེས་ཤེས་བསྐྱེད་པ་སྟེ་ཞེས་སོགས་གསལ་བར་གསུངས་པའི་ཕྱིར། དེས་ན་འདི་འདྲའི་ལུང་རིགས་དུ་མ་ལ་བརྟེན་ནས་དེ་སྒྲུབ་ཀྱི་ཁྱབ་སོགས་གསུམ་ངེས་པའི་ཚད་མའི་བྱེད་པས་དེ་སྒྲུབ་གྱི་བསྒྲུབ་བྱ་ལ་སྒྲོ་འདོགས་གཅོད་ནུས་ཤིང་བསྒྲུབ་བྱ་རྟོགས་ནུས་ཀྱང༌། དེ་སྒྲུབ་ཀྱི་ཚུལ་གསུམ་འཇལ་བའི་ཚད་མས་སྒྲོ་འདོགས་དེ་མ་བཅད་པ་དང་37བསྒྲུབ་བྱ་དེ་མ་ངེས་པའི་ཁྱད་པར་འཐད་པར་ཐལ། དེ་ལྟར་དུ་རིགས་པའི་དབང་ཕྱུག་རྣམས་དང༌། རྒྱལ་བ་གཉིས་པའི་བཞེད་པ་འཁྲུལ་བྲལ་ཡིན་པའི་ཕྱིར། འདི་ཉིད་བཞི་པ་ལས། སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང༌། །དོན་གྱིས་དེ་ནི་འཇིག་བློར་འགྱུར། །ཞེས་དང༌། དེའི་དོན་བཤད་པ་ནི། རྩ་ཤེའི་ཊིཀ་ཆེན་ལས། ཞེས་དོན་གྱིས་ཏེ་ཤུགས་ཀྱིས་ཞེས་བཤད་ཀྱང་ཤུགས་རྟོགས་མ་ཡིན་པ་དང་འདྲའོ་ཞེས་དང༌། དེ་དང་མཐུན་པར་རྩོད་དུས་ཀྱི་ཀུན་མཁྱེན་ཤནྟི་པས་ཀྱང༌། ཚུལ་གསུམ་རྟོགས་པའི་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བ་རྟོགས་ཏེ། དེ་བསྐྱེད་པའི་ནུས་པ་ཉིད་ལ་ཤུགས་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་ཤུགས་བྱས་པ་ཀུན་དངོས་ཤུགས་ཀྱི་ཤུགས་ལ་གོ་བར་མ་བྱེད་ཅིག །བྱས་པ་ལ་ཁོ་ན་རེ། དེ་སྒྲུབ་ཀྱི་ཚུལ་གསུམ་འཇལ་བའི་ཚད་མ་དེས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་མི་ནུས་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་རྟག་འཛིན་གྱི་སྒྲོ་འདོགས་དངོས་སུ་གཅོད་པ་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟག་འཛིན་གྱི་ཞེན་ཡུལ་མེད་པར་དངོས་སུ་རྟོགས་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་པའི་ཚད་མ་སྐྱེས་པ་ན་བར་དུ་ཚད་མ་གཞན་བརྒྱུད་མི་དགོས་པར་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟག་འཛིན་དངོས་སུ་སུན་འབྱིན་པའི་བློ་བསྐྱེད་པས་ན་དེས་དེ་གཅོད་ནུས་ཞེས་འཇོག་པར་དབུ་སེམས་ཀྱི་མཁས་དབང་རྣམས་བཞེད་པའི་ཕྱིར། དེར་ཐལ། གང་ཟག་རང་སྐྱ་ཐུབ་པའི་རྫས་སུ་མེད་པར་རྟོགས་པའི་བློ་དེས་གང་ཟག་གི་གདགས་གཞི་རྣ་བ་རང་སྐྱ་ཐུབ་པའི་རྫས་སུ་མེད་དོ། །ཞེས་མི་འཛིན་ཀྱང་རྣ་བ་དེར་འཛིན་གྱི་སྒྲོ་འདོགས་གཅོད་ནུས་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་མེད་པར་ངེས་པའི་བློ་དེས་དེའི་རྣ་བ་མེད་དོ་སྙམ་དུ་མི་འཛིན་ཀྱང་དེའི་རྣ་བ་ཡོད་འཛིན་གྱི་སྒྲོ་འདོགས་གཅོད་ནུས་པ་བཞིན་ཡིན་པའི་ཕྱིར། རྩ་ཤེ་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་དང༌། བུདྡྷ་པཱ་ལི་ཏ་ལས། བདག་དེ་ཡང་མེད་དེ་དེ་མེད་ན་དེའི་འདི་ཡིན་ནོ། །ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར། ཞེས་དང༌། ལམ་རིམ་ལས། དཔེར་ན་མོ་གཤམ་གྱི་བུ་མི་སྲིད་པར་ངེས་པ་ན་བློ་དེས་དེའི་རྣ་བ་ལ་སོགས་པ་མེད་དོ་སྙམ་དུ་མི་འཛིན་ཡང་དེའི་རྣ་བ་ཡོད་པར་འཛིན་པའི་སྒྲོ་འདོགས་གཅོད་ནུས་པ་ལྟར། བདག་དེ་ཁོ་ནར་མེད་པར་ངེས་ན་དེའི་མིག་ལ་སོགས་པ་དེ་ཁོ་ནར་ཡོད་པར་འཛིན་པ་ལྡོག་པར་འགྱུར་བའི་ཕྱིར་རོ། །ཞེས་དང༌། སྡེ་བདུན་རྒྱན་ལས། འཇུག་པར་འཛིན་པའི་སྒྲོ་འདོགས་བཅད་ཅིང་ཕྱིས་རྟག་པའི་ཁྱད་པར་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་ཚད་མ་གཞན་ལ་ལྟོས་མེད་དུ་དེ་ཉིད་བྱས་པས་སྟོང་པའི་ངེས་པ་འདྲེན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

 (37) པར་ཐེངས་གཉིས་པ། བསྒྲུབ་བྱ་ངེས་པའི།  

          བྱས་པ་ལ་ཁོ་ན་རེ། འོ་ན། དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་པའི་བློ་ངེས་པར་དུ་བློ་གཞན་མ་བརྒྱུད་པར་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་ཚད་མ་སྐྱེ་ནུས་པར་ཐལ། ཚུལ་གསུམ་ངེས་པའི་བློ་དེས་ཚད་མ་གཞན་མ་བརྒྱུད་པར་དེ་ལྟར་འདྲེན་ནུས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་པར་ཐལ། དེ་གཉིས་ཀྱི་བར་རྟགས་འཛིན་དྲན་པས་ཆོད་པའི་ཕྱིར། མདོའི་རང་འགྲེལ་ལས། རྟགས་ཤེས་པ་ནི་རྗེས་དཔག་གི་དངོས་ཀྱི་རྒྱུ་མ་ཡིན་ཏེ། དྲན་པས་བར་དུ་ཆོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་རྟགས་ཤེས་པ་ནི་ཚུལ་གསུམ་གྱི་དོན་ལྡོག་གཞལ་བའི་ཚད་མ་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། ལེའུ་གསུམ་པ་ལས། དངོས་གང་ཇི་ལྟར་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལ་ངེས་བསྐྱེད་རྟགས་ཅན་བློ། །ཞེས་དང༌། སྡེ་བདུན་རྒྱན་ལས། ཚུལ་གསུམ་འཇལ་བའི་ཚད་མ་ལས་བསྒྲུབ་བྱ་འཇལ་བའི་ཚད་མ་དངོས་སུ་སྐྱེའམ་ཞེ་ན། མི་སྐྱེ་སྟེ། ཚུལ་གསུམ་དྲན་པའི་ཤེས་པས་བར་དུ་ཆོད་པའི་ཕྱིར་རོ་ཞེས་པ་ཡིན་གྱི། ཞེས་དང༌། རིགས་རྒྱན་ལས། དེ་ཡང་སྒྲ་འཛིན་མངོན་སུམ་དེ་སྒྲ་མི་རྟག་པར་གཟུང་དོན་དུ་བྱས་པ་ལས་སྐྱེས་ཤིང༌། དེ་ལས་སྒྲ་བྱས་པར་རྟོགས་པའི་ཚད་མ་སྐྱེ། དེ་དང་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་འཇལ་བའི་ཚད་མ་ལས། དེ་སྒྲུབ་ཀྱི་ཚུལ་གསུམ་འཇལ་བའི་བཅད་ཤེས་སྐྱེ་ལ། དེ་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་རྗེས་དཔག་གིས་སྒྲ་ལ་མི་རྟག་པས་ཁྱབ་པ་དང༌། སྒྲའི་བྱས་པ་ལ་ཡང་མི་རྟག་པས་ཁྱབ་པ་ངེས་པར་ཐལ། དེ་འདྲའི་རྗེས་དཔག་གིས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཕྱིར་ན། དེ་ལྟར་ངེས་སུ་ཆུག་ཀྱང་མ་ཁྱབ་པར་ཐལ། དེ་འདྲའི་རྗེས་དཔག་གིས་སྒྲ་དང་སྒྲའི་བྱས་པ་ལ་དངོས་ཤུགས་གང་ལ་38བློ་ཁ་མ་ཕྱོགས་པའི་ཕྱིར། དེར་ཐལ། རྩོད་གཞི་ཁྱབ་པའི་ཁོངས་སུ་མི་འདུ་བའི་རྒྱུ་མཚན་གྱི་རྩོད་གཞི་དང་རྩོད་གཞིའི་ཁྱད་ཆོས་སྒྲ་བྱས་པ་དང༌། སྒྲ་མི་རྟག་པ་གསུམ་པོ་གང་ལ་ཡང་དངོས་ཤུགས་གང་ལའང་བློ་ཁ་མ་ཕྱོགས་པས་མི་རིགས་པའི་ཕྱིར་ཏེ། རྣམ་ངེས་དར་ཊིཀ་ལས། ངེས་སུ་ཆུག་ཀྱང་སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་མི་དགོས་ཏེ། སྒྲ་དང་སྒྲའི་བྱས་པ་ལ་དངོས་ཤུགས་གང་དུ་ཡང་བློ་ཁ་ཕྱོགས་པ་མེད་དོ་ཞེས་གསུངས་པའི་ཕྱིར་དང༌། དེ་ནི་ལུང་རིགས་རྣམ་དག་གིས་གྲུབ་པར་ཐལ། ཀུན་མཁྱེན་ཤནྟི་པས། ཁྱབ་པ་རྟོགས་པ་ཉིད་ཀྱིས་ཀྱང་བསྒྲུབ་པར་བྱ་བ་སྒྲུབ་པ་ནི་མ་ཡིན་ཏེ། སྤྱི་ལ་དམིགས་པ་ཉིད་ཀྱིས་ཆོས་ཅན་གྱི་ཁྱད་པར་གྱི་ཆོས་དག་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར། རྩ་བར་འདོད་ན། ཤིན་ཏུ་མི་འཐད་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་གིས་སྒྲའི་བྱས་པ་ཡང་དངོས་ཤུགས་གང་དུ་ཡང་མ་རྟོགས་ན། བསྒྲུབ་བྱའི་ཆོས་མི་རྟག་པ་སྒྲ་ལ་ག་ལ་ངེས་པའི་ཕྱིར། དཔེར་ན། དངོས་པོའི་རྟགས་ཀྱིས་སྐད་ཅིག་མས་ཁྱབ་པ་ངེས་པ་ན་སྒྲུབ་བྱེད་ཀྱི་ཆོས་ཏེ་གཏན་ཚིགས་དངོས་པོ་དེ་སྒྲ་དང་འབྲེལ་བར་མི་འཛིན་ན། བསྒྲུབ་བྱའི་ཆོས་སྐད་ཅིག་མ་ལ་དོགས་པ་ཡང་མེད་པའི་ཕྱིར། ཀུན་མཁྱེན་ཤནྟི་པས། འདིར་གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ནོ། །ཞེས་བྱ་བས་ཁྱབ་པ་རྟོགས་པ་ནི་སྒྲུབ་པར་བྱེད་པའི་ཆོས་ཀྱང་ཆོས་ཅན་ལ་ཡོད་པའི་ནང་དུ་མི་འདུ་ན་སྒྲུབ་པར་བྱ་བའི་ཆོས་ལྟ་ཅི་སྨོས་ཞེས་གསུངས་པའི་ཕྱིར། འདིར་ལུང་རིགས་མང༌། དངོས་པོའི་སྐད་དོད་བྷ་བ་དོན་དུ་མར་འཇུག་ཀྱང་འདིར་དངོས་པོར་བསྒྱུར་དགོས་པས་ཡོད་པར་བསྒྱུར་བ་འགྱུར་ནོར་ལ། འདི་འདྲར་འཁྲུལ་ནས་བོད་འདིར་རྟག་པ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་ཟེར་མཁན་བྱུང་ངོ༌། །

         (38) པར་ཐེངས་གཉིས་པ། བློ་ཁ་ཕྱོགས།  

           ཡང་ཁོ་ན་རེ། དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་རྟག་པ་བྱས་སྟོང་དུ་ངེས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་རྟག་པའི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་མ་ཆོད་པར་ཐལ། ཁྱོད་རྟག་པའི་དབྱེ་བ་མཐའ་དག་ལ་དངོས་ཤུགས་གང་ལའང་བློ་ཁ་མ་ཕྱོགས་པའི་ཕྱིར་ན་མི་མཚུངས་ཤིང་མ་ཁྱབ་པ་ཁོ་ན་ཡིན་པར་ཐལ། འདི་ནི་སྤྱིས་སྟོང་ན་བྱེ་བྲག་གིས་སྟོང་པ་འབྲེལ་བས་གྲུབ་ཚུལ་དང་ཆོས་དེ་དགག་བྱ་དེས་སྟོང་པར་ངེས་པ་ལ་ཁྱད་གཞིའི་དོན་སྤྱི་འཆར་དགོས་ཚུལ་མི་འདྲ་བ་ལ་བློ་ཁ་མ་ཕྱོགས་པའི་གཏམ་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ཙམ་ལ་མི་སྲིད་པར་ངེས་ན་རྟག་པའི་གསལ་བའི་དབྱེ་བ་འགའ་ཞིག་ལ་ཡོད་པ་ཁེགས་ཀྱང་དགག་བྱའི་ཆོས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་སྲིད་པས་ཁྱབ་པ་ངེས་མི་དགོས་པའི་ཕྱིར། དེར་ཐལ། རྟག་ན་མ་བྱས་པས་ཁྱབ་པ་ངེས་པ་ན་རྟག་པ་གང་ལ་ཡང་བྱས་པ་མི་སྲིད་པར་ངེས་ཀྱང་དགག་བྱ་བྱས་པ་རྟག་པའི་དབྱེ་བ་མཐའ་དག་གི་སྟེང་དུ་མེད་པར་ངེས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་འབྲེལ་བ་ངེས་སྟོབས་ཀྱིས་རྟག་པ་གང་ལ་ཡང་བྱས་པ་མི་སྲིད་པར་ངེས་ཀྱང་རྟག་པའི་ཡ་གྱལ་རེ་རེ་ནས་བྱས་པས་སྟོང་པར་མ་ངེས་པའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། དཔེར་ན། ཡོད་མེད་དངོས་འགལ་དུ་ངེས་པ་ན་གཞི་གང་གི་སྟེང་དུ་ཡང་དེ་གཉིས་གཞི་མཐུན་སྲིད་པའི་དོགས་པ་མེད་ཀྱང་ཤེས་བྱ་མཐའ་དག་རེ་རེ་ནས་བཀར་བའི་སྟེང་དུ་དེ་ལྟར་ངེས་མི་དགོས་པ་བཞིན་ཡིན་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་པ་གཉིས་ཀར་ཐལ། ཚུར་མཐོང་རྒྱུད་ཀྱི་རྗེས་དཔག་གཅིག་གིས་རྟག་པ་གང་ལ་ཡང་བྱས་པ་མི་སྲིད་པར་ངེས་ནུས་ཀྱང་རྟག་པའི་ཡ་གྱལ་རེ་རེ་ནས་བྱས་པར་མ་གྲུབ་པར་སོ་སོར་ངེས་མི་ཐུབ་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། རང་འགྲེལ་ལས། དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པ་ནི། དེ་གཉིས་རང་བཞིན་འབྲེལ་བ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །ཞེས་དང༌། རྣམ་བཤད་ལས། སྤྱིས་སྟོང་པར་ངེས་ན་བྱེ་བྲག་གིས་སྟོང་པར་ངེས་པའི་ཁྱབ་པ་གྲུབ་བོ། །ཞེས་དང༌། སྡེ་བདུན་རྒྱན་ལས། མི་མཚུངས་ཏེ་སྤྱིས་ཁྱབ་ཀྱང་དེའི་བྱེ་བྲག་གིས་ཁྱབ་མི་དགོས་ཤིང་སྤྱི་ཁེགས་ན་དེའི་བྱེ་བྲག་ཀྱང་ཁེགས་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྟགས་ཟུར་གཉིས་པ་གྲུབ་སྟེ། ཚུར་མཐོང་རྒྱུད་ཀྱི་རྗེས་དཔག་གཅིག་ལ་རྟག་པའི་ཡ་གྱལ་རེ་རེ་ནས་དོན་སྤྱི་ཤར་བ་ཡང་མེད། དེ་མེད་པར་རྟག་པའི་ཡ་གྱལ་རེ་རེ་ནས་བྱས་པར་སྒྲོ་འདོགས་པའི་ཆ་ལྟ་བུའི་དགག་བྱ་དང་ཁྱད་ཆོས་མི་འཆར་བས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་ལྟར་སྒྲོ་འདོགས་པའི་དོན་སྤྱི་མ་ཤར་བར་དེ་བཀག་པའི་རྟག་པ་མི་འཆར་བའི་ཕྱིར། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་པ་འཇུག །བདག་ཅེས་བྱ་བ་འདི་མེད་པར། །བྱེད་པ་པོ་ཞེས་གང་ལ་བཏགས། །ཞེས་གསུངས་པ་ཁྱད་གཞི་ཆོས་ཅན་བདག་མེད་ན་དེའི་ཁྱད་ཆོས་བྱེད་པ་པོ་མི་འཐད་པ་དང༌། དབུ་མ་སྣང་བ་ལས། དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་དང་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་ཅན་ཁོ་ན་ལ་བརྟེན་ནས་འཇུག་པ་ཉིད་དེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བློ་ལ་ཡོད་པའི་ཆོས་ཅན་ཁོ་ན་སོགས་ཀྱི་དོན་གྲུབ་པའི་ཕྱིར། གཞན་ཡང༌། རྟག་པའི་ཡ་གྱལ་རེ་རེ་ནས་དོན་སྤྱི་ཤར་ནས་བྱས་པ་མེད་པར་འཛིན་པའི་རྗེས་དཔག་གཅིག་པོ་དེ་ཆོས་ཅན། ཁྱོད་ལ་ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་དང་བུམ་པ་ཞིག་པ་དང་བུམ་པའི་ལྡོག་པ་བཞི་ཀའི་དོན་སྤྱི་ཤར་བའི་བློར་ཐལ། སྔར་གྱི་རྟགས་མ་གྲུབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། སེལ་འཇུག་གི་རྗེས་དཔག་ཅིག་ཡིན་པའི་ཕྱིར། འཁོར་གསུམ། ཁྱབ་པ་སྔ་ཕྱི་རྣམས་ཀྱང་གྲུབ་སྟེ། རང་འགྲེལ་ལས། གང་གི་ཚེ་རྗེས་སུ་དཔག་པས་སྒྲོ་འདོགས་པ་རྣམ་པར་གཅོད་པར་བྱེད་པ་དེའི་ཚེ་ནི་གཅིག་གི་སྒྲོ་འདོགས་པ་རྣམ་པར་བཅད་པའི་གཞན་རྣམ་པར་བཅད་པར་བྱས་པ་མ་ཡིན་པའི་ཕྱིར། དེའི་དོན་དུ་གཞན་དུ་འཇུག་པར་འགྱུར་རོ། །ཞེས་དང༌། དབུ་མ་སྣང་བ་ལས་ཀྱང༌། ཕྱི་རོལ་གྱི་སྒྲ་ལ་སོགས་པ་ཡུལ་དང་དུས་དང་གནས་སྐབས་ཐ་དད་པར་ངེས་པ་དག་ནི་རྒོལ་བ་དང་ཕྱི་རྒོལ་བའི་བློ་རང་གི་ངོ་བོར་མངོན་སུམ་དུ་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།  གཞན་ཡང་འགྲོ་བ་མཐའ་དག་གི་མགོ་ལ་རི་བོང་རྭ་མེད་པར་ངེས་ན་འགྲོ་བ་མཐའ་དག་སོ་སོ་ནས་རེ་རེ་བཞིན་ཁྱད་གཞི་བྱས་ནས་དེའི་ཁྱད་ཆོས་རི་བོང་རྭ་མེད་པར་རྟོགས་པས་ཁྱབ་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མས་བྱས་པ་མཐའ་དག་རྟག་སྟོང་དུ་ངེས་ན་བྱས་པའི་ཡ་གྱལ་རེ་རེའི་སྟེང་དུ་རྟག་སྟོང་ངེས་དགོས་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། ཚུར་མཐོང་སུས་ཀྱང་འགྲོ་བ་མཐའ་དག་གི་མགོ་ལ་རི་བོང་རྭ་མེད་ཅེས་དམ་བཅའ་ཡང་དག་འཇོག་མི་ཐུབ་པ་དང་དམ་བཅའ་མི་རིགས་པར་ཐལ། དེ་ལྟར་ཚད་མས་ངེས་པའི་ཚུར་མཐོང་གཅིག་མེད་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། དེར་ཐལ། འགྲོ་བ་མཐའ་དག་སོ་སོ་ནས་ཁྱད་གཞིར་ངེས་པའི་ཚུར་མཐོང་མི་སྲིད་པར་བཤད་ཟིན་པའི་ཕྱིར། གཞན་ཡང༌། བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ངེས་ལ་སྒྲའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་མ་ངེས་པའི་ཕྱི་རྒོལ་ཡང་དག་མེད་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་ངེས་ན་སྒྲ་ལ་ཡང་བྱས་ན་མི་རྟག་པས་ཁྱབ་པ་ངེས་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། བུམ་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་མ་ཡིན་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་ཁྱོད་ཀྱི་སྟེང་དུ་སྔོན་དུ་ངེས་ནས་སྒྲའི་སྟེང་དུ་མ་ངེས་པའི་ཕྱི་རྒོལ་མེད་པའི་ཕྱིར། འདོད་ན། ལེའུ་འདི་ཉིད་ལས། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ། ཞེས་པས་མཐུན་དཔེའི་སྟེང་དུ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་བདག་གཅིག་འབྲེལ་དང་འབྲས་རྟགས་ཀྱི་དེ་བྱུང་གི་འབྲེལ་བ་དེ་སྒྲུབ་ཀྱི་ཕྱི་རྒོལ་ལ་བསྟན་པར་མ་བཤད་པར་ཐལ། དེ་ལྟར་བཤད་པ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལས་དཔེའི་སྟེང་དུ་རྟོགས་སླ་བས་བྱས་པ་མ་ཡིན་པའི་ཕྱིར། རྟགས་སོང༌། མ་གྲུབ་ན་འགལ་ཞིང༌། མ་ཁྱབ་ན་ཁྱབ་པར་ཐལ། དཔེའི་འགྲེལ་པ་གཉིས་གང་རུང་ངེས་ཤིང་ཚུལ་འཇལ་བའི་ཚད་མའི་བྱེད་པས་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པར་འགྱུར་བའི་ཕྱིར། འདི་ཉིད་ལས། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །སོགས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དེའི་ངོ་བོ་དང་ཞེས་པས་རང་བཞིན་གྱི་རྟགས་ཡང་དག་གི་རྟགས་ཆོས་དོན་ལྡོག་གི་ངོ་བོ་གཅིག་ཚུལ་དང༌། རྒྱུ་དངོས། ཞེས་པས་དེ་སྒྲུབ་ཀྱི་འབྲས་རྟགས་དུ་བ་ལྟ་བུ་དེ་རྒྱུ་མེའི་ངོ་བོ་ལ་དེ་བྱུང་གི་འབྲེལ་ཚུལ་དང༌། དེ་དག་མི་ཤེས་ལ། སྟོན་ཏེ་ཞེས་པས་ཕྱི་རྒོལ་ལ་ངེས་པར་བྱེད་ཚུལ་བཤད་པའི་ཕྱིར། གཞན་ཡང་དཔེ་དེ་དེ་སྒྲུབ་ཀྱི་ཤེས་བྱེད་ཀྱི་དཔེར་བཀོད་པ་ཡང་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་ཐལ་བ་དང༌། སྒྲ་རྟོག་གིས་དོན་གྱི་སྡོད་ལུགས་བཞིན་རྟོགས་མི་ཐུབ་པར་བཤད་པ་དང༌། སེལ་འཇུག་གི་བཤད་ཚུལ་ཀུན་མི་འཐད་པར་ཐལ་བ་སོགས་རིགས་པ་དུ་མ་དང་མདོ་སྡེ་བདུན་རྩ་འགྲེལ་དུ་མ་དང་འགལ་བ་བསྟན་ཏེ་སྔར་བཤད་པ་ལྟར་ཁས་ལེན་དགོས་ཚུལ་ཤེས་པར་བྱའོ།  །

            ཡང་མང་པོ་ཞིག་ན་རེ། རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་མི་སྲིད་པར་མ་ངེས་པར་ཐལ། རྟག་པ་བྱས་སྟོང་དུ་ངེས་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་རྒྱུད་ཀྱི་རྟག་པ་བྱས་སྟོང་དུ་ངེས་པའི་རྗེས་དཔག་གིས་རྟག་པའི་ཡ་གྱལ་འགའ་ཞིག་ལ་བྱས་པ་སྲིད་པར་འཛིན་པའི་དོགས་པ་མ་ཆོད་པའི་ཕྱིར། དེར་ཐལ། ཕྱི་རྒོལ་དེས་རྟག་པའི་ཡ་གྱལ་འགའ་ཞིག་ལ་བྱས་པ་སྲིད་དམ་མི་སྲིད་སྙམ་པའི་དོགས་པ་མ་ཆོད་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་འདྲའི་ཕྱི་རྒོལ་དེས་བྱས་པའི་ཡ་གྱལ་འགའ་ཞིག་ལ་རྟག་པ་སྲིད་པར་འཛིན་པར་ཐལ། དེས་བྱས་པའི་ཡ་གྱལ་འགའ་ཞིག་རྟག་གམ་མི་རྟག་ཐེ་ཚོམ་ཟ་བའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། རྟགས་གྲུབ་སྟེ། དེས་སྒྲ་ལ་དེ་ལྟར་ཐེ་ཚོམ་ཟ་བའི་ཕྱིར། འཁོར་གསུམ། རྩ་བར་འདོད་ན། ཕྱི་རྒོལ་དེས་བྱས་པ་དང་རྟག་པའི་གཞི་མཐུན་དམ་བཅའ་བར་ཐལ་ལོ། །དེས་བྱས་པའི་བྱེ་བྲག་ཡིན་པ་འགའ་ཞིག་ལ་རྟག་པ་སྲིད་པར་འཛིན་པའི་ཕྱིར། འཁོར་གསུམ་ཁས། འདོད་མི་ནུས་ཏེ་བྱས་པ་དང་རྟག་པའི་གཞི་མཐུན་ལ་གནོད་བྱེད་ཀྱི་རིགས་པ་ཡང་དག་མཐོང་བའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པར་ཐལ། ཕྱི་རྒོལ་དེས་དེ་འདྲའི་དམ་བཅའི་སྐྱོན་མཐོང་བ་ན་དམ་བཅའ་དེ་འདོར་བར་འགྱུར་བའི་ཕྱིར། དཔེར་ན། དམ་བཅའ་དེའི་སྐྱོན་རིག་པ་ན་སྔར་དེ་ལ་དགའ་བའི་ཆགས་ཞེན་མེད་པར་གྱུར་པ་བཞིན་ཡིན་པའི་ཕྱིར། འདི་ཉིད་ལས། འདོད་དང་སྡང་སོགས་སྤོང་བ་ནི། །སོགས་དང༌། ལྷ་དབང་བློས་དེའི་འགྲེལ་པར། ཡུལ་གང་ལ་ཡོན་ཏན་མཐོང་བས་འདོད་པ་སྐྱེ་བ་དེ་ནི། ཡོན་ཏན་མཐོང་བ་མེད་པས་འདོད་པ་མེད་པར་འགྱུར་བ་དང༌། ཞེས་གསུངས་པ་དང༌། ལམ་རིམ་ལས། དེ་ལྟར་རང་བཞིན་ཁས་བླངས་པ་ལ་གནོད་བྱེད་བསྟན་པ་རྣམས་མཐོང་བ་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པར་འཛིན་པའི་གྲུབ་མཐའ་འདོར་བར་འགྱུར་ལ་ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཕྱི་རྒོལ་དེའི་རྒྱུད་ཀྱི་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཅོད་ཚུལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་དེས་སྒྲོ་འདོགས་ངོ་བོ་གཞོམ་པའི་སྒོ་ནས་སྤོང་དགོས་པར་ཐལ། སྒྲོ་འདོགས་ཀྱི་བློའི་ཞེན་ཡུལ་ལ་གནོད་པ་མཐོང་བས་དེ་སྤོང་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། རྗེས་དཔག་དེས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དེའི་ཞེན་ཡུལ་མེད་པར་རྟོགས་པ་དེ་རྗེས་དཔག་དེས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་སུན་ཕྱུང་བའི་དོན་ཡིན་པའི་ཕྱིར། དེར་ཐལ། ཚུལ་གསུམ་འཇལ་བའི་རྗེས་དཔག་དེས་སྒྲ་རྟག་པར་དམ་བཅའ་བའི་ཞེན་ཡུལ་མེད་པར་བྱས་པའི་སྒོ་ནས་སྐྱོན་བསྟན་པ་དེ་དེ་སྒྲུབ་ཀྱི་ཚུལ་གསུམ་རིགས་པས་དམ་བཅའ་དེ་སུན་ཕྱུང་བའི་དོན་ཡིན་པའི་ཕྱིར། ཚད་མ་མདོ་ལས། དེ་བཞིན་རྟགས་དང་དམ་བཅའ་བའི། །སྐྱོན་བརྗོད་སུན་འབྱིན་དུ་ཤེས་བྱ། །ཞེས་དང༌། འདི་ཉིད་ཀྱི་གཉིས་པ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་དང༌། ལྷས་དེའི་དཀའ་འགྲེལ་ལས། བདག་ཏུ་ཆགས་པ་གང་ཡིན་པ་དེ་ཡུལ་མེད་པ་ཉིད་དུ་སུན་ཕྱུང་བ་མེད་པར་ནི། དེའི་ཡུལ་ཅན་གྱི་ཆགས་པ་སྐྱེ་བ་སྤོང་བར་ནུས་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། སྔར་ལམ་རིམ་གྱིས་བཤད་པས་ཤེས་སོ། །རྩ་བར་འདོད་ན། བསྒྲུབ་བྱ་རྟོགས་པའི་རྗེས་དཔག་དེས་སྒྲོ་འདོགས་དེ་ཚེར་མ་གཅོད་པ་ལྟར་དང་སྦྲུལ་གྱིས་ཟིན་པའི་སོར་མོ་དང་གླ་བའི་མཆེ་བ་གཅོད་པ་ལྟར་སྤོང་བར་ཐལ། རྗེས་དཔག་དེས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཞེན་ཡུལ་བཀག་པའི་སྒོ་ནས་མི་སྤོང་བར་ངོ་བོ་གཞོམ་པའི་སྒོ་ནས་སྤངས་པར་འདོད་པ་དེའི་ཕྱིར། འདོད་མི་ནུས་པར་ཐལ། དེ་འདྲ་གཞན་སྡེ་ཁ་ཅིག་འདོད་པ་ལ་རིགས་པའི་དབང་ཕྱུག་མི་དགྱེས་ཤིང་དེ་མ་ཡིན་པར་གསལ་བར་བཤད་པའི་ཕྱིར། འདི་ཉིད་ལས། དེ་ལས་ཅིར་འགྱུར་ཞེས་པའི་སྔ་འགྲེལ་དུ་ལྷས། དོར་བར་བྱ་བ་ཡིན་ཏེ། སྦྲུལ་གྱིས་ཟིན་པའི་སོར་མོ་བཞིན་ནོ། །ཞེས་གཞན་དག་དེ་ལྟར་སེམས་སོ། །འདི་ཉིད་ལ་མི་མཉེས་པས་སོགས་ཀྱིས་མ་དགྱེས་ནས་དྲིས་ཚུལ་བཤད་ཅིང༌། འདི་ཉིད་ལས། དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཞེན་ཡུལ་མ་བཀག་པར་ཕྱི་རོལ་གྱི་ཚེར་མ་སོགས་ལྟར་གཅོད་མི་ཐུབ་པར་བཤད་པའི་ཕྱིར། དེའི་འགྲེལ་པར་ལྷས། སྤོང་བའི་ཐབས་ནི། འདིར་སྤོང་བར་མངོན་པར་འདོད་པ་ཡིན་ནོ། །འདི་ལྟ་སྟེ། སྐྱོན་དང་ཡོན་ཏན་དེ་དག་ཡུལ་ལ་མཐོང་བ་མེད་པ་ཞེས་པ་ནས། གོ་རིམ་གང་ཡིན་ཕྱི་ལ་མེད། །དེ་ལ་ཚེར་མ་ལ་སོགས་པ་མངོན་པར་མི་འདོད་པ་གང་ཡིན་པ་དེ་ཕྱུང་ནས་གཞན་དུ་འདོར་བར་བྱེད་པ་དེ་ལྟར་ཡིན་གྱི། ཡོན་ཏན་རྣམས་ནི་འདོར་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས་ཀྱང༌། བདེན་མོད་ཁོ་བོ་ཅག་ལ། ནས། ཚད་མའི་སྒྲོ་འདོགས་གཅོད་ཚུལ་གླ་བའི་མཆེ་བ་ལྟར་འདོད་པ་དེ་ལ་སྨོས་ཤིག་ཅེས་སོ། །  བྱས་པ་ལ་ཁོ་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་པའི་རྗེས་དཔག་དེས་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ནས་ཁྱད་གཞི་བྱས་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པར་རྟོགས་པར་ཐལ། དེ་འདྲའི་རྗེས་དཔག་གིས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་རྟོགས་པའི་ཕྱིར་ན་མ་ཁྱབ་ཅིང༌། འདོད་མི་ནུས་པ་གཉིས་ཀ་ཡིན་པར་ཐལ། དེ་འདྲའི་རྗེས་དཔག་གིས་བྱས་པའི་དབྱེ་བ་མཐའ་དག་ལ་སྤྱི་ཁྱབ་ཀྱི་ཚུལ་དུ་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་ཀྱང་བྱས་པའི་དབྱེ་བ་རེ་རེ་ནས་ཁྱད་གཞི་བྱས་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ལ་བློ་ཁ་མ་ཕྱོགས་པའི་ཕྱིར། དེར་ཐལ། དེ་འདྲའི་རྗེས་དཔག་གིས་སྒྲ་ལ་བྱས་ན་མི་རྟག་པས་ཁྱབ་པ་ལ་བློ་ཁ་མ་ཕྱོགས་པའི་ཕྱིར། དེར་ཐལ། དེ་འདྲའི་རྗེས་དཔག་དེས་སྒྲ་ལ་བློ་ཁ་མ་ཕྱོགས་པའི་ཕྱིར། དེར་ཐལ། རྩོད་གཞི་སྒྲ་མ་བཟུང་ཡང་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར། ཤནྟི་པས། དེ་མེད་པས་ཀྱང་སྤྱི་ལ་དམིགས་པའི་ཁྱབ་པ་ཡོངས་སུ་གཅོད་པ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བྱས་པའི་དབྱེ་བ་མཐའ་དག་ལ་སོ་སོ་རེ་རེ་ནས་ཁྱད་གཞིར་བྱས་ནས་བློ་ཁ་ཕྱོགས་ཏེ་རྟག་པར་འཛིན་པའི་སྒྲོ་འདོགས་མ་བཅད་བར་དུ་བྱས་པའི་བྱེ་བྲག་གཅིག་གི་སྟེང་དུ་བྱས་པ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་སྤྱི་ཁྱབ་ཚུལ་གྱིས་གཅོད་པ་ཞིག་མེད་པར་ཐལ། བྱས་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པར་ངེས་པའི་རྗེས་དཔག་གིས་བྱས་པའི་སྟེང་དུ་བྱས་པའི་ཡ་གྱལ་མཐའ་དག་སྒྲའི་རྟག་པ་དང་བུམ་པའི་རྟག་པ་སོགས་མཐའ་དག་གིས་སྟོང་པར་མ་ངེས་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། ཚུར་མཐོང་ཕྱི་རྒོལ་གྱིས་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པའི་དུས་མི་སྲིད་པར་ཐལ་ལོ། །འདོད་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། བྱས་ན་མི་རྟག་པས་ཁྱབ་པ་སྒྲའི་སྟེང་དུ་ངེས་པའི་ཕྱི་རྒོལ་ཡང་དག་ཡོད་པའི་ཕྱིར། དེ་སྐད་དུ་རྣམ་བཤད་ལས། ཤེས་བྱ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པའི་རྟག་པ་ཡང་དེ་སྙེད་ཡོད་པས་ཞེས་དང༌། གཞན་དུ་ན་ཚུ་རོལ་མཐོང་བས་ཡུལ་གང་ལ་ཡང་སྒྲོ་འདོགས་ཆོད་པ་མི་སྲིད་པར་འགྱུར་ཞིང༌། ཞེས་དང༌། འཇམ་དཔལ་ཞལ་ལུང་ལས། དངོས་པོ་གཅིག་སྟོང་པ་ཉིད་དུ་རྟོགས་ན་གཞན་རྣམས་ཀྱང་རྟོགས་ནུས་པས་ཞེས་པ་ནས། ཐོས་བསམ་གྱི་དཔེར་བརྗོད་ཀྱང་འགའ་ཞིག་བྱས་པས་མི་གྲོལ་ན་རེ་དོགས་མཛུབ་རྩིས་ཀྱི་གཡེང་བ་བཤོལ་ནས་བེམ་པོ་ཞལ་དྲིལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཞུ་ཞེས་དང༌། སྡེ་བདུན་རྒྱན་ལས་ཀྱང༌། ཚད་མ་དེས་བཅད་པ་མ་ཡིན་པར་དོགས་པ་དེ་གཅོད་བྱེད་ཀྱི་ཚད་མ་གཞན་བསྟན་དགོས་ནའང་རྙེད་པ་མ་ཡིན་ཞིང༌། རྙེད་ན་ཚད་མ་མཐའ་མེད་བསྟན་དགོས་ཏེ། རྟག་པའི་གསལ་བ་ལ་མཐའ་མེད་ཅིང༌། དེ་རེ་རེ་ནས་བྱས་པ་སྲིད་པའི་དོགས་པ་གཅོད་བྱེད་ཀྱི་ཚད་མ་བསྟན་དགོས་པའི་ཕྱིར་རོ། །ཞེས་དང༌། དེ་བཞིན་དུ། པཎ་ཆེན་ཤནྟི་བས་ཀྱང༌། སྒྲུབ་པར་བྱེད་པ་གཞན་ཡང་དེའི་རྗེས་སུ་མ་འབྲང་བའི་ཕྱིར་དང༌། རྗེས་སུ་འབྲང་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང༌། ཐུག་པ་ཡོད་ན་ཡང་དེ་ཙམ་གྱིས་རྩོལ་བ་དོན་མེད་པའི་ཕྱིར་དང༌། ཞེས་དང༌། སྟོང་ཐུན་ལས་ཀྱང༌། གཞན་དུ་ན་ཆོས་ཐམས་ཅད་བདག་མེད་དུ་རིགས་སྟོབས་ཀྱིས་ངེས་པར་བྱེད་པ་ལ་ཤེས་བྱའི་གསལ་བའི་དབྱེ་བ་སྲིད་ཚད་རེ་རེ་ནས་བདག་མེད་དུ་རྟགས་ཀྱིས་སྒྲུབ་དགོས་པར་འགྱུར་ཞིང༌། དེ་ལྟར་ན་སངས་རྒྱས་མ་ཐོབ་བར་དུ་ཆོས་ཐམས་ཅད་བདག་མེད་དུ་རིགས་སྟོབས་ཀྱིས་ངེས་པ་མི་སྲིད་པར་འགྱུར་རོ། །ཞེས་དང༌། གཏན་ཚིགས་ཐིགས་པ་ལས་ཀྱང༌། རྟག་འབྱུང་བའི་དུས་ཁོ་ནར། ཞེས་པ་ནས། དཔེ་ཐུག་པ་མེད་པ་ཉིད་ཀྱི་ཕྱིར་རྟོགས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་དག་སྡེ་བདུན་གྱི་རིགས་པ་ཡིན་ལ། དགག་བྱའི་ཁྱད་པར་མ་གཏོགས་རྟགས་ཀྱིས་སྒྲོ་འདོགས་གཅོད་ཚུལ་ལ་དབུ་སེམས་ཀྱི་མཁས་པ་ཀུན་མཐུན་ཅིང༌། འདིར་དཔྱོད་ཚུལ་གྱི་ཕྱོགས་གཅིག་བློ་གསལ་བ་རྣམས་ལ་བསྟན་ཏོ། །  

           གཞན་ཡང་སྒྲ་འཇལ་བའི་རྗེ་དཔག་དེས་སྒྲ་སྒྲར་ངེས་མི་ནུས་པར་ཐལ། སྒྲ་འཇལ་བའི་རྗེས་དཔག་དེས་སྒྲ་མ་ཡིན་པ་ལས་ལོག་པར་རྟོགས་ཀྱང་སྒྲ་མ་ཡིན་པའི་བུམ་སྣམ་སོགས་ལས་ལོག་པར་མ་རྟོགས་པའི་ཕྱིར། མ་གྲུབ་ན། སྒྲ་འཇལ་བའི་རྗེས་དཔག་དེས་སྒྲའི་སྟེང་གི་སྒྲ་མ་ཡིན་པའི་ལྡོག་པ་མཐའ་དག་ལ་རེ་རེ་ནས་རྣམ་པ་ཤར་ནས་དེ་དག་བཅད་པའི་ཚུལ་གྱིས་སྒྲར་རྟོགས་པར་ཐལ་ལོ། །རྗེས་དཔག་དེས་སྒྲའི་སྟེང་གི་སྒྲ་མ་ཡིན་པའི་ལྡོག་པ་མཐའ་དག་བཅད་པའི་ཚུལ་གྱིས་སྒྲ་རྟོགས་པའི་ཕྱིར། རྟགས་ཁྱབ་གཉིས་ཁས་ཤིང༌། མ་ཁྱབ་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་གིས་བྱས་སྟེང་དུ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་བར་ངེས་ཀྱང་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གི་རྣམ་པ་འཆར་མི་དགོས་པར་ཐལ་ལོ། །མ་ཁྱབ་པ་དེའི་ཕྱིར། འཁོར་གསུམ། མ་ཁྱབ་མཚམས་ལ་འདོད་ན། སྒྲ་འཇལ་བའི་རྗེས་དཔག་ཆོས་ཅན། ཐམས་ཅད་མཁྱེན་པའི་བློར་ཐལ་ལོ། །ཆོས་ཐམས་ཅད་ཀྱི་རྣམ་པ་དངོས་སུ་ཤར་བའི་ཚད་མ་བྱེ་བྲག་པ་གཅིག་ཡིན་པའི་ཕྱིར། དེར་ཐལ། སྒྲའི་སྟེང་གི་སྒྲ་མ་ཡིན་པ་མཐའ་དག་གི་རྣམ་པ་རེ་རེ་ནས་ཤར་བའི་ཚད་མ་བྱེ་བྲག་པ་གཅིག་གང་ཞིག །སྒྲའི་སྟེང་ན་ཤེས་བྱའི་གྲངས་མཉམ་གྱི་ལྡོག་པ་ཡོད་པའི་ཕྱིར། རྟགས་དང་པོ་དངོས། རྟགས་གཉིས་པ་གྲུབ་སྟེ། འདི་ཉིད་ལས། དེའི་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི། །རིགས་དབྱེ། ཞེས་དང༌། དེའི་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་པའི་རང་འགྲེལ་ལས། དེ་ལྟ་བས་ན་དངོས་པོ་གཅིག་ལ་གཞན་གྱི་ངོ་བོ་ཇི་སྙེད་པ་དེ་ལ་ལྟོས་ནས་ལྡོག་པ་དེ་སྙེད་ཡོད་དེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་འདྲའི་རྗེས་དཔག་གིས་སྒྲའི་སྟེང་གི་ལྡོག་པ་ཐ་དད་ཐམས་ཅད་མི་འཇལ་ཡང་སྒྲ་གཅིག་པོ་དེ་དེ་མ་ཡིན་མཐའ་དག་ལས་ལོག་པའི་ཚུལ་གྱིས་སྒྲའི་ངོ་བོ་དཔྱིས་ཕྱིན་པར་སེལ་འཇུག་སྒོ་ནས་ཀྱང་འཇལ་ཐུབ་པའི་ཕྱིར། དེར་ཐལ། སྒྲ་ཡིན་ཞེས་བརྗོད་པས་དེ་ལྟར་བརྗོད་ཐུབ་པའི་ཕྱིར། འདི་ཉིད་ལས། རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དག་རབ་ཏུ་བྱེད། །ཅེས་དང༌། དེའི་རང་འགྲེལ་ལས། སྒྲ་དེ་དག་ཀྱང་ཐ་དད་པ་ཐམས་ཅད་མི་འཕེན་ཀྱང་ཐ་དད་པ་གཅིག་བརྗོད་པས་དེའི་རང་གི་མཚན་ཉིད་དཔྱིས་ཕྱིན་པ་ཁོ་ནར་འགྱུར་ཏེ། ཞེས་དང༌། དེའི་འགྲེལ་བཤད་དུ་ཤཱཀྱས། ལྡོག་པའི་རྟེན་རང་གི་མཚན་ཉིད་གང་ཡིན་པ་དེ་དཔྱིས་ཕྱིན་པ་ཁོ་ན་སྟེ་རྟོགས་པའི་མཐར་ཐུག་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཇི་སྐད་དུ་རྣམ་བཤད་ལས། ཡང་སྒྲ་འཇལ་བའི་ཚད་མ་ངེས། ཞེས་པ་ནས། སྤྱིས་སྟོང་བར་ངེས་ན་བྱེ་བྲག་གིས་སྟོང་པར་ངེས་པའི་ཁྱབ་པ་གྲུབ་བོ་ཞེས་གསུངས་པའི་དགོངས་པ་དཔྱིས་ཕྱིན་པའོ། །ཡང་རྗེས་ཁྱབ་འགྲུབ་པ་ལ་ཚད་མ་དུ་དགོས་དཔྱད་པ་ལ་རགས་པར་འཁྲུལ་བ་ཁ་ཅིག་ན་རེ། བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ཚད་མས་ངེས་པ་ལ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་ཏེ། རྟག་མི་རྟག་དངོས་འགལ་དུ་ངེས་བྱེད་ཀྱི་ཚད་མ་དང༌། བྱས་པ་ངེས་བྱེད་ཀྱི་ཚད་མ་དང༌། རྟག་པ་ལ་བྱས་པ་འགོག་པའི་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཟེར་ན། འོ་ན། རྣམ་བཤད་ལས་ཚད་མ་གསུམ་དགོས་གསུངས་པ་དེ་སྔ་ཕྱི་ལ་དེ་དགོས་མི་དགོས་ཀྱི་གསུང་ཡིན་པར་ཐལ། ཁྱོད་ཀྱིས་དགོས་ཞེས་པ་སྔོན་དུ་འགྲོ་དགོས་པ་ལ་སྦྱར་བའི་ཕྱིར། འཁོར་གསུམ། འདོད་མི་ནུས་ཏེ། སྔ་ཕྱི་ལ་དགོས་མི་དགོས་མ་ཡིན་པར་གྲངས་གསུམ་ལས་མང་དགོས་མི་དགོས་ལ་བྱེད་པའི་ཕྱིར། རྣམ་བཤད་ལས། བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ངེས་པ་ལ་ཚད་མ་གསུམ་དགོས་ཀྱི་དེ་ལས་མང་མི་དགོས་ཏེ་ཞེས་གསུངས་པའི་ཕྱིར། འཁོར་གསུམ།  གཞན་ཡང༌། རྟག་པ་བྱས་སྟོང་དུ་ཚད་མས་ངེས་པ་ལ་བྱས་པ་མི་རྟག་པར་ཚད་མས་ངེས་པ་སྔོན་དུ་འགྲོ་དགོས་པར་ཐལ། རྟག་པ་བྱས་སྟོང་ཁོ་ནར་ངེས་པ་ལ་བྱས་མ་བྱས་དངོས་འགལ་དུ་དང་རྟག་པ་ངེས་བྱེད་དང་རྟག་པ་བྱས་པ་ལ་འགོག་པའི་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པ་གང་ཞིག །བྱས་པ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་དང༌། བྱས་པ་ལ་རྟག་པ་མེད་པར་ཚད་མས་ངེས་པའི་གང་ཟག་དོན་གཅིག་པའི་ཕྱིར། རྟགས་གཉིས་ཀ་ཁྱོད་ཀྱིས་ཁས་39བླང་ངོ། །འདོད་ན། བྱས་པ་མི་རྟག་པར་ཚད་མས་ངེས་པ་ལ་རྟག་པ་བྱས་སྟོང་དུ་ཚད་མས་ངེས་དགོས་པར་ཐལ། རྩ་བའི་དམ་བཅའ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པ་གང་ཞིག །བྱས་པ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་དང་བྱས་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ཚད་མས་ངེས་པའི་གང་ཟག་དོན་གཅིག་པར་ཡང་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། འདོད་ན། བྱས་པ་མི་རྟག་པར་མ་ངེས་ཤིང༌། རྟག་པ་བྱས་སྟོང་དུ་ངེས་པའི་གང་ཟག་ཆོས་ཅན། བྱས་པ་མི་རྟག་པར་ཚད་མས་ངེས་པ་སྔོན་དུ་སོང་བར་ཐལ། རྟག་པ་བྱས་སྟོང་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ་ཁས། དེར་ཐལ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་གི་ཕྱི་རྒོལ་ཡིན་ན་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་ཕྱི་རྒོལ་ཡིན་མི་དགོས་པའི་ཕྱིར། དེར་ཐལ། རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ན། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མི་དགོས་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་སྟོང་དེ་དེ་ཡིན་པའི་ཕྱིར། རིགས་པ་འདིས་བྱས་པ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་དང་བྱས་པ་རྟག་པར་མ་གྲུབ་པ་དང་བྱས་པ་རྟག་སྟོང་དུ་ཚད་མས་ངེས་པའི་གང་ཟག་དོན་གཅིག་པར་འདོད་པ་ཡང་ཁེགས་པར་ཐལ། དོན་བྱེད་ནུས་སྟོང་རྟགས་ཀྱིས་རྟག་པ་བྱས་སྟོང་དུ་ངེས་པའི་གང་ཟག་ལ་བྱས་པ་རྟག་པར་མེད་པར་ངེས་ནས་མི་རྟག་པ་ལ་བློ་ཁ་མ་ཕྱོགས་པ་ཞིག་ཡོད་པའི་ཕྱིར། གཞན་ཡང༌། བྱས་པ་མི་རྟག་པར་ཚད་མས་ངེས་ཤིང༌། རྟག་པ་བྱས་སྟོང་དུ་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། རྟག་པ་བྱས་སྟོང་དུ་ཚད་མས་ངེས་པ་སྔོན་དུ་སོང་བའི་གང་ཟག་ཡིན་པར་ཐལ། བྱས་པ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ་ཁས། དེ་དེར་ཐལ། དེ་འདྲའི་གང་ཟག་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། སྔར་བཞིན་ཡང་སྒྲུབ་ལ། འོ་ན་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བ་ཡིན་ན་རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བ་ཡིན་དགོས་པར་ཐལ། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་ཕྱི་རྒོལ་ཡང་དག་ཡིན་ན། རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་གི་ཕྱི་རྒོལ་ཡང་དག་ཡིན་དགོས་པའི་ཕྱིར། དེར་ཐལ། ཕྱི་རྒོལ་སྔ་མ་ཡིན་ལ་ཕྱི་མ་མ་ཡིན་པ་ཞིག་མེད་པའི་ཕྱིར། དེར་ཐལ། སྔ་མའི་བསྒྲུབ་བྱ་རྟོགས་ལ་ཕྱི་མའི་བསྒྲུབ་བྱ་ལ་བློ་ཁ་མ་ཕྱོགས་པ་ཞིག་མེད་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །གོང་དུ་འདོད་ན། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་དགོས་པར་ཐལ། རྟགས་ཡང་དག་ཏུ་སོང་ཚད་ལ་འདོད་པ་དེའི་ཕྱིར། འཁོར་གསུམ། འདོད་ན། སྐད་ཅིག་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། འདིས་ལོག་རྟོག་དུ་མ་ཁེགས་ཚུལ་ཤེས་པར་བྱའོ། །

(39) པར་ཐེངས་གཉིས་པ། བླངས་སོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།